བླ་མ་དང་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོ་ལ་བསྟོད་པ་བདུད་ལས་རྣམ་པར་རྒྱལ་བའི་རྔ་ཆེན།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-041
Wylie title bla ma dang dpal rdo rje 'jigs mdzad chen po la bstod pa bdud las rnam par rgyal ba'i rnga chen JKCL-KABUM-02-KHA-041.pdf
Location chos kyi blo gros bka' 'bum
Volume 2, Text 41, Pages 477-480 (Folios 1a1 to 2b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma dang dpal rdo rje 'jigs mdzad chen po la bstod pa bdud las rnam par rgyal ba'i rnga chen. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 477-480. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity 'jigs byed
Colophon

ཅེས་པའང་ལྷག་པའི་ལྷ་མཆོག་འདི་ཡི་བསྙེན་སྒྲུབ་སྐབས་ལྕགས་ཡོས་གནམ་ལོ་གསར་ཚེས་ཀྱི་དགའ་བ་དང་པོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བསྟོད་ཅིང་གསོལ་འདེབས་སྨོན་ཚིག་ཏུ་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །

ces pa'ang lhag pa'i lha mchog 'di yi bsnyen sgrub skabs lcags yos gnam lo gsar tshes kyi dga' ba dang por 'jam dbyangs chos kyi blo gros pas bstod cing gsol 'debs smon tshig tu bris pa shin tu dge zhing bkra shis par gyur cig__/sarba dA mang+ga laM/

1 Texts in this Section (sde tshan or chos tshan)

[edit]
བླ་མ་དང་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོ་ལ་བསྟོད་པ་བདུད་ལས་རྣམ་པར་རྒྱལ་བའི་རྔ་ཆེན་ཅེས་བྱ་བ་བཞུགས་སོ། །ན་མོ་བཛྲ་བྷཻ་ར་ཝ་ཡེ། སྲིད་གསུམ་དགྲ་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཆེན་པོ་འཇིགས་རུང་སྐུ། །གར་དགུའི་ཉམས་ལྡན་ཆོས་དབྱིངས་ཀློང་ནས་སྒྱུ་མའི་རོལ་པས་རྣམ་པར་རྩེན། །དུས་ཀྱི་དགྲ་ཆེན་བདུད་དང་གཤིན་རྗེའི་སྙིང་ལ་འཇིགས་པ་སྟེར་མཛད་པ། །ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས་ལ་དེ་རིང་བདག་གིས་བསྟོད་པར་བགྱི། ༡། མི་ཐུང་སྒེག་པ་ཆར་སྤྲིན་ལྟར་གནག་འོད་ཟེར་བྱེ་བ་ཕྲག་བརྒྱ་འཕྲོ། །གཏི་མུག་གཤེད་པོ་མ་ཧེའི་ཞལ་ལྡན་དབྱིངས་ཡུམ་ཤེས་རབ་བཻ་ཏ་ལིར། །ཐབས་ཤེས་གཉིས་མེད་མཉམ་པར་སྦྱོར་བའི་རྗེས་ཆགས་བདེ་བ་ཆེ་ལ་རོལ། །ཧེ་རུ་ཀ་དཔལ་སྙིང་རྗེའི་རོས་མྱོས་དུས་དགྲའི་དབང་པོ་ཁྱོད་ལ་བསྟོད། ༢། མི་འགྱུར་རྡོ་རྗེ་མི་ཕྱེད་རྟག་བརྟན་སྲ་ཞིང་མཁྲེགས་པ་དམ་པའི་བདག །སྒྱུ་འཕྲུལ་རྡོ་རྗེ་གསུམ་པོ་ཆེ་ནི་ཁྲོ་ཞིང་རབ་ཁྲོས་ཆེར་འཁྲུགས་པ། །འཇིགས་བྱེད་འཇིགས་ཆེན་ཞལ་དགུའི་ཆོས་ཀྱི་སྒྲ་ཆེན་ཀུན་ཏུ་སྒྲོགས་པར་བྱེད། །སྟོང་ཉིད་བཅུ་དྲུག་ཞབས་ཀྱི་སྟངས་སྟབས་ས་གསུམ་ཁྱབ་པར་གནོན་ལ་བསྟོད། ༣། བྱང་ཆུབ་ཕྱོགས་ཆོས་ཕྱག་ནི་སོ་བཞིའི་ཞི་བའི་མཐའ་སྒྲོལ་དབུ་སྐྲ་འབར། །ཧཱུྃ་ཕཊ་ལ་སོགས་བཞད་པ་བརྒྱད་ཀྱི་ང་རོ་གཏུམ་པོའི་གད་རྒྱང་ཅན། །མཚོན་ཆ་སྣ་ཚོགས་རབ་ཏུ་འཕྱར་བས་བདེན་པ་གཉིས་ཀྱི་དོན་སྟོན་པ། །བརྐྱང་བསྐུམ་གར་གྱིས་འཇིག་རྟེན་ལྷ་ཆེན་བགེགས་ཚོགས་སྐྲག་མཛད་ཁྱོད་ལ་བསྟོད། ༤། ཉི་ཤུ་རྩ་བདུན་སྤྱན་མིག་བགྲད་ཅིང་སྨར་སྨིན་བསྐལ་པའི་མེ་ལྟར་འཕྲོ། །མི་བཟད་རྣོ་བའི་མཆེ་བ་ཟངས་ཡག་ལྟར་གཙིགས་རབ་དམར་ལྗགས་འདྲིལ་ཞིང་། །ཤངས་ནས་དུས་མཐའི་རླུང་དམར་བསྐྱོད་པས་བདུད་བགེགས་ཐལ་བ་བུན་བུན་གཏོར། །རྡོ་རྗེའི་རྭ་ཆེན་བལྟར་མི་མངོན་པས་སྲིད་ཞི་ཐལ་མར་འབིགས་ལ་བསྟོད། ༥། ཁྲག་ཞགས་ཐལ་བ་གླང་ཀོ་རུས་པ་སྦྲུལ་གྱི་རྒྱན་ཆས་རྣམ་པར་སྤྲས། །ལྷ་ཀླུ་སྲིན་པོའི་མགོ་བོའི་དོ་ཤལ་ཕྱག་ཞབས་མཐིལ་རྣམས་ཤིན་ཏུ་དམར། །ལྕགས་ཀྱུ་ལྟར་གུགས་སྡེར་མོ་རྣོན་པོས་ལྷ་མིན་འབྱུང་པོའི་སྙིང་འབྱིན་པ། །ལིང་ག་གྱེན་བསྒྲེངས་སྟོབས་ཆེན་ཤུགས་དྲག་མེ་ལྕེས་ཕྲེང་བས་མཛེས་ལ་བསྟོད། ༦། མཚན་དང་དཔེ་བྱད་དཔལ་དུ་འབར་ཞིང་དུག་གསུམ་རྩད་ནས་འཇོམས་མཛད་ཅིང་། །བདུད་ཀྱི་དགྲ་སྟེ་བདུད་རྣམས་ཀུན་བཅོམ་འཆི་བདག་གྲོང་ཁྱེར་ཕྱེ་མར་འཐགས། དཀྱིལ་འཁོར་བདག་པོ་འཇམ་དཔལ་ཁྲོས་པར་སྲིད་དང་ཞི་བའི་སྡེ་ཚོགས་ཀྱིས། །འདར་བཅས་ཐོར་ཚུག་གུས་པས་རབ་བསྙེན་འཇིགས་བྱེད་ཆེན་པོར་གུས་པས་བསྟོད། ༧། བདག་མེད་མཚན་བྲལ་སྒྱུ་མའི་རང་བཞིན་ཡེ་ཤེས་རྣམ་པ་ཐམས་ཅད་པ། །ཅིར་ཡང་འཆར་ཞིང་དུ་མར་འཕྲུལ་བས་བརྟན་གཡོའི་དངོས་ཀུན་ཐམས་ཅད་ཀྱི། །སྲོག་ཏུ་རབ་ཞུགས་དེ་ཁོ་ན་ཉིད་ཉི་ཚེའི་སྟོང་པ་ལས་འདས་ཤིང་། །མཆོག་ཏུ་འོད་གསལ་དང་པོའི་སངས་རྒྱས་འཇིགས་མཛད་རྒྱལ་པོར་བསྟོད་པར་བགྱི། ༨། དེ་ལྟར་བསྟོད་ལས་བྱུང་བའི་དགེ་ཚོགས་ནམ་མཁའི་མཐའ་ཡི་རྗེས་སོང་བ། །འདུན་པའི་ཞགས་པས་ཡོངས་སུ་བཅིངས་ཏེ་བསྟན་དང་འགྲོ་ལ་བསྔོ་བ་ཡི། །ལེགས་བསགས་མཐུ་དེས་རྒྱལ་བའི་བསྟན་དང་བསྟན་པ་འཛིན་རྣམས་དར་ཤིང་རྒྱས། །ནག་ཕྱོགས་མུན་པ་དྲུང་ནས་སངས་ཏེ་ཡེ་ཤེས་ཉི་མ་རྒྱས་གྱུར་ཅིག༩། བདག་ཀྱང་འཆི་མེད་རྡོ་རྗེའི་སྲོག་བརྟན་འཇིགས་མཛད་རྡོ་རྗེའི་གུར་དུ་ཚུད། །སྒོ་གསུམ་འཇམ་དཔལ་ཞི་དང་ཁྲོ་བོའི་གསང་བ་གསུམ་བདག་མཆོག་འགྲུབ་སྟེ། །དོན་གཉིས་ལྷུན་གྲུབ་དྲག་པོའི་འཁོར་ལོའི་ལྷ་མིན་ཀླ་ཀློ་འདུལ་བ་དང་། །རྫོགས་ལྡན་ཕྱི་མའི་དཔལ་ཡོན་རྒྱས་ཤིང་བཀྲ་ཤིས་དགེ་མཚན་སྟོང་འབར་ཤོག༡༠། ཅེས་པའང་ལྷག་པའི་ལྷ་མཆོག་འདི་ཡི་བསྙེན་སྒྲུབ་སྐབས་ལྕགས་ཡོས་གནམ་ལོ་གསར་ཚེས་ཀྱི་དགའ་བ་དང་པོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བསྟོད་ཅིང་གསོལ་འདེབས་སྨོན་ཚིག་ཏུ་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། །།

Footnotes

Other Information