དབྱངས་ཅན་མ་དཀར་མོར་བསྟོད་པ་རབ་དགའི་གླིང་བུ།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-022
Wylie title dbyangs can ma dkar mor bstod pa rab dga'i gling bu JKCL-KABUM-02-KHA-022.pdf
Location chos kyi blo gros bka' 'bum
Volume 2, Text 22, Pages 395-397 (Folios 1a1 to 2a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dbyangs can ma dkar mor bstod pa rab dga'i gling bu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 395-397. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity dbyangs can ma dkar mo
Colophon
  • First colophon: ཅེས་པའང་ལྕགས་ཡོས་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་བཟང་པོ་དང་པོའི་ཚེས་ལ་འཇམ་དཔལ་དགའ་བའི་གོ་ཆས་གསོལ་བ་བཏབ་པ་སིདྡྷི་རསྟུ། །མངྒ་ལཾ།
  • Second colophon: །གླུ་ཀུན་ཏུ་དགའ་བའི་ཟློས་གར་ལས་སོ། །
  • First colophon: ces pa'ang lcags yos cho 'phrul zla ba'i dmar phyogs kyi bzang po dang po'i tshes la 'jam dpal dga' ba'i go chas gsol ba btab pa sid+d+hi rastu/____/mang+ga laM/
  • Second colophon: glu kun tu dga' ba'i zlos gar las so/

1 Texts in this Section (sde tshan or chos tshan)

[edit]
དབྱངས་ཅན་མ་དཀར་མོར་བསྟོད་པ་རབ་དགའི་གླིང་བུ་ཞེས་བྱ་བ། ན་མོ་སྭ་ར་སྭསྟཱི་ཡེ། མཚོ་བྱུང་ཡིད་ཀྱི་ལྷ་མོ་ཟླ་བའི་ཞལ། །ཚངས་པའི་སྲས་མོ་ཡིད་འཕྲོག་དཔལ་མོ་ནི། །ཏམྦུ་ར་ལ་ཀུན་ཏུ་འཁྱུད་པ་མོ། །གང་དེ་བདག་གི་ཡིད་མཚོར་དགྱེས་པར་རོལ། ༡། ལྷ་ཡི་སྲས་མོ་འོ་མའི་ཆུ་གཏེར་མཚོར། །དྲང་སྲོང་རྣམས་ཀྱི་བློ་ཡི་བརྟན་པ་འཕྲོག །རྒྱུད་མངས་སྒྲ་འདི་སྲིད་ཞིའི་རྣ་བར་སྙན། །གངྒཱའི་བུ་མོ་སྒྲ་དབྱངས་རྒྱ་མཚོ་མངའ། ༢། ཀུན་ཏུ་མཛེས་མའི་སྐུ་དཀྱིལ་མཉེན་ལྕུགས་ལྡན། །སྐེད་སྐབས་ཕྲ་ཞིང་མྱོས་བུམ་ཟླུམ་ལ་མཐོ། །མགུལ་བཟང་ཞལ་གྱི་མཆུ་སྒྲོས་བིམྦ་ལྟར། །རབ་དམར་རོ་འཛིན་སྲབ་མོས་ཞལ་དཀྱིལ་ཁེབས། ༣། མཁུར་ཚོས་དཀར་དམར་མདངས་ཀྱིས་སྤུད་པ་དང་། །ཤངས་ཀྱི་སྒྲོས་ལེགས་སྤྱན་ཟུང་རི་དྭགས་མིག །དཔྲལ་བའི་དབྱེས་ཕྱེས་སྙན་ཤལ་རིང་ཞིང་མཛེས། །གནག་སྣུམ་དབུ་སྐྲའི་ཟར་བུ་རིང་དུ་འཕྱང་། ༤། ཕྱག་དང་ཞབས་མཐིལ་འཇམ་ཞིང་མཉེན་པའི་གོས། །བཀྲ་ཤིས་རི་མོས་མཚན་མ་བཟང་པོས་བརྒྱན། །ཞབས་གཉིས་ཙོག་པུ་ལོང་བུ་གཉིས་འཁྲིལ་ཞིང་། །ལྷ་རྫས་དར་གྱི་ན་བཟས་ཀླུབས་པ་དང་། ༥། རིན་ཆེན་སྣ་ཚོགས་རྒྱན་ཆས་རྣམ་པར་སྒེག །དྲིལ་བུ་གཡེར་ཁས་སིལ་སིལ་སྒྲ་སྒྲོགས་ཤིང་། །ཙནྡན་ཨུཏྤལ་ཀ་སྤུ་ར་ལ་སོགས། །དྲི་མཆོག་སྟོང་གིས་མི་མཚོན་བསུང་ཞིམ་འཐུལ། ༦། ལྷ་ཀླུ་དྲི་ཟ་གྲུལ་བུམ་ལ་སོགས་པ། །འཇིག་རྟེན་སྐྱེ་བོའི་ཡི་ག་དབང་མེད་འགུགས། །ཉན་རང་བྱང་སེམས་འཕགས་པའི་ཚོགས་རྣམས་ཀྱང་། །ཆགས་མེད་ཆགས་པ་ཆེན་པོའི་ཟུར་མིག་གཡོ། ༧། ཁྱད་པར་ངེས་པའི་དོན་གྱི་བདེན་གསུང་མངའ། །མཁྱེན་པའི་གཏེར་ཆེན་མགོན་པོ་འཇམ་པའི་དབྱངས། །ཁྱོད་ཀྱི་ཕྱོགས་སུ་ཁུགས་པའི་སྒྱུ་ཐབས་དེས། །དེ་བཞིན་གཤེགས་པ་རྣམས་ཀྱང་འདར་བར་སྙམ། ༨། ཕྱོགས་བཅུའི་ཞིང་ན་ཆོ་འཕྲུལ་སྣ་ཚོགས་པས། །འཁོར་དང་མྱ་ངན་འདས་པ་ཐམས་ཅད་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་རྣམས་སྡུད་པ་བཞིན། །དབྱངས་ཅན་ལྷ་མོར་རྗེས་སུ་ཆགས་པས་བརྩོན། ༩། ཚངས་པའི་སྲས་མོ་བློ་གྲོས་མཆོག་ལྡན་མར། །ཤེས་རབ་མཆོག་སྦྱིན་མཆོག་སྦྱིན་རྡོ་རྗེ་མ། །རྡོ་རྗེ་དབྱངས་ཅན་དཀྱིལ་འཁོར་གཙོ་མཆོག་མཛད། །མཆོག་ཏུ་དད་པའི་སོར་བཅུ་ཚངས་གནས་བཀོད། ༡༠། དེ་ལྟར་ཤས་ཙམ་བསྟོད་པའི་དགེ་བ་འདིས། །གཏི་མུག་རྨོངས་པའི་མུན་པ་ཀུན་སེལ་ནས། །མཁྱེན་གཉིས་ཡེ་ཤེས་འོད་དཀར་སྣང་བ་ཆེས། །བློ་གྲོས་ཀུ་མུཏ་འདབ་སྟོང་བཞད་གྱུར་ཅིག༡༡། ཅེས་པའང་ལྕགས་ཡོས་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཀྱི་བཟང་པོ་དང་པོའི་ཚེས་ལ་འཇམ་དཔལ་དགའ་བའི་གོ་ཆས་གསོལ་བ་བཏབ་པ་སིདྡྷི་རསྟུ། །མངྒ་ལཾ། ༈མངོན་པར་འདོད་ལས་ལྷག་པའི་མཆོག་སྟེར་མ། །སྐྱེ་བོ་ཕོངས་པའི་རྒུད་འཕྲོག་སྐྱོབ་བྱེད་མ། །གཽ་རཱི་རིག་འཛིན་རིགས་ཀྱི་ལྷ་ཉིད་མ། །ཁྱོད་ཀྱི་ཞབས་གཉིས་དག་ལ་བདག་ཕྱག་འཚལ། །གླུ་ཀུན་ཏུ་དགའ་བའི་ཟློས་གར་ལས་སོ། ། །།

Footnotes

Other Information