རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྗེ་བཙུན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེ་དཔལ་བཟང་པོའི་རྣམ་ཐར་ཆ་ཤས་ཙམ་བརྗོད་པ་ངོ་མཚར་ཡོངས་འདུའི་དགའ་ཚལ།

From Khyentse Lineage - A Tsadra Foundation Project
Wylie title rigs dang dkyil 'khor rgya mtsho'i khyab bdag rje btsun bla ma 'jam dbyangs chos kyi blo gros ris med bstan pa'i rgyal mtshan gtsug lag lung rigs nyi ma smra ba'i seng+ge dpal bzang po'i rnam thar cha shas tsam brjod pa ngo mtshar yongs 'du'i dga' tshal JKCL-KABUM-01-KA-003.pdf
Location chos kyi blo gros bka' 'bum
Volume 1, Text 3, Pages 341-728 (Folios 1a to 194b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. rigs dang dkyil 'khor rgya mtsho'i khyab bdag rje btsun bla ma 'jam dbyangs chos kyi blo gros ris med bstan pa'i rgyal mtshan gtsug lag lung rigs nyi ma smra ba'i seng+ge dpal bzang po'i rnam thar cha shas tsam brjod pa ngo mtshar yongs 'du'i dga' tshal. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol 1: 341-728. Bir, H.P.: Khyentse Labrang, 2012.
Genre Biographies - Hagiography - rnam thar
Colophon

།ཅེས་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཁྱེན་ནུས་བརྩེ་བའི་ཡེ་ཤེས་གཅིག་ཏུ་བསྡུས་པའིརང་གཟུགས་རྗེ་བཙུན་བརྟན་པའི་འཁོར་ལོ་ཉིད་གདོད་ནས་མངོན་སངས་རྒྱས་སུ་ཟིན་ཀྱང་། གདུལ་བྱའི་དོན་དུ་བྱང་སེམས་ས་བཅུའི་རྒྱུན་མཐའ་ལ་གནས་པའི་ཚུལ་གྱིས་འགྲོ་བའི་དོན་མཐའ་ཀླས་པར་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་ཅིང་། རྩོད་ལྡན་སྙིགས་མ་ལྔ་བདོའི་འགྲོ་ལ་ལྷག་པར་བརྩེ་བས་འཕགས་བོད་ཀྱི་ལྗོངས་རིས་བྲལ་བསྟན་འགྲོའི་མགོན་དུ་པཎ་གྲུབ་ཆོས་རྒྱལ་སྤྲུལ་པའི་གཏེར་སྟོན་མཁས་གྲུབ་དགེ་བའི་བཤེས་གཉེན་སོགས་བསྒྲང་ལས་འདས་པ་དུས་གསུམ་དུ་བྱོན་དང་འབྱོན་འགྱུར་ཇི་སྙེད་ཀྱི་ནང་གསེས་བདག་ཅག་གི་དཔལ་མགོན་བླ་མ་དམ་པ་རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག །ངེས་པ་དོན་གྱི་རྡོ་རྗེ་འཆང་བཀའ་དྲིན་སུམ་ལྡན་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཕྱི་ནང་གསང་བའི་རྣམ་ཐར་འདས་རྗེས་དང་བཅས་པ་འདི་ནི། ༧སྐྱབས་རྗེ་འཇམ་མགོན་རྡོ་རྗེ་འཆང་དེ་ཉིད་ཀྱི་ཞབས་པད་མཉེས་པ་གསུམ་གྱིས་ཞབས་ཏོག་ཕུལ་དུ་སོན་པས་བསྒྲངས་བྱ་བཅུ་ཕྲག་དུ་མར་བརྟེན་ནས་གྲུབ་མཐའ་རིས་མེད་ཀྱི་ཟབ་རྒྱས་གདམས་པའི་བཅུད་མཐའ་དག་ཡོངས་སུ་རྫོགས་པ་དང་གསང་བ་གསུམ་གྱི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་བཞེས་ཤིང་། དོན་ལ་རྗེ་ཉིད་དང་ཐུགས་རྒྱུད་དགོངས་ཀློང་གཅིག་ཅིང་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ཐུན་མིན་ཐུགས་ཀྱི་སྲས་༧མཁྱེན་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་མཆོག་གིས་མཛད་པའི་ལེགས་གསུངས་རྨད་དུ་བྱུང་བ་ཉིད། ༧གོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་༧རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེའི་ཐུགས་རྗེ་ཕྲིན་ལས་ཀྱི་ཉི་གཞོན་གསར་པས་འཛམ་གླིང་སྤྱི་དང་ཁྱད་པར་བོད་དང་བོད་ཆེན་པོའི་ལྗོངས་ཀྱི་བསྟན་འགྲོ་མ་ལུས་པའི་ཕན་བདེའི་པད་ཚལ་བཞད་པའི་སྐལ་བཟང་གི་དུས་སྟོན་དབུ་བརྙེས་པའི་རབ་རྒྱལ་དོན་གྲུབ་ལོར་རྒྱང་རིང་མོ་ནས་གསོལ་བ་བཏབ་བཞིན་དེ་འཕྲལ་ཉིད་དུ་ལྷོ་འབྲུག་བདེ་ཆེན་ཆོས་གླིང་གི་རྒྱལ་ས་ནས་མཛད་པ་པོ་ཉིད་ཀྱིས་གུས་འབངས་སྐྱབས་འོག་པའི་དད་བརྒྱའི་གཙུག་ཏུ་གནང་བ་གུས་པས་མཇལ་ཞིང་དད་གདུང་བཟོད་མེད་འབར་བས་ཉེ་བར་ལེན་པའི་རྒྱུ་དང་། རྡོ་རྗེའི་མཆེད་པོ་ཆོས་སྤྱན་རབ་ཡངས་བླ་སྨན་མ་ཏི་སཱ་ག་ར་མཆོག་དང་། ལྷག་བསམ་སྙིང་སྟོབས་ལྷ་ལམ་ལྟར་ཡངས་པའི་དགེ་བསྙེན་རྡོ་རྗེ་འཛིན་པ་ཨཱ་ནནྡ་ཀརྨ་སཱ་ར། ཆོས་གྲོགས་དགེ་སློང་པྲ་ཛྙཱ་བྷ་དྲ། དགེ་བའི་བཤེས་གཉེན་མ་ཎི་བྷ་དྲ། དད་ལྡན་མངྒ་ལའི་མིང་ཅན་སོགས་ཀྱིས་མཐུན་རྐྱེན་ཅི་རིགས་སྦྱོར་བས་ལྷན་ཅིག་བྱེད་རྐྱེན་གྱིས་མཚམས་སྦྱར་ཏེ་རབ་རྒྱལ་ལྕགས་བྱ་ལོའི་རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས༨་བཟང་པོར་སྡེ་བཞི་དགེ་བཅུའི་དཔལ་གྱིས་མངོན་པར་མཐོ་བའི་ཆོས་རྒྱལ་རིམ་བྱོན་གྱི་གདན་ས་ཆེན་པོ་མཁས་གྲུབ་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས། རྒྱབ་རི་སེང་གེ་གནམ་དུ་འཕྱོ་འདྲ། གཡས་རི་གཡུ་འབྲུག་གྱེན་དུ་བརྒྱུགས་འདྲ། གཡོན་རི་གླང་ཆེན་དཀར་པོ་འགྱིང་འདྲ། མདུན་རི་གཏེར་བུམ་ནོར་བུས་བཀང་འདྲ་སོགས། བཀྲ་ཤིས་པའི་རེ་ཁས་ཕྱོགས་མཚམས་ཀུན་ཁྱབ་པར་དཀྲིགས་པའི་མདོ་སྨད་ས་ཡི་ཐིག་ལེ་དཔལ་ལྡན་ལྷུན་གྲུབ་སྟེང་གི་དབང་ལྡན་མཚམས་དངུལ་ཕུ་བཀྲ་ཤིས་ཆོས་ལུང་གི་རང་གནས་སུ་ལེགས་པར་འདུ་བགྱིས་པའི་སྐབས། ཡོན་སྦྱོར་ཞུས་དག་སྤར་བྱང་སྨོན་ཚིག་བཅས་རྗེ་བླ་མ་བཀའ་དྲིན་མཚུངས་མེད་༧རྡོ་རྗེ་འཆང་གང་དེའི་བཀའ་འབངས་ཀྱི་གྲལ་མཐར་འཁོད་ཅིང་། ལུགས་གཉིས་ཀྱི་བཀའ་དྲིན་ཁོ་ནའི་ཞོ་ཤས་འཚོ་བའི་རྨོངས་བརྟུལ་གདོལ་སྤྱོད་པ་དཔེ་ཝར་སྤྲུལ་མིང་འཇམ་དབྱངས་བསོད་ནམས་དབང་པོའམ་བརྡ་སྤྲོད་ཀུན་བཤད་བཏགས་མིང་འཇམ་དཔལ་དགྱེས་པའི་མཁྱེན་རབ་རྨད་བྱུང་ལུང་རིགས་སྨྲ་བའི་སེང་གེ་ཞེས་ཡོངས་སུ་འབོད་པས་རྗེ་བླ་མ་དྲན་པའི་གདུང་ཤུགས་གུས་པ་ཆེན་པོས་དགའ་སྐྱོ་འདྲེས་མའི་ངང་བྲིས་པ་འདིས་ཀྱང་བསྟན་འགྲོའི་ཕན་བདེ་རྫོགས་ལྡན་གསར་པའི་དགེ་མཚན་ཕྱོགས་དུས་གནས་སྐབས་ཡུལ་དུས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་རང་རིག་བླ་མའི་རང་ཞལ་མྱུར་དུ་མཇལ་བའི་རྒྱུར་འགྱུར་བར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་མངྒ་ལཾ་ཤུ་བྷཾ།

ces phyogs dus rgyal ba sras dang bcas pa rnams kyi mkhyen nus brtse ba'i ye shes gcig tu bsdus pa'irang gzugs rje btsun brtan pa'i 'khor lo nyid gdod nas mngon sangs rgyas su zin kyang /____gdul bya'i don du byang sems sa bcu'i rgyun mtha' la gnas pa'i tshul gyis 'gro ba'i don mtha' klas par rtag khyab lhun grub tu mdzad cing /____rtsod ldan snyigs ma lnga bdo'i 'gro la lhag par brtse bas 'phags bod kyi ljongs ris bral bstan 'gro'i mgon du paN grub chos rgyal sprul pa'i gter ston mkhas grub dge ba'i bshes gnyen sogs bsgrang las 'das pa dus gsum du byon dang 'byon 'gyur ji snyed kyi nang gses bdag cag gi dpal mgon bla ma dam pa rigs dkyil rgya mtsho'i khyab bdag_/nges pa don gyi rdo rje 'chang bka' drin sum ldan mtshan brjod par dka' ba don gyi slad du mtshan nas smos na 7'jam dbyangs chos kyi blo gros ris med bstan pa'i rgyal mtshan dpal bzang po'i phyi nang gsang ba'i rnam thar 'das rjes dang bcas pa 'di ni/__7skyabs rje 'jam mgon rdo rje 'chang de nyid kyi zhabs pad mnyes pa gsum gyis zhabs tog phul du son pas bsgrangs bya bcu phrag du mar brten nas grub mtha' ris med kyi zab rgyas gdams pa'i bcud mtha' dag yongs su rdzogs pa dang gsang ba gsum gyi yon tan bum pa gang byo'i tshul du bzhes shing /____don la rje nyid dang thugs rgyud dgongs klong gcig cing thugs yid dbyer med du 'dres pa'i thun min thugs kyi sras 7mkhyen sprul rin po che bkra shis dpal 'byor mchog gis mdzad pa'i legs gsungs rmad du byung ba nyid/__7gong sa lha mi'i rnam 'dren skyabs mgon rgyal dbang thams cad mkhyen gzigs 7rje btsun blo bzang bstan 'dzin rgya mtsho srid gsum dbang bsgyur mtshungs pa med pa'i sde'i thugs rje phrin las kyi nyi gzhon gsar pas 'dzam gling spyi dang khyad par bod dang bod chen po'i ljongs kyi bstan 'gro ma lus pa'i phan bde'i pad tshal bzhad pa'i skal bzang gi dus ston dbu brnyes pa'i rab rgyal don grub lor rgyang ring mo nas gsol ba btab bzhin de 'phral nyid du lho 'brug bde chen chos gling gi rgyal sa nas mdzad pa po nyid kyis gus 'bangs skyabs 'og pa'i dad brgya'i gtsug tu gnang ba gus pas mjal zhing dad gdung bzod med 'bar bas nye bar len pa'i rgyu dang /____rdo rje'i mched po chos spyan rab yangs bla sman ma ti sA ga ra mchog dang /____lhag bsam snying stobs lha lam ltar yangs pa'i dge bsnyen rdo rje 'dzin pa A nan+da karma sA ra/__chos grogs dge slong pra dz+nyA b+ha dra/__dge ba'i bshes gnyen ma Ni b+ha dra/__dad ldan mang+ga la'i ming can sogs kyis mthun rkyen ci rigs sbyor bas lhan cig byed rkyen gyis mtshams sbyar te rab rgyal lcags bya lo'i rgyal ba lha las babs pa'i dus tshes8 bzang por sde bzhi dge bcu'i dpal gyis mngon par mtho ba'i chos rgyal rim byon gyi gdan sa chen po mkhas grub skyes chen dam pa mang pos zhabs kyis bcags shing byin gyis brlabs te chos kyi 'khor lo bskor ba'i gnas/__rgyab ri seng ge gnam du 'phyo 'dra/__g.yas ri g.yu 'brug gyen du brgyugs 'dra/__g.yon ri glang chen dkar po 'gying 'dra/__mdun ri gter bum nor bus bkang 'dra sogs/__bkra shis pa'i re khas phyogs mtshams kun khyab par dkrigs pa'i mdo smad sa yi thig le dpal ldan lhun grub steng gi dbang ldan mtshams dngul phu bkra shis chos lung gi rang gnas su legs par 'du bgyis pa'i skabs/__yon sbyor zhus dag spar byang smon tshig bcas rje bla ma bka' drin mtshungs med 7rdo rje 'chang gang de'i bka' 'bangs kyi gral mthar 'khod cing /____lugs gnyis kyi bka' drin kho na'i zho shas 'tsho ba'i rmongs brtul gdol spyod pa dpe war sprul ming 'jam dbyangs bsod nams dbang po'am brda sprod kun bshad btags ming 'jam dpal dgyes pa'i mkhyen rab rmad byung lung rigs smra ba'i seng ge zhes yongs su 'bod pas rje bla ma dran pa'i gdung shugs gus pa chen pos dga' skyo 'dres ma'i ngang bris pa 'dis kyang bstan 'gro'i phan bde rdzogs ldan gsar pa'i dge mtshan phyogs dus gnas skabs yul dus thams cad du dar zhing rgyas la yun ring du gnas pa dang /____mkha' khyab yid can rgya mtsho rang rig bla ma'i rang zhal myur du mjal ba'i rgyur 'gyur bar bla ma rgyal ba sras dang bcas pas byin gyis brlab tu gsol/____/sarba dA mang+ga laM shu b+haM/

1 Texts in this Section (sde tshan or chos tshan)

[edit]
༅། །ཀུལམཎྜལསམུདྲབིབྷུབྷཊྚཱརཀགུརུམཉྫུགྷོཥདྷརྨྨཧིཔཀྵརཧིཏཤཱསནདྷྭཛཪྵཱགམཡུཀྟིརབིབཱདསིཾཧཤྲཱིབྷདྲསྱབིམོཀྵཱངྴམཱཏྲཁྱཱཨདྦྷུཏཀལྤཱནནྡབནཤུབྷནཱམབིཧརཏིསྨ།། །།

༄༅། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྗེ་བཙུན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེ་དཔལ་བཟང་པོའི་རྣམ་ཐར་ཆ་ཤས་ཙམ་བརྗོད་པ་ངོ་མཚར་ཡོངས་འདུའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ།། །།

༄༅། །དྷརྨཱཀརཱབྱཱཔཀམཉྫུགྷོཥ། གཱིརྦཱཀཁབྱཱཔྟཏམོཔཧཱཙིཏ། ཛྙཱམཱུརྟིནོམཱབྲྀཥཡོནིཀསྱ། བཛྲཔྲབྷཱཧེརྒུརུདྷཱིཛཡནྟུ། ༄༅། །ཆོས་དབྱིངས་ཀུན་ཁྱབ་འཇ༵མ་དབྱང༵ས་ཡེ་ཤེས་སྐུ། །དཔག་ཡས་ཆོས༵་ཀྱི༵་འབྱུང་གནས་ཚངས་དབྱངས་གསུང་། །མཁའ་ཁྱབ་རྡུལ་བྲལ་མི་ཕྱེད་རྡོ་རྗེའི་ཐུགས། །བློ༵་གྲོས༵་སྤོབས་པ་རྒྱ་མཚོའི་བླ་མ་རྒྱལ། །སྙིགས་འགྲོར་རྗེས་བརྩེའི་འཛུམ་གྱིས་རྟག་སྒེག་པད་དཀར་ལྟར་འཕགས་ཐུགས་བསྐྱེད་ཚལ། །ཚོགས་ཟུང་སྦྲང་རྩིའི་ཟིལ་དངར་ཆེས་ལྕི་རྫོགས་སྨིན་སྦྱང་བ་མཐར་སོན་པས། །སྙིགས་མའི་མུན་སེལ་སྐུ་དང་ཡེ་ཤེས་རབ་འབྱམས་རྣམ་འདྲེན་བཞི་པའི་ཚུལ། །ས་གསུམ་མཆོད་སྡོང་ལྷ་མིའི་སྟོན་པ་ཤཱཀྱ་སེང་གེའི་ཞབས་ལ་འདུད། །རབ་འབྱམས་རྒྱལ་བའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་རིགས་ཀུན་བདག །རྨད་བྱུང་མཁྱེན་བརྩེ་ནུས་པའི་ཕྲིན་ལས་གདུལ་དཀར་དཔའ་བའི་རིག་འཛིན་ཚུལ། །གངས་ཅན་བསྟན་པའི་འབྱུང་གནས་གཅིག་པུ་ཕན་བདེའི་མཛད་པ་བསམ་ཡས་མགོན། །རྒྱལ་དབང་པ༵དྨ་ས༵ཾ་བྷའི་ཡེ༵་ཤེས༵་སྒྱུ་འཕྲུལ་རྡོ༵་རྗེའི༵་སྤྲིན་བཀོད་འདུད། །ཐུབ་བསྟན་ལེགས་བྲིས་ཀླུང་གི་དཔལ་འཛིན་གཏད་རབས་བདུན་དང་རྒྱན་དྲུག་མཆོག །རིག་འཛིན་རྣམ་དགུ་རྣལ་འབྱོར་དབང་ཕྱུག་ཆོས་རྒྱལ་མེས་དབོན་བློན་པོར་བཅས། །མཁས་གྲུབ་ལོ་པཎ་ཤིང་རྟ་ཆེ་བརྒྱད་རྣམ་ཐར་ཨུ་དུཝཱ་རའི་ཚལ། །ངོ་མཚར་རྣམ་བཀྲའི་མཛད་པ་རྒྱ་མཚོར་དད་པའི་བུང་བ་གཡོ་བས་གུས། །ཁྱད་པར་འཇམ་མགོན་ཡེ་ཤེས་རོལ་མོའི་སྤྲིན། །རབ་འབྱམས་ཞིང་དུ་མཛེས་པར་བྲེས་པ་ལས། །བསམ་ཡས་ཕྲིན་ལས་ནོར་བུའི་གྲུ་ཆར་ཅན། །ཚེ་རབས་ཀུན་ཏུ་ཡིད་མཁར་དཀྲིགས་གྱུར་ཅིག །ཕྱོགས་སུ་མ་ལྷུང་མཛད་པ་རྒྱ་མཚོའི་རླབས། །འཕགས་པའི་རང་བཞིན་རིན་ཆེན་དབྱིག་གིས་གཏམས། །བློ་འདས་བཀོད་པའི་གཟི་བྱིན་འབུམ་ཕྲག་གིས། །སངས་རྒྱས་ཀུན་གྱི་བླ་མ་ཁྱོད་གཅིག་བསྔགས། །དེ་སྙེད་ངང་ཚུལ་ཀུན་བཟང་རྡོ་རྗེའི་གསུང་། །ཚངས་དབྱངས་གླིང་བུས་བསྔགས་ཀྱང་རྫོགས་མིན་ཞིང་། །མཐའ་དག་རྣམ་ཐར་འཕགས་བློས་དཔོག་མིན་ན། །བདག་ལྟའི་བསམ་བརྗོད་ཡུལ་ལས་ཀུན་ནས་འདས། །དཔག་ཡས་ཤེས་དང་ཤེས་བྱའི་ཆོས་ཐམས་ཅད། །ཡེ་ཤེས་མེ་ལོང་གཅིག་ཏུ་བཟླུམས་པའི་མཐུས། །སྲིད་ཞི་ཀུན་ཁྱབ་སྲིད་ཞིའི་མཐའ་ལས་འདས། །ཟབ་རྒྱས་ཆོས་རྣམས་ཀུན་གྱི་འབྱུང་གནས་ཕྱིར། །བསྟན་འཛིན་ཀུན་གྱི་གཙུག་རྒྱན་མཁས་གྲུབ་དབང་། །ཐུབ་བསྟན་ཡོངས་ཀྱི་འབྱུང་གནས་ཤིང་རྟ་ཆེ། །ངོ་མཚར་ཡོངས་རྫོགས་རྣམ་ཐར་ཨུ་དུམ་ཝཱར། །མཁའ་ལམ་ཉི་ཟླ་བཞིན་དུ་འཛམ་གླིང་བརྡལ། །ངེས་འབྱུང་ཐུགས་ཀྱི་རྒྱ་མཚོ་ཆེས་ཟབ་འཕགས་ལམ་གླིང་བཞིར་ཚོགས་གཉིས་ཕྱུག །གསང་ཆེན་རྒྱུད་སྡེའི་ཉི་ཟླ་རབ་གསལ་སྨིན་གྲོལ་སྣང་བས་ཁོར་ཡུག་ཁྱབ། །ཡེ་ཤེས་དགོངས་པའི་རྣམས་སད་གྲོང་མཛེས་དཔག་ཡས་གཟུངས་སྤྲིན་བསམ་ལས་འདས། །ཕྱོགས་དུས་རྒྱལ་བའི་ཡབ་གཅིག་ཁྱོད་ནི་ས་གསུམ་གདུལ་བྱའི་གཉེན་གཅིག་པུ། །ནོར་བུའི་འོད་ཀྱིས་རྒྱ་མཚོའི་ཁ་དོག་བཞིན། །ཐུན་མོང་གྱུར་པའི་རྣམ་ཐར་ཆ་ཤས་ཀྱིས། །དུས་གསུམ་འབྱོན་དཀའི་ཚད་མའི་སྐྱེས་བུ་ཞེས། །རབ་འབྱམས་རྒྱལ་བའི་ཞིང་ན་མཛེས་པར་གྲགས། །དེ་ཕྱིར་ཕྱོགས་རེའི་གདུལ་བྱར་སྣང་བ་ཡི། །རྣམ་ཐར་ཆ་ཙམ་རིན་ཆེན་ནོར་བུའི་རྡུལ། །མཐོང་དང་ཐོས་པས་རྣམ་གྲོལ་མཐུ་བསྐྱེད་པའི། །ངང་ཚུལ་ཇི་ལྟར་དཔོག་པ་འདིར་གསལ་བྱ། །དེ་ཡང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ། ཕྱོགས་དང་རིས་སུ་མ་ཆད་པ་བསྟན་པ་དམ་པའི་ཆོས་ཀྱི་མཛོད། ཟབ་པ་དང་རྒྱ་ཆེ་བའི་འབྱོར་པ་ཟད་མི་ཤེས་པའི་དཔལ་ཐམས་ཅད་ཀྱིས་མངོན་པར་མཐོ་བའི་ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག་དམ་པར་གྱུར་པ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས་གནས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་སྙན་གྱི་བ་དན་སྲིད་ཞིའི་བླ་ན་མངོན་པར་མཐོ་ཞིང་། ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་སྣང་བས་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པར་བརྡལ་བས་ཡིད་ཅན་ཀུན་ལ་འཕྲལ་ཡུན་གྱི་ཕན་བདེ་སྟེར་བར་མཛད་པ་གང་ཉིད། རྒྱལ་བ་ཀུན་གྱི་ཡེ་ཤེས་སེམས་དཔའ་འཇམ་དཔལ་དཔའ་བོའི་སྒྱུ་འཕྲུལ་གྱི་རོལ་པར་གསུངས་པས་ན། འཕགས་མཆོག་དེའི་རྣམ་འཕྲུལ་དང་སྤྱོད་ཡུལ་ནི་རྒྱལ་སྲས་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་ཀྱང་ཇི་བཞིན་རྟོགས་དཀའི་གནས་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པ་མཆོག །ཅེས་དང་། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། གཞན་ཡང་ཕལ་བོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ནི། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་ཀུན་ཏུ་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཞེས་གསུངས་པ་ལྟར།

སྲིད་ཞིའི་སྤྱི་དཔལ་ཁྱབ་བདག་དང་པོའི་སངས་རྒྱས་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་སྐུ་གསུམ་གྱི་ཞིང་དང་། སྐུའི་བཀོད་པ་དང་། མཚན་གྱི་རྣམ་གྲངས། མཛད་པ་ཕྲིན་ལས་སོགས་རྣམ་པ་ཐམས་ཅད་པ་བསམ་གྱིས་མི་ཁྱབ་པའི་རང་བཞིན་རྟག་ཁྱབ་ལྷུན་གྲུབ་ཆེན་པོ་ལ་མངའ་དབང་བསྒྱུར་བའི་བདག་ཉིད་ཅན་དུ་བཞུགས་པས་ན། གདུལ་བྱ་འདུལ་བྱེད་ཀྱི་རྣམ་པར་འཕྲུལ་པའང་གཅིག་ཏུ་མ་ངེས་ཤིང་གང་ལ་གང་འདུལ་གྱི་སྒྱུ་འཕྲུལ་རོལ་གར་མཐའ་ཡས་པར་བསྒྱུར་ནས་འགྲོ་བའི་དོན་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། ཅེས་དང་། སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། ཅེས་དང་། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་དང་། གཞན་ཡང་དཀོན་མཆོག་སྒྲོན་མེའི་མདོ་ལས། དེ་དག་སྙན་ངག་མཁན་རྒྱལ་སྙན་ངག་སྦྱོར། །གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །བཞག་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང་། །སྒྱུ་མ་མཁན་པོ་གཟུགས་མང་ཀུན་ཏུ་སྟོན། །གྲོང་དང་གྲོང་དཔོན་ཁ་ལོ་བསྒྱུར་བར་འགྱུར། །དེ་བཞིན་དེད་དཔོན་ཚོང་དཔོན་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང་། །སྨན་པ་འཇིག་རྟེན་བསྟན་བཅོས་ཆོ་ག་མཁན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང་། །ཡིད་བཞིན་ནོར་བུ་འདོད་སྦྱིན་སྡོང་པོ་དང་། །ལམ་གོལ་དོང་བ་རྣམས་ལ་ལམ་སྟོན་འགྱུར། །ཞེས་གསུངས་པ་ལྟར། མཁའ་ཁྱབ་ཀྱི་འཇིག་རྟེན་རབ་འབྱམས་རྣམས་སུ་སངས་རྒྱས་བྱང་སེམས་ཉན་རང་མཁས་གྲུབ་དགེ་བའི་བཤེས་གཉེན་ལྷ་དང་དྲང་སྲོང་འཁོར་བསྒྱུར་རྒྱལ་ཕྲན་བློན་འབངས་ཁྱིམ་བདག་བྱ་དང་རི་དྭགས་ཀྱི་རྣམ་པར་སྣང་བ་སོགས་མཚན་དང་སྐུའི་བཀོད་པ་སྣ་ཚོགས་དང་། བཟོའི་གནས་དང་གཞན་ལ་ཕན་པའི་རིགས་དང་། ཉི་ཟླ་ནོར་བུ་བུམ་བཟང་སྨན་མཆོག་ལྗོན་ཤིང་གྲུ་གཟིངས་ཟམ་སྟེགས་ཟས་གོས་གནས་མལ་སོགས་ཀྱིས་མཚོན་གང་འདུལ་འགྲོ་བའི་དཔལ་དུ་གྱུར་པ་མཐའ་དག་ཀྱང་འཇམ་དཔལ་ཉིད་ཀྱི་སྒྱུ་འཕྲུལ་གྱི་རོལ་པ་ལས་མ་འདས་ཤིང་། བྱེ་བྲག་མདོ་རྒྱུད་ནས་གསུངས་པའི་རྗེས་སུ་འབྲང་སྟེ་འཇམ་དཔལ་གྱི་རྣམ་ཐར་ཆ་ཙམ་བརྗོད་ན། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་དང་། བཅོམ་ལྡན་འདས་འཇམ་པའི་ཏོག་ཏུ་མངོན་པར་སངས་རྒྱས་ཟིན་པ་དང་། མ་འོངས་པ་ན་དེ་བཞིན་གཤེགས་པ་མགོན་པོ་ཀུན་ཏུ་གཟིགས་སུ་འཚང་རྒྱ་བར་འགྱུར་བའི་ཚུལ་སྟོན་པར་གསུངས་ཤིང་། ད་ལྟར་མི་མཇེད་ཀྱི་བྱང་ཕྱོགས་སངས་རྒྱས་ཀྱི་ཞིང་གཞན་དུ་དེ་བཞིན་གཤེགས་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་པར་སངས་རྒྱས་ནས་གདུལ་བྱ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་སྐྱོང་བཞིན་དུ་བཞུགས་པ་དང་། ཞིང་འདིར་ཡང་བདག་ཅག་གི་སྟོན་པའི་ཡབ་རྒྱལ་པོ་ཟས་གཙང་མ་ངེས་པའི་དོན་དུ་འཇམ་དཔལ་གྱི་རྣམ་འཕྲུལ་དུ་གསུངས་པ་དང་། སངས་རྒྱས་པའི་ཚེ་ནས་ས་བཅུའི་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས་ཆོས་ཀྱི་སྒོ་མོ་ཟབ་ཅིང་རྒྱ་ཆེ་བའི་གླེང་བསླང་བ་དང་། རྫུ་འཕྲུལ་གྱི་བཀོད་པ་མ་ངེས་པས་གདུལ་བྱ་འདུལ་བ་དང་། སངས་རྒྱས་ཀྱི་ཆེ་བ་བརྗོད་པ་སོགས་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པས་གདུལ་བྱ་མཐའ་ཡས་པ་སྨིན་པར་མཛད། ཙཱི་ནའི་ཡུལ་གྱི་རི་བོ་རྩེ་ལྔར་བྲྀཀྵའི་ཤིང་གི་ལྦ་བར་བརྫུས་སྐྱེས་བྱིས་པ་ལོ་བརྒྱད་པའི་རྣམ་པས་སྤོར་ཐང་གི་གཙུག་ལག་མཐའ་དག་སྣང་བར་མཛད། ཤམྦྷ་ལར་མིའི་བདག་པོ་གྲགས་པའི་སྐུར་བསྟན་ནས་དམ་པ་དང་པོའི་སངས་རྒྱས་ཀྱི་རྩ་བའི་རྒྱུད་ཆེན་སྟོང་ཕྲག་བཅུ་གཉིས་བསྡུས་རྒྱུད་ལེའུ་ལྔ་པར་བསྡུས་ཤིང་གདུལ་བྱ་རྣམས་རྡོ་རྗེའི་རིགས་གཅིག་ཏུ་སྨིན་པར་མཛད་ཅིང་། མ་འོངས་པ་ན་སླར་ཡང་འཇམ་དཔལ་གྲགས་པ་ཉིད་དྲག་པོ་འཁོར་ལོ་ཅན་དུ་བཞེངས་ནས་འཛམ་བུའི་གླིང་གི་ཀླ་ཀློ་མཐའ་དག་བཅོམ་ནས་རྫོགས་ལྡན་ཕྱི་མ་འདྲེན་པར་གསུངས་པ་དང་། གཞན་ཡང་རྣམ་རོལ་སྣ་ཚོགས་པས་འཕགས་བོད་ཀྱི་པཎ་གྲུབ་ཕལ་ཆེར་རྗེས་སུ་བཟུང་ཚུལ་སོགས་གྲངས་ལས་འདས་ཤིང་། དེ་ལྟ་བུའི་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་གནས་ལ་དུས་གསུམ་གྱི་རྒྱལ་བ་ཀུན་གྱིས་ཀྱང་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་འཐོར་བར་མཛད་པས་ན། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མི་གསོན། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཅེས་གསུངས་པ་ལྟར་ལས། རེ་ཞིག་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་ཚུར་མཐོང་སོ་སྐྱེའི་སྣང་ངོར་རྡོ་རྗེ་སློབ་དཔོན་གྱི་ཚུལ་དུ་སྣང་བ་རྗེ་བླ་མ་འདི་ཉིད་ཀྱི་རྣམ་པར་རོལ་པ་དུ་མས་གདུལ་བྱ་འདུལ་བའི་ཕྲིན་ལས་ཇི་ལྟར་མཛད་ཚུལ་གྱི་ཆ་ཤས་ལས་འཕྲོས་ཏེ་ས་བོན་ཙམ་ཞིག་འགོད་པ་ལ་གསུམ། ཐོག་མར་དགེ་བ་ངོ་མཚར་སྐྱེས་རབས་ཀྱི་ཕྲེང་བ་མདོ་ཙམ་བཀོད་པ་དང་། བར་དུ་དགེ་བ་སྐུ་དངོས་ཀྱི་རྣམ་ཐར་རྒྱས་པར་བཤད་པ། མཐའ་མར་དགེ་བ་འབྱུང་འགྱུར་ཕྲིན་ལས་ཁྱད་པར་ཅན་སྐྱོང་བའི་ཚུལ་གྱིས་དོན་བསྡུ་བའོ།

།དང་པོ་ནི། འཕགས་བོད་ཀྱི་ལྗོངས་འདིར་བསྟན་དང་འགྲོ་བའི་དཔལ་དུ་སྒྱུ་འཕྲུལ་སྤྲུལ་པའི་ཟློས་གར་རིམ་དང་ཅིག་ཅར་གྱི་ཚུལ་དུ་སྣང་བར་མཛད་པ་རྣམས་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་སྐྱེས་རབས་སུ་བཞུགས་པ་ནི་ཡོངས་སུ་གྲགས་ཤིང་རྣམ་ཐར་ཆེན་པོར་འཁོད་པ་ཀུན་དང་། དེར་མི་བཞུགས་པའི་སྐྱེས་ཆེན་འགའ་ཞིག་རྗེ་བླ་མའི་ཞལ་གསུངས་སྐྱེས་ཕྲེང་གསོལ་འདེབས་རྒྱས་བསྡུས་ལས་འབྱུང་བ་མཚན་ཐོ་ཙམ་བཀོད་ན། བདག་ཅག་གི་སྟོན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་བློ་གྲོས་དང་སྤོབས་པ་སོགས་མཐའ་ཡས་པའི་བདག་ཉིད་ཅན་དུ་རྒྱ་ཆེར་བསྔགས་ཤིང་། ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེར་གསང་བའི་བདག་པོས་རྒྱུད་སྡེའི་གསང་མཛོད་ཕྱེ་ནས་འཛམ་བུའི་གླིང་དུ་རྡོ་རྗེ་ཐེག་པའི་ཤིང་རྟ་ཐོག་མར་འདྲེན་པ་ན་གདུལ་བྱའི་འདུས་པ་དང་པོ་རིགས་ཅན་དྲྭ་མ་ལྔའི་ཡ་གྱལ་དུ་གྱུར་ཅིང་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུའི་བདག་ཉིད་ཆེན་པོ། ཆོས་རྒྱལ་ལུང་བསྟན་རྡོ་རྗེའམ་སྐལ་ལྡན་རྒྱལ་པོ་ཛཿསོགས་རྗེས་སུ་འཛིན་པ་པོ་མིའི་རིག་འཛིན་ལི་ཙཱ་བི་དྲི་མ་མེད་པར་གྲགས་པ་བློ་གྲོས་རབ་ཞི། མཁས་གྲུབ་ཀྱི་རྣམ་ཐར་རྒྱ་གར་ཤར་ནུབ་ཏུ་འགྲན་ཟླ་བྲལ་བར་པཎྜི་ཏ་དཱ་ན་ཤཱི་ལས་བསྔགས་ཤིང་རྒྱ་ནག་དང་བོད་དུ་སྐུ་དངོས་ཀྱིས་བྱོན་ནས་ཆོས་ཀྱི་ཕྲིན་ལས་དང་རྫུ་འཕྲུལ་གྱི་བཀོད་པ་མཐའ་ཀླས་པའི་མ་ཧཱ་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན། ཡང་དག་ཐུགས་ཀྱི་བཀའ་བབས་དཔལ་ཆེན་པོ་དང་གཉིས་སུ་མེད་པའི་མཆོག་དངོས་གྲུབ་པ་གསང་སྔགས་ཆུ་བོ་བཞིའི་བཀའ་བབས་གནུབས་ཀྱི་རིགས་འཁྲུངས་དགེ་སློང་ནམ་མཁའི་སྙིང་པོ། གུ་རུའི་ཐུགས་སྲས་མཁྱེན་བརྩེ་ནུས་པའི་མངའ་བདག་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས། སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་དགྱེས་མཛད་ལོ་ཙཱ་ཆེན་པོའི་ཐུགས་སྲས་ཀྱི་ཐུ་བོ་གངས་ལྗོངས་གྲུབ་པའི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེ། བདེ་གཤེགས་སྨན་པའི་རྒྱལ་པོ་རིག་པ་འཛིན་པའི་ཚུལ་དུ་བཞེངས་པ་ངོ་མཚར་ཚད་བཟུང་ལས་འདས་པའི་རྣམ་ཐར་ཅན་གསོ་རིག་གཙོ་བོར་གྱུར་པའི་འགྲོ་ཕན་ཕྲིན་ལས་མཐའ་ཀླས་ཤིང་ཐུགས་རྗེ་དང་བྱིན་རླབས་ཀུན་ལས་ཁྱད་པར་དུ་གྱུར་པ་གཡུ་ཐོག་ཡོན་ཏན་མགོན་པོ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་རྣམ་འཕྲུལ་འཕགས་པའི་རྣམ་ཐར་གྱི་མངའ་བདག་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བ་རྒྱལ་བས་ལུང་བསྟན་འབྲི་གུང་སྐྱོབ་པ་རིན་ཆེན་དཔལ། འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་མཁས་གྲུབ་ཆེན་པོ་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། དཔལ་ལྡན་ས་སྐྱ་པའི་འཇམ་དབྱངས་གདུང་བརྒྱུད་དུ་བྱོན་ཅིང་མཁྱེན་བརྩེ་ནུས་པའི་གཏེར་ཆེན་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་པོ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཀུན་མཁྱེན་ཨེ་ཝྃ་པའི་ཐུགས་སྲས་འཁོར་ལོ་སྡོམ་པ་རྡོ་རྗེ་འཛིན་པའི་རྣམ་པར་འཕྲུལ་པ་མུས་ཆེན་དཀོན་མཆོག་རྒྱལ་མཚན། འཕགས་བོད་མཁས་གྲུབ་མང་པོས་རྗེས་སུ་བཟུང་ཞིང་རྒྱལ་བསྟན་ཕྱོགས་མེད་དུ་འཛིན་སྐྱོང་སྤེལ་བའི་མཛད་བཟང་ཅན་ཀུན་གྱི་ཚད་མར་གྱུར་པ་འགོས་ལོ་ཡེ་བཟང་རྩེ་པའམ་གཞོན་ནུ་དཔལ་བ། ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པའི་སྐུ་གསུང་ཐུགས་ཀྱི་སྲས་སྔ་འགྱུར་བསྟན་པའི་གསལ་བྱེད་དགུང་གྲངས་བརྒྱ་དང་བཅུའི་བར་འགྲོ་དོན་རྒྱ་ཆེར་མཛད་པའི་རིག་འཛིན་ཚེ་དབང་གྲགས་པ། ལོ་ཆེན་བཻ་རོའི་རྣམ་འཕྲུལ་དུ་ལུང་གིས་བསྔགས་ཤིང་ཆོས་རྗེ་ས་པཎ་གྱི་སྤྲུལ་པར་ཞལ་གྱིས་བཞེས་པ་གནས་ལྔ་རིག་པའི་མཁས་པ་ས་སྐྱ་ལོ་ཙཱ་བ་འཇམ་པའི་རྡོ་རྗེ། འོད་གསལ་འཁོན་གྱི་གདུང་ལས་བྱོན་པ་མཁས་དང་གྲུབ་པའི་མཛད་བཟང་ཅན་འཇམ་མགོན་ཨ་མེས་ཞབས་ཀུན་དགའ་བསོད་ནམས། བཀའ་གཏེར་བསྟན་པའི་མངའ་བདག་ཨོ་རྒྱན་གཏེར་བདག་གླིང་པའི་སྲས་མཁས་དང་གྲུབ་པའི་རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་དབང་ཆེན་སྤྲུལ་པ་པདྨ་འགྱུར་མེད་རྒྱ་མཚོ། གངས་ཅན་ཕན་བདེའི་གཉེན་གཅིག་པད་དཀར་འཆང་བ༧རྒྱལ་མཆོག་བློ་བཟང་རྒྱ་མཚོ་དང་ཚངས་དབྱངས་རྒྱ་མཚོ། ལང་གྲོ་ལོ་ཙཱའི་རྣམ་འཕྲུལ་པདྨ་དྲག་པོའི་ནུས་རྩལ་འཆང་བས་སྙིགས་དུས་ཀྱི་དམ་སྲི་འབྱུང་པོ་འདུལ་མཛད་རིག་འཛིན་ཀློང་གསལ་སྙིང་པོ་པདྨ་མདོ་སྔགས་གླིང་པ། བི་མ་དངོས་སྣང་འོད་གསལ་སྣང་བཞི་མཐར་ཕྱིན་འབྲེལ་ཚད་དོན་ལྡན་ཆེན་པོ་གྲུབ་དབང་རྫོགས་ཆེན་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་རྣམས་ཏེ། དེ་དག་ཀྱང་རྣམ་ཐར་ཞལ་གསུངས་མ་ལས། རྣམ་འཇོམས་གཟུངས་ནི་བློར་བླངས་ཚེ། །སྲོད་དུས་ཟླ་བའི་དཀྱིལ་འཁོར་ལ། །བལྟས་པའི་རྐྱེན་གྱིས་ཡིད་སྐྱོ་ཞིང་། །དཔལ་ལྡན་ས་སྐྱའི་ཆོས་གྲྭ་དེ། །ཡང་ཡང་དྲན་པས་ཚེ་སྔོན་མར། །འཁོན་གདུང་ཞིག་ཏུ་སྐྱེས་པ་ཡི། །བག་ཆགས་ཡད་ཡུད་དྲན་པར་གྱུར། །མངའ་རིས་པཎ་ཆེན་ལྷ་བཙུན་ཆེ། །ངག་དབང་བློ་བཟང་རྒྱ་མཚོ་དང་། །ཚངས་དབྱངས་རྒྱ་མཚོ་དཔལ་མཁྱེན་སོགས། །ཐར་ཐོར་ཙམ་ཞིག་སྐབས་རེར་དྲན། །ཞེས་དངོས་སུ་ཁ་ཤས་དང་གཞན་རྣམས་སོགས་ཁོངས་སུ་བསྡུ་བར་མཛད་པ་ལྟར། ཁྱད་པར་དུ་ཆོས་རྒྱལ་ཁྲི་སྲོང་གི་བག་ཆགས་ཤིན་ཏུ་གསལ་ཚུལ་རྗེ་ཉིད་སྐུ་ཆུང་ངུའི་དུས་ཀཿཐོག་བཞུགས་སྐབས་སྤྲུལ་སྐུ་ལོ་ཉུང་གཞན་འགའ་དང་སྐུ་རྩེད་ལྟ་བུས་རང་རང་གི་སྐྱེ་བ་སྔོན་མ་གང་ཡིན་སེམས་ལ་ཅི་དྲན་བཅོས་མེད་བཤད་རྒྱུ་མཛད་པའི་ཚེ། རྗེ་བླ་མ་འདིས་མི་སྐྱ་གསེར་གྱི་རྣ་རྒྱན་ཅན་དར་ཟབ་གོས་ཆེན་སྔོན་པོའི་གོས་གྱོན་པ་ཞིག་ཡིན་པ་དྲན་ཚུལ་གསུངས་པས། གཞན་རྣམས་ནས་སྤྲུལ་སྐུ་བློ་གྲོས་ཀྱི་སྐྱེ་བ་སྔོན་མ་མི་སྐྱ་ཡིན་པ་རེད་ཅེས་ཀུ་རེ་ལབ་རྒྱུ་ཡོད་པ་བྱུང་བ། ཕྱིས་རྫོང་སར་ནས་མཁྱེན་བརྩེ་གོང་མའི་ལྗགས་བཀོད་ཞལ་ཐང་ནང་ཆོས་རྒྱལ་ཁྲི་སྲོང་ན་བཟའ་སྔོན་པོ་ཅན་མཛད་ཁོ་ན་གསུངས་འདུག་པ་རྡོ་ཆག་ལྷུ་བསྒྲིགས་འདྲ་ཞིག་བྱུང་འདུག་ཀྱང་ལོ་ཉུང་བྱིས་པའི་ཁ་ལ་སྐྱགས་གཏད་ཅི་ཡོད་ཅེས་གསུངས་པ་དང་། ལར་སྐྱེས་བུ་བོད་ཆས་གོས་སྔོན་གསེར་རྣ་སོག་བྱིལ་ཅན་གྱི་བག་ཆགས་རྣམ་ཀུན་ཡིད་ལ་གསལ་བ་ཆོས་རྒྱལ་ག་ལ་ཡིན་ཏེ་བོད་པའི་ཇོ་ཇོ་ཞིག་ཡིན་པ་འདྲ་ཞེས་གསུང་ལས་ཐོས།

ཡང་རྗེ་བཙུན་མི་ལའི་བག་ཆགས་གསལ་ཚུལ་གསུང་འཕྲོས་ནི། རྫོང་སར་བཞུགས་སྐབས་ཉི་ཁྱམས་ནས་ཕྱག་བསིལ་གྲུབ་རྗེས་ལྷོ་ཕྱོགས་རྫ་རིའི་རྩེ་ཁ་བས་གཡོགས་ཤིང་ན་བུན་འཁྲིགས་པ་ལ་གཟིགས་ཏེ་ཁྱོད་རང་རི་འདི་འདྲ་མཐོང་དུས་སྣང་བ་ཅི་ཤར་འདུག་གསུང་པར་ཞུ་ལན་གང་ཡང་འབུལ་མ་ཤེས་པའི་ངང་། རྗེ་ཉིད་ནས་ངེད་རི་འདི་འདྲ་མཐོང་དུས་སེམས་དགའ་སྐྱོ་འདྲེས་མ་ཤར། མགུར་ལེན་སྙིང་འདོད་པ་ཞིག་འོང་འདུག་པ་བཀའ་བརྒྱུད་པའི་བག་ཆགས་ཡིན་པ་འདྲ། ཁྱེད་ནས་དྲང་པོ་མི་ཤོད་པ་མ་གཏོགས་རྗེ་བཙུན་མི་ལའི་སྐུ་ཞིག་དང་འབྲལ་མེད་ཀྱིས་རི་ཁྲོད་དུ་གཅེར་བུ་གཟན་དཀར་གྱོན་ནས་སྡོད་པ་ཡིན་པ་གསུངས་ནས་བཞད་མོ་གནང་བར་མཛད་པ་འདིས་ཤིན་ཏུ་གསལ་བར་རྟོགས་ནུས་སོ། །ཡང་སྐྱེས་ཕྲེང་གསོལ་འདེབས་རྒྱས་པར། ཡེ་ཤེས་རྡོ་རྗེའི་སྐུ་དང་ཀུན་དགའི་གསུང་། །དབང་མཆོག་ཐུགས་སྤྲུལ་བློ་གསལ་ཡོན་ཏན་དང་། །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ཡི། །ཕྲིན་ལས་རྣམ་འཕྲུལ་ཆེན་པོར་གསོལ་བ་འདེབས། །ཞེས་སྩལ་བར་མཛད་པའང་ཀུན་མཁྱེན་འཇིགས་གླིང་གི་སྤྲུལ་པའི་སྐུ་ཧེ་རུ་ཀ་དངོས་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྐུའི་རྣམ་འཕྲུལ་དུ་གསུངས་ཏེ། འོད་གསལ་རྡོ་རྗེ་སྙིང་པོའི་སྟོན་དང་བསྟན་པ་ལ་གཤེ་སྐུར་བྱེད་པའི་རིགས་དང་། ཁྱད་པར་མི་མ་ཡིན་པ་རྣམས་འདུལ་བ་ལ་ཆེད་དུ་སྤྲུལ་པ་བསད་གསོ་དང་སྤྲུལ་བསྒྱུར་སྣ་ཚོགས་པས་གདུལ་བྱ་འདུལ་བའི་རྣམ་ཐར་ཅན་དཔལ་རི་མཁྱེན་བརྩེ་ཧེ་རུ་ཀ་དཔལ་ཡེ་ཤེས་རྡོ་རྗེ་དང་། གངས་ལྗོངས་བསྟན་པ་ཡོངས་སུ་རྫོགས་པའི་ཤིང་རྟ་ཆེན་པོ་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྟེ། གཉིས་ཀ་ཀུན་མཁྱེན་འཇིགས་གླིང་གི་སྤྲུལ་པ་དུས་ཐོག་མཉམ་ཞིང་ཐུགས་རྒྱུད་གཅིག་པར་ཡོངས་སུ་གྲགས་པ་ལྟར་མདོ་མཁྱེན་བརྩེའི་སྤྲུལ་པ་བསྡུས་པ་ན་རྗེ་མཁྱེན་བརྩེའི་དབང་པོ་ཉིད་ལ་ཐིམ་པར་ཞལ་གྱིས་བཞེས་པ་དང་མཐུན་པར་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་། དབང་བཅུ་དང་པོ་དཔེ་བྱད་རིགས་ལྔའི་རྩེར། །མ་ཆགས་པདྨ་ཅན་གྱིས་ལུང་བསྟན་པའི། །སྐུ་ཚེ་སྔ་མའི་རྟེན་འབྲེལ་འཕྲོར་གྱུར་པ། །སྐུ་ཚེ་འདི་ལ་ཕྱག་ཏུ་སོན་ནས་ཀྱང་། །ལུང་བསྟན་བདེན་པ་མངོན་དུ་འགྱུར་བར་ཤོག །ཅེས་ཀུན་མཁྱེན་འཇིགས་མེད་གླིང་པའི་སྐུ་ཚེའི་ཚད་བརྒྱད་ཅུ་རྩ་ལྔ་ལུང་བསྟན་པའི་རྟེན་འབྲེལ་གྱི་འཕྲོ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེར་བཞུགས་པའི་ཞབས་བརྟན་ཚེ་དཔག་མེད་པའི་སྐུ་བཅུ་གསུམ་ཕུལ་བར་མཛད་པ་ལྟར། རྗེ་བླ་མ་འདི་ལའང་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་རྣམ་འཕྲུལ་རྗེ་མཁྱེན་བརྩེའི་ཐུགས་སྲས་ཀྱི་ཐུ་བོ་ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མས་ཀློང་སྙིང་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་དུ་རྡོ་རྗེ་གཏོར་བླུག་གི་ཆོ་གས་སྐུ་བཞིའི་རྒྱལ་ཐབས་ཆེན་པོར་མངའ་གསོལ་བའི་སྐབས་དགོས་པ་དང་དགོངས་གཞི་ཁྱད་པར་ཅན་ལ་གཟིགས་ཏེ་གསང་མཚན་ཀྱང་པདྨ་ཡེ་ཤེས་རྡོ་རྗེ་ཞེས་དངོས་སུ་འབུལ་བར་མཛད་པ་ལྟར། མཚུངས་མེད་གྲུབ་པའི་དབང་ཕྱུག་འདིས་གསང་བ་རྗེས་སུ་དྲན་པའི་ཐུགས་རྗེས་རྗེས་སུ་བཟུང་བར་མངོན་ཞིང་། རྫོགས་ཆེན་མཁན་རིན་པོ་ཆེ་བསོད་ཆོས་ལས་ཨ་ཏི་འཛིན་པ་རང་གྲོལ་གྱི་དབང་ལུང་གསན་སྐབས་བཞུགས་གདན་གཟིག་ལྤགས་ཞིག་བཏིང་ནས་རྗེ་ཉིད་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་དགོངས་པ་དབྱེར་མེད་ཡིན་ཚུལ་གྱི་ལུང་བསྟན་དབུགས་དབྱུང་མཛད་པ་དེ་སྐབས་རྟེན་རབ་བྱུང་དུ་སོང་བས་སེམས་སྤྲོ་བར་མ་གྱུར་ཀྱང་ཕྱིས་འབྱུང་གི་ལྟས་ཡིན་པ་འདྲ་ཞེས་གསུངས་ཤིང་། ཁྱད་པར་འོད་གསལ་སྙིང་ཐིག་གི་བསྟན་པ་ཆེས་ཆེར་གསལ་བར་མཛད་ཅིང་སྔགས་ཀྱི་སྤྱོད་པ་སྒྲ་ཇི་བཞིན་པ་བདག་གིར་མཛད་པ་དང་། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་རྣམ་བཞག་ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཟབ་དོན་ཀྱང་ཐུགས་ལ་འཁྲུངས་པར་ཞལ་གྱིས་བཞེས། ཀུན་དགའི་གསུང་ཞེས་པ་ཙམ་ལས་སྙིང་པོ་དང་རྒྱལ་མཚན་བཟང་པོ་སོགས་དམིགས་བསལ་མ་གསུངས་པས་སྒྲ་ཡངས་པོར་བཏང་སྟེ་རྗེས་དཔག་གིས་སྨོས་ན། ངོར་ཆེན་རྡོ་རྗེ་འཆང་གིས་རྗེས་སུ་ཡང་ཡང་བཟུང་ཚུལ་བཀའ་ལས་ཐོས་པས་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཀུན་མཁྱེན་ཨེ་ཝྃ་པའི་གསུང་དང་། གཞན་ཡང་ས་པཎ་གྱིས་དངོས་ཉམས་རྗེས་སུ་བཟུང་ཚུལ་གསལ་བར་གསུངས་པའི་རྒྱུ་མཚན་འོག་ཏུ་འཆད་འགྱུར་ལྟར་ལ། བརྩེ་ཆེན་ཁུ་དབོན་རྗེས་འབྲང་བཅས་ཀྱི་གསུང་གི་གསང་བ་མདོ་སྔགས་ཀྱི་གཞུང་རྣམས་རྗེ་འདིས་ཐུགས་བསྐྱེད་དང་བཀའ་དྲིན་གྱིས་འཆད་ཉན་སྒོམ་སྒྲུབ་ཀྱི་སྡེ་ཕྱོགས་ཀུན་ཏུ་འཕེལ་རྒྱས་རྒྱ་ཆེར་བྱུང་བས་ན་དམ་པ་དེ་རྣམས་ཀྱི་གསུང་གི་ཕྲིན་ལས་གཅིག་ཏུ་བསྡུས་པའི་རྣམ་ཐར་ཅན་དུ་ཚད་མས་གྲུབ་བོ། །གཏེར་ཆེན་མཆོག་གྱུར་གླིང་པར་རིགས་གསུམ་རྣམ་འཕྲུལ་སྲས་གསུམ་འབྱུང་བར་རྡོ་རྗེའི་ལུང་གིས་བསྔགས་པ་ལས་འཇམ་དབྱངས་སྤྲུལ་པ་འགྱུར་མེད་ཚེ་དབང་གྲགས་པའམ་གསང་མཚན་དབང་མཆོག་རྡོ་རྗེ་ཞེས་མཁས་དང་གྲུབ་པའི་རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་དེ་ཉིད་ཀྱི་བག་ཆགས་ཤིན་ཏུ་གསལ་བར་འདྲ་སྟེ། གུས་ལ་དགུང་སར་ཞིག་གི་སྐབས་རྗེ་བླ་མ་ཉིད་ཀྱི་སྐུ་སྐྱེ་སྔ་མ་ཇི་ལྟར་ཡིན་ཁྱོད་ནས་བརྟགས་པ་གྱིས་ཞེས་གནང་སྐྱེས་གྱ་ནོམ་པ་བཅས་བཀའ་སྩལ་པ་ཕྲན་ལྟ་བུའི་བརྟགས་པ་ལ་ཡིད་རྟོན་མེད་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་ཀྱང་བླ་མས་བཀའ་སྩལ་པ་རྗེས་སུ་སྒྲུབ་པ་ལས་རྒྱུ་མཚན་གཞན་གང་ཡང་ཞུ་མ་ནུས་ཏེ་རྨི་ལམ་བརྟག་ཁུལ་བྱས་པའི་ནུབ་གཅིག་རྫོང་སར་དབང་ཁང་གི་མཁྱེན་བརྩེ་གོང་མའི་བཞུགས་ཁྲི་གཅིག་གི་སྟེང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། ཆོས་རྒྱལ་འཕགས་པ་བཅས་ལྷན་དུ་སྤུངས་ཏེ་བཞུགས་པ་རྨིས་ཏེ་ཞུས་པས། ད་དུང་བརྟགས་དགོས་གསུངས། གནུབས་ནམ་མཁའི་སྙིང་པོ་ཡིན་ཞེས་པའི་སྒྲ་ཞིག་ཐོས་ཚུལ་ཞུས་པས། མཁྱེན་ཀོང་མཆོག་གསུམ་གྱི་གཏེར་ཆོས་སུ་ནམ་སྙིང་སྤྲུལ་པ་གཏེར་སྲས་ཚེ་དབང་གྲགས་པ་དང་ཚ་བ་རིན་ཆེན་རྣམ་རྒྱལ་གཉིས་ཡིན་དར་བས་གཏེར་སྲས་ཡིན་མི་འོང་ངམ་གསུངས་པ་དེའི་ཐུགས་ཀྱི་རྣམ་འཕྲུལ་དུ་ཞལ་གྱིས་བཞེས་སམ་སྙམ། དེའང་གཏེར་སྲས་འདིའི་མཛད་པ་འཕྲོ་ཅན་དུ་གྱུར་པ་རྣམས་རྗེ་བླ་མ་ཉིད་ཀྱིས་སྐྱོང་བར་མཛད་པ་དང་། མཆོག་གླིང་གཏེར་ཆོས་སྐོར་ཉམས་བཞེས་དང་འཆད་སྤེལ་རྒྱ་ཆེར་གནང་ཞིང་། བཀའ་རྒྱ་ཅན་རྣམས་ཀྱི་འཆད་ཐབས་སོགས་གསལ་བྱེད་ཡིག་ཆ་ཡང་མང་དུ་མཛད། གདན་ས་གོང་འོག་ཏུ་བསྟན་རྒྱུན་ལ་སྨིན་ངེས་པའི་བཤད་སྒྲུབ་ཀྱི་སྡེ་གསར་འཛུག་དང་། མཆོག་སྤྲུལ་ཁག་ངོས་འཛིན་གྱིས་སྨིན་གྲོལ་རྒྱ་ཆེར་སྩལ་ནས་ཆོས་ཀྱི་ཁྲི་ལ་དབུགས་དབྱུང་བ་སོགས་ཕྱོགས་འདིའི་བསྟན་པ་དེར་འཛིན་བཅས་དངོས་དང་བརྒྱུད་ནས་རྗེ་འདིའི་ཐུགས་རྗེའི་གྲིབ་བསིལ་ལ་ངལ་འཚོ་ཐོབ་པ་ཁོ་ནའོ།

།བློ་གསལ་ཡོན་ཏན་གྱི་སྤྲུལ་པ་ནི། ཞྭ་ལུ་ཀུན་མཁྱེན་མཆོག་གི་སྤྲུལ་པའི་སྐུ་བློ་གསལ་བསྟན་སྐྱོང་རིན་པོ་ཆེར་དད་གདུང་རྒྱུན་ཆགས་སུ་མཆིས་ཤིང་སྐུའི་བྱད་དབྱིབས་སོགས་སྐབས་རེར་ངེས་པར་དྲན་སྙམ་བྱེད་ཅེས་དངོས་སུ་ཐོས་པས་དེ་ཉིད་ཀྱི་ཡོན་ཏན་གྱི་སྤྲུལ་པ་ཡིན་ཏེ། གསང་ཆེན་རྒྱུད་སྡེའི་ཟབ་དོན་དག་འཆད་པ་ལ་ཤིན་ཏུ་ངོ་མཚར་བའི་ཁྱད་ཆོས་དང་ལྡན་ཅིང་། ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་བཀའ་བབས་ཤིང་སྨིན་གྲོལ་རྒྱུད་བཤད་དང་བཅས་པའི་ཆོས་འཁོར་རྒྱ་ཆེར་བསྐོར་བར་མཛད་པ་དང་། ཕྱི་མའི་དུས་སུ་ཤམྦྷ་ལར་རིགས་ལྡན་ཉེར་ལྔ་པའི་སྐུར་བཞེངས་པའང་ཞལ་གྱིས་བཞེས་པར་མཛད། རྣམ་པ་གཅིག་ཏུ་ན་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་ལ་ཐུགས་ཤིན་ཏུ་དགྱེས་ཤིང་རྗེ་འདིའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་གསུངས་པ་དང་། གསང་ཆེན་སློབ་བཤད་ཀྱི་གདམས་ཟབ་རྣམས་ཉམས་བཞེས་དང་འཆད་སྤེལ་རྒྱ་ཆེར་གནང་ཞིང་དེ་དག་ཉམས་སུ་ལེན་པའི་སྒྲུབ་པའི་སྡེ་འཛུགས་པ་སོགས་སྙན་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་གསལ་བར་མཛད་པས་ན་ཚར་པ་ཆོས་རྗེ་བློ་གསལ་རྒྱ་མཚོའི་ཡོན་ཏན་རྫོགས་པའི་རྣམ་ཐར་བདག་གིར་མཛད་པའང་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་དང་། འཇམ་པའི་དབྱངས་མཁྱེན་བརྩེའི་ཞབས་ཀྱི་ཕྲིན་ལས་རྒྱ་མཚོ་མཐའ་ཡས་པའི་རྣམ་པར་འཕྲུལ་པ་ཆེན་པོར་གྱུར་པ་ནི་མངོན་སུམ་ཚད་མ་སྟེ། ཕྱོགས་དང་རིས་སུ་མ་ཆད་པའི་བསྟན་པ་མཐའ་དག་འཛིན་སྤེལ་གནང་ཞིང་། མཐའ་དང་མུ་མེད་པའི་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་རྒྱ་ཆེར་སྐྱོང་བ་སོགས་རྗེ་དེ་ཉིད་ཀྱི་རྣམ་ཐར་རྣམས་ཇི་བཞིན་མངོན་དུ་མཛད་པའི་ཚུལ་འཆད་འགྱུར་ལྟར་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་ལ་རྗེ་བླ་མ་མཁྱེན་བརྩེའི་དབང་པོ་ནི། ཕྱོགས་དང་རིས་སུ་མ་ཆད་པའི་བསྟན་པ་ཡོངས་སུ་རྫོགས་པའི་ཤིང་རྟ་པ་ཆེན་པོ་འགྲན་ཟླ་ཐམས་ཅད་དང་བྲལ་བའི་རྣམ་ཐར་ཅན་དུ་ཀུན་མཁྱེན་བློ་གྲོས་མཐའ་ཡས་དང་ཕན་ཚུན་ཉམས་རྟོགས་ཀྱི་གསུང་གླེང་རྟག་པར་གནང་བ་དང་མཐུན་པའི་བསྔགས་བརྗོད་དང་། མི་ཕམ་འཇམ་པའི་དབྱངས་ཀྱིས་བསྟོད་བསྔགས། ཐུགས་ཀྱི་སྲས་རྡོ་གྲུབ་ཀུན་མཁྱེན་བསྟན་པའི་ཉི་མའི་གསུང་སོགས་ལས་གསལ་བ་ལྟར། གངས་ཅན་གྱི་ལྗོངས་འདིར་ཆོས་རྒྱལ་མེས་དབོན་གསུམ་གྱི་ཐུགས་བསྐྱེད་དང་། སྤྲུལ་པའི་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་བསྟན་པ་རིན་པོ་ཆེ་མདོ་སྔགས་རིག་གནས་བཅས་འཆད་ཉན་སྒོམ་སྒྲུབ་ཀྱིས་དར་རྒྱས་དང་། བརྒྱུད་འཛིན་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ནའང་དུས་དབང་གིས་བཤད་སྒྲུབ་ཀྱི་རྒྱུན་ཕལ་ཆེར་དབྱིངས་སུ་ཐིམ་ལ་ཉེ་ཞིང་། དཔྱོད་ལྡན་ཤིན་ཏུ་མཁས་པར་རློམས་པ་དག་གིས་ཀྱང་རྒྱལ་བསྟན་ཡོངས་རྫོགས་ཀྱི་སྙིང་པོ་གང་ཡིན་ངོས་འཛིན་ཙམ་ཡང་དཀོན་པར་གྱུར་པ་ན། རྗེ་འདིའི་སྔོན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པས་རྒྱལ་བསྟན་རིན་པོ་ཆེ་ཁོ་ན་ཐུགས་ལ་བཅང་སྟེ་སྙིང་སྟོབས་དང་བརྩོན་འགྲུས་ཆེན་པོས་དབུས་གཙང་བོད་ཆེན་ཀུན་ཏུ་ལན་མང་དུ་བྱ་བྲལ་ཀུན་སྤང་གི་ཚུལ་གྱིས་ཕེབས་ཤིང་། མཛད་པའི་གཙོ་བོ་སྔ་ཕྱི་མི་ལོ་བཅུ་གསུམ་རིང་གསར་རྙིང་རིས་སུ་མ་ཆད་པའི་བཤེས་གཉེན་བརྒྱ་དང་ལྔ་བཅུ་ལྷག་མཉེས་པ་གསུམ་གྱིས་བསྟེན་ནས། ལྗོངས་འདིར་དེང་སང་འཆད་ཉན་གྱི་རྒྱུན་མཆིས་སོ་འཚལ་གྱི་མདོ་སྔགས་རིག་གནས་དང་བཅས་པ་དང་། གསར་རྙིང་གི་སྨིན་གྲོལ་རྒྱབ་བརྟེན་བཅས་ཡོངས་སུ་གྲགས་པ་རྣམས་དང་། རྒྱུན་ཤིན་ཏུ་དཀོན་པའི་རིགས་བཅས་འབད་པ་ཆེན་པོས་གསན་ནས་གདམས་པའི་ཡིག་ཆ་མཐའ་དག་ཀྱང་ཆེད་དུ་བསྐྲུན་པར་མཛད། བར་སྐབས་ཅི་རིགས་པ་དང་སྐུ་ཚེའི་སྨད་དུ་ཐེམ་པ་སྤངས་ཏེ་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་དང་། རྫོགས་རིམ་ཟབ་མོ་རྣམས་ལ་ཉམས་བཞེས་ཡུན་རིང་གནང་བས་སོ་སོའི་གཞུང་ནས་བཤད་ཚོད་ཀྱི་ལམ་རྟགས་རྣམས་ཀྱང་ཞར་བྱུང་དུ་མཐར་ཕྱིན་ཅིང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ཟུང་དུ་འཇུག་པ་མཐར་ཐུག་པའི་ཡེ་ཤེས་མངོན་དུ་མཛད་ནས་ནམ་མཁའ་ལྟ་བུའི་རྣལ་འབྱོར་དུ་ཞལ་གྱིས་བཞེས། རྩ་རླུང་ཐིག་ལེའི་འདུ་བ་དབུ་མའི་དབྱིངས་སུ་དག་སྟེ་རྡོ་རྗེ་ནང་གི་ས་ལམ་གྱི་མངོན་རྟོགས་ཚད་ལ་ཕེབས། སངས་རྒྱས་བྱང་སེམས་དང་འཕགས་བོད་ཀྱི་མཁས་གྲུབ་བསྟན་པའི་ཤིང་རྟར་གྱུར་པ་རྣམས་ཀྱིས་ཡང་ཡང་རྗེས་སུ་བཟུང་ཞིང་སོ་སོའི་གདམས་པའི་གསང་མཛོད་སྩལ་བ་ལ་བརྟེན་གསར་རྙིང་རིས་མེད་པའི་ཟབ་ཆོས་ཡོངས་སུ་རྫོགས་པ་མཐའ་དག་གི་བྱིན་རླབས་ཉེ་བརྒྱུད་ཁྱད་པར་ཅན་བརྙེས། ཟབ་མོའི་གཏེར་དང་ཡང་གཏེར་སྐོར་རྒྱ་ཆེར་ཕྱག་ཏུ་བབས། ཐུགས་བཅུད་ཀློང་ཆེན་དགོངས་པའི་གཏེར་མཛོད་རྡོལ་ཞིང་རྩ་གསུམ་རབ་འབྱམས་ཀྱི་དགྱེས་ཞལ་རྟག་པར་གཟིགས་ཤིང་དག་སྣང་དང་སྙན་བརྒྱུད་ཀྱི་ཆོས་སྒོ་མཐའ་ཡས་པ་ལ་དབང་བསྒྱུར།

གསང་བའི་གནས་རྗེས་སུ་དྲན་པ་ལས་མན་ངག་གི་ངེས་པ་རྒྱ་ཆེར་བྱུང་བས་མཚོན་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་ཞིང་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཤིང་རྟ་མཚན་དོན་མཐུན་པར་བཞུགས་པ་དང་། སྤྱིར་གསང་བ་གསུམ་གྱི་རྣམ་ཐར་ཆ་ཤས་རེས་ཀྱང་བསྟན་དང་འགྲོ་བའི་ཕན་བདེ་རྒྱ་ཆེར་སྤེལ་བའི་ཕྲིན་ལས་མཐའ་དག་སོ་སྐྱེའི་བློ་ཡུལ་ལས་འདས་ཤིང་། བྱེ་བྲག་ཏུ་གསར་རྙིང་རིས་མེད་ཀྱི་བསྟན་འཛིན་ཆེ་ཕྲ་ནས་ཕལ་པ་ཉམས་ཆུང་ཡན་ཆད་ཀྱི་དོན་གཉེར་ཀུན་ལ་སོ་སོའི་བློ་གྲོས་དང་སྐལ་བར་འཚམས་པའི་ཆོས་སྦྱིན་རྣམ་ཀུན་བར་མེད་སྤེལ་བའི་ཕྲིན་ལས་རྒྱ་ཆེར་བསྐྱངས་པས་རྒྱལ་བསྟན་ཡོངས་ཀྱི་སྲོག་མཐུད་པར་མཛད། ཁྱད་པར་དུ་ཡེ་ཤེས་དག་པའི་གཟིགས་པ་འཁྲུལ་པ་དང་བྲལ་བས་ལོ་ཆེན་བཻ་རོ་དངོས་བྱོན་འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་ལ་མཛོད་ཆེན་རྣམ་ལྔའི་བཀའ་བབ་ཏུ་མངའ་གསོལ་ཞིང་། ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལུང་ཚད་མ་དང་། རྒྱལ་དབང་པདྨཱ་ཀ་རའི་གཏེར་ལུང་ཁག་དཔང་པོར་བཅོལ་ནས་འཆད་པ་དང་རྩོམ་པའི་ཕྲིན་ལས་མཐའ་ཡས་པས་རིས་མེད་པའི་རྒྱལ་བསྟན་གསལ་བའི་ཕྲིན་ལས་ཅན་དུ་བསྔགས་པར་མཛད་དེ། སྔར་ནས་རྗེ་ཉིད་ཀྱིས་གཏེར་རྙིང་རྒྱུན་དཀོན་པའི་རིགས་ཕྱོགས་བསྒྲིགས་མཛད་བཞེད་ཀྱིས་དཀར་ཆག་དང་། བསྒྲིགས་ཟིན་པོད་ཁ་ཤས་བཅས་པ་དབང་ལུང་གི་རྒྱུན་ཤིན་ཏུ་དཀོན་པའི་རིགས་སོགས་རྒྱ་ཆེར་སྩལ་བར་མཛད། གཞན་ཡང་རྗེ་མཁྱེན་བརྩེས་གསར་རྙིང་གི་གདམས་ཁྲིད་གསན་པ་རྣམས་ཀྱི་སྙིང་པོ་གཅེས་བཏུས་ཟབ་ཁྲིད་རབ་འབྱམས་ཞེས་པུ་སྟི་ཉི་ཤུ་སྐོར་ཕྱོགས་བསྒྲིགས་གནང་བ་རྣམས་ཀྱི་སྨིན་གྲོལ་འཇམ་མགོན་གུ་ཎས་སྔར་མ་གསན་པའི་རིགས་དང་། གསན་པ་རྣམས་ཀྱང་བྱིན་རླབས་ཉེ་བརྒྱུད་ཀྱི་ཁྱད་པར་གྱིས་ཡང་བསྐྱར་གསན་པར་མཛད་ཅིང་། ཚུལ་འདི་རྣམས་ལས་གཙོ་བོར་འཕྲོས་ཏེ་འཇམ་མགོན་བློ་གྲོས་མཐའ་ཡས་དང་། གཏེར་ཆེན་མཆོག་གླིང་བཅས་ནས་ཞུ་བསྐུལ་ནན་ཏན་དང་རྣམ་གསུམ་ཞལ་རྒྱས་ཐུགས་ཡིད་གཅིིག་འདྲེས་སོགས་ཀྱི་རྟེན་འབྲེལ་ལས་སྔོན་ཆད་ཡོངས་སུ་མ་གྲགས་པའི་བཀའ་བབས་ཆེན་པོ་བདུན་གྱི་གསང་མཛོད་རྣམས་ཀྱང་རྒྱ་ཆེར་སྣང་བར་མཛད་པ་སོགས་ཀྱིས་སྔ་འགྱུར་བརྒྱུད་པ་དྲུག་ལྡན་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་བཅུད་དུ་དྲིལ་བ་རིན་ཆེན་གཏེར་མཛོད་དང་། གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་སྙིང་བཅུད་སྒྲུབ་པ་ཉམས་ལེན་གྱི་རྒྱུན་དང་ལྡན་པ་མཐའ་དག་གི་ཡང་སྙིང་གཅེས་བཏུས་སོགས་གཅིག་ཏུ་བཞུགས་ཤིང་ངོ་མཚར་བྱིན་རླབས་ཀྱི་ཚན་ཁས་ཁྱད་པར་དུ་བྱས་པ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་ཤིང་རྟའི་ལམ་སྲོལ་གསལ་བར་ཕྱེས་ཤིང་། དེ་དག་ལ་གསལ་བྱེད་རིགས་གང་དགོས་འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་ཀྱིས་ལེགས་བཤད་ཁྱད་འཕགས་རྣམས་གསར་བསྐྲུན་དང་འཆད་སྤེལ་ཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་བསྐྱངས་པས་བསྟན་པའི་སྲོག་མཐུད་པར་མཛད་པ་དང་། མཛོད་གཞན་གསུམ་ཡང་རྗེ་མཁྱེན་བརྩེས་དངོས་བརྒྱུད་ནས་ཞུ་བསྐུལ་སོགས་ཀྱི་བདག་རྐྱེན་ལས་གཙོ་བོར་གྱུར་ཅིང་། ཆོས་མཛོད་ཆེན་པོ་དེ་དག་འགྲོ་དོན་གྱི་སྒོ་ཐོག་མར་འབྱེད་པའི་ཆོས་གཞི་འདིང་བ་སོགས་དང་། རྗེས་གཏང་རག་གི་མཎྜལ་རྒྱ་ཆེ་དང་འབྲེལ་ཆོས་དང་གང་ཟག་ཚད་མར་གྱུར་ཅིང་དགོས་གནད་ཆེ་བའི་རྒྱུ་མཚན་བསྔགས་བརྗོད་བཅས་འགྲོ་དོན་འཕེལ་རྒྱས་ཡུན་གནས་ཀྱི་ཐུགས་བསྐྱེད་དང་རྟེན་འབྲེལ་ཁྱད་པར་ཅན་མཛད། གཞན་ཡང་རྡོ་རྗེའི་ལུང་གི་དགོངས་དོན་བསྟན་འགྲོའི་མཛད་པ་གལ་ཆེ་བའི་རིགས་རྣམས་ཇི་བཞིན་མངོན་དུ་འགྱུར་བའི་འཐུན་སྦྱོར་གང་དགོས་དངོས་བརྒྱུད་ནས་ཡང་ཡང་གནང་ཞིང་ཕན་ཚུན་བཀའ་ཆོས་རྒྱ་ཆེར་གསན་བཞེས་མཛད་པ་སོགས་ཐུན་མིན་སྟོན་འཁོར་དགོངས་ཀློང་གཅིག་འདྲེས་ཀྱི་ཐུགས་བསྐྱེད་དང་མཛད་ཕྲིན་ལྷན་ཅིག་གི་བདག་ཉིད་ཅན་དུ་གྱུར་པ་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་ཀྱིས་ཀྱང་གངས་ཅན་གྱི་ལྗོངས་ན་འགྲན་ཟླ་གཉིས་པ་མ་མཆིས་པའི་མཁས་དང་གྲུབ་པ་ཆེན་པོ་ཕྱོགས་དང་རིས་སུ་མ་ཆད་པའི་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ་པ་ཞེས་དང་། ལུས་རྟེན་འདིར་ཆོས་སྤོང་གི་ལས་མ་བསགས་ཙམ་དུ་གྱུར་པ་རྗེ་བླ་མ་འདི་ཁོ་ནའི་བཀའ་དྲིན་ཡིན་ཞེས་སོགས་ཡོན་ཏན་དང་བཀའ་དྲིན་རྗེས་དྲན་གྱི་བསྟོད་བསྔགས་ཡང་ཡང་འབུལ་བ་དང་བཅས་ཐུན་མོང་མ་ཡིན་པའི་རིགས་བདག་ཏུ་འཛིན་པར་མཛད། ཨོ་རྒྱན་མཆོག་གྱུར་གླིང་པར་རྗེ་ཉིད་ནས་ཕུར་པ་དང་ཡང་དག་ཧེ་རུ་ཀའི་སྨིན་བྱེད་ཀྱིས་བར་ཆད་བསལ་ཞིང་རྟོགས་པ་སྤར་བས་རྩོད་བྲལ་དུས་བབས་འགྲན་ཟླ་དང་བྲལ་བའི་གཏེར་ཆེན་དུ་མངའ་གསོལ་ཞིང་ཐུགས་རྒྱུད་དགོངས་པའི་བྱིན་གྱིས་བརླབས་པས་མགྲིན་པའི་རྩ་མདུད་གྲོལ་ཞིང་། མཁྱེན་གཉིས་ཡེ་ཤེས་ཀྱི་རྩལ་ཆེན་རྫོགས། རྗེ་མངའ་བདག་ཡབ་སྲས་ཀྱི་ལས་འཕྲོ་སད་ནས་རྟེན་འབྲེལ་ཉམས་པ་རྣམས་སོར་ཆུད་ཅིང་སྔོན་བྱོན་གཏེར་འབྱིན་ཀུན་ལས་ཁྱད་པར་དུ་གྱུར་པའི་ཟབ་རྒྱས་ཀྱི་གསང་མཛོད་ངོ་མཚར་ཅན་རྒྱ་ཆེར་སྣང་བ་དང་། གནས་གཏེར་བརྒྱ་རྩའི་ཞལ་རས་དངོས་བརྒྱུད་ནས་གསལ་བར་མཛད་ཅིང་འགྲོ་དོན་ཕྱོགས་མེད་དུ་འཕེལ། གཏེར་ཆོས་ཕལ་ཆེར་དང་ཁྱད་པར་བླ་སྒྲུབ་སྐོར་བཞི། རྫོགས་ཆེན་སྡེ་གསུམ་གཙོར་གྱུར་སྙིང་ཐིག་བདུན་གྱི་སྐོར་རྣམས་རྗེ་ཉིད་དང་ཐུན་མོང་གི་ཟབ་གཏེར་ཡིན་པར་གསུངས་ཤིང་། གཞན་གཏེར་ཁ་མང་ཞིག་ཀྱང་རྣམ་གཉིས་ལྷན་རྒྱས་ཀྱིས་བཞེས་པ་དང་གཏན་ལ་འབེབས་པ་སོགས་མཛད། སྡེ་གསུམ་ཆ་ལག་རིགས་གསུམ་སྙིང་ཐིག་ཏུ་རྗེ་མཁྱེན་བརྩེའི་དགོངས་གཏེར་འཇམ་དཔལ་སྙིང་ཐིག་སྒྲོན་མ་བདུན་པའི་བྱིན་རླབས་ཀྱི་རྒྱུན་ཡང་འདྲེས་པར་གྲགས། གཏེར་ཆེན་འདིས་རྗེ་མཁྱེན་བརྩེ་བི་མ་ལ་དང་། དཔལ་ཆེན་པོ། འཕགས་མ་ཡིད་བཞིན་འཁོར་ལོ་སོགས་དབང་གང་གསན་པ་དེའི་དཀྱིལ་འཁོར་གྱི་གཙོ་བོར་དངོས་སུ་མཇལ་ཚུལ་མང་ཞིང་། གསུང་ལས་ཀྱང་མཐར་ཐུག་ངེས་པ་དོན་གྱི་རྩ་བའི་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་ཐུན་མིན་བློ་གཏད་གཅིག་ཆོག་གི་རིགས་བདག་ཏུ་འཛིན་པར་མཛད་དོ། །གཞན་ཡང་། གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར། །ཞེས་པ་ལྟར་གུ་རུའི་རྒྱལ་ཚབ་གཏེར་འབྱིན་གྱི་རྒྱལ་པོ་ལྔ་པར་རྡོ་རྗེའི་ལུང་གིས་མངའ་གསོལ་བར་གྱུར་པས་དུས་སྐབས་འདིའི་གཏེར་ཆེན་ལས་རབ་གླིང་པ། དྲི་མེད་པདྨ་གླིང་པ། ཁམས་སྤྲུལ་བསྟན་པའི་ཉི་མ། བོན་གཏེར་གསང་བ་ཀུན་གྲོལ་རྩལ་སོགས་སྔ་ཕྱིར་བྱོན་པའི་གཏེར་སྟོན་ཆེ་ཕྲ་ཐམས་ཅད་ཀྱང་རྗེ་འདིའི་གཏེར་སློབ་ཏུ་གྱུར་པས་དངོས་དང་བརྒྱུད་ནས་ཞབས་པད་དུ་བསྙེན་ཅིང་སོ་སོར་བར་ཆད་བསལ་བ་དང་། ལུང་དོན་བསྟན་འགྲོའི་བདེ་ཐབས་སྒྲུབ་ཚུལ་གྱི་བསླབ་བྱ་སོགས་ཇི་ལྟར་འོས་པའི་མཐུན་སྦྱོར་ཀྱང་གསུངས་པར་མཛད་པ་དང་། གཏེར་ཆོས་ཀུན་གྱི་ཐེ་ཚོམ་སེལ་བའི་དཔང་པོའང་རྗེ་འདི་ཁོ་ནར་བཅོལ་བ་སྟེ། འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་ཀྱི་རྩ་གསུམ་དགོངས་འདུས་རྣམ་གཉིས་ཞལ་རྒྱས་ཀྱིས་འབེབས་རྒྱུའི་རྟེན་འབྲེལ་འཕྲོ་ཅན་དུ་གྱུར་པ་ཕྱིས་སུ་འཇམ་མགོན་རིན་པོ་ཆེར་བརྡ་བསྒྱུར་གསལ་ནའང་རྗེ་འདི་ཉིད་བཞུགས་མིན་གྱིས་ཐེ་ཚོམ་གྱི་གནས་སུ་གཟིགས་ནས་བཏང་སྙོམས་མཛད་པ་བཞིན་ནོ། །མ་ཧཱ་པཎྜི་ཏ་མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བ་ལ་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུས་རྗེས་སུ་བཟུང་ཞིང་མཁྱེན་རབ་ཡེ་ཤེས་ཀྱི་སྒོ་ཕྱེས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་དང་རྗེ་ཉིད་ཀྱི་དབུ་ཞྭ་པཎ་ཞུ་སོགས་སྩལ་ནས་དོན་གྱི་རྒྱུ་མཚན་ཆེན་པོ་བཞི་དང་འབྲེལ་བའི་མཚན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཞེས་གནང་སྟེ། མཁས་ཚུལ་གསུམ་གྱིས་རྒྱལ་བསྟན་སྤེལ་བའི་ཕྲིན་ལས་ཅན་དུ་མངའ་གསོལ། མདོ་སྔགས་ཀྱི་ལེགས་པར་བཤད་པ་རབ་འབྱམས་མཛད་འོས་པར་བཀའ་གནང་བ་ལྟར་ཐུགས་བསྐྱེད་དང་རྟེན་འབྲེལ་གྱི་བདེན་དོན་ཇི་བཞིན་མངོན་དུ་གྱུར་ཏེ་མཁས་པའི་གྲགས་སྙན་ཕྱོགས་ཀུན་ཏུ་ཁྱབ། གཞུང་ལུགས་རབ་འབྱམས་དང་ཁྱད་པར་ནང་རྒྱུད་ཡོ་ག་གསུམ་གྱི་བཤད་སྒྲུབ་ཆེས་ཆེར་གསལ་བའི་མཛད་རྗེས་དང་ལྡན་ཅིང་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་འགྲན་ཟླ་དང་བྲལ་བར་གྱུར། རྗེ་མཁྱེན་བརྩེའི་དབང་པོ་དང་གཏེར་ཆེན་མཆོག་གླིང་ལྷན་རྒྱས་ཀྱིས་དཔལ་ཡུལ་རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན་ལ་བཀས་བསྐུལ་ཞིང་ཁྱད་པར་རྗེ་ཉིད་ནས་དབང་ལུང་རྫོགས་པར་སྩལ་ཞིང་བཀའ་སྲུང་ལེགས་ལྡན་གྱི་དབང་གི་མཐའ་བརྟེན་བཀའ་བསྒོའི་སྐབས་ཆོས་སྐྱོང་དངོས་སུ་ཕེབས་པ་ལྟ་བུའི་སྐུའི་འཇིགས་ཟིལ་ཡང་བྱུང་ཞིང་ཕྲིན་བཅོལ་ནན་ཏན་དུ་མཛད། ལག་ལེན་གྱི་སློབ་དཔོན་དང་སྒྲུབ་ཆས་རིགས་སོགས་མཐུན་རྐྱེན་བསླབ་སྟོན་ཞིབ་པར་གནང་བ་བཞིན་ཆོས་སྡེ་ཆེན་པོ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་དུ་བཀའ་མའི་དཀྱིལ་འཁོར་ཆེན་པོ་ཉེར་བདུན་གྱི་སྒྲུབ་མཆོད་ལོ་བསྟར་དུ་ཚུགས་པ་དང་། དེ་རྗེས་རིམ་པར་གདན་ས་དེར་གཞུང་རྙིང་ཆོག་ཁྲིགས་བཅས་དཔེ་ལུང་གི་རྒྱུན་ཡོད་རིགས་ཞིབ་སྡུད་སྤར་དུ་བཀོད་ཐུབ་པ་བྱུང་ཞིང་། དེ་བཞིན་ཀཿཐོག་ཞེ་རྫོགས་རྣམས་སུའང་སྔར་རྒྱུན་ཆོག་ཁག་ཅི་རིགས་ཡོད་པ་རྣམས་གོང་འཕེལ་རིམ་རྒྱས་ཀྱི་གཞིར་གྱུར་ཅིང་། གཏེར་ཆེན་མཆོག་གླིང་གི་གདན་ས་གོང་འོག་ཏུའང་བཀའ་མའི་སྒྲུབ་མཆོད་འཛུགས་པའི་རྟེན་འབྲེལ་གྱི་སྒོ་ཕྱེས་པ་སོགས་ཀྱིས་རིང་བརྒྱུད་བཀའ་མའི་སྐོར་རྣམས་འཆད་སྤེལ་གྱི་རྒྱུན་རྒྱ་ཆེར་འཕེལ་བ་དག་ཀྱང་རྗེ་འདི་ཁོ་ནའི་ཕྲིན་ལས་ཀྱི་ཆ་ཤས་རྨད་དུ་བྱུང་བའོ།

།གསང་བདག་རྡོ་རྗེ་འཛིན་དངོས་འཇམ་དབྱངས་བློ་གཏེར་དབང་པོ་མཆོག་ནས་རྒྱུད་སྡེའི་བཀའ་བསྡུ་མཛད་བཞེད་རྗེ་འདིར་སྐྱབས་འཇུག་ཞུ་རྒྱུ་ལས་གཞན་འགྲུབ་ཐབས་དཀའ་བར་དགོངས་ནས་ཆེད་དུ་ཞབས་པད་བསྙེན་པ་ན་ཐུགས་དགྱེས་ཚུལ་སྟོན་ཅིང་སྔར་ནས་དེ་བཞིན་བྱུང་ན་སྙམ་པ་ཡོད་ཀྱང་བགྱི་འོས་མང་བས་ལྷག །ད་རེས་ཁྱེད་ནས་བསྒྲིགས་རྒྱུ་བྱུང་ན་དགོས་གལ་ཤིན་ཏུ་ཆེ་བས་མཐུན་སྦྱོར་རིགས་གང་དགོས་མཛད་ཆོག་པའི་ཞལ་བཞེས་གནང་སྟེ། ས་ངོར་ཞྭ་ལུ་གཙོར་གྱུར་བཀའ་སྲོལ་སྣ་ཚོགས་ལས་བྱུང་བའི་རྒྱུད་སྡེ་གོང་འོག་གི་དབང་བཀའ་དང་རྫོགས་རིམ་ཟབ་ཁྲིད་རིགས། རྒྱབ་རྟེན་རྒྱུད་བཤད་སྐོར་བཅས་རྒྱ་ཆེར་སྩལ་ཞིང་། བསྡུ་འོས་ཀྱི་རྐང་གྲངས་དང་གོ་རིམ་ཆོག་ཁྲིགས་རྣམས་ཀྱི་ཁུངས་དང་བརྟེན་གཞི་གང་དགོས། ཆོ་གའི་ཆིངས་དང་མཚམས་སྦྱོར་གྱི་རྒྱས་བསྡུས། རྒྱུད་སྡེ་གོང་འོག་གི་བཀའ་སྲོལ་འདྲ་མིན་གྱི་ཕྱག་ལེན་ཁྱད་པར་སོགས་ཕྱག་ཁྲིད་དུ་གནང་བར་མཛད། བསྒྲིགས་ཟིན་པ་ཕལ་ཆེར་ལ་ཞིབ་འཇུག་སོགས་ཐུགས་ཁུར་ཟབ་བཞེས་རྒྱ་ཆེར་གནང་། འཇམ་མགོན་བློ་གྲོས་མཐའ་ཡས་མདུན་ཞུ་སྦྱོར་གནང་སྟེ། མར་རྔོག་ཇོ་ནང་སོགས་ཀྱི་རྒྱུད་སྡེ་རྣམས་དགོས་པའི་དབང་གིས་གསན་པར་བསྐུལ་བ་དང་། གཞན་ཡང་རྗེ་ཉིད་ཀྱི་ཞལ་སློབ་བྲག་ཡབ་གདོང་ཀཾ་ཁྲི་པ་ངག་དབང་བློ་བཟང་དམ་ཆོས་རྒྱ་མཚོར་དཀའ་ཆག་རྩོམ་རྒྱུ་དང་། མང་ཐོས་ནོར་བུ་བསྟན་འཛིན་སོགས་གཞན་ལའང་མཐུན་སྦྱོར་ཞབས་འདེགས་བསྒྲུབ་དགོས་པར་བཀའ་གནང་བ་སོགས་ཀྱིས་གསང་ཆེན་རྒྱུད་སྡེ་རབ་འབྱམས་ཀྱི་བཀའ་བསྡུ་ཟབ་མོ་གྲུབ་སྟེ། ཆོས་སྒོ་ཐོག་མར་འབྱེད་པའི་ཞུ་བ་པོའི་ཆོས་གཞི་འདིང་བ་སོགས་ཀྱི་ཞལ་བཞེས་མཛད། ཚུལ་འདི་ལས་འཕྲོས་ཏེ་གསུང་ངག་ལམ་འབྲས་ཚོགས་སློབ་ཀྱི་གླེགས་བམ་ཕྱོགས་བསྒྲིགས་ཀྱང་ཞར་བྱུང་རང་ཤུགས་ཀྱིས་གྲུབ་པ་དང་། དཀྱུས་སུ་བཞུགས་མ་གྲུབ་ཀྱང་འཇམ་མགོན་མི་ཕམ་ཞབས་ཀྱི་དུས་འཁོར་འགྲེལ་ཆེན་ཡང་གཙོ་བོར་འདི་ལས་འཕྲོས་ཏེ་བྱུང་བའོ། །ཆོས་མཛོད་ཆེན་པོ་དེ་དག་རྣམས་སུ་སྙིང་པོའི་ཚུལ་དུ་གཙོ་བོར་རྗེ་ཉིད་ཀྱི་གསུང་གི་གསང་བ་ཐུན་མོང་མ་ཡིན་པའི་སྐོར་ཕལ་ཆེར་བཞུགས་ཤིང་། ཁྱད་པར་དུ་སྒྲུབ་ཐབས་ཀུན་ལས་བཏུས་པ་ཞེས་འཕགས་པའི་ཡུལ་གྱི་མཁས་ཤིང་གྲུབ་བརྙེས་ཀྱི་སློབ་དཔོན་རྣམས་ལ་རྒྱལ་བ་རྡོ་རྗེ་འཆང་དངོས་དང་། ལྷག་པའི་ལྷ་སོ་སོས་སྩལ་བའི་སྒྲུབ་ཐབས་དང་མན་ངག་གི་རིམ་པ་རྒྱུད་སྡེ་བཞི་དང་འབྲེལ་བ་མཐའ་ཡས་པ་ཞིག་ལོ་ཙཱ་བ་རྣམས་ཀྱིས་བོད་དུ་བསྒྱུར་བཤད་མཛད་ཅིང་བརྒྱུད་འཛིན་མཁས་གྲུབ་ཚད་མར་གྱུར་པ་རྣམས་ཀྱིས་འཛིན་སྤེལ་སོགས་དར་རྒྱས་ཆེར་བྱུང་བ་རྣམས་ལས། དེང་སང་རྒྱུན་བཞུགས་པ་སོ་སོའི་ཁུངས་དང་འབྲེལ་ཞིང་རྗེས་སུ་གནང་བ་སོགས་གདམས་ངག་གི་རྒྱུན་དང་ལྡན་པའི་ཟུར་བཀའི་རིགས་གཙོ་ཆེ་བ་མཐའ་དག་དང་། སྔ་འགྱུར་བཀའ་གཏེར་ལས་བྱོན་པའི་སྒྲུབ་སྐོར་ཁྱད་འཕགས་ཅི་རིགས་པ། སྤྱི་བཀའ་བ་རི་བརྒྱ་རྩ་དང་། སྒྲུབ་ཐབས་རྒྱ་མཚོ། སྣར་ཐང་བརྒྱ་རྩ་དང་། གྲུབ་བརྒྱའི་བྱིན་རླབས་རིགས་གཉིས་བཅས། དེ་དག་ཀྱང་སོ་སོའི་རྩ་བའི་ཡིག་རྙིང་ཁག་དང་། ཚད་མར་གྱུར་པའི་བླ་མ་གོང་མ་རྣམས་ཀྱི་སྒྲུབ་ཐབས་དང་མན་ངག་གི་ཡིག་ཆ་རིགས་གཞིར་གཞག་ལ་གསལ་བྱེད་གང་དགོས་རྗེ་ཉིད་ནས་ལེགས་བཤད་ཁྱད་པར་ཅན་རྒྱ་ཆེར་སྤྲོས་པས་མཛེས་པར་བརྒྱན་ཏེ། དངོས་གྲུབ་རྣམ་པ་གཉིས་སྒྲུབ་པའི་ཚུལ་མཐའ་དག་ཚང་ལ་མ་ནོར་བར་སྟོན་པ། ཡིད་ཆེས་པའི་ཁུངས་དང་འབྲེལ་ཞིང་རྒྱས་བསྡུས་གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་སོགས་ངོ་མཚར་བའི་ཁྱད་ཆོས་དུ་མ་དང་ལྡན་པའི་ཆོས་ཀྱི་མཛོད་ཆེན་པོའི་བཀའ་བསྡུ་ཁྱད་པར་ཅན་གྲུབ་པར་མཛད་པ་དང་། དེ་དག་ཏུ་མ་འཁོད་པའི་བསྟོད་ཚོགས། གསུང་མགུར། རིག་གནས་སྐོར། ཟིན་བྲིས་སྣ་ཚོགས་ཤིན་ཏུ་མང་བ་སོགས་གསུང་ཐོར་བུའི་སྐོར་བཅས་རྒྱ་ཆེར་བཞུགས་ཤིང་། གཏེར་མཛོད་དཀྱུས་སུ་མི་བཞུགས་པའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་སོགས་ཟབ་གཏེར་རིགས་ཀྱང་མང་དུ་མཆིས་སོ། །དེ་ལྟར་སྨྲོས་པ་རྣམས་ནི་ས་བོན་ཙམ་སྟེ་མདོར་ན་རྗེ་འདི་ཉིད་ཀྱི་བསམ་གྱིས་མི་ཁྱབ་པའི་ཐུགས་བསྐྱེད་དང་། ཐབས་མཁས་ཀྱི་ཕྲིན་ལས་རྣམ་པ་ཐམས་ཅད་པའི་མཐུས་རྒྱལ་བསྟན་རིན་པོ་ཆེའི་སྲོག་མཐུད་གཅིག་པུར་གྱུར་པ་ཆོས་མཛོད་ཆེན་པོ་རྣམས་ཀྱི་བཀའ་བསྡུ་མཛད་པ་ནི་དེང་སང་གི་དུས་སྐབས་འདིར་བསྟན་སྲོག་མི་ཉམས་པ་ལ་ཆེད་དུ་དགོངས་པ་སོམ་ཉི་དང་བྲལ་ཞིང་། བསྟན་པ་མིང་མེད་ལྟ་བུར་གྱུར་པའི་སྐབས་འདིར་ཡང་ཟབ་རྒྱས་ཆོས་ཀྱི་སྙིང་པོ་རྣམས་ཅི་དགར་སྤྱོད་དུ་ཡོད་པ་རྗེ་བླ་མ་འདིའི་བཀའ་དྲིན་རྗེས་སུ་དྲན་པས་བསྟན་པ་འཛིན་པ་ཀུན་གྱིས་འཆད་ཉན་དང་སྒོམ་སྒྲུབ་ཀྱི་སྲི་ཞུ་ལ་བརྩོན་པར་བྱ་བའི་གནས་སོ། །དེ་ལྟར་ཡང་འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་ཀྱིས། བོད་ཡུལ་རྒྱལ་བའི་རིང་ལུགས་ལ། །ཀུན་གྱི་ཚོགས་རྗེར་གྱུར་པ་ཡི། །ཚུལ་འདི་ཁོ་ནས་འཇིག་རྟེན་འདིར། །ཐུབ་དབང་གཉིས་པའི་རྣམ་ཐར་འཛིན། །ཅེས་དང་། ས་སོགས་འབྱུང་བ་མཐུ་ཆེ་ཡང་། །ཀུན་ཁྱབ་ནམ་མཁར་མཚུངས་མིན་ལྟར། །གངས་ཅན་བསྟན་འཛིན་སུ་དང་ཡང་། །ཐུན་མིན་རྣམ་ཐར་རྨད་ཀྱི་ཕུལ། །ཞེས་དང་། དེ་བཞིན་དུ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་ཀྱང་། དེང་སང་གངས་རིའི་ཁྲོད་འདི་ན། །གྲུབ་པར་གྲགས་ཀྱང་མཁས་བཙུན་བྲལ། །མཁས་ཀྱང་གྲུབ་འབྲས་མཐོང་དཀའ་བས། །ཕུན་ཚོགས་ལྡན་པ་རྙེད་པར་དཀའ། །མཁས་དང་བཙུན་དང་གྲུབ་པ་གསུམ། །འགྲན་པ་བཞིན་དུ་ཁྱོད་ལ་འཕེལ། །འདི་འདྲའི་ཕུན་ཚོགས་མཐོང་དཀའ་བས། །ངོ་མཚར་ཆེ་ཡང་ཤེས་པ་དཀོན། །ཞེས་སོགས་རྒྱ་ཆེར་བསྔགས་པར་མཛད་པ་ལྟ་བུ་སྟེ། ཞིབ་པར་རྣམ་ཐར་ཆེན་མོ་དང་། རྗེ་བློ་གྲོས་མཐའ་ཡས་ཀྱི་རྣམ་ཐར། མཆོག་གཏེར་རྣམ་ཐར་དྲིས་ལན་བཅས། མཛོད་ཆེན་ལྔ་དང་། རྒྱུད་སྡེ་དང་སྒྲུབ་བཏུས་སོགས་ཀྱི་བརྒྱུད་ཡིག་དང་དཀར་ཆག་རྣམས་ལས་ཤེས་པར་བྱའོ། །དེ་རྣམས་ཀྱིས་སྔོན་བྱུང་ངོ་མཚར་འཁྲུངས་རབས་ཀྱི་རིམ་པ་མདོ་ཙམ་བསྟན་ཟིན་ཏོ། །དེ་ལྟར་སྨོས་པའི་མཁས་གྲུབ་དེ་དག་ཀྱང་ལ་ལ་ནི་དུས་མཉམ་དུ་བྱོན་པ་དང་། འགའ་ཞིག་སྐུ་ཚེའི་སྟོད་སྨད་ཀྱི་སྔ་ཕྱི་ཙམ་ཡོད་པ་དང་། ཕལ་ཆེར་གཅིག་རྗེས་སུ་གཅིག་བྱོན་པ་དང་། འཕགས་བོད་ཀྱི་མཁས་གྲུབ་ཡོངས་སུ་གྲགས་པ་ཐམས་ཅད་ཀྱི་སྤྲུལ་པ་ཡིན་པར་ཞལ་གྱིས་བཞེས་པ་ལྟ་བུ་སོགས་ཚུར་མཐོང་བློས་དཔྱད་པར་དཀའ་བ་ཡོད་ཀྱང་། སོ་སྐྱེའི་རྣམ་པར་ཤེས་པ་སྔ་མ་འཕོས་ནས་ལས་རླུང་གིས་ཕྱི་མའི་མངལ་དུ་ཚུད་པ་ལྟ་བུ་ལས་ཀྱི་དབང་གིས་ཁམས་གསུམ་དུ་སྐྱེ་བ་བརྒྱུད་པ་མ་ཡིན་པ། འཕགས་པའི་ས་ལ་བཞུགས་པ་རྣམས་སྨོན་ལམ་དང་སྙིང་རྗེའི་དབང་གིས་གཅིག་དང་དུ་མའི་སྤྱོད་ཡུལ་ལས་འདས་པའི་ཡེ་ཤེས་སྒྱུ་མའི་རོལ་པ་གང་ལ་གང་འདུལ་ཅིར་ཡང་སྟོན་པ་ནི། ནམ་མཁའི་ཉི་མ་ཉིད་ས་གཞིར་ཆུའི་སྣོད་ཇི་སྙེད་པ་དེ་སྙེད་དུ་དེ་དང་འཚམས་པའི་གཟུགས་སུ་ཤར་བ་ལྟ་བུ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་ཚངས་པ་ཚངས་པ་ཡི། །གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་རིས་ཐམས་ཅད་དུ། །སྣང་བ་འབད་མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་ལྟར། །སྤྲུལ་པ་དག་ནི་སྟོན་པར་མཛད། །ཅེས་གསུངས། གཞན་དོན་དུ་སྤྲུལ་པ་འབྱུང་ཚུལ་ཡང་། མདོ་སྡེ་རྒྱན་ལས། དེ་ལྟ་ན་ཡང་དེ་ཡི་མཐུས། །གདུལ་བྱའི་སྐལ་བ་ཇི་བཞིན་དུ། །སྲིད་པ་ཇི་སྲིད་གནས་ཀྱི་བར། །དེ་ཡི་མཛད་པ་རྒྱུན་མི་ཆད། །ཅེས་སོ།། །།

གཉིས་པ་བར་དུ་དགེ་བ་སྐུ་དངོས་ཀྱི་རྣམ་ཐར་རྒྱས་པར་སྤྲོས་ཏེ་བཤད་པ་ལ་གཉིས། ཐུན་མོང་གཙོ་བོར་བྱས་ཏེ་སྤྱིར་བཤད་པ་དང་། ཐུན་མིན་ཁྱད་པར་དུ་འཆད་པའོ། །དང་པོ་ནི། གདུལ་བྱ་སྐལ་མཉམ་མཐུན་སྣང་ཐུན་མོང་བ་རྣམས་ཀྱི་ངོར་ཇི་ལྟར་སྣང་བའི་མཛད་པ་ལས་གཙོ་བོར་བརྩམས་ཏེ་སྤྱིར་འཆད་པ་ལ་བདུན། ཐུགས་བསྐྱེད་དང་སྒྱུ་འཕྲུལ་གྱི་རོལ་པས་སྤྲུལ་པའི་ཟློས་གར་ཉེ་བར་བཟུང་ཞིང་མཆོག་གི་སྤྲུལ་པའི་སྐུར་མངའ་གསོལ་བའི་ཚུལ། བསྟན་པའི་འཇུག་སྒོ་སྡོམ་པ་གསུམ་གྱི་བསླབ་པ་ཇི་ལྟར་བཞེས་པའི་ཚུལ། ཡོངས་འཛིན་མཁས་གྲུབ་དམ་པ་རྣམས་བསྟེན་ཅིང་གསན་བསམ་གྱི་མཐར་སོན་པའི་ཚུལ། རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་ཐུགས་གཞོལ་བས་ལམ་གྱི་དྲོད་རྟགས་བརྙེས་པའི་ཚུལ། བསྟན་འགྲོའི་དོན་དུ་བཟང་པོའི་ཕྲིན་ལས་ཇི་ལྟར་མཛད་ཚུལ། ཞར་བྱུང་བསོད་ནམས་ཀྱི་ཚོགས་བསགས་སྒོ་དུ་མ་ནས་རྒྱ་ཆེར་སྒྲུབ་པའི་ཚུལ། རྟེན་དེས་ཐ་མའི་མཛད་པ་མཐར་ཕྱིན་པ་བསྐྱངས་ནས་སྤྲུལ་པ་དབྱིངས་སུ་བསྡུས་པའི་ཚུལ་འཕྲོས་དོན་དང་བཅས་པའོ། །དང་པོ་ནི། འཕགས་པ་རྣམས་ཀྱི་ཐུགས་བསྐྱེད་དང་ཕྲིན་ལས་གདུལ་བྱའི་ཡུལ་ལ་དུས་ལས་ཅུང་ཟད་ཀྱང་ཡོལ་བ་མེད་པས་སྙིགས་མའི་དུས་ཀྱི་སེམས་ཅན་གདུལ་དཀའ་བ་རྣམས་འདུལ་བའི་ཆེད་དུ་རྣམ་པར་གྲོལ་བའི་བདེ་བ་ལ་མི་གཞོལ་བར་སྲིད་པའི་ཚུལ་བཟུང་བ་སྟེ། སྡུད་པ་ལས། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིན། ཁམས་གསུམ་ཡང་དག་འདས་ལས་རྣམ་པར་གྲོལ་བའང་མིན། ཉོན་མོངས་བསལ་བར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཅེས་དང་། དཔེར་ན་བྲན་མོ་ཆུ་ཆུན་དབང་མེད་རྗེ་བོའི་དབང་། དེ་བཞིན་དཔའ་རྣམས་སེམས་ཅན་ཀུན་གྱི་དབང་གིས་འགྲོ། ཞེས་གསུངས་པ་ལྟར་གང་ལ་གང་འདུལ་གྱི་རྣམ་འཕྲུལ་ཚད་མེད་པས་འགྲོ་བའི་དོན་རྒྱུན་མི་འཆད་པ་ནི་འཕགས་པ་རྣམས་ཀྱི་ཆོས་ཉིད་ཡིན་ཅིང་། ལྷག་པར་རིགས་གསུམ་མགོན་པོ་དང་། དེ་ལས་འཇམ་དཔལ་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཉིད་བོད་འབངས་རྣམས་ལ་ཐུགས་ཤིན་ཏུ་བརྩེ་བས་སྤྲུལ་པའི་རྣམ་རོལ་སྣ་ཚོགས་ཡང་ནས་ཡང་དུ་འབྱུང་བའི་ཚུལ་སངས་རྒྱས་གཉིས་པ་གུ་རུ་པདྨས་རྡོ་རྗེའི་ལུང་དུ་རྒྱ་ཆེར་གསལ་བས་དངོས་ཤུགས་ཅི་རིགས་སུ་བསྟན་པར་ངེས་ཤིང་། ལུང་ཟིན་སྤྲུལ་པའི་སྐྱེས་བུ་ལ་མི་ནོར་བའི་མཚན་རྟགས་དགོངས་འདུས་ལུང་བསྟན་ཆེན་མོར་གསུངས་པ་རྣམས་ཀྱང་རྗེ་བླ་མ་འདི་ལ་ཐམས་ཅད་གསལ་བར་མངའ་བ་དང་། སྤྱིར་སྐུ་ཆུང་ངུའི་དུས་ནས་ཟབ་གཏེར་གྱི་ལས་འཕྲོ་ཅན་ཡིན་པར་གདོན་མི་འཚལ་བ་དངོས་བརྒྱུད་ཀྱི་གསུང་དང་མཛད་པ་ལས་ཤེས་ཀྱང་། རིགས་ཀྱི་བདག་པོ་ཀཿཐོག་སི་ཏུ་རིན་པོ་ཆེས་གནས་དུས་དང་བསྟན་པའི་བབ་ལ་དགོངས་པའི་ཐུགས་བསྐྱེད་ཆེན་པོས་གཏེར་དང་ལུང་བསྟན་གྱི་རིགས་ལ་ཐུགས་མི་མཉེས་པའི་ཚུལ་གྱིས་བཀའ་བཀྱོན་ཡང་ཡང་གནང་བ་དང་། ཡོངས་འཛིན་བླ་མ་ཡང་དེ་དང་མཚུངས་ཤིང་། རྗེ་ཉིད་ཀྱང་གསང་བ་སྲུང་བ་ལ་ཐུགས་སྒམ་པས་དེ་རིགས་རྩལ་འདོན་མ་མཛད་པ་འདྲའོ།

།རྗེ་བླ་མ་མཁྱེན་བརྩེའི་དབང་པོའི་རྣམ་ཐར་ཞལ་གསུང་དུ་མ་འོངས་པའི་རྣམ་ཐར་སྐབས་ལས། མ་འོངས་བི་མའི་བླ་སྒྲུབ་སྐབས། །ཚེ་འདི་འཕོས་མ་ཐག་པ་ན། །སྤྲུལ་གཞི་རི་བོ་རྩེ་ལྔ་རུ། །པཎ་ཆེན་བི་མའི་ཐུགས་ཀར་ཐིམ། །སྤྲུལ་པ་ལྔ་འབྱུང་སྨོན་ལམ་མཐུས། །རིས་མེད་བསྟན་པར་ཕན་ཅེས་གསུངས། ཞེས་གསུངས་པ་ལྟར་ཀུན་གཟིགས་ཆོས་ཀྱི་རྒྱལ་པོ་མཁྱེན་བརྩེའི་ཞབས་ཉིད་སྐུ་དེའི་མཛད་པ་རྫོགས་རྗེས་སྤྲུལ་གཞིའི་ཐུགས་ཀར་ཐིམ་ནས་སླར་ཡང་གསང་བ་མི་ཟད་རྒྱན་འཁོར་ལྔའི་རྣམ་འཕྲུལ་གྱིས་རིས་མེད་པའི་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པའི་བདེན་དོན་མངོན་དུ་གྱུར་ཚུལ་ནི། འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ཀྱིས་མཆོག་སྤྲུལ་ངོས་འཛིན་གྱི་ལུང་བྱང་ལས། ཟིལ་ལྡན་ཆུ་བོ་གཡས་ནས་འབབ། །གསེར་ལྡན་ཆུ་བོ་གཡོན་ནས་འབབ། །ཆུ་གཉིས་འདུས་པའི་ས་མཚམས་ནས། །ཡར་ལ་བལྟས་པས་རྒྱང་གྲགས་གཅིག་སོང་མཐར། །རྣམ་འཕྲུལ་སྦྲུལ་རྟ་ལུག་གསུམ་པོ། །ཞེས་འབྱུང་བས་ཟིལ་འབྲིའི་ཆུ་གཉིས་འདུས་མཚམས་སུ་འཁྲུངས་པའི་མཆོག་སྤྲུལ་རིན་པོ་ཆེ་ངོས་འཛིན་མཚན་གསོལ་རྒྱལ་དབང་ཀརྨ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་མཛད་པ་རྩ་བའི་གདན་ས་རྫོང་སར་དུ་མངའ་གསོལ་བའི་དགུང་སྙིང་རྟ་ལོ་པ་དང་། གསུང་གི་སྤྲུལ་པ་འཇམ་མགོན་བླ་མ་ཀོང་སྤྲུལ་རིན་པོ་ཆེས་མཚན་དང་ན་བཟའ་སྩལ་ཞིང་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱིས་དཔལ་སྤུངས་གདན་སར་མངའ་གསོལ་མཛད་པ་ཏྲེ་ཤོད་བེ་རི་རྒྱལ་པོའི་སྲས་སུ་འཁྲུངས་པ་དེ་ཉིད་ཀྱིས་མཁན་ཆེན་བཀྲ་ཤིས་འོད་ཟེར་ལས་སྡོམ་པ་གསུམ་ལེགས་པར་བཞེས། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་། བཀའ་བརྒྱུད་སྔགས་མཛོད་ཆེན་པོའི་དཀྱིལ་འཁོར་རྣམས་སྒྲུབ་མཆོད་ཞག་བདུན་དང་འབྲེལ་བའི་དབང་ཆེན། སྨིན་ཁྲིད་ལུང་བཅས་དང་། ནང་བརྟག་རྒྱུད་གསུམ་གཞུང་ཆུང་གཉིས་དང་བཅས་པའི་བཤད་པ། ཟབ་ལམ་ནཱ་རོ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་གྱི་སྨིན་ཁྲིད་ཞིབ་རྒྱས་དང་། ཇོ་ནང་རིན་འབྱུང་བརྒྱ་རྩ། སྒྲོལ་མ་རྣལ་འབྱོར་མའི་དབང་དང་རྗེས་གནང་རྒྱུད་བཤད་བཅས་དང་། ཀཾ་ཚང་ཐུན་མོང་མ་ཡིན་པའི་བཀའ་སྲུང་མགོན་པོའི་དབང་དང་། མན་ངག་ཟབ་ཁྲིད་བཅས་དང་། འཁོར་ལྔ་རྗེས་འབྲང་དང་བཅས་པའི་དབང་དང་རྗེས་གནང་ཐམས་ཅད་དང་། ཀརྨ་པ་ཞྭ་དམར་ནག་སྐུ་ཕྲེང་ཐམས་ཅད་ཀྱི་བཀའ་འབུམ་སྐོར་གྱི་ལུང་དང་། དཔལ་ལྡན་ཛཾ་ཐང་གི་ཆོས་རྗེ་རྣམས་ལས་ཇོ་ནང་གི་བདེ་མཆོག་དང་། གཤིན་རྗེ་རབ་འབྱམས། རྗེ་སྒྲོལ་བའི་མགོན་པོའི་བཀའ་འབུམ་གྱི་དབང་ལུང་ཡོངས་རྫོགས། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཇོ་ལུགས་ལྟར་དང་། སྦྱོར་བ་ཡན་ལག་དྲུག་གི་རྫོགས་རིམ་གྱི་ཁྲིད་སོགས་དང་། མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་ལས་བཅུ་ཕྲག་རིག་པའི་གནས་རྣམས་ཞིབ་ཁྲིད་དང་། དབང་ལུང་གནད་ཆེ་བ་དུ་མ། ཟུར་མང་དྲུང་རིན་པོ་ཆེ་ལས་རྒྱ་ཆེན་བཀའ་མཛོད་དང་། གདམས་ངག་མཛོད་ཡོངས་རྫོགས། རྒྱལ་སྲས་འཇམ་མགོན་མཆོག་སྤྲུལ་ལས། རིན་ཆེན་གཏེར་མཛོད་ཡོངས་རྫོགས་ཀྱིས་མཚོན་ཐོས་བསམ་རྒྱ་ཆེར་མཛད་ཅིང་། རྒྱ་དཀར་ནག །དབུས་གཙང་། ལྷོ་འབྲུག་རྣམས་སུ་གནས་གཟིགས་དང་། གདན་ས་དཔལ་སྤུངས་སུ་ཀུན་རིག་གི་སྒྲུབ་སྡེ་གཏན་འཇགས། རིགས་ཀྱི་བདག་པོ་རྒྱལ་མཆོག་བཅོ་ལྔ་པའི་བཀའ་འབུམ་ཡོངས་རྫོགས་སྤར་གསར་བཞེངས་སོགས་འཁོར་ལོ་གསུམ་གྱི་མཛད་པ་རྨད་དུ་བྱུང་བ་དང་། ཐུགས་སྤྲུལ་གྲུབ་དབང་ཤཱཀྱ་ཤྲཱིའི་སྐུ་གསུང་ཐུགས་ཀྱི་སྲས་འཕགས་མཆོག་རྡོ་རྗེ་ནི། ཡབ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ལ་ཅི་མཛད་ལེགས་མཐོང་གི་མོས་གུས་འཕོ་འགྱུར་མེད་པས་མཉེས་པ་གསུམ་གྱི་ཞབས་ཏོག་མཐར་སོན། ཕྲིན་ལས་ཀྱི་གཙོ་བོ་སྙིང་པོའི་སྒྲུབ་པ་མཛད་པས་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་ཐབས་ལ་མངའ་བརྙེས། གཙོ་ཆེར་ཡབ་རྗེའི་མཛད་པའི་འཕྲོ་བཞིན་གདུལ་བྱ་རིས་མེད་པ་ལ་སྨིན་ཁྲིད་ཀྱི་གདམས་པས་ངེས་དོན་དགའ་ཚལ་དུ་དབུགས་དབྱུང་། ཐམས་ཅད་མཁྱེན་གཟིགས་ཆོས་ཀྱི་བློ་གྲོས་ལ་ཉམས་རྟོགས་འཁྲུངས་ཚུལ་གྱི་གསུང་གླེང་གནང་བས་ཐེག་པ་མཆོག་གི་ལྟ་དགོངས་ལ་དབང་འབྱོར་བའི་བསྟོད་བསྔགས་དང་། གྲུབ་དབང་རིན་པོ་ཆེའི་དགོངས་གཏེར་སྐོར་སོགས་ཀྱི་སྨིན་གྲོལ་ཀྱང་གསན། ཡབ་རྗེའི་ཕྱག་རྫོགས་ཀྱི་དམར་ཁྲིད་ཐུན་མོང་མ་ཡིན་པའི་ཞལ་ལུང་གླེགས་བམ་དུ་བཀོད་པས་ཆོས་སྐུའི་མཆོད་སྡོང་གདུལ་བྱའི་སྐལ་བར་བཞག་པ་སོགས་སྙིང་པོའི་བསྟན་པ་ལ་ཕན་པའི་ཕྱག་བཞེས་ངོ་མཚར་ཆེན་པོ་མངའ་བའོ།

།ཕྲིན་ལས་ཀྱི་སྤྲུལ་པ་ཆུ་སྦྲུལ་དགུང་ལྡན་འདི་ཉིད་དང་། གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ངོས་འཛིན་དང་རུ་དམ་རྫོགས་ཆེན་གྱི་གདན་སར་མངའ་གསོལ་མཛད་པའི་མཆོག་སྤྲུལ་དགུང་སྙིང་ལུག་ལོ་ཅན་མཁྱེན་རྟོགས་མཚུངས་ཟླ་བྲལ་བ་དང་། ཡང་རྗེ་མཁྱེན་བརྩེའི་ཞལ་འཕྲོས་ཁུངས་དག་གི་རྒྱུན་ལས་དཔལ་ས་སྐྱའི་གདུང་བརྒྱུད་དུའང་སྤྲུལ་པ་གཅིག་འབྱུང་ཚུལ་གསུངས་པའི་བཤད་སྲོལ་ལྟར་བདག་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་ཉིད་ཡིན་པར་ཞལ་གྱིས་བཞེས་ཤིང་ཡོངས་སུ་གྲགས་པ་ལྟར་ལ། ཡབ་རྗེ་དགོངས་པ་རྫོགས་པའི་ཚེ་སྐུ་དངོས་ཀྱིས་བྱང་ཤམྦྷ་ལའི་ཞིང་དུ་ཕེབས་ནས་དེའི་མེ་ཏོག་གི་ཆུན་པོ་བསྣམས་ཏེ་བྱོན་པ་ཀུན་གྱིས་མཇལ་དུ་ཡོད་པ་སོགས་གྲུབ་པའི་རྟགས་མཚན་ཁྱད་དུ་འཕགས་པ་དུ་མ་བསྟན་པར་མཛད་པ་དང་། སྤྱིར་འཇམ་དབྱངས་བླ་མ་ཐམས་ཅད་མཁྱེན་པ་ཉིད་རྒྱལ་བསྟན་རིས་སུ་མ་ཆད་པ་འཛིན་སྐྱོང་སྤེལ་བའི་ཐུགས་བསྐྱེད་ཀྱི་གཡར་དམ་ལྷུར་བཞེས་ཤིང་། ཕྲིན་ལས་དུས་སུ་བབས་པས་མདོ་དབུས་གཙང་ཁམས་ཤར་ནུབ་རྒྱ་མཚོའི་མཐའ་ཚུན་ཆད་དུ་ཐུགས་སྲས་སྦས་མངོན་ཅི་རིགས་པ་ས་ཆེན་པོའི་རྡུལ་ལྟར་བྱོན་པས་རང་རང་གི་དད་མོས་དག་སྣང་གི་གཟིགས་པས་ངོས་འཛིན་གནང་བ་རྣམས་དང་། དཔལ་སྤུངས་སྐྱབས་མགོན་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དེ་ཉིད་རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་ངོས་འཛིན་གནང་སྟེ་དཔལ་སྤུངས་གདན་སར་ཞབས་པད་བཀོད་པའི་ཡར་ལམ་སྨན་ཤོད་རྫོང་སར་དགོན་གྱི་མདུན་ནས་ཕེབས་སྐབས་རྗེ་མཁྱེན་བརྩེའི་ཞལ་བཀོད་དུ་སི་ཏུ་མཆོག་སྤྲུལ་ཡར་ལམ་ཕྲན་རྩར་ཕེབས་མི་དགོས། སི་ཏུ་སྤྲུལ་སྐུ་རིན་པོ་ཆེས་ཕྲན་གྱི་ཁང་པ་གཟིགས་དུས་ཕྲན་མཁྱེན་བརྩེ་རེད་ཅེས་ཞུས་གསུངས་པ་ལྟར་གཟིམས་ཆུང་མཇལ་དུས་ཞུས་པས། དེའི་མཐོང་སྐར་ནས་མཁྱེན་བརྩེ་རིན་པོ་ཆེས་སྤོས་རེངས་བམ་པོ་དར་གྱིས་ལྕིབས་པ་བསྣམས་བཞིན་སི་ཏུ་རིན་པོ་ཆེ་ལ་གཟིགས་ནས་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་རྡོ་རྗེ་སྐུ་མདུན་དེར་བཞུགས་པ་ལ། ཕ་ཀི་དཔལ་སྤུངས་སི་ཏུའི་སྤྲུལ་སྐུར་རྒྱལ་དབང་ཀརྨ་པ། ཀོང་སྤྲུལ་རིན་པོ་ཆེ། ངེད་རང་གསུམ་དགོངས་མཐུན་གྱིས་མཚན་གསོལ་ཁྲི་བཀོད་བྱས་པ་ཡིན། ང་དང་ཁྱེད་གཉིས་ཀྱིས་ཡེ་ཤེས་ཀྱི་དགོངས་རྒྱུད་གཏད་དེ་གཉིས་མེད་དུ་བྱིན་གྱིས་བརླབ་དགོས་ཞེས་གསུངས་ཤིང་ཆེད་དུ་དགོངས་གཏད་གནང་བ་དང་། ཀཿཐོག་སི་ཏུ་རིན་པོ་ཆེས་དབང་དང་གསུང་བཤད་གནང་སྐབས་གསུང་སྐད་ཀྱི་གདངས་དང་གསུང་སྟངས་སོགས་རྗེ་མཁྱེན་བརྩེའི་དབང་པོ་དང་དབྱེར་མེད་ཞིག་འདུག་པས་རྗེ་བླ་མའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་བཀོད་པ་ཡིན་སྙམ་པ་འདུག་ཅེས་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་པདྨ་རྣམ་རྒྱལ་དང་། གཏེར་ཆེན་ལས་རབ་གླིང་པས་གསུངས་ཤིང་། སྐུ་གཤེགས་རྗེས་ཐུགས་སྲས་མཁས་གྲུབ་གཞན་དག་གིས་ངོས་འཛིན་པ་སོགས་འགའ་ཞིག་མཆིས་པ་དང་། མདོ་སྨད་རེ་ཀོང་ཕྱོགས་སུ་སིས་མདོ་དགོན་གྱི་མཁན་ཆེན་མཁྱེན་ཡོན་རྨད་དུ་བྱུང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞེས་པ་ཞིག་ལས་ངེད་རང་གིས་གསང་བདེའི་དབང་དང་རྒྱུད་ཀྱི་བཤད་པ་ཞུས་པས། ནང་མའི་གསུང་མཆིད་དུ་སློབ་མ་རྣམས་ནས་ཕྲན་ལ་སྐྱེས་ཕྲེང་གསོལ་འདེབས་དགོས་ཟེར་བ་ཕྲན་ནས་རྨི་ལམ་བརྟགས་པས། རས་ཆུང་རྡོ་རྗེ་གྲགས་པ་དང་འཇམ་དབྱངས་མཁྱེན་བརྩེ་ཡིན་ཟེར་བ་རྨིས་པས་དེའི་རྣམ་ཐར་མཇལ་དགོས་ཞེས་ཞིབ་ཏུ་གཟིགས་གནང་མཛད་ཅིང་། ཕྲན་ཆོས་ལུགས་དགེ་ལྡན་དུ་གྱུར་པས་དཔེ་ཆ་གསར་པའི་སྐབས་ཕྱོགས་རིས་ཆེ་བ་ཡོད་ཀྱང་ཐོས་པ་ཕྱོགས་མེད་དུ་བྱས་ཤིང་ཆོས་ཀྱི་གནད་འགག་མཐོང་བས་ཆགས་སྡང་གིས་རང་གཞན་གྲུབ་མཐའ་བཟང་ངན་དུ་བལྟ་བ་འདི་ལས་སྐྱོན་ཆེ་བ་མི་འདུག །ད་ནི་བཀའ་གདམས་དགེ་བའི་བཤེས་གཉེན་གོང་མ་རྣམས་ཀྱི་རྣམ་ཐར་བཞིན་བསྟན་པ་ཐམས་ཅད་འགལ་མེད་དུ་སེམས་པས། ད་རེས་ཁྱོད་ལས་རྙིང་མའི་ཆོས་འབྲེལ་ཞིག་ཞུས་ནས་བསྙེན་སྒྲུབ་འབྲེལ་བ་དང་། རིན་ཆེན་གཏེར་མཛོད་ཀྱི་དཔེ་ཆ་ཞིག་བླུ། ཆོས་སྐོར་ཚང་མ་ཞིབ་མཇལ་ཞུས་ནས་སྐྱེ་བ་རྗེས་མར་གཏེར་མཛོད་འཆད་ཉན་ཐུབ་པའི་སྨོན་ལམ་བྱ་གི་ཡིན་པས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལའང་དེའི་དོན་ཞུ་ཡིག་སྐྱབས་རྟེན་བཅས་རང་ལ་བསྐུར་མཛད་ཅིང་། ཁྱེད་ཀྱིས་ཀྱང་དེ་ལྟར་ཐུགས་སྨོན་མཛོད་ཅེས་ཕྲན་ལས་རྩ་གསུམ་བདེ་འདུས་ཀྱི་དབང་གསན། བསྙེན་པའང་བཏང་མཛད། གཏེར་མཛོད་ཀྱི་ཕྱག་དཔེ་བླུས་མཛད་པ་རྣམས་རྗེ་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེར་ཞུས་པས་བོད་ཀྱི་ཆོས་ལུགས་ཁག་བཞི་གཡུང་དྲུང་བོན་དང་བཅས་པ་ལ་མཁྱེན་བརྩེའི་སྤྲུལ་སྐུ་རེ་ཕེབས་པའི་ཞལ་བཞེས་གནང་སྐད་བཤད་སྲོལ་འདུག་པས་དགེ་ཕྱོགས་དེ་དེ་མིན་ནམ་གསུངས་པ་དང་། ཁོ་བོ་ཡང་དེ་དག་གི་ལུང་དང་རྟོགས་པའི་ཡོན་ཏན་གྱི་རྗེས་སུ་མི་སྙེགས་རུང་མཚན་གྲལ་དུ་སྙན་པའི་རྒྱུ་མཚན་ནི། གསང་བདག་བློ་གཏེར་དབང་པོ་གུས་བཙས་ནས་ཟླ་གཅིག་མ་ལོང་ཙམ་དུ། རང་གི་ཁྱིམ་དུ་ཕེབས་བཞུགས་སྐབས་ཕྲན་ཨ་མས་སྐུ་མདུན་ཁུར་བ་དང་། ངོས་ལ་རྨི་ལམ་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞག་གསུམ་བཏུད་མར་དགྱེས་ཉམས་ཅན་ཤིན་ཏུ་གསལ་པོར་འཇལ་བ་རྨིས་པས་བུ་འདི་མཁྱེན་བརྩེའི་སྤྲུལ་སྐུ་ཞིག་ཡིན་ངེས་ཞེས་མཁྱེན་བརྩེ་གོང་མའི་ཕྱག་ཕྲེང་རྡོག་གཅིག་དང་རྗེ་མཁྱེན་བརྩེའི་ཕྱག་མདུད་ངོ་མ། མགུལ་དར་ནང་མཛོད་བཅས་སྩལ་བ་དང་། ལོ་ངོ་གསུམ་ལོན་པའི་དུས་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ཁྱིམ་ཕེབས་སྐབས་རང་གི་བསྐྱེད་ཡབ་ལ་ཁྱེད་ཀྱི་བུ་འདི་ང་ལ་བྱིན། སྤྲུལ་སྐུ་ཁྱད་འཕགས་ཞིག་ཡིན་ཞེས་གསུངས་ཤིང་། ཕྱིས་རང་ལོ་བཅུ་དྲུག་སྟེང་མཁྱེན་བརྩེའི་སྤྲུལ་སྐུའི་མཚན་དང་མི་ཕམ་རིན་པོ་ཆེའི་ཕྱག་བྲིས་སོགས་རྟེན་གསུམ་ཁྱད་པར་ཅན་སྩལ་བའི་སྐབས་དེར་འཇམ་མགོན་ཆོས་ཀྱི་བློ་གྲོས་ཀྱང་དེར་བཞུགས་པས། སྔར་བློ་གཏེར་དབང་པོ་དང་ད་ལམ་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་ཡེ་ཤེས་གཟིགས་པ་ལྟར་ཕྲན་གྱི་རིག་ངོར་ཡང་མཁྱེན་བརྩེའི་ཐུགས་སྤྲུལ་ཡིན་པར་ངེས་ཞེས་སྐུ་གསུང་ཐུགས་རྟེན་དང་ལེགས་སོའི་དབུགས་དབྱུང་སྩལ། ཕྱིས་རྫོང་སར་དུ་ཐོག་མར་བཅར་སྐབས་མདངས་རྨི་ལམ་དུ་མཁྱེན་བརྩེ་རིན་པོ་ཆེ་དེ་ཤིན་ཏུ་གསལ་པོར་མཇལ་བས་དེ་རིང་ཁྱེད་ཕེབས་པའི་རྟགས་སུ་ངེས་གསུངས་པ་སོགས་དམ་པ་རྣམས་ཀྱི་དག་པའི་གཟིགས་ངོར་མཆིས་པ་ལས་རང་ལ་ནི་ཆ་ཅི་ཡང་མ་འཚལ་བ་ཞར་ལ་འཕྲོས་པ་སྟེ། སྔོན་བྱོན་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དང་། རྒྱལ་དབང་ཀརྨ་པ་མི་བསྐྱོད་རྡོ་རྗེའི་རྣམ་ཐར་དུ་གསལ་བ་བཞིན་འཕགས་པའི་ས་བརྙེས་པའི་སྐྱེས་ཆེན་དག་གིས་དག་དང་མ་དག་གི་སྤྲུལ་པ་མང་པོ་འགྲོ་བའི་དོན་དུ་དུས་གཅིག་ལའང་འགྱེད་པར་མཛད་པའི་ཚུལ་ཡོད་པ་ལྟར་རོ།

།ད་ནི་དེ་ཐམས་ཅད་ཀྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་ཞིང་། རྗེ་གོང་མའི་རྣམ་ཐར་དང་ཕྲིན་ལས་མཐའ་དག་རྫོགས་པར་མངའ་བས་གསང་གསུམ་ཡོན་ཏན་དང་བཅས་པ་གཅིག་ཏུ་འདུས་པའི་རང་གཟུགས་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་རྣམ་པར་འཕྲུལ་པའི་བདག་ཉིད་ཆེན་པོར་གྱུར་པ་རྗེ་བཙུན་བླ་མ་དམ་པ་འདི་ཉིད་ཀྱི་རྣམ་ཐར་རྒྱས་པར་འཆད་པ་ལ། དེའང་གདུལ་བྱའི་ཡུལ་དང་ཐུགས་རྗེའི་རྐྱེན་ཚོགས་པ་ལ་བརྟེན་ནས་སླར་ཡང་སྲིད་པའི་གཟུགས་སུ་མངོན་པར་སྣང་བ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་པ་དང་རྗེས་སུ་མཐུན་པར་རྒྱལ་ཀུན་ཡེ་ཤེས་གཅིག་ཏུ་འཁྱིལ་བའི་ཉིན་བྱེད་དབང་པོ་གང་དུ་སྐྱེ་བའི་མྱུ་གུ་བཟུང་བའི་ཚུལ་བསྟན་པའི་ཡུལ་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་ལས་གསེར་ལྡན་འབྲི་ཀླུང་གི་བགྲོད་པ་དལ་གྱིས་གཡོ་བའི་ཕྱོགས་མདོ་སྨད་ཟལ་མོ་སྒང་གི་ཆར་ས་ཡི་མདུད་བཞིར་གྲགས་པའི་བྱེ་བྲག་རེ་ཁེ་ས་ཡི་མདུད་པ་སྟེ། གཏེར་ཆེན་བདུད་ཀློང་རྣམ་གཉིས་ནས་ཟབ་གཏེར་བཞེས་ཤིང་། བདེ་ཆེན་གླིང་པ་དང་། རིག་འཛིན་ཚེ་དབང་ནོར་བུ་སོགས་ཀྱིས་རྡོ་རྗེའི་གནས་སུ་བསྔགས་ཤིང་། ཡུལ་གཞི་སྐྱོང་བ་གནས་བདག་ཆེན་པོ་ཡོན་ཏན་རི་བཀྲ་ཞེས་ཕྲིན་ལས་ཕུར་པའི་བཀའ་སྲུང་ལྕགས་ཀྱི་སྐྱེས་བུས་བདེ་བར་སྐྱོང་བའི་ཡུལ་ལྗོངས་ས་ངན་རེ་ཁེའི་ནང་གསེས་ཨ་བྱམས་ཞེས་པའི་སའི་ཆར། ཡབ་མེས་རིག་འཛིན་རྩལ་འཆང་གི་བརྒྱུད་པ་ཤིན་ཏུ་ངོ་མཚར་བའི་རྣམ་ཐར་དང་ལྡན་པ་སྟེ། དེའང་གུ་རུའི་རྒྱལ་ཚབ་ནུས་ལྡན་ཉེར་ལྔའི་ཡ་གྱལ་ས་བཅུའི་དབང་ཕྱུག་བདུད་འདུལ་ནུས་ལྡན་རྡོ་རྗེའི་གདུང་བརྒྱུད་ཁམས་གསེར་ཐར་ཕྱོགས་སུ་བཞུགས་སྟན་ཆགས་པ་རྒྱལ་སྲས་པདྨ་རྣམ་རྒྱལ་ཏེ། འདི་ཉིད་གནས་དུས་སོགས་ཀྱི་བབས་ལ་དཔྱད་ན་འཇམ་མགོན་རིན་པོ་ཆེས་འཁོན་ཕུར་མཛད་བྱང་དུ་གསལ་བའི་ཀཿཐོག་བདུད་འདུལ་རྒྱས་སྲས་པདྨ་རྣམ་རྒྱལ་ཞེས་པ་དུས་གསུམ་སྒྲིབ་མེད་གཟིགས་ཚུལ་སོགས་འབྱུང་བ་ཡིན་པར་མངོན་ལ། ངོ་མཚར་ཁྱད་འཕགས་ཀྱི་རྣམ་ཐར་མངའ་བ་དེ་ཉིད་ཀྱི་སྲས་གསེར་པ་གཏེར་རྒན་བདུད་འདུལ་རོལ་པ་རྩལ་ནུས་ལྡན་ནམ་མཁའི་རྣལ་འབྱོར་ཞེས་མཁྱེན་བརྩེ་ནུས་པའི་ཡོན་ཏན་འགྲན་ཟླ་དང་བྲལ་ཞིང་ཟབ་གཏེར་ཀྱང་མང་དུ་བཞེས། བདུད་འདུལ་གྱི་སྤྲུལ་པར་གྲགས་ཤིང་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས། སྐུ་ཚེ་ལ་མངའ་བརྙེས་པས་དགུང་ལོ་བརྒྱ་དང་བརྒྱད་ཅུ་ཙམ་བཞུགས་ཤིང་སྐུ་ཚེའི་སྨད་ལ་བྲག་ཡབ་དང་ས་ངན་ཕྱོགས་སུ་རིམ་པར་ཕེབས། མི་དང་མི་མིན་གྱི་འགལ་བྱེད་མཐའ་དག་མངོན་སྤྱོད་ནུས་མཐུས་ཚར་བཅད་ཅིང་དབང་དུ་བསྡུས་པས་ཕྲིན་ལས་འཕེལ་རྒྱས་སུ་གྱུར། ཀཿཐོག་ནས་ས་ངན་ཕྱོགས་ཀྱི་དགོན་བདག་ཏུ་མངའ་གསོལ་བ་བཞིན་ཕྱོགས་དེར་བཞུགས་སྟན་ཆགས་པར་མཛད། ཕྱིས་གཏེར་སྟོན་སྐུ་གཤེགས་རྗེས་གསང་ཡུམ་མཁྱེན་བརྩེ་རིན་པོ་ཆེའི་མདུན་དུ་བྱོན་པར་གཏེར་ཆོས་ཡོངས་རྫོགས་མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཚུལ་དུ་བཞེས་ཤིང་གཏེར་ཆོས་སྐོར་རྫོང་སར་ཕྱག་དཔེའི་ཁྲོད་དུ་བཞུགས་པ་སྟེ། གྲུབ་བརྙེས་རྣལ་འབྱོར་དབང་པོ་དེ་ཉིད་ཀྱི་སྐུ་ཚེའི་སྨད་དུ་འཁྲུངས་ཤིང་གསང་བ་གསུམ་གྱི་བྱིན་གྱིས་བརླབས་པའི་སྲས། གསེར་པ་གཏེར་སྲས་འགྱུར་མེད་ཚེ་དབང་རྒྱ་མཚོ་ནི་རྗེ་བླ་མ་དམ་པའི་བསྐྱེད་ཡབ་སྟེ། ཡབ་ཀྱིས་བདུད་འདུལ་དང་རང་གཏེར་སྐོར་གྱི་དབང་རྣམས་རྫོགས་པར་སྩལ། སྨིན་གྲོལ་གླིང་དུ་ཁྲི་ཆེན་ཡིད་བཞིན་དབང་རྒྱལ་དང་། རྗེ་བཙུན་མ་བདེ་ཆེན་ཡེ་ཤེས་ཆོས་སྒྲོན། རྡོར་འཛིན་དོན་གྲུབ་སོགས་ལ་བཀའ་གཏེར་གྱི་སྨིན་གྲོལ་དང་ཕྱག་ལེན་སོགས་གསན་བསམ་རྒྱ་ཆེར་མཛད་ཅིང་ཡུན་རིང་ཙམ་བཞུགས། ཁྱད་པར་རྗེ་མཁྱེན་བརྩེའི་དབང་པོས་ཐུན་མིན་ཐུགས་བརྩེས་རྗེས་སུ་བཟུང་ཞིང་ཟབ་ཆོས་རིགས་སྤྱི་དང་ཁྱད་པར་བཀའ་འདུས་ཆོས་ཀྱི་རྒྱལ་མཚོའི་སྨིན་གྲོལ་ཉི་མ་ཕྱེད་ནས་ནམ་ཕྱེད་ཡོལ་གྱི་བར་དུ་ཤིན་ཏུ་རྒྱས་པར་སྩལ། མཁའ་འགྲོ་རྣམས་ཀྱིས་ཕྱག་ཏུ་ཕུལ་བའི་བཀའ་འདུས་ཀྱི་བླ་དཔེ་བརྡ་ཡིག་དང་བོད་ཡིག་འདྲེས་མ་ལྟ་བུའི་པོད་ཆུང་གཅིག་དང་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཤོག་སེར་བཏགས་གྲོལ་གླེགས་བམ་ལྟ་བུ་གཅིིག་བཅས་དངོས་སུ་མཇལ་ཁ་གནང་། གཞན་ཡང་ཐུགས་ཆེན་སེམས་ཉིད་ངལ་གསོ། མཆོག་གཏེར་ཟབ་བདུན་གཤིན་རྗེ། ཡང་གཏེར་མཁའ་འགྲོ་གསང་འདུས། འཆི་མེད་འཕགས་མའི་སྙིང་ཐིག་གི་དབང་སྐབས་གསང་མཚན་འཆི་མེད་སྣང་མཛད་རྡོ་རྗེར་གསོལ། ཆོས་སྐོར་དེ་རྣམས་ཀྱི་ཆོས་བདག་ཏུ་དབུགས་དབྱུང་། ཁྱེད་རང་བོད་དབུས་གཙང་དུ་སོང་ན་མཁོ་གསུངས་ཏེ་ཀློང་སྙིང་པོད་གཉིས་ཀྱི་དབང་ལུང་ཁྲིད་བཅས་རྒྱས་པར་གནང་། གསེར་པ་གཏེར་རྒན་གྱི་ན་བཟའ་སྔགས་ཆས་རྣམས་ཕུལ་བས་ཁྱེད་རང་ལ་རྗེས་སུ་མཁོ་དགོས་ཡོད་ཚུལ་གསུངས་ནས་སླར་གནང་བ་ནི་དོན་གྱིས་རིག་པ་འཛིན་པ་འདིའི་སྲས་སུ་ཕེབས་པར་ལུང་བསྟན་པར་ངེས་སོ། །དེ་བཞིན་དུ་འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་ཀྱིས་ཀྱང་ཐུགས་བརྩེས་རྗེས་སུ་བཟུང་ཞིང་རྗེ་ཉིད་དང་སྤྲུལ་གཞི་གཅིག་པས་རྩ་གསུམ་དགོངས་འདུས་ཀྱི་གཏེར་གཞུག་སྐྱོང་བར་འོས་པའི་ཚུལ་དང་། གསང་ཐིག་དང་ཚིག་བདུན་སྐོར་གྱི་ཆོས་བདག་ཏུ་ངོས་འཛིན་གྱིས་སྨིན་གྲོལ་ཞིབ་པར་སྩལ། གཞན་ཡང་དཔལ་ཡུལ་སྐུ་ཆེན། ཀཿཐོག་སི་ཏུ་སོགས་སྐྱེས་ཆེན་དམ་པ་མང་དུ་བསྟེན་ནས་རིན་གཏེར་ཁ་སྐོང་བཅས། མཆོག་གཏེར་ཆ་ཚང་སོགས་གསན་བསམ་རྒྱ་ཆེར་གནང་། ཡི་དམ་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་དང་བསྐྱེད་རྫོགས་ཀྱི་ཉམས་བཞེས་ཚད་དུ་ཕྱིན་ཅིང་ཆོས་སྐྱོང་རྣམས་བྲན་དུ་བཀོལ། བསྟན་འགྲོར་འཚེ་བའི་ནག་ཕྱོགས་ཀྱི་སྡེ་དཔུང་རྣམས་མངོན་སྤྱོད་ཀྱི་ལས་སྦྱོར་གྱིས་ཚར་བཅད་ཅིང་། གཞན་འཁུ་བར་བྱེད་པའི་རིགས་ལའང་ནུས་མཐུའི་རྟགས་མཚན་མཐོང་ཆོས་སུ་བྱུང་བ་མང་པོ་དང་། སྐབས་ཤིག་ཆང་གིས་ར་བཟི་བ་ལྟར་མཛད་ནས་གོ་འཇོ་མཁོ་ཆེན་དགོན་གྱི་མགོན་ཁང་གི་ནང་རྟེན་བསམ་ཡས་སུ་རྒྱལ་པོ་སྐུ་ལྔའི་སྐུ་གསོབ་གྱི་ནང་གཞུག་བེ་ཧར་གྱི་རྟེན་མདུང་གུ་རུ་རིན་པོ་ཆེས་བཅིངས་པ་སྨིན་གླིང་གཏེར་ཆེན་གྱིས་བཞེས་པ་གཙུག་ལག་གི་སྟེང་ནས་འཕང་བ་བར་སྣང་དུ་ཅུང་ཟད་བསྡད་ནས་སར་ལྷུང་ཡང་ཉིད་སྟོན་འཁོར་ལ་གནོད་པ་སོགས་གཏན་ནས་མ་བྱུང་བས་མཚོན་ནུས་མཐུ་ཤིན་ཏུ་ཆེ་བར་གྲགས། ལྟར་སྣང་ཀུན་སྤོང་ཞིག་པོའི་ཚུལ་དུ་བཞུགས་ནས་ཟབ་ཆོས་ཀྱི་འཆད་སྤེལ་ཡང་མང་དུ་མཛད། སྔ་འགྱུར་བཀའ་མ་མདོ་སྒྱུ་དང་། ཁྱད་པར་རིན་ཆེན་གཏེར་མཛོད་ཞིབ་རྒྱས། མཆོག་གཏེར་ཚང་བ་སོགས་བཀའ་གཏེར་ཟབ་ཆོས་མང་ཞིག་རྗེ་བླ་མར་ཕུལ་བས་བསྟན་པ་ལ་མཛད་རྗེས་ཀྱང་ཆེ་བར་བྱུང་། དེ་ལྟ་བུའི་མཁྱེན་བརྩེ་ནུས་པའི་ཡོན་ཏན་འགྲན་ཟླ་དང་བྲལ་བའི་རིག་པ་འཛིན་པ་ཆེན་པོ་དེ་ཉིད་དང་། ཨ་ལྕགས་འབྲུ་ཡི་རིགས་ལས་ཨ་མདོ་གསེར་གྱི་བྱ་བྲལ་ཞེས་པའི་གྲུབ་ཐོབ་ཀྱི་རིགས་སུ་བྱུང་བ་ཚུལ་ཁྲིམས་མཚོ་ཞེས་རྒྱུད་ཞི་དུལ་དང་སྙིང་རྗེ་ཆེ་བ་སོགས་ཌཱ་ཀིའི་རིགས་ཀྱི་མཚན་ཉིད་དང་ལྡན་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔའི་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་སྟོན་གསུམ་འབྲས་བུ་བཅུད་དུ་སྨིན་པའི་དགའ་སྟོན་ལ་སྐྱེ་དགུ་རྣམས་རྫོགས་པར་ལོངས་སྤྱོད་པའི་དུས་སུ་མཚན་དཔེའི་དཀྱིལ་འཁོར་གསལ་བའོ། །ལྷུམས་སུ་ཞུགས་པ་དང་སྐུ་བལྟམས་པའི་གཟའ་སྐར་དུས་སྦྱོར་སོགས་ཞིབ་པར་མ་འཁོད་ཅིང་། ལྷུམས་སུ་ཞུགས་སྐབས་ཡབ་ཡུམ་ལ་མནལ་ལྟས་དང་འཁྲུངས་པའི་ཚེ་ངོ་མཚར་བའི་རྟགས་མཚན་དགེ་བར་བྱུང་བ་གོར་མ་ཆགས་ཀྱང་། ཡབ་རྗེ་ཉིད་འཁྲུལ་ཞིག་རྣལ་འབྱོར་དུ་སོང་བས་དམིགས་བསལ་ངག་རྒྱུན་ཁུངས་བཙུན་དང་ཕྱག་ཐོར་འཁོད་པ་སོགས་མི་འདུག་གསུངས།

དེ་ནས་ཡུལ་ཆོས་དང་བསྟུན་སྐབས་སུ་བབས་པའི་ཞབས་འདེགས་བཅས་སྐུའི་སྐྱེད་རིམ་པར་བསྲིངས། ཡབ་རྗེ་རིག་པ་འཛིན་པ་ཆེན་པོས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞེས་པར་མཚན་གསོལ། ཁྱད་པར་འཇམ་དབྱངས་བླ་མའི་མཆོག་གི་སྤྲུལ་པའི་སྐུར་ངོས་འཛིན་ཇི་ལྟར་གནང་བའི་ཚུལ་ནི། རྗེ་འཇམ་མགོན་བློ་གྲོས་མཐའ་ཡས་མཆོག་གི་ཡེ་ཤེས་དག་པའི་གཟིགས་ངོར་གསལ་བའི་དོན་རྗེ་གོང་མའི་སྐུ་དབོན་སྐལ་བཟང་རྡོ་རྗེར་མཆོག་སྤྲུལ་སྐོར་གྱི་གསུང་ལན་དུ། ཤཱཀྱ་ཤྲཱིའི་སྲས་འཕགས་མཆོག་རྡོ་རྗེ་ཐུགས་ཀྱི་སྤྲུལ་པ་དང་། རྗེ་འདི་ཉིད་ཕྲིན་ལས་ཀྱི་སྤྲུལ་པར་ངེས་ཤེས་རྙེད་ཚུལ་ཞིབ་འཁོད་འཇམ་མགོན་རང་གི་ཕྱག་བྲིས་དངོས་བཞུགས་པ་དང་། ཁྱད་པར་དུ་རྗེ་གོང་མའི་སྐུ་དབོན་ཀུན་གཟིགས་སི་ཏུ་རིན་པོ་ཆེས་ཀཿཐོག་གི་གདན་སར་མཁྱེན་བརྩེའི་སྤྲུལ་སྐུ་གཅིག་གནང་གྲུབ་པར་འཇམ་མགོན་རིན་པོ་ཆེར་ཡང་ཡང་གསོལ་བ་བཏབ་པ་ལྟར། ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ཉིད་ཆོས་རྒྱལ་ཁྲི་སྲོང་གི་སྐུ་དང་། གུ་རུ་རིན་པོ་ཆེའི་གསུང་། ནམ་མཁའི་ཉིང་པོའི་ཐུགས། བི་མ་མི་ཏྲའི་ཡོན་ཏན། ལང་གྲོ་ལོ་ཙཱ་བའི་ཕྲིན་ལས་བཅས་གཅིག་ཏུ་བསྡུས་པའི་རྣམ་རོལ་དུ་གསུངས་པ་དང་། ཀཿཐོག་གི་གདན་ས་མདོ་ཁམས་གནས་ཆེན་ཉེར་ལྔ་ལས་ཕྲིན་ལས་འགྲོ་འདུལ་གྱི་གནས་གཙོར་བསྔགས་ཤིང་། ལང་གྲོའི་རྣམ་འཕྲུལ་རིག་འཛིན་ཀློང་གསལ་སྙིང་པོས་བསྟན་པ་གཞིར་བཞེངས་མཛད་པའི་རྟེན་འབྲེལ་སོགས་ཀྱིས་ཕྲིན་ལས་ཀྱི་རྣམ་འཕྲུལ་རྗེ་འདི་ཉིད་སྐུ་བདག་ཞུས་ན་བསྟན་འགྲོ་སྤྱི་སྒེར་ཡོངས་ལ་ཕན་པ་རླབས་ཆེན་འབྱུང་རྒྱུ་དང་། དེ་ལྟ་ནའང་མཁྱེན་བརྩེའི་རྣམ་འཕྲུལ་སྔགས་སྤྱོད་ཀྱི་རྣམ་ཐར་འཛིན་པ་ཞིག་ཀྱང་འབྱུང་བར་གསུངས་ན། འདི་ཉིད་རིག་པ་འཛིན་པའི་གདུང་རིགས་ལས་བྱོན་པ་སོགས་རིམ་གྱིས་སྔགས་སྤྱོད་ལ་ཞུགས་ནས་གནས་ཡུལ་འགྲིམས་པ་ཞིག་ཡོང་ནའང་ངེས་མེད་ལ། སི་ཏུ་རིན་པོ་ཆེ་རང་གི་བླ་བྲང་དེར་ཟུར་དུ་སྐུ་བདག་མཛད་པ་ལས། དགོན་པ་གཞུང་གིས་ཁྲི་སྟོན་བྱེད་པ་དང་བསྟན་པའི་འགན་བཀལ་བ་སོགས་བྱེད་མི་ཉན་པའི་བཀའ་བསླབ་དང་བཅས་གནང་བར་མཛད་པ་བཞིན། དགུང་གྲངས་བདུན་གྱི་སྟེང་འཁྲུངས་གཞིས་ནས་ཆེད་དུ་ཕེབས་བསུས་གདན་འདྲེན་བཅས་དགུན་ཟླའི་འཕེལ་ཚེས་བཟང་པོར་མདོ་ཁམས་ཕྱོགས་ཀྱི་སྔ་འགྱུར་རྙིང་མའི་ཆོས་སྡེ་ཐམས་ཅད་ཀྱི་ཐོག་མར་བྱུང་ཞིང་བཀའ་གཏེར་བཤད་སྒྲུབ་ཀྱི་འབྱུང་གནས་སུ་གྱུར་པ་འགྲན་ཟླ་དང་བྲལ་བའི་གདན་ས་ཆེན་པོ་ཤར་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭར་ཞབས་ཀྱི་པདྨོ་བཀོད་པའི་ཉིན་ཁ་བ་ཆེན་པོ་བབས་ཏེ་རི་ཀླུང་དཀར་པོར་སོང་བ་རྗེ་འདིས་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་སྣང་བས་ཕྱོགས་མཐའ་དག་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བ་དང་། དཔལ་ཀཿཐོག་པའི་བཤད་སྒྲུབ་ཆོས་ཀྱི་གྲུ་ཆར་འཇིག་རྟེན་གསུམ་དུ་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་རྩོལ་མེད་དུ་འབྱུང་བའི་རྟེན་འབྲེལ་གྱི་དགེ་མཚན་རྨད་དུ་བྱུང་བ་རང་བཞིན་ལྷུན་གྲུབ་ཏུ་འགྲིགས་པར་མངོན་ནོ། །དེར་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོའི་གཟིམས་ཁང་རྫོང་མགོ་བཀྲ་ཤིས་ཁང་གསར་དུ་བཞུགས་སྟན་འཁོད། དེ་ནས་གཟའ་ཚེས་མཆོག་ཏུ་དགེ་བར་ཆོས་སྡེ་ཆེན་པོ་དེ་ཉིད་ཀྱི་གཙུག་ལག་ཁང་གི་དབུས་ཐུབ་དབང་སྐུ་བརྙན་ལྷ་ཆེན་དཔལ་འབར་བཞུགས་པའི་མདུན་དུ། བསྐལ་བཟང་རྣམ་འདྲེན་ལྔ་པ་ཤེས་བྱ་ཐམས་ཅད་གཟིགས་པའི་པཎྜི་ཏ་ཆེན་པོའི་ཚུལ་དུ་བྱོན་པ་སྔ་འགྱུར་བསྟན་པའི་མངའ་བདག་ཏཱའི་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་གཙུག་ཕུད་བཞེས་པར་མཛད་ཅིང་། འཇམ་དབྱངས་བློ་གྲོས་རྒྱ་མཚོ་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གྱི་ཅོད་པན་འབུལ་གནང་མཛད། དེ་ཙམ་ལས་གོང་གསལ་འཇམ་མགོན་རིན་པོ་ཆེའི་བཀའ་བསླབ་ལྟར་དམིགས་གསལ་ཁྲི་སྟོན་སོགས་མ་མཛད་པར་གྲགས། ཆོས་སྡེ་ཆེན་པོ་དེར་གསན་བསམ་གྱི་རིགས་ལ་ཐུགས་བརྩོན་རྒྱ་ཆེར་གནང་བཞིན་པའི་སྐབས། རྫོང་སར་གདན་ས་དངོས་ཀྱི་མཆོག་སྤྲུལ་གློ་བུར་དུ་སྤྲུལ་པ་བསྡུས་པ་དང་། རྗེ་འདི་ཉིད་འཇམ་མགོན་རིན་པོ་ཆེས་ངོས་འཛིན་གནང་ཞིང་སྐུ་ཆུང་ངུ་ནས་དམ་པའི་རྣམ་ཐར་མཐའ་དག་ཡོངས་སུ་རྫོགས་པར་མངའ་བའི་དབང་གིས་གོང་མའི་སྐུ་དབོན་མཛོད་སྐལ་བཟང་རྡོ་རྗེས་སི་ཏུ་རིན་པོ་ཆེར་ཐ་ཚིག་གནད་བཀར་གྱི་ཚུལ་དུ་གདན་ས་ལྟེ་བ་རྫོང་སར་དགོན་དུ་བཞུགས་འགོད་དགོས་ནན་ཆེར་ཞུས་པ་བཞིན་དུ། དགུང་གྲངས་བཅོ་ལྔའི་སྟེང་ཁམས་གསུམ་འགྲོ་བའི་དཔལ་མགོན་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་བྱིན་གྱིས་བརླབས་ཤིང་དཔལ་ལྡན་ས་ངོར་གྱི་རིང་ལུགས་འཛིན་པའི་ཆོས་གྲྭ་ཆེན་པོ་ཤྲཱི་ནཱ་ལེནྡྲ་གཉིས་པ་རྫོང་སར་བཀྲ་ཤིས་ལྷ་རྩེའི་འོག་མིན་བླ་མའི་བཞུགས་གནས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་རིས་བྲལ་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་པའི་རྟེན་འབྱུང་གི་སྐྱ་རེངས་འཆར་བས་རྗེ་གོང་མའི་ཕྲིན་ལས་ཀྱི་ཉིན་བྱེད་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་འོད་སྣང་གི་མུ་ཁྱུད་གངས་ཅན་འཛིན་མའི་ཁྱོན་དུ་སླར་ཡང་བརྡལ་བའི་བསྐལ་བཟང་གི་རྟེན་འབྲེལ་མཆོག་ཏུ་གྱུར་པའོ།

།གཞན་ཡང་མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་སྐྱེས་བུ་དམ་པའི་རིགས་ཀྱི་ནུས་པ་ནི་སུས་ཀྱང་འགྲན་དུ་མེད་པར་རྟག་ཏུ་དམ་པའི་ངང་ཚུལ་ཅན་རྡོ་རྗེ་རིན་པོ་ཆེའི་ཁམས་བཞིན་འཕོ་འགྱུར་དང་བྲལ་བས་རྗེ་བླ་མ་ཉིད་སྐུ་རྐྱང་ལས་ནང་རྩའི་ཡོངས་འཛིན་སོགས་གཏན་ནས་མེད་ཀྱང་སྐུ་ཚུགས་བཟང་ཞིང་བཙུན་ལ་ཐུགས་ཤིན་ཏུ་སྒམ་པའི་ཚད་དུ་ཀུན་གྱིས་དཔེ་ཟླར་འོས་པར་བཞུགས་ཤིང་། བཤེས་གཉེན་དམ་པ་རྣམས་ལས་སྔར་གྱི་གསན་བསམ་རིགས་འཕྲོ་སྐྱོང་ཞིང་། རིས་མེད་པའི་ཟབ་ཆོས་མཐའ་དག་གསན་བཞེས་དང་དོན་གཉེར་ཅན་ལ་འཆད་པ། རྟེན་བཞེངས་དང་ཚོགས་བསགས་མཆོད་འབུལ་སོགས་རྣམ་དཀར་གྱི་མཛད་པ་མཐའ་དག་ཕལ་པའི་བློ་ངོར་ཤོང་དཀའ་བར་གནང་བས་དད་ལྡན་རྣམས་སྤྲོ་བ་ཆེས་ཆེར་འཕེལ་ཞིང་། བླུན་རྨོངས་བདུད་ཀྱིས་བློ་བསྒྱུར་བ་འགའ་ཞིག་གི་ཡིད་ལ་ཟུག་རྔུར་གྱུར་ཏེ་དངོས་བརྒྱུད་ནས་བར་དུ་གཅོད་པ་མང་ཞིག་བརྩམ་རུང་། རྗེ་ཉིད་ནས་གང་ལའང་བསྙེམས་པ་མེད་པའི་བརྟུལ་ཞུགས་དང་བྱམས་པ་ཆེན་པོ་ལས་ཐུགས་གཡོ་བ་མེད་པ་རི་དབང་ལྷུན་པོ་ལྟར་བཞུགས་པས་མེ་འབར་བ་ལ་ཤིང་བསྣན་པ་བཞིན་དམ་པའི་རྣམ་ཐར་ཆེས་ཆེར་གསལ་བའི་རྐྱེན་དུ་གྱུར་པས། ལོག་པའི་བློ་ཅན་དེ་དག་ཀྱང་རིམ་གྱིས་སེམས་ཁོང་དུ་ཆུད་ནས་སླར་རྗེ་ཉིད་ཀྱི་ཞབས་ཀྱི་པདྨོར་གུས་ཤིང་དད་པས་འདུད་པར་གྱུར། དེའང་སྐྱེས་བུ་དམ་པ་རྣམས་སྐུ་ནར་མ་སོན་པ་དང་ཐུགས་དམ་རྩལ་མ་རྫོགས་བར་དུ་བར་གཅོད་ཀྱི་རྣམ་པ་ཆེས་མང་བར་འབྱུང་མོད། བློ་ཆེན་པོ་རྣམས་ནི་དེ་དག་གིས་བརྫི་བར་མི་ནུས་པ་བྱང་ཆུབ་སྤྱོད་པའི་རྒྱན་དུ་འགྱུར་ཚུལ་ཡང་། སྡུད་པ་ལས། དཔེར་ན་རྒྱལ་པོའི་བུ་ཞིག་ནོར་གཏོང་དོན་འདོད་པ། །ཀུན་གྱི་གཙོ་བོར་གྱུར་ཏེ་མངོན་པར་འགྲོ་བྱ་འོས། །འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་དགའ་བྱེད། །ཐབས་ཐོབ་གྱུར་ཏེ་རྒྱལ་སྲིད་གནས་ནས་སྨོས་ཅི་དགོས། །དེ་ལྟར་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །བདུད་རྩི་སྦྱིན་པར་བྱེད་ཅིང་ལྷ་དང་མི་རྣམས་དགའ། །འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་ཕན་བརྩོན། །ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ནས་སྨོས་ཅི་དགོས། །དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡང་བར་འགྱུར། །མྱ་ངན་ཉམས་ཐག་སྡུག་བསྔལ་ཡིད་མི་བདེ་ཉམ་ཆུང་། །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་འགྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་བསྲེག་ཅིང་སྐར་མདའ་གཏོང་། །གང་ཚེ་མཁས་པ་དེ་དག་བསམ་པར་རབ་ལྡན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཚན་དོན་ལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་གསུངས་པ་ལྟར་རོ། །སྤྱིར་ཡང་རྗེ་བླ་མ་རིན་པོ་ཆེའི་ཡབ་རྗེ་ནི་འཁྲུལ་ཞིག་གི་རྣལ་འབྱོར་དུ་བཞུགས། སྐྱབས་རྗེ་སི་ཏུ་རིན་པོ་ཆེ་བསྟན་འགྲོའི་མཛད་སྒོ་ཤིན་ཏུ་རྒྱ་ཆེ། ཡོངས་འཛིན་དགེ་རྒན་སྐུ་གཤེགས་སྔ་བའི་དབང་གིས་སྐུ་གཞོན་པའི་སྐབས་བསླབ་སྟོན་དང་སྐུ་བཅར་དོ་དམ་དམིགས་བསལ་བྱུང་ཚོད་མི་འདུག་ཀྱང་། བསྟན་འགྲོའི་མིག་རྒྱན་གྱི་མཛད་པ་ཆེ་ཕྲ་རང་སྟོབས་ཁོ་ནས་དངུལ་ཆུ་སར་ལྷུང་བ་བཞིན་སྐྱེས་ཆེན་སུས་ཀྱང་འགྲན་དུ་མེད་པ་སྐྱོང་བར་མཛད་པས་ན་སོ་སྐྱེའི་སྤྱོད་ཡུལ་ལས་རིང་དུ་འདས་ཤིང་། ཁྱད་འཕགས་དམ་པའི་ཡོན་ཏན་ཐུགས་རྗེ་ཡས་སྤྲུལ་གྱི་མཛད་པ་བླ་ན་མེད་པ་སྟེ་ཀུན་གྱིས་འགྲན་ཟླས་དབེན་པའི་རྣམ་ཐར་ཤིན་ཏུ་ངོ་མཚར་བའི་གནས་སུ་གྱུར་པའོ།། །།

གཉིས་པ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་འཇུག་སྒོ་སྡོམ་པ་གསུམ་གྱི་བསླབ་པ་ཇི་ལྟར་བཞེས་པའི་ཚུལ་ནི། སངས་རྒྱས་གཉིས་པ་དབྱིག་གཉེན་ཞབས་ཀྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པའི་གོ་རིམ་ལྟར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེའི་བསྟན་པ་རིན་པོ་ཆེའི་འཇུག་སྒོར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལྟར་ཐོག་མར་སྡོམ་པ་གསུམ་གྱི་བསླབ་པ་རིམ་ཅན་དུ་བཞེས་པས་ཐུགས་རྒྱུད་སྡོམ་པའི་རྒྱན་གྱིས་སྤ་ཞིང་། ཚུལ་ཁྲིམས་རྣམ་པ་གསུམ་ལ་བསླབ་སྦྱངས་མཐར་སོན་པས་ཟག་མེད་ཡེ་ཤེས་ཀྱི་ཚུལ་ཁྲིམས་གསེར་སྦྱངས་བཙོ་མའི་རྒྱན་ལྟ་བུས་སྤུད་པ་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཤིན་ཏུ་ལེགས་པར་ཚུལ་ཁྲིམས་གང་། །སྡོམ་པའི་མི་དེ་མཛེས་པའི་གཟུགས། །འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པར་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཅེས་དང་། འཕགས་པ་ཀླུས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་པ་ལྟར་ཐུབ་བསྟན་འཛིན་སྤེལ་སྐྱོང་བའི་བྱེད་པོའི་རྣམ་ཐར་གྱི་མཆོག་ཏུ་གཟིགས་ནས། དང་པོ་སོ་སོར་ཐར་པའི་སྡོམ་པ་ཇི་ལྟར་བཞེས་ཚུལ་ནི། དགུང་གྲངས་བཅུར་ཕེབས་པའི་སྐབས་བརྟན་མཁས་ཕན་འདོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་མངའ་བདག་ཀུན་གཟིགས་དྷརྨ་སཱ་ར་མཆོག་མཁན་པོ་དང་། རྗེ་བླ་མ་ཡབ་སྲས་ཀྱི་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་རིག་འཛིན་རྒྱ་མཚོ་ལས་སློབ་སོགས་ལྔ་ཚོགས་ཀྱི་དགེ་འདུན་གྲངས་ཚང་བ་ལས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནས་སི་ཏུ་པཎྜི་ཏ་ལ་བརྒྱུད་པ་སོ་སོར་ཐར་པའི་དགེ་ཚུལ་གྱི་སྡོམ་པ་ཐོག་མར་བཞེས་པའི་མཚན་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེ་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་གནང་། སྤྱིར་མཚན་དཔེའི་མེ་ཏོག་དང་པོར་བཞད་པའི་དུས་ནས་ཡབ་རྗེ་རིག་པ་འཛིན་པས་མཚན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞེས་གསོལ་བ་ནས་བརྩམས། ཀཿཐོག་སི་ཏུ་པཎྜི་ཏས་ཀུན་མཁྱེན་བླ་མའི་མཆོག་སྤྲུལ་དུ་མངའ་གསོལ་བའི་མཚན་འཇམ་དབྱངས་བློ་གྲོས་རྒྱ་མཚོ། རྒྱལ་ཚབ་པདྨ་འགྱུར་མེད་རྣམ་རྒྱལ་ལས་བྱང་ཆུབ་སེམས་སྡོམ་བཞེས་པའི་སྐབས་ཀྱི་མཚན་ཕུལ་བའང་འཇམ་དབྱངས་བློ་གྲོས་རྒྱ་མཚོ་ཞེས་གསོལ་བ་དང་། ཝ་ར་ཐར་རྩེ་ཞབས་དྲུང་རིན་པོ་ཆེས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་གནང་འདུག་པས་ཁོ་བོའི་མིང་བློ་གྲོས་ཞེས་པ་འདི་རྣམ་འདྲེན་སུས་སྩལ་ཀྱང་ནམ་ཡང་འགྱུར་བ་མེད་པས་དགོས་པ་དང་རྟེན་འབྲེལ་གྱི་གནད་ཞིག་ཡོད་པར་མངོན་ཞེས་བཀའ་ལས་ཐོས་སོ། །དགུང་གྲངས་ཉེར་དྲུག་སྟེང་མདོ་སྨད་སྔ་འགྱུར་བསྟན་པའི་ཆུ་གཏེར་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ནས་དེའི་དབེན་གནས་ཚེ་རིང་ལྗོངས་ཀྱི་བསམ་གཏན་གྱི་སྤྱིལ་བུ་མཆོག་གསུམ་སྣང་བའི་སྤྲིན་ཕུང་དུ་གཏེར་ཆེན་མཆོག་གྱུར་གླིང་པས་ཟིལ་ཁྲོམ་གངས་ཀྱི་ར་བའི་གནས་ཡིག་ཏུ་མཁན་ཆེན་བྱང་ཆུབ་སེམས་དཔའི་སྤྲུལ་པར་ལུང་བསྟན་པ། དགག་སྒྲུབ་གནང་གསུམ་གྱི་སྒོ་ནས་བསླབ་པར་བྱ་བའི་གནས་རྣམས་ཉེ་བར་ལུང་འབོགས་པའམ་སྟོན་པ་ལ་ཤིན་ཏུ་མཁས་པ། བསྒྲུབ་བྱ་ལ་ཤིན་ཏུ་སྙིང་བརྩེ་བ་དང་ལྡན་པས་དམན་པའི་གནས་སུ་ལྷུང་བ་ལས་ཡོངས་སུ་འཛིན་པ། དངོས་སུ་ཆོས་འདུལ་བའི་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ལ་ཉེ་བར་སྦྱོར་ཞིང་། བརྒྱུད་ནས་མྱང་འདས་ཀྱི་གོ་འཕང་ལ་སྦྱོར་བར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ། དོན་གྱི་སླད་དུ་མཚན་ནས་སྨོས་ན་ཐམས་ཅད་མཁྱེན་པ་འཇིགས་མེད་པདྨ་བློ་གསལ་ལམ་དཀོན་མཆོག་གྲགས་པ་མཁན་པོ་དང་། ལས་ཀྱི་སློབ་དཔོན་མཁན་བསོད་ནམས་ཆོས་འཕེལ་སོགས་དགེ་འདུན་ལྔ་ཚོགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་ནི་སྨད་འདུལ་གྱི་སྡོམ་རྒྱུན་རྒྱལ་སྲས་གཞན་ཕན་མཐའ་ཡས་ནས། མཁན་ཆེན་པདྨ་བློ་གསལ་ལ་བརྒྱུད་པ་དང་། ཕྱིས་སུ་དགུང་གྲངས་སོ་ལྔ་པའི་སྟེང་དབུས་སུ་ཕེབས་པའི་སྐབས་རྗེ་གོང་མའི་ཕྱག་བཞེས་དང་མཐུན་པར་གངས་རིའི་ཁྲོད་ཀྱི་པདྨ་འོད་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་ཆེན་པོའི་ཐུབ་དབང་ཞལ་རས་ལྷ་ཁང་དུ། ངག་དབང་ཐུབ་བསྟན་ནོར་བུ་ལས་ཀྱང་དབང་ཐང་ཁམས་མཐུན་ཤིང་གླང་ལོའི་དུས་ཚིགས་ལྔར་ཕྱེ་བའི་དཔྱིད་ཟླ་གསུམ་པ་སྣྲོན་གྱི་ཟླ་བའི་ཡར་ངོའི་གྲལ་ཚེས་བཅུ་གཉིས་པའི་དུས་ཚོད་ཉི་མ་བཞི་ཆ་ཤར་བའི་གྲིབ་ཚོད་རྐང་པ་གཉིས་ཀྱི་ཐོག་ཚིགས་སྔ་མ་དགེ་ཚུལ་དང་། ཉི་མ་གུང་ཚིགས་མ་ཡོལ་བའི་གྲིབ་ཚོད་རྐང་པ་གསུམ་གྱི་ཐོག་ཚིགས་ཕྱི་མ་བསྙེན་རྫོགས་མཁན་པོ་ངག་དབང་ནོར་བུ་རྒྱ་མཚོ། ལས་སློབ་འགྱུར་མེད་རྣམ་གྲོལ་རྒྱ་མཚོ། གསང་སྟོན་འགྱུར་མེད་ཤེས་རབ་བསྟན་དར་། དུས་གོ་བ་འགྱུར་མེད་ཆོས་དཔལ་བསྟན་འཛིན།

གྲོགས་དན་པ་དཔལ་སྤྲུལ་འགྱུར་མེད་རིག་འཛིན་ཆོས་དབང་སོགས་བཅུ་ཚོགས་ལས་ཀྱང་བསྙེན་རྫོགས་བསྐྱར་ཏེ་བཞེས་པས་སོ་སོར་ཐར་པའི་དགེ་སློང་གི་སྡོམ་ལྡན་དུ་བསྒྲུབས་པར་མཛད་པ་ནི། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། །སྡོམ་རྒྱུན་མཁན་པོ་རིན་པོ་ཆེ། །དམ་ཆོས་ཡར་འཕེལ་ཞལ་སྔ་ནས། །དང་པོ་པཎ་ཆེན་བརྒྱུད་བསྙེན་ཏེ། །ཕྱིས་ནི་མཆོག་ཏུ་དད་པ་དང་། །གོང་འཕེལ་ཚུལ་དུ་ཐམས་ཅད་མཁྱེན། །བསོད་ནམས་རྒྱ་མཚོར་བསྙེན་རྫོགས་པས། །ཅི་ལྟར་འདོད་པ་སྦྱར་བས་ཆོག །ཅེས་གསུངས་པ་བཞིན་ནོ། །གཉིས་པ་བྱང་ཆུབ་སེམས་ཀྱི་སྡོམ་པ་བཞེས་ཚུལ་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་དང་། སྡུད་པ་ལས། དེ་བཞིན་འདིར་ཡང་བྱང་ཆུབ་སེམས་མེད་བདེ་གཤེགས་ཀྱི། །ཡེ་ཤེས་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང་། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །ཞེས་འབྱུང་བ་ལྟར་དོན་གཉིས་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱི་རྒྱུ་གཅིག་པུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་གཟོད་ནས་གོམས་པ་མཐར་སོན་ཀྱང་གདུལ་བྱ་རྗེས་སུ་བཟུང་བ་ལ་དགོངས་ནས་རྡོ་རྗེ་འཛིན་དངོས་འཇམ་དབྱངས་བློ་གཏེར་དབང་པོ་དང་། ཀཿཐོག་སི་ཏུ་ཀུན་གཟིགས་ཆོས་ཀྱི་རྒྱ་མཚོ། ཞེ་ཆེན་རྒྱལ་ཚབ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་རྣམ་པ་གསུམ་ལས་དབུ་ལུགས་སྨིན་གླིང་གཏེར་ཆེན་རིན་པོ་ཆེས་མཛད་པ་དང་། འཇམ་མགོན་བློ་གྲོས་མཐའ་ཡས་གསུང་། རྒྱ་ཆེན་སྤྱོད་བརྒྱུད་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་གསུང་ལྟར་དང་། སྐུ་ཞབས་དགེ་མང་མཆོག་སྤྲུལ་གཞན་ཕན་སྣང་བ་ལས་དབུ་མ་ལུགས་སྨིན་གཏེར་ཡིག་ཆ་ལྟར་དང་། མཁན་ཆེན་ཀུན་བཟང་དཔལ་ལྡན་ལས་དཔལ་སྤྲུལ་རིན་པོ་ཆེའི་ཕྱག་བཞེས་ལྟར། འཇམ་མགོན་ཆོས་རྗེ་ངག་དབང་ལེགས་པ་ལས་ཟབ་མོ་དབུ་མ་དང་། རྒྱ་ཆེན་སྤྱོད་པའི་བཀའ་སྲོལ་གཉིས་ཀའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་མཁས་གྲུབ་སོ་སོའི་གསུང་བཞིན་ཟབ་རྒྱས་སུ་གསན་ཅིང་། དཔལ་སྤུངས་སི་ཏུ་རིན་པོ་ཆེ་པདྨ་དབང་མཆོག་རྒྱལ་པོ་ལས་ཀྱང་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་སེམས་སྡོམ་བཅས་སོ་སོར་མཆོད་པའི་སྤྲིན་དང་མཎྜལ་སོགས་རྒྱས་སྤྲོས་གཟབ་རྒྱས་དང་བཅས་བཞེས། ཀུན་གཟིགས་ཀཿཐོག་སི་ཏུ་རིན་པོ་ཆེས་འཇམ་དབྱངས་དགའ་བའི་གོ་ཆ་ཞེས་པའི་མཚན་འབུལ་མཛད་དེ་རྒྱལ་སྲས་སྤྱོད་པའི་གཡར་དམ་ལེགས་པར་བཞེས་པའི་ཚུལ་གྱིས་གདོད་ནས་དག་པའི་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཡོངས་སུ་སད་པར་མཛད་དེ། བསྐལ་པ་རྒྱ་མཚོར་གཞན་ཕན་གྱི་སྤྱོད་པ་ཟབ་ཅིང་རྒྱ་ཆེ་བ་ལ་སྐད་ཅིག་རེ་རེའི་ཡུན་གྱིས་ཀྱང་འཇུག་ཅིང་ཡིད་ཅན་མཐའ་དག་ལ་སྨན་པའི་ཕྲིན་ལས་མཐའ་ཡས་པས་རྟག་པར་སྐྱོང་བའི་ཚུལ་མངོན་སུམ་དུ་གྲུབ་པ་ཉིད་དོ། །གསུམ་པ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་མངོན་པར་དབང་བསྐུར་བས་གསང་བ་སྔགས་ཀྱི་སྡོམ་པ་བཞེས་པའི་ཚུལ་ནི། ཐོག་མར་དབང་གི་དག་བྱ་དག་བྱེད་ཀྱི་གོ་དོན་ངོ་འཕྲོད་པས་བཀའ་གཏེར་གྱི་རྒྱུད་སྡེའི་དབང་ཆེན་ཞིག་ལ་ངོས་འཛིན་དགོས་པས། རྗེ་བླ་མ་མཆོག་གི་རིགས་ཀྱི་བདག་པོ་ཐུན་མོང་མ་ཡིན་པ་སི་ཏུ་ཐམས་ཅད་མཁྱེན་གཟིགས་ལས། ཀཿཐོག་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་པོར་སྔ་འགྱུར་བཀའ་མའི་རྒྱུད་མ་ཧཱ་ཡོ་ག་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བ་སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་དུ་ཕྱི་ནང་གསང་བའི་ཕན་ནུས་ཟབ་མོའི་དབང་བཅས། ལུང་ཨ་ནུ་ཡོ་ག་ཚོགས་ཆེན་འདུས་པ་རྩ་བ་དང་ཡན་ལག་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་ཕྱི་ནང་སྒྲུབ་གསང་གི་དབང་གི་ཆུ་བོ་བཞི་རྫོགས་གཏད་རྒྱ་དང་བཅས་པ། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སེམས་སྡེའི་རིག་པའི་རྩལ་དབང་བཅོ་བརྒྱད། ཀློང་སྡེའི་སྒོམ་ཚུལ་བླ་མའི་བྱིན་རླབས། མན་ངག་སྡེ་བི་མ་སྙིང་ཐིག་མ་བུ་ཡང་གསང་བླ་མེད་ཀྱི་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་བཅས། གཏེར་མ་བཀའ་བརྒྱད་བདེ་གཤེགས་འདུས་པ་བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ཆེན་པོར་གདུལ་བྱ་ཞེ་སྡང་ཅན་སྒྲོལ་བ་ལམ་ཁྱེར་གྱི་དབང་རྫས་ལ་བརྟེན་པ་དང་། ང་རྒྱལ་ཅན་ལྷ་ལམ་ཁྱེར་ནང་དབང་ལུས་། འདོད་ཆགས་ཅན་སྦྱོར་བ་ལམ་ཁྱེར་གསང་དབང་ཡུམ། གཏི་མུག་ཅན་རྣམ་རྟོག་ལམ་ཁྱེར་དེ་ཁོ་ན་ཉིད་སེམས་ལ་བརྟེན་ནས་བསྐུར་བ་དང་། ཤྲཱི་ནཱ་ལེནྡྲ་གཉིས་པ་རྫོང་སར་བཀྲ་ཤིས་ལྷ་རྩེའི་འོག་མིན་བླ་མའི་གདན་ས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཞབས་པད་བཀོད་པའི་རྟེན་འབྱུང་གི་སྐྱ་རེངས་འཆར་བས་རྗེ་གོང་མའི་ཕྲིན་ལས་ཀྱི་ཉིན་བྱེད་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་འོད་སྣང་གི་མུ་ཁྱུད་གངས་ཅན་འཛིན་མའི་ཁྱོན་དུ་སླར་ཡང་བརྡལ་བའི་ཚེ་ན། འཇམ་མགོན་སྐུ་གོང་མའི་ཐུགས་དམ་རྩ་བ་གསང་ཆེན་རྒྱུད་སྡེའི་མཐར་ཐུག་དཔལ་དགྱེས་པ་རྡོ་རྗེ་རྒྱུན་གྱི་ཉམས་བཞེས་སུ་མཛད་དགོས་པའི་དབང་གིས་གདན་ས་དེ་ཉིད་ཀྱི་ཆོས་རྗེ་བླ་མ་བྷོ་དྷི་བྷ་དྲ་ལས་དཔལ་ཀྱེ་རྡོ་རྗེའི་མན་ངག་ལུགས་ཀྱི་རྒྱུ་ལམ་གྱི་དབང་དང་པོར་གསན་བཞེས་གནང་ཞིང་། རྗེ་འདིས་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ་ལས་གསན་སྙམ། ཕྱིས་སུ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་བློ་གཏེར་དབང་པོ་མཆོག་དང་། འཇམ་མགོན་རྡོ་རྗེ་འཆང་ངག་གི་དབང་ཕྱུག་ཀུན་དགའ་ལེགས་པའི་འབྱུང་གནས་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་བཅས་ལས་གསུང་ངག་ལམ་འབྲས་དང་འབྲེལ་རྡུལ་ཚོན་ལ་བརྟེན་པའི་དཔལ་ཀྱེ་རྡོ་རྗེའི་སྨིན་བྱེད་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པ་བཅས། ཆོས་སྡེ་ཆེན་པོ་ལྷུན་གྲུབ་སྟེང་དུ་རྡོ་རྗེ་འཛིན་དབང་བླ་མ་དམ་པ་མཁྱེན་རབ་མཐའ་ཡས་མཆོག་ལས་དུས་ཞབས་པ་ཆེན་པོ་རྗེ་མཁྱེན་བརྩེའི་དབང་པོ་བརྒྱུད་པར་བཞུགས་པའི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་སློབ་མ་རྗེས་འཛིན་དང་སྟ་གོན་སྔོན་དུ་འགྲོ་བས་བྱིས་པ་འཇུག་པའི་དབང་བདུན་སོགས་དབང་གོང་མ་གོང་ཆེན་བཅས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་གསན་པ་རྣམས་གཙོ་བོར་སྨོས་པ་སྟེ། གཞན་བྱ་སྤྱོད་རྣལ་འབྱོར་དང་བླ་མེད་ཀྱི་རྒྱུད་སྡེ་རྣམས་ཡོངས་འཛིན་མཁས་གྲུབ་དུ་མ་ལས་གསན་ཚུལ་འོག་ནས་རྒྱས་པར་འབྱུང་བས་མཚོན་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོར་རིག་པ་འཛིན་པའི་སྡོམ་པ་བཞེས་ནས་སྣང་སྤྱོད་རྡོ་རྗེ་གསུམ་གྱི་རོལ་པར་དག་པ་ཆེན་པོར་འབྱམས་ཀླས་པའི་རང་བཞིན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལས་མི་འདའ་བས་ཐ་མལ་གྱི་ཀུན་རྟོག་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སུ་སྡོམ་པར་མཛད་པས་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཐུབ་བསྟན་མདོ་སྔགས་ཡོངས་རྫོགས་ཀྱི་མངའ་བདག་ཏུ་གྱུར་ཅིང་། དེ་ལྟར་སྡོམ་པ་གསུམ་དང་འབྲེལ་བའི་བསླབ་པའི་གནས་ཆེ་ཕྲ་ཐམས་ཅད་ངོ་ལྐོག་མེད་པར་དྲན་ཤེས་དང་བག་ཡོད་ཀྱིས་ཐུགས་རྒྱུད་རང་བཞིན་གྱིས་སྡོམ་ནས་ལེགས་པར་བསྲུངས་པས་རྟག་ཏུ་འཁྲུལ་པ་མི་མངའ་ཞིང་། ཀུན་གྱི་མིག་རྒྱན་དུ་གྲུབ་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་མཐོང་ན་མི་མཐུན་པ་མེད་པ་དང་། དེ་ཡང་བག་མེད་འཆོལ་བར་སྤྱོད་པའི་རྩིང་ཧྲུལ་དང་ཧ་ཅང་གུ་དོག་གི་གཏི་ཐུག་གཉིས་ཀའི་ཕྱོགས་སུ་ལྷུང་བ་མ་ཡིན་ལ། མདོར་ན་སྐུ་གསུང་ཐུགས་ལ་ཉེས་པའི་དྲི་མས་མ་གོས་པ་ཐུགས་རྒྱུད་གཙང་ཞིང་དག་པར་བཞུགས་ཤིང་། ཕྱིའི་རྟགས་དང་ཆ་ལུགས་ཚུན་ཆད་དགེ་སློང་གི་དངོས་པོ་ལས་ནམ་ཡང་མི་འདའ་བས་ཐུབ་བསྟན་ཡངས་པའི་ཆུ་གཏེར་མཛེས་པའི་རྒྱན་དུ་གྲུབ་པ་ནི་ཕྱི་མའི་དུས་འདིར་དཀོན་པའི་མཆོག་ཏུ་ངེས་པའི་རྣམ་ཐར་གྱི་གསང་བ་རྨད་དུ་བྱུང་བ་ཇོ་བོ་རྗེ་ཨ་ཏི་ཤ་ལྟ་བུ་སྟེ། དེང་སང་ནི་སྟོང་ལྟ་ཧད་པོའི་ཁ་ཕོ་དང་། རྫུ་འཕྲུལ་ཡིན་པ་སྐད་ཀྱི་སྙིང་པོས་སྟོང་པའི་གྲུབ་རྟགས་དང་སྤུ་སུད་ཀྱི་མཐོང་སྣང་ཟ་ཟི་ལ་ངོ་མཚར་གྱི་ཡིད་རྟོན་དུ་འཆའ་བ་མང་བ་ལས་འདི་དག་ནི་བསྟན་པའི་མིག་རྒྱན་དུ་ཤེས་ཤིང་ངོ་མཚར་གྱི་རྣམ་ཐར་དུ་རྟོགས་པས་དེའི་རྗེས་སུ་སློབ་པ་ཅུང་ཟད་དཀོན་ནམ་སྙམ་པའང་འདུག་གོ། །།

གསུམ་པ་རིས་སུ་མ་ཆད་པའི་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་བསྟེན་ཏེ་གསན་བསམ་གྱི་ཕ་མཐར་སོན་པའི་ཚུལ་ནི། འཕགས་པ་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་སྐྱེ་བར་འགྱུར། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་མེད་པར་འགྱུར། །ཉོན་མོངས་པ་མེད་པ་ལ་བདུད་ཀྱི་གླག་ལྟ་བར་མི་ནུས་སོ། །ཞེས་དང་། མདོ་སྡེ་རྒྱན་ལས། འདི་ན་དང་པོ་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཀྱང་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་དང་། སྡུད་པ་ལས། དེ་ལྟ་བས་ན་བྱང་ཆུབ་དམ་པ་ཚོལ་བ་ཡི། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་དེ་བཅོམ་སྟེ། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །སངས་རྒྱས་བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག །ཕ་རོལ་ཕྱིན་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟེན། །ཞེས་གསུངས་པ་ལྟར་བསྒྲུབ་བྱ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བས་སྒྲུབ་བྱེད་ཀྱི་ལམ་དཔྱིས་ཕྱིན་པར་ཤེས་ཤིང་དེར་དངོས་སུ་འཇུག་པ་ལ་དང་པོ་ཉིད་ནས་ཐོས་པའི་མིག་སྒོ་ཡངས་པོར་སྒྲུབ་དགོས་པ་དང་། ཁྱད་པར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྤེལ་སྐྱོང་བའི་སྐྱེས་བུ་དམ་པ་དག་ནི་ཐོས་པ་རྒྱ་མཚོས་ཐུགས་རྒྱུད་ལེགས་པར་གཏམས་པ་ཞིག་ཅིས་ཀྱང་གལ་ཆེ་ཞིང་། དེའི་བདག་རྐྱེན་ཐུན་མོང་མིན་པ་ནི་དགེ་བའི་བཤེས་གཉེན་བསྟེན་པ་ཁོ་ན་སྟེ། འཕགས་པ་བརྒྱད་སྟོང་པ་ལས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་དང་། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའ་ིབཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་སོགས་གསུངས་པ་ལྟར་དང་པོ་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེའི་ཀློག་དང་ཕྱག་བྲིས་ནི། སྔར་འཁྲུངས་གཞིས་སུ་བཞུགས་སྐབས་དགུང་ལོ་དྲུག་གི་སྟེང་ཞང་པོ་བླ་མ་དགེ་ལེགས་ཀྱི་མདུན་ནས་ལྗགས་ཀློག་བསླབ་པས་ཡིག་དཀར་ནག་བླ་མ་དགོངས་འདུས་ཀྱི་ཆོས་སྤྱོད་ཡན་ལག་བདུན་པ་དང་མཎྜལ་སོགས་ཚེག་མེད་དུ་མཁྱེན། ཕྱིས་ཀཿཐོག་གདན་སར་ཞབས་པད་འཁོད་ནས་རིང་པོར་མ་ལོན་པར། སྐྱབས་རྗེ་སི་ཏུ་རིན་པོ་ཆེ་རང་གི་ཡོངས་འཛིན་མཁས་བཙུན་བཟང་པོའི་ཡོན་ཏན་བྱེ་བས་མངོན་པར་མཛེས་པའི་མཁན་ཆེན་ཐུབ་བསྟན་རིག་འཛིན་རྒྱ་མཚོ་བར་ཁྲོད་ཆོས་གླིང་དུ་བཞུགས་པའི་མདུན་ནས་ལྗགས་ཀློག་ཕྱག་བྲིས་ནས་བརྩམས་སྔར་གྱི་སྦྱངས་པའི་འཕྲོས་ལ་ཐུགས་བརྩོན་གནང་བས་ལོ་གཅིག་ལྷག་གིས་ཀཿཐོག་གི་བསྒྲིགས་འདོན་པུསྟི་བཅུ་སྐོར་བྱང་ཆུབ་ཅིང་སི་ཏུ་རིན་པོ་ཆེར་རྒྱུག་འབུལ་མཛད་པས་དགྱེས་རྩེར་སོན་པ་བྱུང་ཚུལ་གསུངས། སྤྱིར་ཡོངས་འཛིན་དམ་པ་འདིས་བཀའ་གཏེར་གྱི་ཕྱག་བཞེས། གསན་བསམ་སྐོར་དང་ཐ་ན་སྐུའི་བཞུགས་སྟངས་གསོལ་ཚིགས་བཞེས་སྟངས་ཚུན་དམ་པའི་ཆོས་འདུལ་བ་དང་མཐུན་པ་ཁོ་ནར་བཀའ་གནང་བས་མཚོན་ལུགས་གཉིས་ཀྱི་བསླབ་སྟོན་ཞིབ་པར་སྩལ་བས་ད་ལྟ་མི་གྲལ་ཏུ་ཚུད་ཙམ་འདི་ཁོང་གི་བཀའ་དྲིན་ཁོ་ན་ཡིན་པར་གསུངས་ཤིང་། ཕྱིས་ཡོངས་འཛིན་བླ་མ་ཉིད་ལོ་གསུམ་གྱི་རིང་བད་ཀན་བསྙུན་བཞེས་ལ། རྗེ་བླ་མ་རིན་པོ་ཆེ་གཅིག་པུས་ཆུ་ལེན་ཇ་བཀོལ་ཆབ་བསང་གི་སྣོད་བཀྲུ་བཤལ་ཡན་ཆད་ཀྱིས་མཚོན་ཞབས་ཏོག་ཆེ་ཕྲ་ཐམས་ཅད་ཉིན་མཚན་ཀུན་ཏུ་སྐྱོ་སུན་མེད་པ་དཀའ་བ་དྭངས་ལེན་དུ་བསྒྲུབས་པས་ཡོངས་འཛིན་དམ་པས་ཀྱང་ཐུགས་ལ་ཤིན་ཏུ་བཏགས་ཏེ་ཕྱི་ནང་གི་བཀའ་སློབ་ཞིབ་རྒྱས་དང་། རྗེ་ཉིད་ལ་ཕྱག་དཔེ་འགང་ཆེན་མང་དུ་ཡོད་པ་རྣམས་ཕྲན་ཤི་ནས་ཁྱེད་ཀྱིས་བདག་པོ་སྤྲོད་ཅེས་གསུངས་སོ་ཞེས་བཀའ་དྲིན་དྲན་པའི་བསྔགས་བརྗོད་རྟག་པར་གནང་། སྤྱིར་སྐྱབས་རྗེ་སི་ཏུ་ཐམས་ཅད་མཁྱེན་པ་འདི་ཉིད་མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་བས་རྒྱལ་བསྟན་རིས་མེད་པའི་ཤིང་རྟ་འཇམ་མགོན་བླ་མ་རྣམ་གཉིས་ཀྱི་རྒྱལ་ཚབ་ཏུ་གྱུར་པའི་ཐུགས་བསྐྱེད་འགྲན་ཟླ་དང་བྲལ་བའི་བདག་རྐྱེན་གྱིས་ཉེ་བར་བསྐུལ་ནས་ཤིན་ཏུ་དག་པའི་གསེར་སྦྱངས་རྒྱན་དུ་བསྐྲུན་པས་ལྷག་པར་ཡང་རིན་ཐང་དང་མཛེས་པའི་མཆོག་ཏུ་གྱུར་པ་བཞིན་རྗེ་བླ་མ་སྐྱེས་ཐོབ་ཀྱི་ཡོན་ཏན་གདོད་ནས་གནས་པ་སྦྱོར་བརྩོན་གྱིས་རྫོགས་པར་སད་པར་མཛད་དེ་བསྟན་འཛིན་ཀུན་གྱི་དབང་ཕྱུག་ཏུ་བསྒྲུབ་པའི་སླད་དུ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང་། རྒྱལ་ཚབ་བྱམས་པས། ཐོས་པ་ལས་བྱུང་ཤེས་པ་ཡི། །སྣང་བ་རྒྱ་ཆེན་འདིས་བརྒྱན་པས། །བློ་ཆེན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་ཀུན་ལ་འཇུག་པར་འགྱུར། །ཞེས་གསུངས་ཤིང་། དེའང་སངས་རྒྱས་སྒྲུབ་པའི་ལམ་ལ་ཞུགས་པའི་ཐོག་མར་རིག་པའི་གནས་མཐའ་དག་ལ་ཐོས་བསམ་དགོས་པའི་ཚུལ། ས་སྐྱ་པཎྜི་ཏས། རང་བློ་ཤེས་བྱའི་གནས་ལ་མ་སྦྱང་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་རིང་། །དེ་ལྟར་དགོངས་ནས་རྒྱལ་དང་རྒྱལ་སྲས་ཀྱིས། །རིག་པའི་གནས་རྣམས་སྦྱང་ཞེས་ལེགས་པར་གསུངས། །ཞེས་གསུངས་པ་ལྟར་ཐོག་མར་ཕྱི་ཐུན་མོང་གི་རིག་པའི་གནས་ལ་དགུང་གྲངས་བཅུ་པའི་སྟེང་ཡོངས་འཛིན་རིག་འཛིན་རྒྱ་མཚོ་ལས་སུམ་ཅུ་པ་དང་། རྟགས་འཇུག་རྩ་འགྲེལ། དགུང་གྲངས་བཅུ་གཅིག་སྟེང་བརྡ་སྤྲོད་ཀྱི་གཞུང་དབྱངས་ཅན་མ་ཀཿཐོག་དགེ་རྩེ་པཎྜི་ཏའི་འགྲེལ་པའི་སྟེང་ནས་ཞིབ་ཁྲིད་དང་། བཅུ་གཉིས་པའི་སྟེང་སྐར་རྩིས་ས་རིས་ལྔ་བསྡུས་ཀྱི་སྐོར་དང་། སྔ་ཕྱི་དུས་སྐབས་ཅི་རིགས་པར་མཁས་དབང་འཇམ་དབྱངས་ལེགས་པའི་བློ་གྲོས་ཀྱི་དངོས་སློབ་དཔལ་ཡུལ་བླ་མ་ཤེར་འོད་ལས་ས་བཟང་ཊཱི་ཀ་སྟེང་ནས་སྒྲ་ཀ་ལཱ་པ་དང་། མཁས་དབང་བཀྲ་ཤིས་ཆོས་འཕེལ་ལས་སྙན་ངག །བླ་སྨན་ཨ་ཚང་ལས་གསོ་བ་རིག་པ་རྒྱུད་བཞིའི་བཤད་ཁྲིད་ལག་ལེན་དང་བཅས་པ་དང་། མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་གྲགས་ལས་ཚད་མ་རྣམ་འགྲེལ་ཕྱོགས་ལས་རྣམ་རྒྱལ་མི་ཕམ་འཇམ་པའི་དབྱངས་ཀྱི་འགྲེལ་སྟེང་ལྗགས་བཤད་སོགས་དང་། ནང་དོན་རིག་པའི་སྐོར་རྣམས་ནི་ཀུན་གཟིགས་འཇམ་པའི་རྡོ་རྗེ་མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བས་སྔ་འགྱུར་བསྟན་པའི་སྲོག་ཏུ་གྲུབ་པའི་དགོས་པའི་གནས་ཁྱད་པར་ཅན་དང་འབྲེལ་བར་གཟིགས་ནས་ཀུན་གཟིགས་སི་ཏུ་པཎ་ཆེན་ལ་ཆེད་དུ་བཀའ་སྩལ་པ་བཞིན་མདོ་སྨད་དབུས་འགྱུར་འཆང་ཀཿཐོག་གི་ཆོས་གྲྭར་རྒྱུད་སྡེའི་བཤད་གྲྭ་ཆེན་པོ་གསར་དུ་ཚུགས་པའི་རྟེན་འབྲེལ་གྱི་སྒོ་འཕར་ཕྱེ་བས། མདོ་རྒྱུད་ཤེས་བྱ་རབ་འབྱམས་ཀུན་མཁྱེན་ཅིང་གཟིགས་པ་ཆེན་པོ་སི་ཏུ་མ་ཧཱ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོས་འཕགས་བོད་མཁས་གྲུབ་རྣམས་ཀྱི་གཞུང་རྩ་འགྲེལ་མང་པོ་ལ་གསར་རྙིང་སོ་སོའི་བཞེད་སྲོལ་དང་། རང་གཞན་གྲུབ་མཐའི་ཤན་འབྱེད་བཅས་ལུང་རིགས་ཀྱི་རྣམ་དཔྱོད་རྨད་དུ་བྱུང་བའི་ལྗགས་བཤད་ཞིབ་རྒྱས་སུ་སྩལ་ཞིང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཐུགས་སྲས་ཀྱི་ཐུ་བོ་མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པས་དེའི་སྐྱོར་དཔོན་གྱི་ཚུལ་མཛད་དེ་མཁན་སློབ་ཉི་ཟླ་ཟུང་འབྲེལ་དང་། གཞན་ཡང་ཤར་ཀཿཐོག་གི་མཁན་ཆེན་མཁས་ཚུལ་གསུམ་གྱི་རྣམ་ཐར་འགྲན་བྲལ་མཁན་བླ་མ་བསྟན་བཟང་དང་། ལུང་རྟོགས་ཡོན་ཏན་གྱིས་མངོན་པར་མཐོ་བའི་མཁན་ཨ་ཀ་རིན་པོ་ཆེ།

སྡེ་སྣོད་འཛིན་པ་མཁན་སྐལ་བཟང་དབང་ཕྱུག་སོགས་ཀྱིས་མདོ་སྔགས་གཞུང་ལུགས་ཀྱི་བཤད་རྒྱུན་ཆུ་བོ་སྟོང་གི་འབབ་སྟེགས་མཛད་པ་ན། རྗེ་ཉིད་རིགས་པར་སྨྲ་བའི་ཐུགས་ཟིན་སྲས་ཀྱི་ཐུ་བོར་མཛད་དེ། སྐྱེས་སྦྱངས་ཀྱི་མཁྱེན་རབ་ཟབ་མོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཚུལ་གྱིས་དམ་པ་ཟུང་གི་ཞལ་སྒོ་ལས་མཁྱེན་རབ་ཀྱི་སྒོ་འབྱེད་པའི་རྟེན་འབྱུང་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོས་མཛད་པ་དང་། ཐུབ་པའི་ཁྱད་པར་འཕགས་བསྟོད། ལྷ་ལས་ཕུལ་བྱུང་གིས་ཐོག་དྲངས། སྤྱོད་འཇུག །སྡོམ་གསུམ་རྣམ་ངེས་རྩ་འགྲེལ། ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ། ཡིད་བཞིན་རིན་པོ་ཆེའི་མཛོད་རྩ་འགྲེལ་ཡན་ལག་དང་བཅས་པ། བྱམས་ཆོས་སྡེ་ལྔ། འདུལ་བ་མདོ་རྩ་བ། དབུ་མ་རྒྱན་གྱི་འགྲེལ་ཆེན། སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་བཤད་ཟུར་ལུགས་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་སྤྱི་དོན་གསང་བདག་ཞལ་ལུང་དང་། ཚིག་འགྲེལ་གསང་བདག་དགོངས་རྒྱན་གཉིས་ཀ་མཐར་ཆགས་སུ་གསན། གཞན་ཡང་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱིས་མཛད་པའི་སྤྱི་དོན་རིན་ཆེན་ཕྲེང་བ། ཀཿཐོག་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པའི་འགྲེལ་པ། སྒེག་པ་རྡོ་རྗེའི་སྤར་ཁབ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ། སངས་རྒྱས་གསང་བའི་ལམ་རིམ་ཆེ་ཆུང་། རོང་ཟོམ་པའི་དཀོན་མཆོག་འགྲེལ། ཀུན་མཁྱེན་ཀློང་ཆེན་པའི་འགྲེལ་པ། གཡུང་སྟོན་པའི་འགྲེལ་པ། བཤད་པའི་ལེ་ལག་དང་བཅས་པའི་ཡིག་ཆ་ཚང་མ་གསན་པར་མཛད། གསང་བའི་བདག་པོ་བློ་གཏེར་དབང་པོ་མཆོག་ལས་དཔལ་ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པ་ས་ལུགས་ཀྱི་བཤད་པ་ཞིབ་རྒྱས་སུ་གསན་པར། སློབ་དཔོན་བསོད་ནམས་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ། རྗེ་བཙུན་གྲགས་པའི་ལྗོན་ཤིང་ཆེན་མོ་དང་འགྲེལ་པ་དག་ལྡན་བཅས། ཆོས་རྗེའི་ཨཥྚ་བཞི་བཤད། དཀོན་ལྷུན་ཞབས་ཀྱི་མཛེས་རྒྱན་གཉིས་དང་། ངག་ཆོས་པའི་རྒྱུད་ཀྱི་མཆན་འགྲེལ་སོགས་གུང་སྤྲོས་པ་དང་། ཞར་བྱུང་ཉེར་མཁོའི་ཡིག་ཆ་རྣམས་ཀྱི་བཀླག་ལུང་བཅས། མཁས་དབང་བླ་མ་བཀྲ་འཕེལ་ལས་འཇམ་མགོན་མཁྱེན་བརྩེས་འཕགས་པ་ཐོགས་མེད་ལས་ཉེ་བརྒྱུད་གསན་པའི་བྱམས་ཆོས་སྡེ་ལྔ། རྡོ་རྗེ་ཕུར་པ་རྩ་དུམ་འགྲེལ་འཇམ་མགོན་གུ་ཎའི་གསུང་། རྔོག་ལུགས་དགྱེས་རྡོར་རྩ་རྒྱུད་ཀྱི་བཤད་པ་རྔོག་ཞེ་སྡང་རྡོ་རྗེའི་འགྲེལ་པ་དང་། འཇམ་མགོན་འགྲེལ་ཆེན་གྱི་བཤད་རྒྱུན་གཉིས་ཀ་ཞིབ་རྒྱས། བདེ་མཆོག་རྩ་རྒྱུད་ས་སྐྱའི་རྗེ་བཙུན་བསོད་ནམས་རྩེ་མོའི་འགྲེལ་པ་དང་། བཤད་རྒྱུད་གུར་དང་སཾ་པུ་ཊའི་བཤད་རྒྱུན་རྗེ་བླ་མ་མཁྱེན་བརྩེའི་དབང་པོའི་ཉེ་བརྒྱུད་ཅན་རྣམས་དང་། ཀུན་གཟིགས་སི་ཏུ་རིན་པོ་ཆེ་ལས་རྗེ་དགེ་འདུན་རྒྱ་མཚོའི་ཊཱིཀ་སྟེང་ནས་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་བཤད། ཀུན་གཟིགས་མཁྱེན་བརྩེའི་ཞལ་ལུང་ཚ་བ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱི་མཚན་བརྗོད་འགྲེལ་པའི་བཤད་རྒྱུན་དང་། དབོན་སྟོད་མཁན་མཁྱེན་རབ་མདུན་ནས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་བཤད་རྒྱུན་དུས་འཁོར་བསྡུས་རྒྱུད་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་ཁྲིད། མཁན་ཆེན་ཀུན་དཔལ་ལས་འཇམ་མགོན་མི་ཕམ་རིན་པོ་ཆེའི་འགྲེལ་ཆེན་སྟེང་ནས་རྗེ་མཁྱེན་ཀོང་རྣམ་གཉིས་ཀྱི་བཤད་རྒྱུན་དམ་པ་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་བཤད་དང་བཅས་གསན་པར་མཛད། ཁྱད་པར་མཁན་ཆེན་བླ་མ་ཀུན་དཔལ་གྱིས་ཁོང་ལ་གཏེར་ཆེན་བདུད་འཇོམས་རྡོ་རྗེས་ཁྱེད་རང་ལྷ་སྲས་ཚངས་པའི་མེ་ཏོག་གི་རྣམ་འཕྲུལ་ཞིག་དང་འཕྲད་དེ་ཕྲིན་ལས་རྒྱས་པར་ལུང་བསྟན་པ་བཞིན་ཀཿཐོག་བཤད་གྲྭར་འོང་བས་རྗེ་འདི་ལ་གཞུང་བཤད་རིགས་ཕུལ་ནས་ལུང་དོན་མངོན་དུ་གྱུར་པ་ཡིན་ཞེས་དད་གདུང་ཆེར་མཛད་ཅིང་ཐུགས་བརྩེས་རྟག་པར་སྐྱོང་ནས་སྔ་འགྱུར་བའི་ལྟ་སྒོམ་སྤྱོད་པའི་ཟབ་གནད་ཐུན་མོང་མ་ཡིན་པ་དང་། ཀུན་གཟིགས་ཕྱོགས་ལས་རྣམ་རྒྱལ་མི་ཕམ་འཇམ་པའི་དབྱངས་ཀྱི་ཞལ་ལུང་གི་བདུད་རྩི་རྣམས་ལྷུག་པར་སྩལ་བས། སྐྱེས་སྦྱང་གི་མཁྱེན་རབ་པདྨོའི་འདབ་བརྒྱ་ཆེས་ཡངས་པའི་སྒོ་ཕྱེས་ནས་གཟུངས་སྤོབས་བློ་གྲོས་ཀྱི་ཟིལ་དངར་ཕྱོགས་ཀུན་ནས་རྒྱས་པར་མཛད། རྗེ་བླ་མ་ཉིད་ནས་ཀྱང་ཡོངས་འཛིན་བཀའ་དྲིན་ཆེ་བའི་མཆོག་ཏུ་ཐུགས་ཟིན་གྱི་གཙོ་བོར་མཛད་ལ། ཚུལ་དེ་དག་གིས་མཁྱེན་རབ་ཀྱི་སྒོ་བྱེ་བ་དང་བླ་མ་དང་ལྷག་པའི་ལྷས་བྱིན་བརླབས་དགོངས་པ་ཀློང་རྡོལ་གྱིས་སྤོབས་པའི་གཏེར་མཛོད་གྲོལ་བས་བཀའ་བསྟན་གྱི་གཞུང་རྣམས་གཟིགས་པ་ཙམ་གྱིས་སྐྱེ་བོ་ཕལ་པས་ཞིབ་རྟོག་ཅི་འདྲ་བགྱིས་པ་ལས་ལྷག་པའི་གཞུང་དེའི་གནད་དོན་མཁྱེན་པ་སོགས་རྣོ་མྱུར་ཐོགས་པ་མེད་པ་སོ་སོ་ཡང་དག་རིག་པ་བཞི་དང་སྤོབས་པའི་གཏེར་ཆེན་པོ་བརྒྱད་ཀྱི་མཛོད་བརྙེས་པའི་མཐུས་མདོ་སྔགས་ཀྱི་ཟབ་གནད་མཐའ་དག་ཐུགས་སུ་ཆུད་ཅིང་ཐུགས་ཤེས་འདྲོང་བས་ཕྱི་ནང་གི་རིག་པའི་གནས་མཐའ་དག་མཁྱེན་ཅིང་གཟིགས་པ་ཕུལ་དུ་བྱུང་བའོ།

།རྗེ་གོང་མའི་རྣམ་ཐར་ཞལ་གསུང་མར། སྔ་ཕྱིར་ཁམས་དབུས་གཙང་གསུམ་དུ། །མི་ལོ་བཅུ་གསུམ་ཐོས་པ་བཙལ། །རྡོ་རྗེ་འཛིན་དང་དགེ་བའི་བཤེས། །རིག་བྱེད་གཞུང་ལ་མཁས་པ་སོགས། །གཙུག་ནོར་བརྒྱ་དང་ལྔ་བཅུ་བསྟེན། །བཟོ་གསོ་སྒྲ་ཚད་ཡན་ལག་བཅས། །འདུལ་མཛོད་དབུ་ཕར་བཤད་སྲོལ་ཐོས། །གསར་རྙིང་རྡོ་རྗེ་ཐེག་པ་ཡི། །དབང་དང་བྱིན་རླབས་རྗེས་གནང་སོགས། །བཀའ་གཏེར་བཀའ་གདམས་ས་སྐྱ་པ། །འབྲི་སྟག་མཚུར་དང་གདན་འབྲུག་གི། སྔོན་གྱི་ལུགས་སྲོལ་མ་ཉམས་པར། །བཞུགས་པའི་སྨིན་གྲོལ་གདམས་ངག་དང་། །བདེ་དགྱེས་གསང་གསུམ་དུས་འཁོར་ལོ། །སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས། །རྒྱབ་བརྟེན་རྒྱུད་ཀྱི་བཤད་པ་དང་། །བཀའ་བསྟན་དམ་པའི་གསུང་རབ་ལུང་། །གླེགས་བམ་བདུན་བརྒྱ་ལྷག་ཙམ་ཉན། །མདོར་ན་བཤད་བརྒྱུད་ཤིང་རྟ་བཅུའི། །རིང་ལུགས་རྒྱུན་བཞུགས་ཕལ་ཆེར་ཐོས། །ཅུང་ཟད་སྦྱངས་ཤིང་ཕྱོགས་ཙམ་ཤེས། །རང་གཞན་གྲུབ་མཐའི་ཁས་ལེན་དང་། །ཆོས་རྒྱུས་ཤིན་ཏུ་ཆེ་བར་བྱུང་། །ཞེས་གསུངས་པ་བཞིན་རང་ཉིད་རིགས་རུས་གོ་གནས་ཐོས་འབྱོར་གྱིས་དྲེགས་པས་རང་ལས་དམན་པའི་བླ་མ་ལ་ཆོས་ཀྱི་ཡོན་ཏན་ཇི་ཙམ་ཡོད་ཀྱང་ཆེ་བ་ཉམས་ཀྱི་དོགས་པས་བླ་མར་བསྟེན་མི་སྤོབས་པ་དང་། རང་ཉིད་ཡོན་ཏན་ཅན་དུ་རློམས་པའི་རྒྱུད་ཁེངས་པས་དག་སྣང་གི་མིག་འགྲིབ་ནས་གང་ཟག་སུ་ལའང་ཡོན་ཏན་ཇི་ཙམ་ཆེ་ཡང་འདུད་པར་མི་བྱེད་པ་དང་། རང་ལུགས་ཁོ་ནར་ཞེན་ཕྱོགས་ཀྱིས་གྲུབ་མཐའ་ཆོས་བརྒྱུད་གཞན་གྱི་བརྒྱུད་འཛིན་ལ་ཡོན་ཏན་ཅི་ཙམ་ཡོད་ཀྱང་ངོ་མཚར་དུ་མི་འཛིན་པས་དོན་དུ་མི་གཉེར་པ་གལ་ཆུང་ཆོས་ལ་བྱས་ནས་བཞག་པ་མ་ཡིན་པར་གངས་རིའི་ཁྲོད་ཀྱི་ཐུབ་བསྟན་རིན་པོ་ཆེ་ཡིན་ནོ་ཅོག་སོ་སོའི་ཆོས་རྒྱུན་ཁུངས་དང་འབྲེལ་ངེས་པ་རྣམས་ཕྱོགས་རིས་དང་ཆོག་ཤེས་མེད་པ་དུས་རྟག་ཏུ་འབད་པ་ཆེན་པོས་སྐྱོ་དུབ་མི་མངའ་བའི་དབང་གིས་མང་དུ་ཐོས་པ་རྒྱ་མཚོའི་ཕ་མཐར་ལེགས་པར་སོན་པའི་ཚུལ་ནི། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། ལྷག་པའི་བསམ་པས་སངས་རྒྱས་བྱང་ཆུབ་མཆོག་ཞུགས་པས། །སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་གསུངས་པ་ལྟར་སྐུའི་སྐྱེས་རབས་ཐམས་ཅད་དུ་ཆོས་ཚོལ་བ། སྡུད་པ། འཛིན་པ། སྤེལ་བ། ཐུགས་སུ་ཆུད་པ་ལ་གོམས་པའི་རྟེན་འབྱུང་ལྷན་སྐྱེས་སུ་མངའ་བ་ཉིད་ཀྱིས་དང་། སི་ཏུ་རིན་པོ་ཆེ་ཉིད་རྟག་ཏུ་དམ་པའི་ཆོས་ཚོལ་བ་ལ་འཕགས་པ་རྟག་ཏུ་ངུ་དང་གཞོན་ནུ་ནོར་བཟང་ལྟ་བུ་དང་། མང་དུ་ཐོས་པའི་མཛོད་བསགས་པས་ཐུགས་རྒྱུད་ཕྱུག་པ་སངས་རྒྱས་གཉིས་པ་དབྱིག་གཉེན་ལྟ་བུའི་རྣམ་ཐར་མངའ་བའི་སྤྱན་ལྟོས་ཀྱིས། རྗེ་བླ་མ་མཆོག་གི་ཐུན་མོང་མ་ཡིན་པའི་རིགས་བརྒྱའི་ཁྱབ་བདག་གཅིག་པུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་ལས་སྔ་འགྱུར་བཀའ་མ་སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས་གཉིས། ཡང་དག །ཕུར་པ། གཤིན་རྗེའི་སྐོར་དང་། མདོ་ཚོགས་ཆེན་འདུས་པ་རྩ་བ་ཡན་ལག་གི་དབང་ཚང་མ། བཀའ་བརྒྱད་རྫོང་འཕྲང་གིས་མཚོན་སྔ་འགྱུར་བཀའ་མའི་སྐོར་ཕལ་ཆེ་བ། ཉང་གཏེར་གུར་དྲག་བདེ་གཤེགས་འདུས་པའི་དབང་། བླ་མ་དམར་ཁྲིད་ཞིབ་རྒྱས། གུར་དྲག་དང་ཐུགས་ཆེན་པོད་ལུང་། ཁྲོས་ནག་གི་སྨིན་གྲོལ་དང་མཁའ་འགྲོ་ཆེན་མོ་བཅས་གཞུང་པོད་ལུང་ཆོས་དབང་བླ་མ་གསང་འདུས། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར། ཐུགས་ཆེན་ཡང་སྙིང་འདུས་པ་བཅས་ཀྱི་དབང་ཁྲིད་དང་པོད་ལུང་ཚང་མ། རྒྱུད་བཅུ་བདུན་གྱི་དབང་། སངས་གླིང་དགོངས་འདུས་དོན་དབང་། ཀར་གླིང་ཞི་ཁྲོའི་སྨིན་གྲོལ་ཞིབ་རྒྱས་དང་པོད་ལུང་བཅས། ཀུན་གཟིགས་ལྔ་པའི་དག་སྣང་གསང་བ་རྒྱ་ཅན་ཉེར་ལྔའི་དབང་ཁྲིད་ཤིན་ཏུ་ཞིབ་རྒྱས། སྨིན་ལུགས་གཏེར་མགོན་ཞལ་བཞིའི་ཟབ་ཁྲིད་ཐུན་མིན། རྫོགས་པ་ཆེན་པོ་སྙིང་ཐིག་ཡ་བཞིའི་དབང་ཁྲིད་ལུང་བཅས་ཚང་མ། ཀློང་གསལ་བདུད་འདུལ་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསང་སྤྱོད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཆོས་སྐོར་ཡོངས་རྫོགས་དང་། ཀུན་གཟིགས་འཇམ་པའི་དབྱངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་གཏེར་སྒྲུབ་ཐབས་སྙིང་པོ་སྐོར་ལྔ། གྲུབ་ཐོབ་ཆེན་པོའི་ཐུགས་ཐིག །གྲུབ་ཐོབ་བཀའ་བརྒྱད་སོགས་སི་ཏུ་རིན་པོ་ཆེ་ཉིད་ལུང་ཟིན་ཆོས་ཀྱི་བདག་པོར་གྱུར་པས་འཇམ་མགོན་བླ་མ་རིན་པོ་ཆེ་རྣམ་པ་གཉིས་ཀ་ལས་གསན་པ་དང་། བླ་མ་བསྟན་གཉིས་སྐོར་གསུམ། འཆི་མེད་མཚོ་སྐྱེས་སྙིང་ཐིག །སྙན་བརྒྱུད་གཤིན་རྗེ། སྙན་བརྒྱུད་ཡང་ཕུར་སྦྲགས་མ། དག་སྣང་གཏེར་ཆེན་མཆོག་གླིང་འདས་རྗེས་རིགས་འདུས་པདྨའི་མྱུ་གུའི་རྩ་དབང་རྒྱས་པ། རྩ་གསུམ་བདེ་གཤེགས་འདུས་པ་དང་སྤྱི་འདུས། ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་ཁྲིད། འཆི་མེད་འཕགས་མའི་སྙིང་ཐིག་གི་སྨིན་བྱེད་རྒྱུན་ཁྱེར་ལྷ་ཁྲིད་བཅས། མི་ཏྲའི་ཚེ་དཔག་དཀར་དམར། དག་སྣང་ཁྲི་སྲོང་བླ་སྒྲུབ། སྐུ་གསུམ་བླ་མའི་རྣལ་འབྱོར་རྩ་བ་ཡན་ལག་གི་དབང་ལུང་། མཁྱེན་བརྩེའི་གསུང་ཀརྨ་ཆགས་མེད་ཀྱི་བླ་མའི་རྣལ་འབྱོར་གྱི་དབང་། སྙིང་ཐིག་རྡོར་སེམས་མངོན་དགའི་ཞིང་སྦྱོང་། དག་སྣང་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་ཡོངས་སུ་རྫོགས་པའི་རྩ་བ་དང་ཡན་ལག་གི་དབང་། ཁྲིད་ལུང་བཅས་ཆིག་རྫོགས། ཀློང་ཆེན་སྙིང་ཐིག་ཡུམ་བཀའི་ནང་སྒྲུབ་སྒྲོལ་མ་ཉེར་གཅིག་གི་དབང་སོགས་ཟབ་གནད་ཆེ་ཤོས་སྐོར་ཕལ་ཆེར་དང་། ཐམས་ཅད་གཟིགས་པ་མི་ཕམ་རིན་པོ་ཆེའི་རྒྱུད་ལུགས་འཇམ་དཔལ་ཞི་བའི་སྒྲུབ་ཐབས་ཀྱི་དབང་ཆེན། རས་ཆུང་སྙན་བརྒྱུད་ཀྱི་བདེ་མཆོག་ལྷན་སྐྱེས་ཡབ་བཀའ་དང་ཡུམ་བཀའི་བྱིན་རླབས་ཁྲིད་བཅས། མཁྱེན་གསུང་ཡིག་ཆ་རྣམས་ཀྱི་ལྗགས་ལུང་། གྲོལ་མཆོག་ཞབས་ཀྱི་ཟབ་ཁྲིད་བརྒྱ་རྩ་ཞིབ་རྒྱས། གླིང་རྗེ་དྲུང་པདྨ་འགྲོ་འདུལ་གཏེར་ཆོས་ཚང་མ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་པོད་ཉེར་ལྔའི་ལྗགས་ལུང་གིས་མཚོན་པའི་ཟབ་གསང་དབྱིག་གི་སྙིང་པོ་རྒྱ་ཆེར་གསན་པ་དང་། དྲི་མེད་ཞིང་སྐྱོང་རྗེ་དབོན་རིན་པོ་ཆེ་པདྨ་རྒྱལ་མཚན་ལས་ཀློང་གསལ་དང་བདུད་འདུལ་ཆོས་སྐོར་གྱི་ལུང་། མཁྱེན་བརྩེ་རིན་པོ་ཆེའི་བཀའ་འབུམ་ཟིན་བྲིས་སྐོར་པོད་གཉིས་ཙམ། ཁམས་བྱོན་མགོན་པོ་ཚོགས་བདག་གི་གཞུང་པོད། བཀའ་འདུས། མ་ཎི་བཀའ་འབུམ། སྙིང་ཐིག་རྡོར་སེམས་མངོན་དགའི་དབང་ལུང་། རིག་འཛིན་སྲོག་སྒྲུབ་དབང་ལུང་ཆ་ཚང་། ཕག་མོ་སོགས་རྒྱ་ཆེར་གསན་ཅིང་། རྗེ་དབོན་འདི་ཉིད་ལུགས་གཉིས་ཀྱི་མཁྱེན་རྒྱ་དང་སྐུ་ཡོན་འགྲན་ཟླ་བྲལ་བས་བླང་དོར་གྱི་མཛད་སྒོ་རྗེ་བླ་མ་སྐུ་ན་གཞོན་པའི་སྐབས་སྐུ་ཉམས་ལ་ཕན་པའི་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ཡིན་ཅེས་བཀའ་ལས་ཐོས།

དགུང་ལོ་བཅུ་བདུན་ཐོག་ཏུ་ལཱ་སྱེ་རི་ཁྲོད་དུ་ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་ཀྱི་དངོས་སློབ། མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་བས་ས་ངོར་གྱི་བསྟན་པའི་མཛེས་རྒྱན་ཆེན་པོ། འཇམ་མགོན་བླ་མ་ཉི་ཟླ་ཟུང་དང་ལྷག་པར་རྗེ་བླ་མ་མཁྱེན་བརྩེའི་དབང་པོའི་ཞབས་པད་བགྲང་བྱ་ཉི་ཤུའི་སྐོར་ལ་བརྟེན་ནས་གསར་རྙིང་གི་ཟབ་རྒྱས་གདམས་པའི་བཅུད་མཐའ་དག་ཡོངས་སུ་རྫོགས་ཤིང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་བཞེས་པ་ནང་ཐུགས་ཀྱི་སྲས་མཆོག་གསང་ཆེན་རྒྱུད་སྡེའི་ཤིང་རྟ་ཆེན་པོ་འཇམ་དབྱངས་བློ་གཏེར་དབང་པོའི་མདུན་ཆེད་དུ་ཕེབས་པས། བཞུགས་ཁྲི་གོས་ཆེན་སིའུའི་བཞུགས་གདན་སྙེ་འབོལ་དང་བཅས་པའི་སྟེང་བཞུགས་སུ་གསོལ་ནས་ཡབ་སྲས་འཕྲད་པ་ལྟ་བུའི་གསུང་གླེང་ཞིབ་པར་མཛད་དེ་ཐུན་མོང་མ་ཡིན་པའི་ཐུགས་བརྩེས་ལྷག་པར་སྐྱོང་བས་རྗེ་བླ་མ་མཆོག་ཀྱང་བཅོས་མིན་གྱི་དད་གདུང་ཤུགས་འབྱུང་གིས་ཐུགས་ལ་འཁྲུངས་པའི་ངོ་མཚར་དུ་གྱུར་པ་དང་། རིམ་པར་རྗེ་བླ་མ་རྡོ་རྗེ་འཛིན་དངོས་བློ་གཏེར་ཞབས་མཆོག་དང་། བྲག་ར་ཞབས་དྲུང་རྡོ་རྗེ་འཆང་བཀྲ་ཤིས་རྒྱ་མཚོ་སྟེ་རྣམ་གཉིས་ལྷན་རྒྱས་པས་རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་བཀའ་ཆོས་ཀྱི་དབུ་ཚུགས་ཏེ། བྱ་རྒྱུད་རྩ་བ་རིགས་གསུམ་སྤྱི་དཀྱིལ་ནས་བརྩམས་རྣལ་འབྱོར་རྒྱུད་ཡན་ཆད་རྫོགས་ནས་རེ་ཞིག་བཀའ་ཆོས་ཕྱིར་འགྱང་སོང་བར། ཟུར་དུ་བློ་གཏེར་ཞབས་ལས་ཞེན་པ་བཞི་བྲལ། བློ་སྦྱོང་དོན་བདུན་མའི་ཁྲིད་སྐོར་རྩ་བ་ཡན་ལག་ཤིན་ཏུ་མང་པོ། གསང་ཆེན་རྒྱུད་སྡེའི་ཡང་སྙིང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཐུན་མིན་སློབ་བཤད་ཀྱི་སྨིན་གྲོལ་ཟབ་རྒྱས་སུ་གསན། ཀུན་གཞི་རྒྱུ་རྒྱུད་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་སེམས་ཚོལ་ངོ་སྤྲོད་རྒྱས་པར་གནང་བའི་རྐྱེན་གྱིས་རིག་སྟོང་ཡེ་ཤེས་ཀྱི་དགོངས་པ་ཐུགས་རྒྱུད་ལ་སད་པའི་ཚུལ་མཛད་པས། རྗེ་བླ་མ་འདི་ཉིད་ཐུན་མོང་མ་ཡིན་པའི་རིགས་ཀྱི་བདག་པོར་ངེས་པའི་དད་གདུང་དང་བསྔགས་བརྗོད་ཤིན་ཏུ་ཆེ་བ་ཡང་ཡང་མཛད། སྤྱིར་འཇམ་མགོན་བློ་གཏེར་ཞབས་འདི་ཉིད་ལ་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ཐུགས་སྲས་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་ལས་རྫོགས་ཆེན་མན་ངག་སྙིང་ཐིག་གི་སྨིན་ཁྲིད་ཀྱང་གསན་སྦྱང་ནན་ཆེར་མཛད་པས་འོད་གསལ་མན་ངག་སྡེའི་རྟོགས་པ་དོན་གྱི་བརྒྱུད་པའང་ཆུ་བོ་གཅིག་འདྲེས་སུ་བཞུགས་པར་གསུངས་པ་ཞར་ལ་འཕྲོས་ཏེ། མདོར་ན་དོན་གྱི་གསང་བ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ཧེ་རུ་ཀ་ཆེན་པོ་དང་རྣམ་དབྱེར་མེད་པའི་བདག་ཉིད་དུ་ངེས་ཀྱང་རྣམ་པ་ཚུར་མཐོང་གི་གདུལ་བྱའི་སྣང་ངོར་འཇམ་དབྱངས་བླ་མའི་རྩ་བའི་ཐུགས་དམ་དགྱེས་པ་རྡོ་རྗེ་ཡིན་པའི་སྔོན་སྨོན་གྱི་མཐུས་གསུང་ངག་སློབ་བཤད་ཚིག་ཙམ་དུ་མ་གྱུར་པ་སྙན་བརྒྱུད་ཚད་མ་བཞི་ལྡན་སྒྲ་ཇི་བཞིན་པ་མངོན་དུ་མཛད་པ་སྟེ། དེང་སང་དུས་དབང་གིས་གསར་རྙིང་ཀུན་གྱི་གདམས་ཁྲིད་རྣམས་ཕལ་ཆེར་བཤད་ཡམ་དང་ཁྲིད་ལུང་ཙམ་དུ་སོང་ཞིང་། རྟོགས་པའི་བསྟན་པ་མཚན་ཙམ་དུ་གྱུར་པའི་སྐབས་འདིར་ངོ་མཚར་ཁྱད་འཕགས་ཀྱི་གནས་སུ་ངེས་པས་ཆོས་འདིའི་རིང་ལུགས་འཛིན་པ་རྣམས་ནས་མཁྱེན་བརྩེ་རིན་པོ་ཆེ་རྣམ་པ་གཉིས་བཞུགས་པའི་ཁྲིད་རྒྱུན་སྐྱོང་བར་མཛད་པ་གལ་ཆེ་སྙམ་མོ། །ཞབས་དྲུང་རིན་པོ་ཆེ་བཀྲ་ཤིས་ཞབས་ལས་མི་ཏྲ་བརྒྱ་རྩ་དང་། ངོར་དཀྱིལ་བདུན། རྭ་ལུགས་འཇིགས་བྱེད་ལྷ་དགུ། ཚར་ལུགས་ལྷ་བཅུ་གསུམ་མ་བཅས་ཀྱི་དབང་ཆེན། ངག་ཆོས་པའི་ཡིག་ཆ་སྟེང་ནས་ལམ་འབྲས་ལྗགས་བཤད་བཅས་གསན། གདན་སར་ཞབས་པད་བཀོད་ནས་ལྕགས་ཁྱི་ཆོ་འཕྲུལ་ཟླ་བའི་མར་ངོ་རྗེ་གོང་མའི་སྐུ་མཆོད་ཀྱི་རྗེས་གཟའ་སྐར་དགེ་བར་སླར་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་ཡབ་རྗེ་རིག་པ་འཛིན་པ་འགྱུར་མེད་ཚེ་དབང་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་སྔ་འགྱུར་བཀའ་མ་ཚོགས་ཆེན་འདུས་པ་དང་། ཞི་ཁྲོ་ན་རཀ་དོང་སྤྲུགས། གཏེར་མ་བཀའ་བརྒྱད་བདེ་གཤེགས་འདུས་པ་བཅས་ཀྱི་དབང་ཆེན་རྣམས་ཀྱི་སྒོ་ཕྱེ་ནས་རིན་ཆེན་གཏེར་མཛོད་ཆེན་པོའི་རྒྱུད་དང་སྒྲུབ་སྡེའི་གོ་རིམ་གཞུང་ལྟར་ཚང་བ་དང་། གཏེར་ཆེན་མཆོག་གླིང་གི་ཆོས་སྐོར་ཡོངས་རྫོགས་ཀྱང་དེ་དང་ཆབ་གཅིག་སྨིན་གྲོལ་རྫོགས་པར་མཛད་དེ། མདོར་ན་ཟླ་བ་བརྒྱད་ཀྱི་བར་དུ་ཞིབ་རྒྱས་སུ་གསན་པར་མཛད། ལྕགས་ཕག་ལོར་རྗེ་བློ་གཏེར་ཞབས་ལ་གསོལ་བ་བཏབ་པས་དགོངས་གཏད་བཅས་བཀའ་ལུང་ཕེབས་གསལ་བཞིན་ལྷུན་གྲུབ་སྟེང་གི་མཁན་ཆེན་རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་བསམ་གཏན་བློ་གྲོས་ལས་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་སྨིན་གྲོལ་ལུང་བཅས་དང་། མཁའ་སྤྱོད་བེ་བུམ་པོད་གསུམ་གྱི་ལུང་སོགས་མང་དུ་གསན། ཆུ་བྱི་ལོར་ཝ་ར་ཐར་རྩེ་ཞབས་དྲུང་བྱམས་པ་ཀུན་བཟང་བསྟན་པའི་ཉི་མ་ལས་རྒྱུད་སྡེའི་བཀའ་ཆོས་འཕྲོ་རྣལ་འབྱོར་བླ་མེད་སྐོར་མན་ཆད་ཀྱི་དབང་ཁྲིད་ལུང་བཅས་ཞིབ་རྒྱས་ཟླ་བ་བཞི་ལྷག་བར་གསན་ཅིང་། ཞབས་དྲུང་འདི་ཉིད་དམ་པའི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པས་སྐུ་ཚེ་རྒྱུན་རིང་དུ་བཞུགས་ན་ས་ངོར་བསྟན་པའི་མཛེས་རྒྱན་དུ་ངེས་པར་གྲུབ་པ་ཞིག་ཡོད་ཅེས་ཡང་ཡང་གསུང་། དེ་ནས་སྔ་ཕྱི་ཅི་རིགས་པར་དཔལ་སྤུངས་མཁས་དབང་བླ་མ་ཀརྨ་བཀྲ་ཤིས་ཆོས་འཕེལ་ལས་དཔལ་ལྡན་ཤངས་པའི་གསེར་ཆོས་སྐོར་གྱི་དབང་ཁྲིད་ལུང་བཅས་ཞིབ་ཚགས། ཇོ་ལུགས་དཔལ་དུས་ཀྱི་འཁོར་ལོའི་སློབ་མ་རྗེས་འཛིན། སྟ་གོན། བྱིས་འཇུག །མཆོག་དབང་ཐུན་མོང་དང་ཐུན་མིན། རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་བཅས། ཁྲིད་ཡིག་ལྷན་ཐབས་སྦྱར་བའི་སྨིན་ཁྲིད། ཏཱ་ར་ནཱ་ཐའི་གསུང་བསྐྱེད་རྫོགས་རྣམ་བཤད་དང་སྒྲུབ་དཀྱིལ་སོགས་ཀྱི་ལུང་འདི་སྐོར་ཕྱོགས་གཏོགས་བཅས་དང་། ཞི་བྱེད་དང་གཅོད་སྐོར། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་བཅས། གདམས་མཛོད་དུ་བཞུགས་རིགས་ཀྱི་སྨིན་གྲོལ་ལུང་བཅས། སྒྲོལ་མ་རྣལ་འབྱོར་མའི་དབང་ཆེན་དང་རིག་གཏད་རྗེས་གནང་རྒྱུད་བཤད་ཁྲིད་བཅས། ཟབ་ཁྲིད་བརྒྱ་རྩ་ཁྲིད་ལུང་། ཇོ་བོའི་ཆོས་ཆུང་བརྒྱ་རྩ། བཀའ་གདམས་གླེགས་བམ་རིན་པོ་ཆེའི་ལུང་། མར་མིའི་རྣམ་མགུར་དང་དྭགས་པོའི་བཀའ་འབུམ་ལུང་། ཐར་རྒྱན་དང་ལམ་མཆོག་རིན་ཆེན་ཕྲེང་བའི་བཤད་ཁྲིད་བཅས། ཡང་དགོན་པའི་རི་ཆོས་སོགས་ཀྱི་ལུང་། འཁོན་ལུགས་ཕུར་པ་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་སྒྲུབ་དཀྱིལ་ལ་འཇམ་མགོན་ཀོང་ཆེན་ཞབས་ཀྱིས་མཛེས་རྒྱན་གནང་བའི་སྟེང་ནས་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་བྱིན་རླབས་དང་ལྡན་པའི་དབང་ལུང་ཁྲིད་བཅས། ས་ལུགས་ཡིག་ཆའི་སྟེང་ནས་ཀྱང་སྟོད་སྨད་དབང་ལན་གཅིག །རྗེ་མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་དབང་ཁྲིད་ལུང་དང་བཅས་པ་དང་། ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་དབང་ཁྲིད་ཚང་མ། ཤེས་བྱ་ཀུན་ཁྱབ་ཀྱི་གཞུང་རྩ་འགྲེལ་སྦྲགས་མའི་བཤད་ལུང་རྣམས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ཁོ་ན་ལས་གསན་པ་དང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་རྩ་བ་ཡན་ལག་གི་གཏེར་གཞུང་ཚང་མའི་ལུང་། སྡོམ་གསུམ་རྣམ་ངེས་འགྲེལ་ཆེན་དཔག་བསམ་སྙེ་མའི་བཤད་ལུང་། རྗེ་གུ་ཎའི་མར་མི་གཉིས་ཀྱི་བླ་སྒྲུབ་ཀྱི་དབང་དང་། ཀོང་སྤྲུལ་བཀའ་འབུམ་ཚང་མའི་ལུང་། ལམ་རིམ་ཡེ་ཤེས་སྙིང་པོའི་རྩ་འགྲེལ་གྱི་བཤད་ཁྲིད་བཅས་མཁྱེན་ཀོང་མཆོག་གསུམ་ཀ་ལས་གསན་པས་བརྒྱུད་པ་ཁུངས་བཙུན་ཞིང་ཆོས་རྒྱུན་དཀོན་པའི་སྐོར་མང་པོ་གསན་ནས་ཐུགས་ཡིད་གཅིག་འདྲེས་ཀྱི་དད་གདུང་འགྱུར་བ་མེད་པའི་འདྲེན་པ་མཆོག་ཏུ་བཀུར་ཞིང་། བླ་མ་བཀྲ་འཕེལ་མཆོག་གི་ཞལ་སྔ་ནས་ཀྱང་འཇམ་མགོན་རྣམ་གཉིས་ལ་མཆོག་སྤྲུལ་བྱོན་པ་ཐམས་ཅད་ལས་མཁྱེན་རབ་ཀྱི་རྣམ་དཔྱོད་དང་མཛད་པ་ཐམས་ཅད་རྗེ་འདི་འགྲན་ཟླ་བྲལ་བ་ཡིན་ཞེས་བསྔགས་པ་ཡང་ཡང་མཛད། སྔ་འགྱུར་བསྟན་པའི་སྲོག་ཤིང་མཁས་གྲུབ་ཆེན་པོ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་བྱང་ཕྱོགས་སུ་དབྱར་བསོད་ལ་ཕེབས་སྐབས་རྗེ་བླ་མ་ཕུག་དགོན་དུ་སྨན་སྒྲུབ་ཚོགས་དབུར་བཞུགས་པ་དང་མཇལ་འཕྲད་ཐོག་མར་གནང་བའི་ཚེ། གཙུག་ལག་ཏུ་དགེ་འདུན་པས་གཏེར་གསར་སྨོན་ལམ། བསྟན་པའི་དཔལ་གྱུར་བླ་མ་རིན་ཆེན་རྣམསཿནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པར་ཤོགཿཅེས་པའི་ཚིག་མཚམས་སུ་ཁེལ་བས་རྒྱལ་ཚབ་རྡོ་རྗེ་འཆང་ཤིན་ཏུ་དགྱེས་ཉམས་གནང་ཞིང་། དེ་སྐབས་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་ཆོས་འབྲེལ་ཙམ་གསན། དེ་ནས་བཟུང་རྗེ་བླ་མ་རིན་པོ་ཆེས་ཐུན་མོང་མ་ཡིན་པའི་རིགས་བདག་ཏུ་བསྙེན་ཞིང་། རྒྱལ་ཚབ་རིན་པོ་ཆེས་ཀྱང་དད་གདུང་ཐུགས་བརྩེས་འབྲལ་མེད་བསྐྱངས་ཏེ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གདན་སར་ཆེད་དུ་ཕེབས་ནས་རྒྱུན་རིང་དུ་བཞུགས་ཏེ་མཁྱེན་བརྩེའི་ཉེ་བརྒྱུད་བྱང་གཏེར་ཡོངས་རྫོགས་དང་། པཎ་ཆེན་རིན་པོ་ཆེའི་བཀའ་བརྒྱད་རིག་འཛིན་ཡོངས་འདུས་ཀྱི་སྨིན་གྲོལ་ལུང་བཅས། རྩེ་ལེའི་གསུང་བྱང་ཆུབ་སེམས་སྡོམ། བཀའ་མ་གཤིན་རྗེ་ཁ་ཐུན། ཞང་ཁྲོམ་ཚེ་བདག་ལྕགས་འདྲ་སྡིག །མཁྱེན་བརྩེའི་ཉེ་བརྒྱུད་རྡོར་གླིང་བཀའ་བརྒྱད་དབང་ཆེན། ཐུགས་དམ་གུ་རུ་ཆོས་དབང་ཕུར་པ་ཡང་གསང་སྤུ་གྲི། དེའི་རྣམ་བཤད་རྗེ་ཉིད་ཀྱི་གསུངས། ཀུན་མཁྱེན་འཇིགས་གླིང་གི་ཕུར་པ་རྒྱུད་ལུགས་དབང་ཆེན། རྗེ་མཁྱེན་བརྩེའི་གཏེར་ཁ་ཡང་ཕུར་སྦྲགས་མ། དེའི་རྣམ་བཤད་རྗེ་བླ་མ་མཆོག་གི་གསུང་ངོ་མཚར་ཅན་དང་། རྫོགས་པ་ཆེན་པོ་སྙིང་ཐིག་ཡ་བཞིའི་དབང་ཡོངས་རྫོགས་དང་། མཆོག་གླིང་གཏེར་གསར་ཨ་ཏི་ཟབ་དོན་གྱི་རིག་པའི་རྩལ་དབང་། དགའ་རབ་སྙིང་ཐིག་གི་རྡོར་སེམས་དང་ཡང་དག །བདེ་མཆོག་སངས་རྒྱས་མཉམ་སྦྱོར་བཅས་ཀྱི་དབང་ཁྲིད་ཀྱིས་མཚོན་འཇམ་མགོན་བླ་མ་རྣམ་གཉིས་ལས་གསན་པའི་གཏེར་རྙིང་རྒྱུན་དཀོན་རིགས་མང་པོ་དང་། དེ་རྗེས་ཞེ་ཆེན་རི་ཁྲོད་པདྨ་འོད་གླིང་ནས་སྨིན་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་ལུང་བཅས་གསན། དེ་སྐབས་རྒྱལ་ཚབ་རིན་པོ་ཆེ་སྐུ་བསྙུན་ལྕི་པོ་བཞེས་པར་ཞབས་བརྟན་གསོལ་གདབ་ཞུས་པར་བསྙུན་ལས་གྲོལ་ཞིང་ཞབས་པད་ཡུན་བརྟན་གྱི་རྟེན་འབྲེལ་ལེགས་འགྲིགས་བྱུང་།

སླར་ཡང་ཤིང་བྱི་ལོར་ཞེ་ཆེན་ཡང་ཁྲོད་བདེེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྨིན་གྲོལ་རྒྱབ་བརྟེན་བཅས་ཞིབ་རྒྱས། གཏེར་མཛོད་བཀའ་རྒྱ་པོད་གསུམ་གྱི་དབང་ལུང་དང་། རྒྱལ་ཚབ་རིན་པོ་ཆེའི་གསུང་རབ་སྔར་མ་གསན་པ་ཚང་མའི་གདམས་གཏད་བཅས་ནན་དུ་གསན་པར་མཛད། རྒྱལ་ཚབ་རིན་པོ་ཆེས་ཀྱང་རྗེ་བླ་མ་རིན་པོ་ཆེ་འདི་ཉིད་ཀྱི་མདུན་ནས་སྒྲུབ་ཐབས་ཀུན་བཏུས་གསན་བཞེད་ཀྱིས་དཀར་པོ་རྣམ་གསུམ་རྗེས་གནང་ཐོག་མར་གསན་པ་ནས་བརྩམས། བཀའ་མ་གནུབ་ལུགས་གཤིན་རྗེ་ཁ་ཐུན་གྱི་དབང་ཆེན་དང་། སྨིན་ལོའི་ཡིག་སྟེང་ནས་ཟུར་ལུགས་གསང་བ་སྙིང་པོའི་རྒྱུད་བཤད་འཇམ་མགོན་མཁྱེན་བརྩེའི་ཉེ་བརྒྱུད་ཅན་དང་། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་ལུང་ཡོངས་རྫོགས་ཀྱིས་མཚོན་བཀའ་གཏེར་གྱི་སྨིན་གྲོལ་མང་པོ་གསན་པ་དང་། སྐུ་གཤེགས་པའི་སྐབས་གདུང་མཆོད་ཞག་བདུན་གསུམ་རིང་བཞུགས་ཤིང་སྐུ་གདུང་ཞུགས་འབུལ་སོགས་དགོངས་རྫོགས་ཀྱི་སྐོར་དང་། མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཡེ་ཤེས་གཟིགས་པས་ངོས་འཛིན་དང་རྗེ་གོང་མ་ལས་གསན་པའི་དབང་ཆོས་ཕལ་ཆེར་སླར་སྩལ་ཏེ་ཐེག་མཆོག་ཆོས་ཀྱི་ཁྲི་ལ་དབུགས་དབྱུང་བ་སོགས་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད། རྗེ་དེའི་ཐུགས་སྲས་ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཞབས་ལ་ཐུགས་ཡིད་གཅིིག་འདྲེས་ཀྱི་ནང་མའི་གསུང་འཕྲོས་གནང་བས་རྗེ་དེའི་ཐུགས་དམ་ཉམས་བཞེས་ལ་དོགས་སེལ་དང་བླ་མའི་མཛད་ཕྲིན་སྐྱོང་ལུགས་སྐོར་གྱི་བསླབ་སྟོན་ཞིབ་རྒྱས་སུ་གནང་བ་དང་། རྒྱལ་ཚབ་རིན་པོ་ཆེ་ལས་གསན་པའི་རྗེ་མཁྱེན་བརྩེའི་ཉེ་བརྒྱུད་དུ་བཞུགས་པའི་བཀའ་མ་ཚོགས་ཆེན་འདུས་པའི་དབང་ཡོངས་རྫོགས་དང་། འཇམ་མགོན་རིན་པོ་ཆེས་སྒྲུབ་དབང་མཛད་པའི་རྒྱུན་བཀའ་བརྒྱད་བདེར་འདུས་ཀྱི་སྒྲུབ་དབང་ཆེན་མོ་བཅས། སྙིང་ཐིག་ཆེན་མོ་པདྨ་དང་བི་མའི་བཀའ་སྲོལ་གྱི་ལུང་ཡོངས་རྫོགས། རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱི་བཀའ་འབུམ་ལུང་། རྒྱལ་ཚབ་རིན་པོ་ཆེའི་གསུང་གལ་གནད་ཆེ་བ་དུ་མའི་ལུང་སོགས་དབང་ཆོས་མང་དུ་གསན་ཅིང་། ཞེ་ཆེན་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ལས་ཉང་གི་ཁྲོས་ནག་དབང་བསྡུས། སྨིན་གླིང་གཤིན་རྗེ་དྲེགས་འཇོམས་དབང་། འཆི་མེད་ཡང་སྙིང་ཀུན་འདུས། གླིང་གཏེར་ཚེ་ཡུམ་ཙཎྜ་ལཱིའི་དབང་། གཏེར་ཆེན་པད་གླིང་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་སོགས་གསན་ཅིང་ཕན་ཚུན་ཐུགས་བརྩེ་དད་དམ་མཚུངས་ཟླ་མེད་པར་བཞུགས། རྒྱལ་ཚབ་རྡོ་རྗེ་འཆང་གི་ཉེ་གནས་བླ་མ་འཇམ་དབྱངས་བློ་གསལ་ལས་རྗེའི་གསུང་སྐོར་ཕལ་ཆེ་བའི་ལྗགས་ལུང་གསན། ལྕགས་སྤྲེལ་དགུང་གྲངས་ཉེར་བརྒྱད་སྟེང་བྱང་ཕྱོགས་རྡོ་སྒར་དུ་ཆེད་ཕེབས་ཀྱིས་ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མའི་མདུན་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ནང་སྒྲུབ་རིག་འཛིན་འདུས་པའི་རྩ་དབང་རྒྱས་པ་གྲུབ་ཆེན་རིན་པོ་ཆེའི་ལྗགས་བསྒྲིགས་ལྟར། ཡང་གསང་ཐིག་ལེའི་རྒྱ་ཅན་གྱི་སྨིན་བྱེད། ཀློང་སྙིང་བསྐྱེད་རྫོགས་སྐོར་དང་ཁྱད་པར་རྫོགས་པ་ཆེན་པོ་ཡེ་ཤེས་བླ་མའི་སྨིན་ཁྲིད་ཟབ་རྒྱས། ཀུན་མཁྱེན་བླ་མ་དེ་ཉིད་ཀྱི་ལེགས་བཤད་གསང་སྙིང་སྤྱི་དོན་རིན་ཆེན་མཛོད་ལྡེའི་ལྗགས་བཤད་བཅས་དང་། ཐུན་མིན་ཐུགས་བརྩེའི་ཞལ་གདམས་ལྷུག་པར་སྩལ་བས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་། ཀུན་མཁྱེན་བླ་མ་རང་གི་གསུང་རྩོམ་ལེགས་བཤད་བསྟན་བཅོས་ཐམས་ཅད་ཀྱི་གཏད་རྒྱ་ཐུན་མིན་དུ་མཛད་ནས་འཆད་ཉན་འཛིན་སྤེལ་འོས་པའི་བཀའ་ལུང་དགྱེས་པས་སྩལ་བ་དང་། ཕྱིས་སུ་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་ཐུབ་བསྟན་ཕྲིན་ལས་དཔལ་བཟང་ལས་མཁའ་འགྲོ་སྙིང་ཐིག་སོགས་དབང་ཆོས་དུ་མ་གསན། རྡོ་སྒར་མཁན་པོ་ལས་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་དགོངས་གཏེར་དམ་ཆོས་བདེ་ཆེན་ལམ་མཆོག་སྐོར་གསན་པར་མཛད། ཕེབས་ལམ་ནས་གཏེར་ཆེན་ལས་རབ་གླིང་པའི་མདུན་ཆེད་ཕེབས་མཛད་ཅིང་། གཏེར་ཆེན་འདི་མ་མཇལ་གོང་ནས་མཚན་ཐོས་པ་ཙམ་གྱིས་བཅོས་མིན་གྱི་དད་གདུང་ཐུགས་ལ་འཁྲུངས་པ་ཞིག་མངའ་བའི་དབང་གིས་སྔ་ཕྱིར་མཇལ་འཕྲད་ལན་མང་གིས་འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་ཀྱི་ཟབ་གཏེར་དགོས་པའི་དབང་གིས་གཏེར་ཆེན་འདི་ཉིད་ལ་བཀའ་བབས་པ་རྡོ་རྗེ་ཕུར་པ་ཡང་སྙིང་སྤུ་གྲིའི་དབང་ཁྲིད་ལུང་བཅས་ལས་གླིང་རང་གི་གཏེར་ཆོས་ནས་ཕུར་པ་རྡོ་རྗེ་བཀོད་པ་དང་། རྒྱ་ཆེར་རོལ་པ་བཅས། རྟེན་འབྲེལ་ཉེས་སེལ་རྒྱས་འབྲིང་། དགོངས་གཏེར་གེ་སར་ཆོས་སྐོར་བཅས་མང་དུ་གསན་ཅིང་གཏེར་ཆོས་ཡོངས་རྫོགས་ཀྱི་གདམས་གཏད་གནང་། ཕྲེང་གཏེར་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་དབང་དང་གཞུང་པོད་ལུང་། ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་དབང་དང་། ཀུན་གཟིགས་མཁྱེན་བརྩེའི་ཞལ་ལུང་ཉམས་མེད་ཀྱི་ཁྲིད་ཟིན་སྟེང་ནས་ཁྲིད་ཀྱིས་མཚོན་ཟབ་ཆོས་མང་དུ་གསན། སྤྱིར་གཏེར་ཆེན་ལས་གླིང་འདིའི་མཚན་ཐོས་པ་ཙམ་ནས་དད་གདུང་རང་བཞིན་གྱིས་སྐྱེ་བའི་དབང་གིས་རྟེན་འབྲེལ་ཉེས་སེལ་བསྡུས་པ་ཤོག་སེར་ལས་འབེབས་བསྐུལ་ཞུས་པ་ཡིན་ཅིང་། མཁས་གྲུབ་གཉིས་ཀའི་རྣམ་ཐར་ངོ་མཚར་ཅན་བཞུགས་གསུངས། ཤིང་གླང་དགུང་གྲངས་སོ་གསུམ་སྟེང་ལྷ་གདན་གནས་གཟིགས་དང་པོར་ཕེབས་སྐབས་སྨིན་གླིང་ཁྲི་ཆེན་འགྱུར་མེད་དོན་གྲུབ་དབང་རྒྱལ་མདུན་ནས་ཚེ་སྒྲུབ་ཡང་སྙིང་ཀུན་འདུས། གཅུང་རིན་པོ་ཆེ་ངག་དབང་ཆོས་གྲགས་ལས་པད་གླིང་ཚེ་སྒྲུབ་དང་མ་ནིང་གི་དབང་། སྨིན་ལུགས་གསང་ཡེ་དང་། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་། མགོན་དཀར་ཚེ་དབང་། རྡོར་གླིང་མ་ནིང་གི་སྲོག་དབང་དང་རྡོར་གླིང་ཚེ་སྒྲུབ་ཀྱི་དབང་། གྲྭ་མངོན་ཞང་བློན་གྱི་རྗེས་གནང་། མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུ་ལས་ཉང་ལུགས་མགོན་པོ་ཕྱག་བཞི་པའི་དབང་། རྡོར་འཛིན་རིན་པོ་ཆེ་རྣམ་གྲོལ་རྒྱ་མཚོ་ལས་རིག་འཛིན་ཐུགས་ཐིག་དང་དྲག་དམར་སྐོར་བཅས་གསན། རྒྱལ་མཆོག་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ལས་བྱང་ཆུབ་ལམ་སྒྲོན་གྱི་ཆོས་འབྲེལ་གསན་ཅིང་། གཏེར་ཆེན་ལས་གླིང་དང་པད་དཀར་འཆང་བ་ཡབ་སྲས་གངས་ཅན་བསྟན་འགྲོའི་དཔལ་དུ་ཞབས་པད་བརྟན་དགོས་པའི་རྒྱུ་མཚན་ཞུས་པས་ཐུགས་དགྱེས་ཚུལ་གྱི་དབུགས་དབྱུང་སྩལ། ཕྱིས་སྐུ་ཚེའི་སྨད་དུ་པད་དཀར་འཆང་བ་བསྟན་འཛིན་རྒྱ་མཚོ་ལས་ཐུགས་རྗེ་ཆེན་པོ་མི་ཏྲ་ལུགས་སྟག་ཕུའི་གཏེར་བྱོན་གྱི་དབང་གསན་ཅིང་། བཀའ་མོལ་ཞིབ་པར་གནང་ཆེད་སྦུག་མཇལ་ལན་མང་དུ་ཐུན་མིན་ཐུགས་བརྩེས་བསྐྱངས་པར་མཛད། ཨ་མདོ་དགེ་བཤེས་མཁས་པའི་དབང་པོ་འཇམ་དཔལ་རོལ་པའི་བློ་གྲོས་ལས་རྩ་རྒྱུད་གསང་བ་འདུས་པའི་དབང་ཆེན། འཇིགས་བྱེད་དཔའ་བོ་གཅིག་པ་སོགས་དབང་དུ་མ་གསན་ཅིང་ཕན་ཚུན་དད་འདུན་ཆེས་ཆེ་བར་མཛད། མཆོག་གླིང་གཏེར་སྲས་རིག་འཛིན་ཚེ་དབང་ནོར་བུ་ལས་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་ཀྱི་དབང་དང་། པདྨ་བཀའ་ཐང་གི་ལུང་སོགས་སྐུ་གཞོན་པའི་སྐབས་ཀཿཐོག་གུ་རུའི་ལྷ་ཁང་ནས་གསན་པ་དང་། གནས་བརྟན་དགོན་གྱི་མཆོག་གླིང་སྤྲུལ་སྐུ་རིན་པོ་ཆེ་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ལས་ཐུགས་སྒྲུབ་བར་ཆད་ཀུན་སེལ་རྩ་བ་ཡན་ལག་སྐོར་ཡོངས་རྫོགས། ཟབ་བདུན་ཡང་ཕུར་སོགས་ཆ་ཚང་། གསང་ཐིག་སྐོར་གསུམ། པདྨ་གར་དབང་། འཁོར་བ་དོང་སྤྲུགས། རིགས་གསུམ་སྙིང་ཐིག་ཞིབ་རྒྱས། ལམ་རིམ་ཡེ་ཤེས་སྙིང་པོའི་བཤད་ཁྲིད་སོགས། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་རྫོགས་རིམ་ཉོན་མོངས་དུག་ལྔ་རང་གྲོལ་གྱི་ཟབ་དབང་། ཆོས་སྐྱོང་དགོངས་འདུས་སྲོག་གཏད། ཤྭ་ནའི་སྲོག་ཕུར་གཏད་པ་སོགས་བཀའ་རྒྱ་སྐོར་བཅས་མཆོག་གླིང་གཏེར་ཆོས་ཡོངས་རྫོགས་དང་། རྗེ་ཉིད་ཀྱིས་གསར་བསྒྲིགས་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་དབང་།

གཞན་ཡང་ཚ་བ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་འཇམ་མགོན་མཁྱེན་ཀོང་མཆོག་གསུམ་ལས་གསང་སྙིང་གི་བཤད་རྒྱུན་ཞིབ་པར་གསན་པའི་གསུང་རྒྱུན་ལེགས་བཤད་སྒྱུ་འཕྲུལ་གསང་སྙིང་གི་འགྲེལ་ཆུང་། འཇམ་དཔལ་བསྟོད་སྒྲུབ་ཀྱི་རིག་གཏད་ལན་བཅུ་གསུམ་དང་། སྨིན་གཏེར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་དབང་ཀུན་གཟིགས་བླ་མ་རིན་པོ་ཆེ་ལས་ལན་དྲུག་ཏུ་གསན་པ་དེ་དག་གི་དབང་སོགས་གནད་ཆེན་དུ་མ་གསན། ཙི་ཀེའི་གདན་ས་སྨིན་གྲོལ་ནོར་བུ་གླིང་གི་གཏེར་ཆེན་བླ་མའི་མཆོག་སྤྲུལ་འགྱུར་མེད་བསྟན་པའི་རྒྱལ་མཚན་ལས་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་ཀྱི་དབང་། དགོངས་གཏེར་བི་མའི་བླ་སྒྲུབ་ཀྱི་དབང་ཁྲིད། རིག་འཛིན་སྲོག་སྒྲུབ་ཀྱི་པོད་ལུང་སོགས་མཁྱེན་བརྩེ་རིན་པོ་ཆེའི་བརྒྱུད་པ་རྣམས་གསན་པ་དང་། གླིང་ཆོས་རྒྱལ་རིག་པ་འཛིན་པ་པདྨ་བཞད་པ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་ཡབ་ཡུམ་ནས་རྗེ་བླ་མ་དགུང་ལོ་བཅུར་ཕེབས་པ་ཀཿཐོག་བཞུགས་སྐབས་མཇལ་དུ་ཕེབས་པར་ཆོས་འབྲེལ་དུ་འཇམ་དཔལ་བསྟོད་པ་གང་བློ་མའི་ལྗགས་བཤད་ཐུགས་ཐོག་ནས་གསུངས་པས་དད་གདུང་དཔེ་མེད་མཛད་དེ་སྤྱན་ཆབ་བསིལ། ཕྱིས་རྒྱལ་པོའི་ཕོ་བྲང་དུ་སྒྲུབ་ཆེན་དང་སྨན་སྒྲུབ་དུ་མའི་དབུར་གདན་དྲངས་ཤིང་། རིག་པ་འཛིན་པ་དེ་ཉིད་ལས་ཚེ་ཡུམ་ཙཎྜ་ལཱིའི་དབང་། ལྷ་རིགས་བདེ་ཆེན་རོལ་པ་རྩལ་གྱི་དག་སྣང་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་སྲོག་དབང་སྐོར་འཇམ་མགོན་མི་ཕམ་རིན་པོ་ཆེའི་བརྒྱུད་པ་དང་། ཆོས་རྒྱལ་ཉིད་ཀྱི་དགོངས་གཏེར་ཚེ་ཡུམ་གྱི་རྩ་བའི་ཆོས་བདག་ཏུ་བསྔགས་ཏེ་དབང་ཕུལ་བས་སྐུ་ཚེའི་གེགས་ལས་གྲོལ་བ་སོགས་རྟེན་འབྲེལ་ལེགས་ཚོགས་སུ་གྱུར་ཅིང་ཕན་ཚུན་དད་དམ་མཐར་སོན་པར་གྱུར། གསུང་ངག་རིན་པོ་ཆེ་ཉམས་བཞེས་སྐུ་ཚེ་གཅིག་གིས་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པ་སྙན་བརྒྱུད་འཛིན་པ་ཀུན་གྱི་རྒྱལ་པོ་སྒ་སྟོན་རྡོ་རྗེ་འཆང་ཆོས་རྗེ་ངག་དབང་ལེགས་པ་རིན་པོ་ཆེ་ཆེད་དུ་གདན་ཞུས་ཀྱིས་བླ་སློབ་འབྲེལ་ནས་སྔ་ཕྱི་མང་དུ་མཇལ་འཕྲད་དང་། གཙོ་བོར་གསུང་ངག་རིན་པོ་ཆེ་ཚད་མ་བཞི་ལྡན་གྱི་སྙན་བརྒྱུད་ལམ་འབྲས་སློབ་བཤད་ཆེན་མོ་ཤིན་ཏུ་ཞིབ་རྒྱས། མཁའ་སྤྱོད་བྱིན་རླབས་ཁྲིད་བཅས། རྭ་ཚར་གྱི་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་། རྭ་ཁྲིད་མཁའ་འགྲོའི་སྙན་བརྒྱུད། དམར་ཁྲིད་ཚེམ་བུ་ལུགས། སྒྲོལ་དཀར་ཚེ་ཁྲིད། མདོར་ན་ས་ལུགས་དབང་ལུང་གལ་གནད་གང་ཆེའི་སྐོར་གསན་ཅིང་། རྗེ་འདིས་ཀྱང་འཇམ་མགོན་བླ་མ་མཆོག་རིགས་ཀྱི་བདག་པོ་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོ་དངོས་སུ་བྱོན་པ་ཞེས་བསྔགས་བརྗོད་དང་ཐུགས་འདུན་ཤིན་ཏུ་ཆེ་བར་གནང་། ཨེ་ཝྃ་ཐར་རྩེའི་མཁན་ཆེན་འཇམ་དབྱངས་ཀུན་བཟང་བསྟན་པའི་ཉི་མ་ལས་ཀྱེ་རྡོར་རྒྱུ་ལམ་གྱི་དབང་ཆེན་དང་། ལམ་ཟབ་ཕྱི་ནང་གི་བྱིན་རླབས། ཐར་རྩེ་ཞབས་དྲུང་བྱམས་པ་ནམ་མཁའ་ཀུན་བཟང་བསྟན་པའི་རྒྱལ་མཚན་ལས་ཚེ་དཔག་ལྷ་དགུའི་དབང་། སྟག་ཞོན་གྱི་རྗེས་གནང་དང་གཞུང་པོད་ཀྱི་ལུང་སོགས་གསན། ངོར་མཁན་ཆེན་རྡོ་རྗེ་འཆང་དམ་པ་ལགས་སམ་མཚན་དངོས་དོན་དཔལ་ཞབས་ལས་ཚེ་རྟ་ཟུང་འབྲེལ་གྱི་ཚེ་དབང་གསན་ཅིང་། མཁན་ཆེན་དམ་པ་འདིས་རྗེ་བླ་མར་སྙིགས་དུས་འདིར་རྡོ་རྗེ་འཆང་གི་མཛད་པ་སྒྲ་ཇི་བཞིན་དུ་སྒྲུབ་པའི་བདག་ཉིད་ཆེན་པོ་འདི་ཉིད་ངེས་ཞེས་བསྔགས་པ་ཆེས་ཆེར་གནང་། ཀླུ་ལྡིང་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་ལས་དཀར་པོ་ལྷ་གསུམ་གྱི་རྗེས་གནང་། གཟིམས་འོག་མཆོག་སྤྲུལ་རིན་པོ་ཆེ་ལས་ཀྱེ་རྡོར་རྒྱུ་ལམ་གྱི་དབང་། ལམ་ཟབ་ཀྱི་བྱིན་རླབས། ཞལ་གྱི་དབང་ཁྲིད་ཚང་མ་གསན། སྡེ་གཞུང་མཆོག་སྤྲུལ་ཀུན་དགའ་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་ལས་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་དང་། བདེ་དྲིལ་ལུས་དཀྱིལ། མཁའ་སྤྱོད་བྱིན་རླབས། མགོན་པོ་གུར་དང་སྒྲོལ་དཀར་རྗེས་གནང་ཐུན་མིན། དགྱེས་རྡོར་ལམ་དབང་སོགས་མང་དུ་གསན་ཅིང་གསང་ཆེན་སློབ་བཤད་ཀྱི་ཟབ་གནད་ཐུན་མོང་མ་ཡིན་པ་སྒ་སྟོན་འཇམ་པའི་དབྱངས་ཀྱི་ཞལ་ལུང་གི་བགྲོ་གླེང་གནང་ཞིང་དེ་དག་ཡི་གེར་བཀོད་པར་བཀས་བསྐུལ་བ་སོགས་ལམ་འབྲས་བསྟན་པའི་སྲོག་ལྟ་བུར་གྱུར་པ་དང་། དེང་སང་ས་སྐྱའི་ཕྱོགས་ལ་བསྟན་འཛིན་འདི་ལས་ལྷག་པའི་ཡོན་ཏན་མངའ་བ་སུའང་མེད་ཅེས་བསྟོད་བསྔགས་ཡང་ཡང་གནང་ཞིང་། ཆོས་རྗེ་སྒ་སྟོན་རྡོ་རྗེ་འཆང་ལ་མཉེས་པ་གསུམ་གྱི་ཞབས་ཏོག་ཕུལ་དུ་སོན་པས་ཐུགས་ཡིད་གཅིག་ཏུ་འདྲེས་པ་ཡིན་ཅེས་ཐུགས་ནང་ཤིན་ཏུ་གཤིམ་པར་མཛད། རྗེ་བླ་མ་ལ་ཀུན་གཟིགས་མཉྫུའི་ཞབས་དངོས་སུ་བྱོན་པ་ཞེས་མཆོག་སྤྲུལ་རིན་པོ་ཆེས་ཀྱང་བསྔགས་བརྗོད་དད་མོས་ཆེས་ཆེར་གནང་། སྒ་སྟོད་ཐར་ལམ་སྡེ་གཞུང་སྤྲུལ་སྐུ་མཆོག་ལས་ས་སྐྱ་གོང་མ་རྣམ་ལྔ། ངོར་ཆེན་རྡོ་རྗེ་འཆང་། ཞུ་ཆེན་མ་ཧཱ་པཎྜི་ཏའི་བཀའ་འབུམ་ལུང་སོགས་རྒྱ་ཆེར་གསན། མཁྱེན་བརྩེའི་མཆོད་དཔོན་བླ་མ་ཤེས་རབ་ལས་སྐུ་ཆུང་དུས་ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་དང་། རྩེ་ལེ་མཁས་མཆོག་པདྨ་ལེགས་གྲུབ་ཀྱི་བཀའ་འབུམ་ལུང་སོགས་གསན། ཆོས་བཞིན་སྤྱོད་པའི་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དབྱངས་རྒྱལ་མཚན་ལས་ཀྱེ་རྡོར་རྒྱུ་ལམ་གྱི་དབང་། བདག་མེད་ལྷ་མོ་བཅོ་ལྔའི་དབང་། ལམ་འབྲས་སློབ་བཤད་ཀྱི་ཁྲིད་ལུང་སོགས་གསན་ཅིང་རྗེ་བླ་མ་རིན་པོ་ཆེར་ཞབས་ཏོག་དང་དད་མོས་སྲི་ཞུ་ཤིན་ཏུ་ཆེ་བར་གསུངས། རྫོང་སར་དགོན་གྱི་རྡོར་འཛིན་བླ་མ་བྷོ་དྷི་བྷ་དྲ་ལས་ས་ལུགས་མི་འཁྲུགས་པ། ཀྱེ་རྡོར། མཁའ་སྤྱོད་སྐོར་གྱི་དབང་ཁྲིད་རྒྱ་ཆེར་གསན། རྗེ་བཙུན་སྒྲོལ་མ་སྐུ་དངོས་ཀྱིས་རྗེས་སུ་བཟུང་བའི་སྦས་པའི་རྣལ་འབྱོར་བསྟན་འཕེལ་ལས། ཐང་སྟོང་རྒྱལ་པོའི་གསང་སྤྱོད་མཁའ་འགྲོ་སྙན་བརྒྱུད་ཀྱི་སྨིན་གྲོལ། མགོན་པོ་གུར་གྱི་དབང་དང་རྗེས་གནང་ཟབ་ཁྲིད་ཀྱི་སྐོར། རྒྱུད་སྡེ་བཞི་འབྲེལ་སྒྲོལ་མའི་དབང་། མཁའ་སྤྱོད་མའི་བྱིན་རླབས་དང་ཁྲིད་བཅས་གསན། བྲག་ཡབ་གཙང་སར་སྤྲུལ་སྐུ་ལས་འཁོན་ལུགས་ཕུར་པ་སྟོད་སྨད་ཀྱི་དབང་ཆེན། རྣམ་སྲས་དང་མགོན་པོ་གུར་གྱི་སྐོར་སོགས་ས་སྐྱའི་ཞལ་ངོ་ནང་བརྒྱུད་ཀྱི་རིགས་མང་པོ་གསན། སྡེ་དགེ་ལྷུན་གྲུབ་སྟེང་གི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ལས་དཔལ་དུས་ཀྱི་འཁོར་ལོ་བུ་ལུགས་ཀྱི་དབང་ཆེན། འཇིགས་བྱེད་དང་ཞལ་གྱི་པོད་ལུང་རྣམས་གསན། རྡོར་འཛིན་དཔལ་ལྡན་འཇམ་དབྱངས་ལས་བདེ་མཆོག་ལཱུ་ཧིའི་ལུགས་ཀྱི་དབང་ཆེན། ཞལ་གྱི་སྨིན་གྲོལ་ཚང་མ། ཤར་བླ་མ་དཀོན་མཆོག་བསྟན་འཛིན་ལས་གུར་མགོན་གྱི་རྗེས་གནང་ཡོངས་རྫོགས། བཀའ་ཁྲིད་ཞིབ་རྒྱས། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་ཁྲིད་བཅས་གསན། སྒ་ཐུབ་བསྟན་དགོན་གྱི་བླ་མ་སྡེ་སྣོད་འཛིན་པ་ཆེན་པོ་ངག་དབང་བསྟན་པ་མཆོག་ལས། ཆོས་བཀའ་ཆེན་པོ་འདི་ཉིད་གསན་པའི་འོས་སུ་གཟིགས་ཏེ་སྔ་མོ་ནས་ལུང་རྒྱུན་ཐ་དད་རྣམས་ཞིབ་ཚགས་ཞུ་བར་བཀས་བསྐུལ་ཞིང་མཐུན་སྦྱོར་སོགས་གནང་བ་ལྟར་བརྒྱུད་སྲོལ་མཐའ་དག་ཡོངས་སུ་རྫོགས་ཤིང་འཆད་སྤེལ་ཡང་ལན་བཅུ་གསུམ་ཙམ་ངེས་པར་སོང་བ་དེ་ཉིད་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡོངས་སུ་རྫོགས་པའི་བཀླག་ལུང་ཞིབ་རྒྱས་རིང་ཉིན་བཞིན་མཆོད་སྤྲིན་གྱི་བཀོད་པ་རྒྱས་པར་སྤྲོས་ཏེ་གསན་པར་མཛད། བླ་མ་འདིས་རྒྱལ་བཀའ་རིན་པོ་ཆེ་ལན་ཤིན་ཏུ་མང་པོར་གསུངས་པས་ངག་བདེན་ཚིག་གྲུབ་པ་ལྟ་བུ་ཡོད། སྒྲ་གསལ་དག་སྙན་གསུམ་དང་ལྡན་པས་སྤྱིར་སྟོན་པ་ཐམས་ཅད་མཁྱེན་པའི་གསུང་ལ་ངོ་མཚར་ཆེ་བ་གཞིར་བཅས། ལྷག་པར་སངས་རྒྱས་ཕལ་པོ་ཆེའི་སྡེ་སྣོད་ནི་སངས་རྒྱས་ཀྱི་གསུང་གསང་བ་བསམ་མི་ཁྱབ་པ་ཟབ་ཅིང་རྒྱ་ཆེ་བའི་ངོ་མཚར་རྨད་དུ་བྱུང་བས་དད་སྤྲོའི་ཡིད་ཆེས་ཐོབ་པ་བྱུང་ཞེས་གུས་ལ་བཀའ་འཕྲོས་ཕེབས། ས་སྐྱ་ཕུན་ཚོགས་ཕོ་བྲང་གི་སྐྱབས་མགོན་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ལས་འཁོན་ལུགས་ཕུར་པ་སྟོད་ལས་སྨད་ལས་ཀྱི་དབང་ཆེན་དང་། ཚེ་རྟ་ཟུང་འབྲེལ་སོགས་གསན་ཅིང་། བླ་མ་ཞི་ཁྲོའི་ཚེ་དབང་། གསེར་ཆོས་ཁྱུང་ནག །གུར་ལྷ་བརྒྱད། ཞལ་དཀར་པོ་ཚེ་འཕེལ་སོགས་གསན། །ས་སྐྱ་སྒྲོལ་མ་ཕོ་བྲང་གི་ཁྲི་ཆེན་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་དབང་གི་རྒྱལ་པོ་ལས་འཁོན་ལུགས་ཕུར་པ་སོགས་དབང་ཆེན་མང་དུ་གསན། ལྷ་ཁང་མཁན་ཆེན་འཇམ་དཔལ་བཟང་པོ་ལས་རྟ་མགྲིན་ཡང་ཁྲོས་དབང་ཆེན་ས་ལུགས་ཡིག་ཆ་ལྟར་དང་། ངོར་ཆེན་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲི་ལ་བཞུགས་པ་ངོར་ཐར་རྩེ་མཁན་རིན་པོ་ཆེ། ཕན་ཁང་། ཀླུ་ལྡིང་། ཁང་གསར་བཅས་ལའང་སྐབས་བབས་ཀྱི་ཆོས་འབྲེལ་རེ་གསན་པར་མཛད།

རབ་འབྱམས་པ་ཀུན་བཟང་བསོད་ནམས་ཀྱི་ཉེ་གནས་མཁན་ཨ་དཔལ་ཞབས་ལས་རྗེའི་ལམ་རིམ་ཆེན་མོ་དང་། ཨ་མདོ་རྨེ་པ་བླ་མ་བཤེས་གཉེན་དམ་པ་ཞིག་ལས་རྗེ་ཡབ་སྲས་སོགས་ཀྱི་བཀའ་འབུམ་སྐོར་ཞིབ་ཏུ་གསན་བཞེད་ལོ་ཟླ་སོགས་གཏན་ཁེལ་མཛད་ཀྱང་དུས་ཟིང་གིས་རྟེན་འབྲེལ་འཕྲོ་ཅན་དུ་ལྷག །མདོ་ཁམས་གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་རྗེ་གོང་མའི་ཟབ་གཏེར་འཕགས་མའི་སྙིང་ཐིག་གི་བི་མ་མི་ཏྲའི་བླ་སྒྲུབ་བྱིན་རླབས་སྙིང་པོ། བལ་པོ་ཨ་ཧཱུྃ་འབར་གྱི་ཛཾ་བྷ་ལ་ནག་པོ། ཡེ་ཤེས་བླ་མའི་རིག་པའི་རྩལ་དབང་། གྲུབ་ཆེན་ཧེ་རུ་ཀ་དཔལ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཟབ་གཏེར་གཅོད་འཛིན་པ་རང་གྲོལ། འཇའ་ཚོན་དཀོན་མཆོག་སྤྱི་འདུས་སོགས་གནད་ཟབ་འགའ་ཞིག་གསན། སྐུ་ཕྲེང་དྲུག་པ་མཆོག་སྤྲུལ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་ཞབས་ལས་ཀྱང་དཀོན་སྤྱིའི་ཚེ་དབང་དང་ཉི་གྲགས་ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ། རྟ་མགྲིན་དྲེགས་པ་ཟིལ་གནོན། སྔགས་བདག་མའི་རྗེས་གནང་སོགས་གསན་ནས་རིམ་གྱིས་ཉི་གྲགས་དང་ཁྱེ་བོ་རིག་འཛིན་ཆེན་པོའི་ཆོས་སྐོར་ཚང་མ་གསན་བཞེད་གནང་། རྫོགས་ཆེན་མཁན་རིན་པོ་ཆེ་བསོད་ནམས་ཆོས་འཕེལ་ལས་ཀྱང་གཅོད་འཛིན་པ་རང་གྲོལ་གྱི་དབང་ཁྲིད་ལུང་བཅས་ལན་གཅིག་གསན། ཉག་རོང་གཏེར་སྟོན་དྲི་མེད་འོད་ཟེར་པདྨ་གླིང་པ་ལས་སྟག་ཤམ་ཡི་དམ་དགོངས་འདུས་ཀྱི་དབང་ཆེན། ཡང་གཏེར་བླ་མ་བསྟན་གཉིས་སྐོར་གསུམ། ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ། སྙན་བརྒྱུད་ཡང་དག །གཤིན་རྗེ། ཕུར་པ་སོགས་རྗེ་གོང་མའི་ཟབ་གཏེར་གྱི་དབང་ཁྲིད་བརྒྱུད་པ་བྱིན་རླབས་དང་ལྡན་པ་དུ་མ་དང་། མཁྱེན་བརྩེའི་ཉེ་བརྒྱུད་མཁའ་འགྲོ་ཡང་ཏིག་དང་། ཉེ་བརྒྱུད་ངེས་དོན་སྙིང་པོའི་དབང་ཁྲིད། རྒྱུད་བཅུ་བདུན་དབང་། རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་གྱི་དབང་ཁྲིད་ལུང་བཅས། བཀའ་བརྒྱད་བདེ་འདུས་དབང་འབྲིང་བསྡུས། ཕྲིན་སྒྲུབ་རིན་ཆེན་སྒྲོན་མེའི་དབང་། གུར་དྲག་ཡེ་ཤེས་རབ་འབར། རཏ་གླིང་མ་ནིང་དང་བྱང་གཏེར་ལྷ་ཆེན་སྲོག་དབང་། ཀློང་སྙིང་སྐོར་མང་ཙམ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ལས་གསན་པའི་ཞིག་གླིང་ཆོས་སྐོར་རྣམས་དང་། ཐུགས་སྒྲུབ་བསམ་ལྷུན་དབང་རྒྱས་འབྲིང་བསྡུས་པ་ཚེ་དབང་བཅས། འཇམ་མགོན་ཚེ་རྟ་ཟུང་འབྲེལ། གཤིན་རྗེ་ལྕགས་སྡིག་གི་སྨིན་བྱེད་མུ་ཏིག་ཕྲེང་བ། ཐུགས་རྡོར་མིག་འབྱེད། གསང་བདག་ཉི་མ་མདུང་གང་། གཏེར་སྟོན་ཉིད་ཀྱི་གཏེར་ཆོས་གཤིན་རྗེའི་སྐོར་སོགས་དབང་ལུང་རྒྱ་ཆེན་དང་། རྐྱེན་སེལ་ཞབས་བརྟན་སྔ་ཕྱིར་གནང་བས་སྐུ་ཚེའི་བར་ཆད་བཟློག་པ་སོགས་ཕན་ཚུན་ཐུགས་བརྩེ་ཆེ་ཞིང་། སྐུ་མཆེད་མཁན་ཆེན་བླ་མ་རྒྱལ་མཚན་འོད་ཟེར་ལས། སྒྱུ་འཕྲུལ་ཞི་ཁྲོ། སྙིང་ཐིག་གི་སྐོར་དང་རྡོར་སེམས་མངོན་དགའི་ཞིང་སྦྱོང་གི་དབང་སོགས་གསན། གཏེར་སྟོན་སྐུ་མཆེད་ལ་འཇམ་མགོན་རྣམ་གཉིས་ཀྱི་དབང་དང་སྒྲུབ་ཆེན་གྱི་ཕྱག་ལེན་དབང་ཁྲིད་ཀྱི་རྒྱུན་སོགས་ངོ་མཚར་ཅན་དུ་མ་བཞུགས་པ་ཐམས་ཅད་གསན་བཞེས་གནང་ཞིང་། རྗེ་བླ་མ་རིན་པོ་ཆེ་ལའང་ཐུགས་བརྩེ་དང་དད་གདུང་ཐུན་མིན་མངའ་བར་གསུངས། གཏེར་སྟོན་དྲི་མེད་སྲས་འཇམ་མགོན་མཆོག་སྤྲུལ་པདྨ་ཐུགས་རྗེའི་དབང་ཕྱུག་ལས་དོང་སྤྲུགས་པདྨ་བརྒྱ་ལྡན་དང་། ཞི་ཁྲོའི་ཁྲོམ་དཀྲུག་གཉིས། གཏེར་ཆེན་ལས་རབ་གླིང་པའི་ཆོས་སྐོར་ཡོངས་རྫོགས་འདུས་པ། ཐུགས་སྒྲུབ་སྐོར་སོགས་ཀྱི་དབང་ལུང་རྒྱ་ཆེར་གསན། འཕེལ་ཚ་འོ་ཕུ་དགོན་གྱི་བླ་མ་ལས་སྟག་ཤམ་ཆོས་སྐོར་གྱི་ལུང་ཡོངས་རྫོགས་གསན། གྲུབ་དབང་ཤཱཀྱ་ཤྲཱིའི་སྲས་མཁྱེན་བརྩེའི་ཐུགས་སྤྲུལ་འཕགས་མཆོག་རྡོ་རྗེ་ལས་རྗེ་གོང་མས་ཆོས་བདག་ཏུ་དབུགས་དབྱུང་སྟེ་གྲུབ་དབང་རིན་པོ་ཆེར་བཀའ་བབས་པའི་རྩ་གསུམ་སྤྱི་འདུས་དང་། ཡང་གཏེར་བླ་མ་བདེ་མཆོག་འཁོར་ལོའི་དབང་ཁྲིད་ལུང་བཅས། དགེ་རི་ཆོས་རྒྱལ་རྡོ་རྗེའི་དྲག་མཐིང་གི་དབང་། ཤཱཀྱ་ཤྲཱིའི་དགོངས་གཏེར་གུ་རུ་བདེ་བ་ཆེན་པོའི་དབང་སོགས་གསན། ར་སྤྲུལ་ཐུབ་བསྟན་རྒྱལ་མཚན་ལས་གནམ་ཆོས་དབང་ལུང་ཚང་མ་དང་། རཏ་གླིང་གཏེར་ཆོས་སྐོར་ཆ་ཚང་། རྗེ་མཁྱེན་བརྩེའི་ཞལ་སྔ་ནས་སྩལ་བའི་སྔ་འགྱུར་བཀའ་མ་རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན་ལས་བརྒྱུད་པ་གཟི་འགག་མཆོག་སྤྲུལ་རིན་པོ་ཆེ་ལས་གསན། ཀཿཐོག་མཆོག་སྤྲུལ་མཁས་གྲུབ་ཆེན་པོ་རྒྱལ་སྲས་ཀུན་བཟང་བསྟན་འཛིན་ལས་བླ་མ་དགོངས་འདུས་ཀྱི་སྒྲུབ་དབང་ཆེན་མོ་རྒྱལ་དབང་གི་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་བརྒྱུད་པ་ཞིབ་རྒྱས། པོད་བཅོ་ལྔ་ཡོངས་རྫོགས་ཀྱི་ལུང་། སྤྱི་མདོ་དགོངས་འདུས་ཀྱི་བཤད་ལུང་། ངལ་གསོ་སྐོར་གསུམ་དང་ཐེག་མཆོག་མཛོད་མཁྱེན་བརྩེ་རིན་པོ་ཆེའི་ཉེ་བརྒྱུད་ཅན། བི་མ་དང་མཁའ་འགྲོ་སྙིང་ཐིག་རྫོགས་ཆེན་ཕྱོགས་ཀྱི་བརྒྱུད་པའི་དབང་སོགས་གལ་གནད་ཆེ་བའི་སྐོར་རྒྱ་ཆེར་གསན། སྐུ་ཆུང་དུས་ཡབ་གཞིས་ནས་བྲག་དམར་མཆོག་སྤྲུལ་ཡིད་བཞིན་དབང་རྒྱལ་ལས་ཚེ་དབང་ཞིག་གསན། ཀཿཐོག་མཁན་ཆེན་ངག་དབང་དཔལ་བཟང་ལས་ཀློང་གསལ་དང་བདུད་འདུལ་ཆོས་སྐོར་གྱི་དབང་ལུང་ཡོངས་རྫོགས། གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་ཆེན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་སྒྲུབ་དབང་གི་བརྒྱུད་པ། མཁའ་འགྲོ་ཡང་ཏིག་གི་དབང་ཁྲིད་སོགས་རྒྱ་ཆེར་གསན། ཀཿཐོག་མཁན་ལེགས་བཤད་འབྱོར་ལྡན་ལས་ཀུན་མཁྱེན་འཇིགས་མེད་གླིང་པའི་བཀའ་འབུམ་ཡོངས་རྫོགས་པོད་དགུ་དང་། འཇའ་ཚོན་ཆོས་སྐོར་པོད་དྲུག །བཀའ་མ་ཆོག་བསྒྲིགས་པོད་དགུ་རྫོགས་ཆེན་སྤར་འཁོད་ལྟར་སོགས་ལྗགས་ལུང་རྒྱ་ཆེར་གསན། འབྲི་གཏེར་འོད་གསལ་རྡོ་རྗེ་ལས་གཏེར་སྟོན་རང་གི་ཟབ་གཏེར་སྒྲོལ་མ་དམར་མོའི་དབང་། གཤིན་རྗེ་ཡང་བཟློག་གི་དབང་ཆེན། ཁྲོ་ཆུའི་གཏོར་དབང་། ཟླ་གསང་ཚེ་སྒྲུབ་ཀྱི་དབང་། འབྲི་གུང་སྲུང་མ་ཨ་ཕྱི་ཆོས་སྒྲོན་གྱི་བཀའ་གཏད། བྱད་ཁྲོལ། ཚེ་དབང་སོགས་གསན་ཅིང་སྐུ་ཚེའི་བར་ཆད་སེལ་བའི་བརྟན་བཞུགས་དང་། སྲུང་བཟློག་གི་ཞབས་བརྟན་སྐོར་མང་དུ་བསྒྲུབས་པས་སྐུ་ཚེའི་བར་ཆད་ལས་གྲོལ། གཏེར་ཁ་འགའ་ཞིག་ཕབས་པའི་སྐབས་ཕྱག་བྲིས་གནང་བ་སོགས་ལས་འཕྲོ་སྨོན་ལམ་གཅིག་པས་འབྲེལ་བའི་གཏེར་སྟོན་ཚད་མ་ཡིན་པ་ཕྲན་ལའང་བཀའ་ལན་མང་སྩལ། བདུད་འཇོམས་མཆོག་གི་སྤྲུལ་པའི་སྐུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལས་རྗེ་ཉིད་ཀྱི་དགོངས་གཏེར་གྲོ་ལོད་ཀྱི་སྨིན་གྲོལ་ཡོངས་རྫོགས་དང་། ཟབ་གཏེར་ཐམས་ཅད་ཀྱི་གཏད་རྒྱ་བཅས་གསན་ཅིང་བསྟོད་བསྔགས་དང་ཐུགས་རྩིས་ཆེ་བར་གནང་། བྱ་བྲལ་སངས་རྒྱས་རྡོ་རྗེ་ལས་བཀའ་གདམས་གཞུང་རྙིང་ཁ་ཤས་དང་། ལྷ་བཙུན་ཆེན་པོའི་རྡོ་རྗེ་སྙིང་པོའི་སྐོར་ཆ་ཚང་། རིག་འཛིན་སྲོག་སྒྲུབ་ཁ་སྐོང་སྐོར། ཆགས་མེད་རི་ཆོས་ཐེམ་མེད་སྐོར། སྣང་སྦྱོང་སོགས་བདུད་འཇོམས་ཡབ་སྲས་ཆོས་སྐོར་ཁ་ཤས། སེ་ར་མཁའ་འགྲོའི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་བཅས། རྗེ་ཉིད་ཀྱི་གཅུང་འཆི་མེད་པདྨ་རྡོ་རྗེ་ལས་གསེར་པ་གཏེར་རྒན་གྱི་ཟབ་གཏེར་ཚེ་སྒྲུབ་དང་། རྟ་མགྲིན་སོགས་དུ་མ་གསན། ཨ་འཛོམ་རྒྱལ་སྲས་རིན་པོ་ཆེ་འགྱུར་མེད་རྡོ་རྗེ་ལས་ཚེ་དབང་། མཁའ་འགྲོ་སྙིང་ཐིག་གི་དབང་ཞིབ་རྒྱས། ལྗགས་ལུང་སྐོར་རྒྱ་ཆེར་གསན། རྒྱལ་སྲས་པདྨ་དབང་རྒྱལ་ལས་ཀྱང་ཁྲིད་ལུང་སྐོར་དང་། ཀློང་སྙིང་རྩ་རླུང་གི་འཁྲུལ་འཁོར་སོགས་ཟབ་ཆོས་མང་དུ་གསན། ཐེག་མཆོག་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀུན་དགའ་དཔལ་ལྡན་ལས་བླ་མ་ཡང་ཏིག་གི་ཟབ་ཁྲིད་ཀྱི་དོགས་གཅོད་སྐོར་ཞིབ་ཏུ་གསན། ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་ཀཿཐོག་ཏུ་ཕེབས་སྐབས་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་སྨིན་གྲོལ་རྒྱས་པ་ཚོགས་གར་དང་སྦྲགས་ཏེ་ཞིབ་པ་དང་། རྡོ་རྗེ་གླིང་པའི་ལྟ་བ་ཀློང་ཡངས། ནཱ་རོ་ཆོས་དྲུག་དང་ཕྱག་ཆེན་གྱི་ཁྲིད་སྐོར་མང་པོ་ཀུན་གཟིགས་སི་ཏུ་རིན་པོ་ཆེ་དང་ཡབ་སྲས་ལྷན་རྒྱས་པས་གསན། དགེ་རྒྱས་ཟླ་བཟང་མཆོག་སྤྲུལ་རིན་པོ་ཆེ་ལས་ཀཾ་ཚང་རྒྱལ་རྒྱམ་ལྷ་དགུ། ཕག་མོ་ལྷ་ལྔ། རྗེ་མཁྱེན་བརྩེའི་ཡང་གཏེར་དྲི་མེད་ཀུན་དགའི་རྒྱལ་བ་རྒྱ་མཚོའི་ཆོས་བདག་ཏུ་འཇམ་མགོན་གོང་མས་བསྔགས་པ་དེའི་ལུང་དང་དབང་སོགས་གསན། དྲུང་ནམ་རྒྱལ་སྤྲུལ་རིན་པོ་ཆེ་དང་མཇལ་འཕྲད་མཛད་ཅིང་བདེ་མཆོག་གི་དབང་དང་དུས་འཁོར་གྱི་མཆོག་དབང་གོང་མ་གསུམ་གསན། ཐུགས་དམ་གདིང་ཚད་སོགས་ལ་བཀའ་མོལ་ཞིབ་གནང་དང་གདམས་པའི་གཏད་རྒྱ་ཁྱད་པར་ཅན་སོགས་གསན་རྗེས། གུས་ལ་ཁྱོད་ཀྱི་བླ་མ་དེ་རྟོགས་ལྡན་ཙམ་ལས་མཁས་པ་རེད་མ་བསམ་ཡང་མདོ་སྔགས་ཀྱི་ཟབ་གནད་ཐམས་ཅད་ཐོགས་མེད་དུ་མཁྱེན་ཅིང་གསན་འདུག་པས་སྒོམ་བྱུང་ཀློང་རྡོལ་ཡིན་པ་འདྲ་ཞེས་གསུངས། འཇིག་རྟེན་དབང་ཕྱུག་རྒྱལ་དབང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་དགུང་གྲངས་བཅོ་ལྔའི་སྐོར་འོག་མིན་གཉིས་པ་བཀྲ་ཤིས་ལྷ་རྩེར་མཐོང་གྲོལ་ཅོད་པན་ཆེན་པོའི་མཇལ་ཞུས་མཛད་པས། དད་གདུང་གི་ཤུགས་ལས་ཆོས་རྗེ་དུས་གསུམ་མཁྱེན་པར་དངོས་སུ་གཟིགས་ཤིང་། གཞན་ཡང་སྔ་ཕྱིར་མཐོང་གྲོལ་ཅོད་པན་བཞེས་སྐབས་བི་མ་མི་ཏྲ་དང་། ཀརྨ་པཀྴི་དངོས་སུ་གཟིགས་ཚུལ་གསུངས། ཕྱིས་དབུས་ཕེབས་སྐབས་འོག་མིན་མཚུར་གདན་དུ་ཆེད་དུ་ཞབས་པད་བཀོད་ནས་ཕན་ཚུན་སྐུ་ཚེའི་དཔལ་ཡོན་སྤེལ་བའི་རྟེན་འབྱུང་གི་སྒོ་འཕར་ཚེ་དབང་གསན་པ་དང་། འབྲས་ལྗོངས་སྦས་གནས་ལྟེ་བ་བྲག་དཀར་བཀྲ་ཤིས་སྡིང་དུ་རྒྱལ་དབང་ཀརྨ་པ། རྗེ་བླ་མ། འབྲས་ལྗོངས་རྒྱལ་སྲས་བླ་མ་བཅས་ཆེད་དུ་མ་བསྐུལ་བར་ལྷན་རྒྱས་སུ་ཚོགས། གནས་ཆེན་བྱིན་འབེབས།

ལྷ་སྲིན་དམ་བསྒྲགས་སོགས་གཉིས་ཀས་མཛད་པ་རྟེན་འབྲེལ་ཁྱད་པར་འཕགས་པའི་ཚུལ་འོག་གི་གཟིགས་སྣང་སྐབས་སུ་གསལ། རྒྱ་གར་གནས་གཟིགས་ལྷན་རྒྱས་སུ་ཕེབས་སྐབས་ཐུགས་དམ་དགོངས་པའི་གསུང་གླེང་ཞིབ་རྒྱས་སུ་གནང་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ནས་རྒྱལ་དབང་རིན་པོ་ཆེས་ཁྱེད་ནི་སྣང་སྲིད་ཆོས་སྐུར་ཤར་བས་མཛད་སྒོ་ཐམས་ཅད་རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིགས་ན་ཆོས་རྒྱལ་རཏྣ་གླིང་པ་ལྟ་བུའོ་ཞེས་བསྔགས་བརྗོད་གནང་། དཔལ་སྤུངས་བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དབང་ཆེན་ལས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་སེམས་སྡོམ། མར་ལུགས་དགྱེས་པ་རྡོ་རྗེའི་དབང་ཆེན། བདག་མེད་ལྷ་མོ་བཅོ་ལྔའི་དབང་། སྐྱེར་སྒང་ལུགས་ཀྱི་རྟ་མགྲིན། མཁྱེན་བརྩེའི་གཏེར་ཁ་མཚོ་སྐྱེས་སྙིང་ཐིག་གི་རྩ་དབང་། གསང་ཐིག་རྡོ་རྗེ་ཕུར་པའི་གཏོར་དབང་། འཇམ་དབྱངས་དཀར་པོ་མ་ཏིའི་ལུགས། བྲམ་ཟེ་ཕུར་བུའི་དབྱངས་ཅན། དམ་པའི་སྨྲ་སེང་རྣམས་འཇམ་མགོན་མི་ཕམ་རིན་པོ་ཆེའི་བརྒྱུད་པ། ཐུགས་དམ་ཇོ་ལུགས་སྒྲོལ་དཀར་གྱི་རྗེས་གནང་དང་ཁྲིད་ལུང་། དཀོན་མཆོག་སྤྱི་འདུས་ཚེ་དབང་། ཕྱག་དྲུག་པའི་གཏོར་དབང་། རྗེས་གནང་། མགོན་པོ་སྙིང་ཞུགས་ཀྱི་དབང་སོགས་གསན། རྗེ་ཉིད་བསྙུན་ཚབ་ཆེ་བའི་སྐབས་གདན་ཞུས་མ་མཛད་ཀྱང་ཆེད་དུ་ཕེབས་ནུབ་དེར་གྲུབ་ཆེན་ཌོམྦི་པས་བར་ཆད་སེལ་བའི་མནལ་ལྟས་གཟིགས་པ་སོགས་གུས་ལ་བཀའ་སྩལ་ཞིང་། ཕན་ཚུན་ཐུགས་ཡིད་གཅིག་འདྲེས་ཚུལ་གྱིས་བྱམས་མགོན་རིན་པོ་ཆེར་སྐུ་ཚེའི་བརྟན་བཞུགས་དང་། ཕྱིས་སྐུ་གཤེགས་སྐབས་དགོངས་རྫོགས་སོགས་བཀའ་དྲིན་རྒྱ་ཆེར་བསྐྱངས། ཙཱ་འདྲའི་རྒྱལ་སྲས་འཇམ་མགོན་མཆོག་སྤྲུལ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ལས་རཏ་ཕུར། འཇམ་མགོན་གོང་མའི་ཟབ་གཏེར་ཡང་དག །གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་། རྒ་ལོའི་ལུགས་ཀྱི་མགོན་པོ་ཕྱག་བཞི་པའི་དབང་སོགས་གསན། རྗེ་བླ་མ་མཆོག་ལས་སྔ་འགྱུར་བཀའ་མ་མདོ་ཚོགས་ཆེན་འདུས་པའི་དབང་ཆེན་དང་། རྔོག་ལུགས་འཇམ་དཔལ་གསང་ལྡན་སོགས་གསན། གཏེར་ཆེན་རོལ་རྡོར་མཆོག་སྤྲུལ་ལྔ་པ་ལས་རོལ་རྡོར་གཏེར་ཁ་མཚོ་བྲག་སྐོར་ཡོངས་རྫོགས་གསན་པས་རྗེ་བླ་མར་ཐུགས་ཤེས་གཏིང་ནས་འདྲོང་སྟེ་དགོངས་གཏེར་འོད་གསལ་སྙིང་ཐིག་ཡོངས་རྫོགས་གསན། གཏེར་ཆེན་རོལ་རྡོར་གཏེར་ཆོས་ཡོངས་རྫོགས་ཀྱི་གཏད་རྒྱ་མཛད་ཅིང་མཎྜལ་སྐུ་གསུང་ཐུགས་རྟེན་བཅས་ཕྱག་རྡོར་རྒྱུད་ལ་འགྲེལ་པ་སོགས་ཆོག་ཁྲིགས་འགའ་ཞིག་ཞུས་པ་དེ་མ་ཐག་མཛད་པས་བླ་སློབ་ནང་མར་གྱུར། སངས་རྒྱས་མཉན་སྤྲུལ་དགུ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་ཇོ་ལུགས་སྒྲོལ་དཀར། ཕྱག་ཆེན་ངེས་དོན་རྒྱ་མཚོ་སོགས་མང་དུ་གསན། ཁྲ་ལེགས་མཆོག་སྤྲུལ་ལས་རྩ་རྒྱུད་བརྟག་གཉིས་ཀྱི་སྤྱི་དོན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་། ཀར་ལུགས་མི་འཁྲུགས་པ་དང་ཚེ་དཔག་ལྷ་དགུ། རཏ་གླིང་ཚེ་སྒྲུབ་གསང་འདུས་དོན་དབང་སོགས་གསན། དཔལ་སྤུངས་སྒྲུབ་བླ་ནོར་བུ་ལས་མཁས་དབང་ཀརྨ་ཚེ་དཔལ་གསུང་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་ཆེན་ལུང་། མདོ་སྲིབ་མཁན་ཐུབ་བསྟན་ལས་དཀོན་ལྷུན་བཀའ་འབུམ་དང་རྒྱུད་བཏུས་ཕལ་ཆེ་བའི་པོད་ལུང་གསན། ཟུར་མང་བསྟན་འཛིན་སྤྲུལ་སྐུ་ལས་རོལ་རྡོར་དྲག་ཁྲོས་ཀྱི་དབང་སོགས་དང་། མཁར་མགོ་ཨཾ་མཁར་སྤྲུལ་སྐུ་ལས་ཆོས་རྗེ་གླིང་པའི་གཏེར་ཆོས་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་སོགས་གསན་པ་བཅས་རྣམ་ཐར་ཞལ་གསུང་ལས་གསན་བསམ་མཛད་ཚུལ་རགས་རིམ་གསལ་བ་རྣམས་གཙོ་བོར་སྨོས་པ་སྟེ། ཞིབ་པར་ནི་གསན་ཡིག་པོད་ཆེན་བཞི་ལྷག་བཞུགས་པའི་དཔེ་རྒྱུན་ཡང་མ་འབྱོར་བས་མཐའ་དག་འགོད་ནུས་པ་མ་ཡིན་ལ། རྗེ་བླ་མའི་སློབ་མ་ཡོངས་ཀྱི་ཐ་ཆུང་བདག་ལའང་རང་ལོ་བཅོ་ལྔ་སྐོར་ཐོག་མར་མཇལ་བའི་སྐལ་བཟང་ཐོབ་ནས་ལུགས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཐུགས་བརྩེ་བཀའ་དྲིན་ཆེན་པོས་བསྐྱངས་ཤིང་རྗེ་ཉིད་ཀྱིས་ཟབ་ཆོས་བཞེས་པའི་བླ་མའི་གྲལ་དུ་འཇོག་པར་མཛད་ནས་བཀའ་ལུང་སྩལ་བ་བཞིན། རང་གིས་ཀུན་སློང་ཚེ་རབས་ཐམས་ཅད་དུ་བླ་མ་འཇམ་པའི་དབྱངས་ཀྱི་སྤྱན་སྔར་ཆོས་ཀྱི་མཆོད་སྤྲིན་འབུལ་བའི་སྨོན་འདུན་དང་བཅས་ཀློང་སྙིང་ཡུམ་བཀའི་ཚེ་དབང་ཐོག་མར་ཕུལ་བ་ནས་བརྩམས་ཏེ། ཕུར་པ་རྒྱུད་ལུགས་སམ་རྒྱལ་པོ་ལུགས་ཀྱི་དབང་ཆེན། ཡང་གཏེར་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་རྟ་མགྲིན་དྲེགས་སྒྲོལ་གྱི་དབང་། འཕགས་མའི་སྙིང་ཐིག་གི་ཡང་ཟབ་ཚེ་ཡི་བྱིན་རླབས། ཀློང་སྙིང་དཔལ་ཆེན་འདུས་པ་དང་ཁྲག་འཐུང་རིགས་བཞིའི་སྒོས་སྒྲུབ་ཆ་ཚང་བའི་དབང་། འཇམ་མགོན་མི་ཕམ་རིན་པོ་ཆེ་དང་རྒྱལ་ཚབ་གསུང་སྐོར་མང་ཞིག་གི་ལུང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་ཡོངས་རྫོགས། བཀའ་བརྒྱུད་སྔགས་མཛོད་བཅས་ཀྱི་ལུང་དང་། ཞར་བྱུང་དུ་རྫུ་འཕྲུལ་དང་ཏིང་ངེ་འཛིན་གྱི་ནུས་པ་འདོད་རྒུར་དབང་ཐོབ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཆོ་འཕྲུལ་རྨད་དུ་བྱུང་བས་བྱིན་གྱིས་བརླབས་པས་ལྗོན་ཤིང་དང་ཆུ་ཀླུང་ལས་ཆོས་ཀྱི་སྒྲ་འབྱུང་བ་དང་། འཇམ་དཔལ་དབྱངས་ཀྱིས་བདུད་སྡིག་ཅན་སངས་རྒྱས་ཀྱི་མཚན་དཔེ་ཅན་དུ་བསྒྱུར་ནས་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་སྟོན་ནུས་པར་གསུངས་པ་ལྟར་རང་བྲིས་དགོངས་གཏེར་དུ་མིང་བཏགས་པ་རྣམས་ཀྱང་ཐོག་མར་རྗེ་བླ་མ་མཆོག་གི་ཡེ་ཤེས་གཟིགས་པས་གཏེར་ཆོས་ཚད་ཐུབ་ཏུ་ཞལ་བཞེས་ཀྱིས་དབུགས་དབྱུང་དང་ལེགས་སོའི་གཟེངས་བསྟོད་སྐུ་གསུང་ཐུགས་རྟེན་ཁྱད་པར་ཅན་སོགས་གནང་སྐྱེས་གྱ་ནོམ་པ་དང་བཅས་ཐོག་མར་འབྲི་བར་འོས་པའི་བཀའ་ཆེད་དུ་གནང་ཞིང་། དབང་ལུང་ཡོངས་རྫོགས་གསན་བཞེས་གནང་བར་མཛད་པ་སྟེ། དེའང་རང་ལ་ནི་འདི་རིགས་འབྲི་འོས་ཀྱི་ཡོན་ཏན་དང་མི་ལྡན་མོད། རྗེ་མཁྱེན་བརྩེའི་དབང་པོ་སྐུ་གོང་འོག་གི་བྱིན་རླབས་ཀྱི་ཆ་ཤས་རྒྱུད་ལ་ཞུགས་པའི་མཐུ་ཁོ་ན་ལས་འབྱུང་བར་ངེས་ཤེས་སྐྱེས་པ་ཙམ་རྒྱུ་མཚན་དུ་བཟུང་སྟེ་བཀའ་བཞིན་ཕུལ་བའང་འཕྲོས་སུ་སྨྲས་པའོ། །དེ་དག་ཀྱང་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་ཟུང་གི་ཐུགས་སྲས་ཕལ་མོ་ཆེ་ལས་རང་རང་ལ་ཆེད་དུ་སྩལ་བའི་ཟབ་ཆོས་ཉམས་བཞེས་ཀྱི་སྐོར་ཐམས་ཅད་དམིགས་བསལ་དུ་གསན་པར་མཛད་ཅིང་། སྤྱིར་ཡང་ཐོས་པས་ཆོས་ཚོལ་བ་ལ་ནམ་ཡང་ངོམས་པ་མེད་པས་རྟག་ཏུ་ཟབ་པ་དང་རྒྱ་ཆེ་བའི་དབང་ཁྲིད་ལུང་གི་རྒྱུན་ཐམས་ཅད་གསན་པ་དང་། གཞན་ལའང་གསུང་གིས་བསྐུལ་བར་མཛད།

གསར་རྙིང་གི་ཆོས་བཀའ་གནད་ཆེ་བ་དག་ནི་ལན་གཅིག་གསན་པས་ཚིམ་པ་མིན་པར་བརྒྱུད་པའི་ཁྱད་པར་སོགས་ལ་དགོངས་ནས་ལན་དུ་མར་བསྐྱར་ཏེ་ཡང་ཡང་གསན་པར་གནང་ཞིང་། མདོར་ན་ཕྱི་མའི་དུས་འདིར་མཁས་ཤིང་དངོས་གྲུབ་བརྙེས་པ་དང་། བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས་པའི་དགེ་བའི་བཤེས་གཉེན་སོགས་གསར་རྙིང་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་ཡོངས་འཛིན་བརྒྱད་ཅུ་ལྷག་ལས་ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་རྒྱུན་ཐམས་ཅད་རྒྱ་མཚོ་ཆེན་པོར་ཕྱོགས་ཀྱི་ཆུ་གཏེར་ཐམས་ཅད་ཉིན་རེ་བཞིན་འབབ་ཀྱང་ངོམས་པ་མེད་པར་ཡང་ཡང་འབབ་པ་ལྟར་རྟག་ཏུ་གསན་པ་ལྷུར་བཞེས་པས་མང་དུ་ཐོས་པ་ནོར་བུའི་གསང་མཛོད་བསགས་པ་ལ་ནམ་ཡང་ཆོག་ཤེས་པ་མི་མངའ་ཞིང་། དེ་དག་ཀྱང་གསན་ཡུལ་གྱི་གང་ཟག་ཆོས་བརྒྱུད་ལ་སེལ་ཆགས་པ་དང་། གང་བྱུང་མ་བརྟག་པའི་གྱ་ཚོམ་དང་། ངོ་སྲུང་ཕྱོགས་འཛིན་དང་། ཀླད་ཡངས་ཅོལ་ཆུང་གི་མཛད་པ་མ་ཡིན་པ་དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་འབའ་ཞིག་ལ་བརྟེན་པ་དང་། གསན་བྱའི་ཆོས་ཀྱང་སྐབས་དེའི་མཐུན་འཇུག་དང་། གྲགས་པའི་རྗེས་འབྲང་གི་སྣང་བ་འུར་འདྲོག་དང་ཕྱོགས་ཞེན་ཙམ་མ་ཡིན་པར་རྒྱལ་བའི་བསྟན་པ་རིན་པོ་ཆེར་དངོས་དང་བརྒྱུད་ནས་ཕན་པ་རླབས་གང་ཆེ་དང་། རྒྱུན་དཀོན་ལ་ནུབ་ཀྱིས་དོགས་པ་རྣམས་ཆེད་དུ་གསན་པར་མཛད། གསན་པ་དེ་དག་ཀྱང་གང་ལས་བྱུང་བའི་ཁུངས་དང་གྲུབ་མཐའ་སོ་སོའི་བཤད་པའི་རྣམ་གྲངས། ལྟ་སྒོམ་གྱི་འཇོག་མཚམས། བསྐྱེད་རྫོགས་སོ་སོའི་ཟབ་གནད་མན་ངག་གི་ཆེ་བ་དང་། མཐའ་དག་གི་ཕྱག་ལེན་ཕྲ་བ་ཚུན་ཆད་རང་རང་གི་ལུགས་སྲོལ་མ་འདྲེས་པ་གསལ་བར་མཁྱེན་ཅིང་རྟག་ཏུ་བསྙེལ་བ་མེད་པའི་ཐུགས་དྲན་མངའ། ཉམས་བཞེས་འཆད་སྤེལ་གྱི་སྐབས་སུ་དེ་ལྟར་ཕྱག་ལེན་གནང་ཕྱོགས་ཀྱང་ཕན་ཚུན་འདྲེས་པ་དང་འཆོལ་བ་སོགས་གཏན་ནས་མི་མཛད། ཆོས་ལ་གཅེས་སྤྲས་ཐུགས་ཀྱི་དཀྱིལ་དུ་བཟུང་བས་གསར་རྙིང་གི་གྲུབ་མཐའ་རང་རང་གི་བསྟན་པའི་བདག་པོར་ཁས་འཆེ་བ་དག་ལས་ཀྱང་རྒྱུས་ཆེ་ཞིང་ཐུགས་ཉམས་སུ་བསྟར། བསྟན་པའི་རྒྱུན་དང་རྗེས་འཇུག་གི་མིག་ལྟོས་ལ་དགོངས་པས་གང་གསན་པ་དེ་དག་ཆུད་མི་ཟ་བའི་ཕྱིར་དཔེ་གསར་དུ་བཞེངས་པ་དང་། དཔེ་རྒྱུན་དཀོན་པའི་རིགས་རྣམས་སྤར་དུ་བསྐྲུན་པར་མཛད་པ་དང་། དཀྱིལ་འཁོར་ཙཀླི་གསར་བཞེངས་ལ་སོགས་པ་དེ་མ་ཐག་གནང་ཞིང་། བསྙེན་སྒྲུབ་ཉམས་བཞེས་དང་འཆད་སྤེལ་གནང་བ་སོགས་ཕྱག་རྗེས་ཐོན་ངེས་པ་རེ་དང་། དབང་ཆོས་གྲུབ་པའི་རྗེས་གཏང་རག་གི་དངོས་རྫས་གྱ་ནོམ་པ་སྟོབས་པ་དང་། ཕྲིན་ལས་ཀྱི་སྒོ་ཡངས་པོར་ཕྱེ་བ་དང་། གཞན་ཡང་བསྟན་རྒྱུན་ལ་ཕན་ངེས་པ་དང་གསན་བྱའི་ཡོན་ཏན་ཚད་དང་ལྡན་པར་གཟིགས་ན་ཆོས་པ་ཉམས་ཆུང་སྦས་ཚུལ་ཅན་དག་ལས་ཀྱང་ཆོས་གསན་དགོས་གང་ཡོད་གསན་ཅིང་བསྔགས་པས་གཟེངས་བསྟོད་དབུགས་དབྱུང་གནང་། གསན་ཡུལ་རྣམས་ལ་དད་མོས་ངོ་ལྐོག་དང་བྲལ་བར་དམ་པའི་ཆོས་ཚོལ་བ་དང་། བཤེས་གཉེན་བསྟེན་ཚུལ་མདོ་རྒྱུད་དང་མཐུན་པའི་མཛད་པ་ངོ་མཚར་ཅན་ལ་ཆོག་ཤེས་དང་ངལ་བ་མེད་པར་རྟག་ཏུ་བརྩོན་པར་མཛད་པ་ནི། སྡུད་པ་ལས། དེ་ལྟ་བས་ན་བྱང་ཆུབ་དམ་པ་ཚོལ་བ་ཡི། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་དེས་བཅོམ་སྟེ། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །སངས་རྒྱས་བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག །ཕ་རོལ་ཕྱིན་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟེན། །དེ་དག་རྗེས་སུ་སྟོན་བྱེད་འདི་ནི་སྒྲུབ་པའི་ས། །རྒྱུ་རྣམ་གཉིས་ཀྱིས་སངས་རྒྱས་བྱང་ཆུབ་མྱུར་དུ་རྟོགས། །ཞེས་དང་། མདོ་ལས། དགེ་བའི་བཤེས་གཉེན་མགུ་བར་བྱས་ན་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་བོ། །ཅེས་དང་། ཀླུ་སྒྲུབ་ཀྱིས། སྐྲ་དཀར་གཉེར་མ་ལྷགས་དུས་སུ། །ཐོས་པ་མང་དུ་བསགས་བྱ་སྟེ། །གང་དུ་ཐོས་མང་འགྲོ་གྱུར་པ། །དེར་ནི་ཕུང་པོ་འགྲོ་མི་འགྱུར། །ཞེས་གསུངས་པའི་དོན་ཐུགས་ལ་བཏགས་པ་ལྟར་རོ། །གཞན་འཇིག་རྟེན་གྱི་ཆེན་པོའི་རིགས་ལ་ལུགས་དང་མཐུན་པའི་ཆེ་བཀུར་ཙམ་གནང་བ་ལས་ཆོས་སྲིད་ཀྱི་ཡོན་ཏན་ཕྲན་བུས་སེམས་དྲེགས་པ་དག་ལ་ནི་ཐད་ཀའི་ངོ་བསྲུང་ཡང་གནང་དཀའ་བ་ཙམ་པས་ཁ་གསག་གི་བསྟོད་ར་དང་། ཐབས་ཀྱི་ཆེ་བཀུར་སོགས་གཏན་ནས་མི་གནང་བར་ཚུགས་ཟིན་པར་བཞུགས་པས་ཆོས་ཀྱི་གཞུང་སྲོང་ཞིང་རང་ཚུགས་ཐུབ་པའི་བླ་སློབ་ཀྱི་རྟེན་འབྲེལ་མ་ལོག་པས་བསྟན་པའི་མིག་རྒྱན་དུ་འོས་པ་དག་ཀྱང་གཟུར་གནས་ཡེ་ཤེས་དག་པའི་སྤྱན་རས་ཀྱི་འབབ་སྟེགས་ལ་ཞིབ་ཏུ་དཔྱད་ན། རྗེ་གོང་མའི་གསུང་ལས། སྤོང་བ་བསམ་གཏན་དེ་ཁོ་ནར། །མཉམ་པར་འཇོག་པ་དཀའ་ན་ཡང་། །ཆུང་ནས་གདུལ་བྱ་གྲོང་ཆོག་སོགས། །རྨི་ལམ་དུ་ཡང་མ་དྲན་ཅིང་། །ཚེ་འདི་བློ་ཡིས་ཐོངས་པ་ཡིས། །བྱ་བཏང་ཁོ་ནའི་ཚུལ་དུ་འཁུམས། །མཆོག་དམན་སུ་ལའང་ངོ་སྲུང་དང་། །རེ་དོགས་སྤྲོས་པ་དམར་ཐག་བཅད། །ཅེས་གསུངས་པ་ལྟར། འཕགས་ས་མངོན་དུ་གྱུར་ཏེ་ནང་གི་ཡེ་ཤེས་ཀྱིས་ཆོས་བརྒྱད་རོ་སྙོམས་པས་རེ་དོགས་བྲལ་བའི་འཁྲུལ་པ་གཏད་མེད་དུ་ཞིག་པས་ངོ་མཚར་གྱི་གསང་བ་རྟོགས་དཀའ་བ་ཡོད་ཀྱང་དེང་སང་རྒྱུ་མཚན་དེ་དག་ངོ་ཤེས་པ་ནི་རེ་རེ་ཙམ་དུ་བས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལ་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །དེ་ལས་དངོས་གྲུབ་བླ་ན་མེད་པ་ཐོབ། །ཅེས་འབྱུང་བ་དང་། རྒྱལ་བ་འབྲོམ་གྱིས། ང་ཐོས་དུས་ཚེ་ན་བསམ་སྒོམ་བརྡོ། །ང་བསམ་དུས་ཚེ་ན་ཐོས་སྒོམ་བརྡོ། །ང་སྒོམ་དུས་ཚེ་ན་ཐོས་བསམ་བརྡོ། །ང་གཅིག་ཏུ་མ་ལུས་བརྡོ་བྱས་ནས། །ཆོས་ལམ་དུ་ཁྱེར་ནས་འགྲོ་ཤེས་པ། །ང་བཀའ་གདམས་ཕྱོགས་ཆར་མ་ལྷུང་བ། །དོན་རྒྱ་འབག་མིག་བཞིན་འཕྲུལ་ཤེས་པའོ། །ལེགས་ཀུན་ཏུ་བརྡོ་དེ་བཀའ་གདམས་ཡིན། །ཞེས་གསུངས་པ་ལྟར། དེང་སང་རྒྱལ་བསྟན་རིས་སུ་མ་ཆད་པའི་ཆོས་ཀྱི་རྒྱ་མཚོ་ཆེན་པོའི་ཕ་མཐར་དག་པའི་སྤྱན་རས་ཀྱི་བ་དན་མཛེས་པར་གཡོ་བ་ཤེར་བརྩོན་མཐུན་པའི་རླུང་གིས་ལེགས་པར་བརྒལ་ནས་ངེས་དོན་གྱི་ཟབ་གནད་ནོར་བུ་རིན་པོ་ཆེའི་བང་མཛོད་ཐུགས་ཀྱི་དཔལ་བེའུར་འགེངས་པར་བསགས་པའི་ཚུལ་ནི། འདུལ་བ་མེ་ཏོག་ཕྲེང་རྒྱུད་དང་མདོ་རྩ། མངོན་པ་གོང་འོག་དང་ཤེར་ཕྱིན་སྡུད་པ། དབུ་མ་རིག་ཚོགས་སྐོར། བཞི་བརྒྱ་པ། སོར་མདོ་དང་དགེ་ཚུལ་གྱི་ཀཱ་རི་ཀ་ལྔ་བཅུ་པ་དང་སུམ་བརྒྱ་པ། འཇུག་པ་རྩ་འགྲེལ། སྤྱོད་འཇུག་བཤད་ཁྲིད་དཔལ་སྤྲུལ་སེམས་དཔའ་ཆེན་པོའི་གསུང་སྒྲོས། བྱམས་ཆོས་སྡེ་ལྔ་དང་དབུ་མ་རྒྱན་བཅས་རྗེ་མཁྱེན་བརྩེའི་ཉེ་བརྒྱུད་མི་ཕམ་རིན་པོ་ཆེའི་རྣམ་བཤད་བཅས་མདོ་ཕྱོགས་རྒྱ་གཞུང་དང་། ཡིད་བཞིན་མཛོད་རྩ་འགྲེལ་ཡན་ལག་བཅས། སྡོམ་གསུམ་རྣམ་ངེས་རྩ་འགྲེལ། ཡོན་ཏན་མཛོད་རྩ་འགྲེལ། མཁས་འཇུག་བཅས་པོད་གཞུང་སོ་སོའི་རྩ་བ་དང་ས་བཅད་རིགས་ཐུགས་འཛིན་དང་། འགྲེལ་པ་རིགས་ལ་གཟིགས་རྟོགས་ཀྱིས་དཀའ་གནད་དོགས་དཔྱོད་གོ་དོན་རྒྱུགས་འབུལ་བཅས་བསླབ་ཅིང་བྱང་ཆུབ་པའི་སྒོ་ནས་གསན་རྒྱ་ཆེས་ཆེ་བར་མཛད། གཙོ་བོར་སྔ་འགྱུར་སྒྱུ་འཕྲུལ་གསང་བ་སྙིང་པོ་ལ་འཕགས་བོད་ཀྱི་འགྲེལ་ཆེན། སྤྱི་དོན། སྦས་དོན་སོགས་ཡིག་ཆ་མང་པོའི་སྟེང་ཀུན་གཟིགས་སི་ཏུ་རིན་པོ་ཆེས་ཀཿཐོག་རྒྱུད་སྡེའི་བཤད་གྲྭ་གསར་འཛུག་སྐབས་ལྗགས་བཤད་ཤིན་ཏུ་རྒྱས་པ་གནང་བ་དེ་ཐམས་ཅད་གསན་ཅིང་ཐུགས་སུ་ཆུད་པར་མཛད།

ཁྱད་པར་འཇམ་མགོན་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་རྒྱུད་བཤད་སྨིན་གླིང་ལོ་ཆེན་རིན་པོ་ཆེའི་གསང་བདག་དགོངས་རྒྱན་སྟེང་ནས་ར་མགོ་མཆོག་སྤྲུལ་ལས་གསན་ཏེ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་དང་ཀོང་སྤྲུལ་རིན་པོ་ཆེ་སོགས་ལའང་བཤད་རྒྱུན་སྤེལ་བར་མཛད་པ་དང་། རྡོ་གྲུབ་ཀུན་མཁྱེན་བསྟན་པའི་ཉི་མ་ལས་སྤྱི་དོན་རིན་ཆེན་མཛོད་ལྡེའི་བཤད་ཁྲིད་ཞིབ་གསན་གྱིས་དོགས་གནས་བཀའ་འདྲི་སོགས་ཡང་ཡང་མཛད། རྩ་རྒྱུད་བརྟག་གཉིས་ས་རྔོག་གི་བཤད་རྒྱུན་ཞིབ་རྒྱས་གསན་ཏེ། གུས་པར་ཡང་ཆེད་དུ་བཀའ་ཕེབས་པ་བཞིན་ནམ་མཁའ་དང་མཉམ་པའི་རྒྱུད་རྒྱལ་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་སུ་གྲགས་པ་དང་། བདེ་མཆོག་གི་འགྲེལ་པ་སྦས་དོན་ཀུན་གསལ་གྱི་བཤད་ལུང་གི་རྒྱུན་ཁུངས་དག་མདོ་སྨད་ཨ་མདོ་ཕྱོགས་ཀྱི་མཁས་པ་ཤེས་རབ་རྒྱ་མཚོའི་ཡང་སློབ་སིས་མདོ་མཁན་ཆེན་ལས་ཐོས་པ་མཎྜལ་ཚུལ་དུ་ཕུལ། སྒ་སྟོན་འཇམ་པའི་དབྱངས། སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས། མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ། ཟུར་མང་དྲུང་རིན་པོ་ཆེ་ཆོས་ཀྱི་ཉིན་བྱེད། ཨ་མདོ་དགེ་བཤེས་འཇམ་རོལ་སོགས་གྲུབ་མཐའ་སོ་སོའི་རྒྱུན་འཛིན་རྣམས་ལས་ཆོས་ལུགས་དེའི་ཆོས་སྐད་དང་ལྟ་གྲུབ་ཀྱི་རྣམ་བཞག་སོགས་དོགས་དཔྱོད་བཀའ་མོལ་ཞིབ་ཏུ་གནང་ཞིང་། བླ་མ་གོང་མའི་ཞལ་རྒྱུན་རིགས་ཀྱང་གསན་ནས་ཐུགས་ཀྱི་དཔལ་བེའུར་མ་ཉམས་པར་བཟུང་བར་གནང་། སྒ་སྟོན་འཇམ་པའི་དབྱངས་འདི་ཐོས་བསམ་གྱི་གྲྭར་ཞུགས་པ་སོགས་མ་མཛད་ཀྱང་གསུང་ངག་རིན་པོ་ཆེ་ཉམས་བཞེས་དཔྱིས་ཕྱིན་པ་གནང་བས་ནང་གི་རྩ་མདུད་གྲོལ་བ་ལྟ་བུའི་ལྟ་སྒོམ་གྱི་གནད་སྤྱི་དང་ཁྱད་པར་ལམ་འབྲས་ཀྱི་ཟབ་དོན་རིགས་ལ་ཟབ་གནད་ཐམས་ཅད་ཁྲོལ་ཞིང་། ཉམས་མྱོང་དམར་ཁྲིད་ལྟ་བུ་ངོ་མཚར་ཆེན་པོར་བཞུགས་པའི་མཁྱེན་དཔྱོད་རླབས་ཆེ་བ་སོགས་ལ་དཔག་ན་ཆོས་རྗེ་འཇམ་པའི་དབྱངས་ས་སྐྱ་པཎྜི་ཏས་བྱིན་གྱིས་བརླབས་པའམ་དེའི་སྤྲུལ་པ་ཡིན་པར་ངེས་པས་རྒྱུན་གྱི་བཀའ་མོལ་ལའང་བླ་མ་གོང་མའི་རྣམ་ཐར་དང་། ཆོས་འབྱུང་ཁུངས་བཙུན། ཟབ་དོན་ཉམས་སུ་བླང་བའི་ལམ་རྟགས་གང་ཟག་སོ་སོའི་རྒྱུད་ལ་སྐྱེས་ཚུལ་སོགས་གལ་ཆེན་དུ་མ་ཡོད་པ་དེ་རིགས་ཡི་གེར་འཁོད་པ་བྱུང་ན་ཤིན་ཏུ་གལ་ཆེ་ཞེས་ཐུགས་སྲས་གཙོ་བོ་སྡེ་གཞུང་མཆོག་སྤྲུལ་རྣམ་པ་གཉིས་ཀ་ལ་ཆེད་དུ་ཡང་ཡང་བཀས་བསྐུལ་བར་མཛད། སྤྱིར་ཞལ་གསུངས་རྣམ་ཐར་ལས། ཁྱད་པར་མཁན་ཆེན་བླ་མ་ནི། །ཀུན་བཟང་དཔལ་ལྡན་ཆོས་གྲགས་ཀྱིས། །ཐུགས་བརྩེ་ཆེན་པོས་ལེགས་བསྐྱངས་ཏེ། །དབང་ལུང་འགའ་དང་རྙིང་རྒྱུད་ལུང་། །གསང་སྙིང་བཤད་པ་རྒྱ་ཆེར་ནོས། །སྔ་རྗེས་གཞུང་གི་དཀའ་གནད་སོགས། །བཀའ་དྲིན་སྩལ་ལས་ཨ་མྱེ་ཡི། །གོ་བ་རྒྱུད་ལ་ཆགས་ཙམ་བྱུང་། །ཞེས་གསུངས་པ་ལྟར། ཐོག་མར་ཀཿཐོག་གི་གདན་སར་མ་ཧཱ་པཎྜི་ཏ་མི་ཕམ་འཇམ་པའི་དབྱངས་ཆེད་དུ་གདན་ཞུས་ཀྱིས་ཀུན་གཟིགས་སི་ཏུ་རིན་པོ་ཆེ་གཙོས་དམ་པ་དུ་མས་གསན་སྦྱོང་རྒྱ་ཆེར་མཛད་ཅིང་། ཕྱིས་བཤད་གྲྭ་གསར་ཚུགས་སྐབས་མི་ཕམ་རིན་པོ་ཆེ་མཆོག་གི་བཀའ་ཕེབས་བཞིན་མཁན་ཆེན་བླ་མ་ཀུན་བཟང་དཔལ་ལྡན་ཆོས་གྲགས་ཕེབས་ཏེ་གཞུང་གི་སྐོར་འཆད་ཉན་རྒྱ་ཆེར་གནང་སྐབས་དེར། མཁན་ཆེན་ཨ་སྟོབས་སོགས་རྒྱུ་མཚན་ཤེས་པའི་དམ་པ་རྣམས་མགྲིན་གཅིག་གིས་མཁན་ཆེན་བླ་མ་འདི་ཉིད་མི་ཕམ་རིན་པོ་ཆེ་དངོས་ལས་གསན་བསམ་ཡང་ཡང་གནང་བས་ཀུན་མཁྱེན་རོང་ཀློང་གཉིས་ཀྱི་དགོངས་སྲོལ་དྲི་མ་མེད་པའི་རྒྱུད་གཞུང་ཐམས་ཅད་ཀྱི་ལྟ་བ་དང་གྲུབ་མཐའི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་གནད་ཀྱི་ཞལ་རྒྱུན་མངའ་བས་ན། རང་རེ་རྣམས་ཀྱིས་ཐོས་བསམ་ལ་སྦྱོང་བརྩོན་གལ་ཆེ་ཞེས་གསུངས་པ་ལྟར་ཐུགས་བརྩོན་གཡེལ་ལྷོད་མེད་པས་སྒྲོ་འདོགས་ཞིབ་ཏུ་བཅད་དེ་རྣམ་དཔྱོད་དཔྱིས་ཕྱིན་པར་མཛད་པས། འཕགས་བོད་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་སྲོལ་མ་འདྲེས་པ་ཐུགས་སུ་ཆུད་ཅིང་དེ་དག་གི་དགོངས་པའི་ཟབ་གནད་དང་བཀའ་དང་བསྟན་བཅོས་རྣམས་ཀྱི་ཟབ་དོན་ཁྱད་པར་ཅན་དུ་མ་ཐམས་ཅད་ཀྱིས་བགྲོ་གླེང་ལུང་རིགས་རྩལ་འདོན་ཡང་ཡང་གནང་སྐབས་སོ་སོའི་ལྟ་སྒོམ་གྲུབ་མཐའི་ཁྱད་ཆོས་ཀྱི་གནད་མ་འདྲེས་པར་མཁྱེན་ནའང་། ཆགས་སྡང་གི་ཚེར་མས་གཞན་རྒྱུད་དཀྲུགས་པའི་དགག་བཞག་སོགས་གཏན་ནས་མི་མཛད་པས། ཟབ་དོན་མཐའ་དག་སོ་སོའི་བཀའ་ཁྲིད་སྐབས་རྒྱས་པར་བཀའ་སྩལ་ཏེ་གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་ཤར་བ་ནི་སྒྲ་ཇི་བཞིན་ཐུགས་ཉམས་སུ་བསྟར་ཞིང་། བརྟོན་པ་བཞི་ལྡན་གྱི་རྣམ་དཔྱོད་རྨད་དུ་བྱུང་བའི་ཆ་ཤས་ཡོངས་སུ་རྫོགས་པའོ། །དེ་ལྟར་ཡང་རྣམ་ཐར་ཞལ་གསུངས་མ་ལས། བོད་ཡུལ་ཤིང་རྟ་ཆེ་བརྒྱད་པོ། །ཀུན་ལ་དག་སྣང་ཆེར་བསྐྱེད་ཅིང་། །ལོག་རྟོག་དྲི་མས་མ་གོས་ཤིང་། །གཤེ་སྐུར་གྲུབ་མཐའི་ཕྱོགས་འཛིན་སྤང་། །དབང་ཁྲིད་མན་ངག་རྒྱུད་ལུང་རྣམས། །གང་བཞུགས་ཐམས་ཅད་འབད་པ་ཆེས། །ཉན་དང་མཉན་པར་འགྱུར་བར་སྨོན། །ཞེས་གསུངས་པ་ལྟར་གསན་བསམ་ཉམས་བཞེས་ཕྱོགས་མེད་དུ་གནང་བས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་གྲུབ། སྨིན་གྲོལ་འཆད་སྤེལ་ལ་སོགས་པའི་སྐབས་གྲུབ་མཐའ་སོ་སོའི་ཕྱག་བཞེས་མན་ངག་གི་གནད་དོན་མཐའ་དག་ཕན་ཚུན་བསྲེ་བསླད་མི་མཛད་ཅིང་གདུལ་བྱའི་སྐལ་བ་དང་ཆོས་བརྒྱུད་སོ་སོར་ཇི་ལྟར་གྲགས་པ་དེ་ལྟར་རྗེས་སུ་བཟུང་བས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་ཀྱི་སེང་གེའི་ཁྲི་ལ་དབང་བསྒྱུར་བའི་རྣམ་ཐར་གྱི་མིག་ལྟོས་གཙང་མ་གཡར་དམ་དུ་བཞེས་པ་ནི་རྗེ་འདི་ཙམ་དུ་ཟད་དོ།། །།

བཞི་པ་རིམ་གཉིས་ཀྱི་ཏིང་འཛིན་ཟབ་མོ་ལ་ཐུགས་ཇི་ལྟར་གཞོལ་བའི་ཚུལ་ནི། དེའང་བསྟན་པ་རིན་པོ་ཆེ་ཐོས་བསམ་སྒོམ་པ་རིམ་ཅན་གྱི་སྲོལ་མི་ཉམས་ཤིང་། ཐར་འདོད་རྣམས་ཀྱི་དོན་གཉིས་ཡོངས་སུ་རྫོགས་པའི་འདོད་དགུའི་དཔལ་ལ་འགོད་པའི་གཞན་ཕན་ལྷུར་བཞེས་པའི་ཕྱིར། སྐྱེས་བུ་དམ་པའི་ཐུགས་ཀྱི་བརྣགས་པ་མཐར་ཐུག་པ་ནི་ལུང་རྟོགས་དམ་པའི་ཆོས་ཀྱི་མཛོད་བསགས་པ་ཁོ་ན་ཡིན་ལ། དེའི་དང་པོ་ལུང་གི་ཆོས་ལ་གསན་བསམ་མཛད་ཚུལ་རགས་རིམ་སྨོས་ཟིན་ནས། འདིར་སྐབས་སུ་བབས་པ་ཕྱི་མ་སྟེ། རྗེ་འཇམ་དབྱངས་བླ་མ་མཆོག་ཉིད་སྐུ་ཆུང་ངུའི་དུས་ནས་རང་བཞིན་ལྷུན་གྲུབ་ངང་སྒོམ་ཆེན་པོའི་ལྟ་སྒོམ་གྱི་ལྷུམས་སུ་ཚུད་ཀྱང་། དགུང་གྲངས་བཞི་བཅུར་ཕེབས་ཕན་ཆད་སྐུ་གཤེགས་ཀྱི་བར་ཐེམ་སྤང་གི་སྒྲུབ་པའི་རྣམ་ཐར་ལྷུར་བཞེས་གནང་བ་ལྟར། རྗེ་འདི་ཉིད་ཀྱང་གང་ཟག་རང་རྒྱུད་པ་ལྟར་ལམ་རིམ་བགྲོད་ཀྱི་འབད་རྩོལ་ལ་མི་ལྟོས་པ་ཐུགས་རྗེ་ཡས་སྤྲུལ་དུ་ངེས་མོད། ཚུར་མཐོང་གདུལ་བྱ་འདུལ་བའི་ཐབས་ཙམ་དུ་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་ཐུགས་གཞོལ་བར་མཛད་པའི་ཚུལ་གྱི་དགོས་པ་ཡང་། དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་ལས། ཤ་རིའི་བུ་གང་གིས་བསྐལ་པ་གཅིག་ཏུ་ཉན་པ་བས། གང་གིས་སེ་གོལ་གཏོགས་པའི་ཡུན་ཙམ་ཞིག་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང་། མདོ་སྡེ་རྒྱན་ལས། དེ་ལྟས་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ནི་དོན་མེད་མིན། །དེ་ལྟར་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་ལ་འཇུག་ན་བསྟན་པ་དོན་མེད་འགྱུར། །ཅེས་གསུངས་པའི་དོན་ཐུགས་ལ་བཅངས་ནས། སྤྱིར་དེང་སང་བྱ་བ་ལས་ཀྱི་འཁོར་ལོ་རྟེན་བཞེངས་དང་། གཞུང་བཤད་པ། དབང་ལུང་གི་འཆད་ཉན་སོགས་དར་སྲོལ་ཆེ་བར་འདུག་ཀྱང་གཙོ་བོར་བསྙེན་སྒྲུབ་ཉམས་ལེན་ལ་འབད་པ་རྩལ་དུ་བཏོན་ན་གནད་དང་དགོས་པ་ཆེ་བར་གཞན་ལའང་བཀའ་སྩལ་ཞིང་། སྐུ་ཚེའི་སྨད་འགྲོ་དོན་ཤིན་ཏུ་རྒྱས་པའི་སྐབས་སུ་ཡང་དགུན་དཔྱིད་ཕལ་ཆེར་སྐུ་མཚམས་བཅད་རྒྱ་དམ་པོས་བསྙེན་སྒྲུབ་ཀྱི་གཡར་དམ་བཞེས་ཤིང་། ཆོས་བརྒྱད་དང་འདུ་འཛི་འུར་ཟིང་གི་སྐད་གྲགས་ཆེན་པོའི་བྱ་བཞག་ལ་གཏིང་ནས་ཐུགས་མི་མཉེས་པས། རྟག་ཏུ་གཅོམ་བསྐྱུངས་མངོན་ཆུང་ཀུན་སྤང་གིས་བླ་མ་དཀྱུས་མ་ཞིག་གི་མཛད་པ་ལྟ་བུ་ལས་བླ་ཆེན་གྱི་ཚུལ་དང་བཞེས་མི་གནང་། ཐེག་པ་ཆེན་པོའི་བློ་སྦྱོང་གི་སྐོར་རྟག་ཏུ་ཐུགས་ཉམས་སུ་བསྟར་བས་རྒྱུན་རིང་གི་ནད་པ་དང་དམག་འཁྲུག་སོགས་ཀྱི་སྐབས་དེ་དག་ལ་ཤིན་ཏུ་ཐུགས་བརྩེ་བས་བྱིན་རླབས་དང་གནས་འདྲེན་སོགས་ཡང་ཡང་སྩལ། སློབ་མའི་ཚོགས་ལའང་གཞན་ཕན་བྱང་ཆུབ་སེམས་ལ་བློ་སྦྱངས་པས་སྙིང་རྗེ་དང་ངེས་འབྱུང་གིས་བློ་འཁུལ་བ་ཞིག་མེད་ན་ཕྱག་རྫོགས་ཀྱི་ལྟ་བ་ལ་མཐོ་བསྙབས་བྱས་པས་གར་ཡང་མི་ཕྱིན་པས་སྔོན་འགྲོའི་སྦྱོང་བ་གནད་དུ་འགྲོ་བ་ཉིད་ཤིན་ཏུ་ཟབ་ཅེས་ཞལ་གདམས་སུ་ཡང་ཡང་སྩལ་བ་བཞིན་ཐུགས་རྒྱུད་སྙིང་རྗེ་ཆེན་པོའི་ཆ་ཤས་ཡོངས་སུ་རྫོགས་པའི་དབང་གིས་དྲེད་པོ་སྙིང་ཁམས་རྡོ་ལས་མཁྲེགས་པ་དང་། ཆེ་རྒུའི་རིགས་ཞལ་མཇལ་བ་ཙམ་གྱིས་དད་གདུང་གིས་སྣང་བ་འགྱུར་བ་དང་བློ་གཏད་སྙིང་ནས་འཆའ་བ་མང་དུ་བྱུང་བས་མཚོན། ས་གསུམ་གྱི་འགྲོ་བ་དབང་དུ་འདུས་ནའང་ཆོས་བཤད་ལ་སོགས་པའི་སྐབས་ངེས་འབྱུང་ཡིན་པ་སྐད་ཀྱིས་ངུ་ཅོ་ཙིར་ཙིར་སྐད་ངན་འདོན་པའི་མངོན་ཚན་ཅན་གཏན་ནས་མི་མཛད། དགུང་གྲངས་བཅུ་བདུན་སྟེང་རྒྱུད་སྡེའི་དབང་གསན་སྐབས་སྐུ་རྩེད་ཕྲན་བུ་གནང་བ་ལྟར་ཡོད་ཀྱང་དབང་གི་རྫས་གནས་སོ་སོར་བཞག་རྒྱུ་དང་ཕྱག་རྒྱ་སོགས་ཕྱག་བཞེས་གང་གནང་ཡང་སྔ་ཕྱི་ནོར་འཁྲུལ་གཏན་ནས་མི་མངའ་བས་དུས་རྟག་ཏུ་ཐུགས་ལ་ཡེངས་འཁྲུལ་མེད་པའི་རྗེ་འདི་གཞན་དང་ག་ལ་འདྲ་ཞེས་ཞབས་དྲུང་རིན་པོ་ཆེ་བཀྲ་ཤིས་རྒྱ་མཚོས་ཡང་ཡང་བསྔགས་པ་མཛད། སྤྱིིར་ཟབ་ཁྲིད་རིགས་ཞུ་བའི་སྐབས་སོ་སོའི་དམིགས་ཐུན་ལ་ཤར་སྒོམ་བགྱིས་པས་སྨིན་ཁྲིད་ཀྱི་གོ་ཆོད་ཅེས་གསུངས་ལས་ཐོས་པས་ཕྱག་ལེན་དུའང་དེ་ལྟར་མཛད་པར་ངེས་ཏེ། ཁྱད་པར་དུ་རྗེ་བླ་མ་མཆོག་ནས་གདམས་མཛོད་གསན་པའི་ཕྱག་ཐོར་འཁོད་པ་འདི་ལྟར། རང་རེ་ཆོས་ཞུ་བ་དཔེ་ཆ་འཛོམ་མཁན་རྣམས་ནས་ཀྱང་སེམས་རྣམ་གཡེང་གི་དབང་དུ་སོང་བའི་ཞུས་ལོ་ཐོབ་ལོ་བྱས་ལ་མ་བསགས་པའི་ལས་སུ་མི་འགྱུར་བའི་ཆེད་ཁྲིད་དཔེ་ལ་ཞིབ་ཏུ་བལྟ་ཞིང་ཚིག་རྗེས་དོན་དྲན་གྱི་དམིགས་ཐུན་ཤར་སྒོམ་བྱེད་ཁུལ་བགྱིས་པ་སོགས་རང་རྒྱུད་ལ་སྨན་པའི་ཐབས་ཚུལ་གང་དྲག་ལ་བརྩོན་པས་བྱིན་རླབས་ཀྱི་བབས་གཞན་ལས་ཁྱད་པར་འཕགས་པ་འབྱུང་ཚུལ་གསུངས་པས་ཤེས་ནུས་ལ། ཁྱད་པར་དུ་རྡོ་རྗེ་འཆང་བློ་གཏེར་དབང་པོའི་ཞབས་ལས་གསང་ཆེན་སློབ་བཤད་ཀྱི་ཁྲིད་གསན་སྐབས་དོན་གྱི་ཡེ་ཤེས་མངོན་སུམ་གཟིགས་པའི་ཚུལ་མཛད་རྗེས། རིག་འཛིན་སྣ་ཚོགས་རང་གྲོལ། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ།

རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་རྣམས་ལས་རྫོགས་པ་ཆེན་པོའི་རིག་པ་རྩལ་གྱི་དབང་ཆེན་དུ་མ་གསན་པ་དང་། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེས་བྱང་བདག་སྐུ་གསུམ་རིགས་འདུས་ཀྱི་དབང་གི་ངོ་སྤྲོད་སྐབས་དགོངས་པའི་བྱིན་རླབས་གཏད་པས་ཐུགས་དམ་བོགས་འབྱིན་བྱུང་ཚུལ་གསུངས་པ་སོགས་ཀྱིས་མཚོན་རྡོ་རྗེའི་ཡེ་ཤེས་ཆེན་པོའི་དགོངས་པ་ཁྱབ་བརྡལ་དུ་ཤར་བས་ལམ་རིམ་རྩོལ་གྱི་ངལ་དུབ་ལ་མ་ལྟོས་པར་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པར་འབྱམས་ཀླས་པས་ཟབ་གསལ་གཉིས་སུ་མེད་པའི་ལྟ་སྒོམ་གྱི་ལྷུམས་སུ་ཆུད་ནས་སྤང་ཀློག་ཟུང་འབྲེལ་གྱིས་དོན་གཉིས་ལྷུན་གྱིས་གྲུབ་པ་ནི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ལགས། དམིགས་བསལ་ཉམས་བཞེས་གནང་ཚུལ་ས་བོན་ཙམ་སྨོས་ན། ཐོག་མར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྒོ་ནས་སྔོན་འགྲོ་ཐུན་མོང་དང་། ཐུན་མིན་འབུམ་ལྔ་རྗེ་བླ་མ་སྐུ་གོང་མའི་ཕྱག་བཞེས་ལྟར་བསགས་སྦྱོང་གནད་སྨིན་དུ་གནང་བའི་ཚུལ་མཛད་པ་དང་། དུས་སྐབས་སྔ་ཕྱི་ཅི་རིགས་སུ་གཙོ་བོར་རྗེ་མཁྱེན་བརྩེའི་ཟབ་གཏེར་རྣམས་ཀྱིས་མཚོན་སྔོན་འགྲོའི་དམིགས་ཁྲིད་དམིགས་བསལ་དུ་ཡོད་པ་རྣམས་ལ་དང་པོ་སྔོན་འགྲོའི་དམིགས་རིམ་བསགས་སྦྱོང་དང་བཅས་པ་རྒྱས་བསྡུས་ཅི་རིགས་མཐར། རིམ་པ་དང་པོའི་རྣལ་འབྱོར་དང་འབྲེལ་བར་གསར་རྙིང་ལྷག་པའི་ལྷ་རབ་འབྱམས་ལ་དུས་གྲངས་མཚན་མའི་བསྙེན་པ་དཔག་ཏུ་མེད་པ་ཞིག་གནང་བ་རགས་རིམ་ཙམ་བཀོད་པ། ངོར་པའི་ཕྱག་བཞེས་ཀྱེ་རྡོར་གཞི་བསྙེན་སྔོན་དངོས་རྗེས་ཚང་ཞིབ་རྒྱས། འཁོན་ལུགས་ཕུར་པའི་གཞི་བསྙེན་ཤིན་ཏུ་ཟབ་རྒྱས། གསང་འདུས་འཇམ་རྡོར། ཚར་ལུགས་འཇིགས་བྱེད། ནཱ་རོ་མཁའ་སྤྱོད་ཀྱི་ལྗགས་བསྙེན། མགོན་པོ་གུར་གྱི་སྲུང་བ་བྲག་རྫོང་མ་ཐེངས་གསུམ། མགོན་པོའི་ནང་གསང་སོགས་དང་འབྲེལ་བའི་ཡི་གེ་བདུན་པ་འབུམ་བརྒྱད་ཅུ་ལྷག །མགོན་པོ་ཞལ་བཞི་པའི་གསང་སྒྲུབ། དེའི་ཚེ་སྒྲུབ་གུར་བདུན་མ་དང་། དཀར་པོ་ཚེ་འཕེལ་སོགས། རས་ཆུང་སྙན་བརྒྱུད་ཀྱི་བདེ་མཆོག་ལྷན་སྐྱེས་ཡབ་བཀའ་ཡུམ་བཀའ་གཉིས། ཤངས་ཆོས་རྒྱུད་སྡེ་ལྷ་ལྔ་མདོར་བསྡུས་དང་ལྷ་བཞི་དྲིལ་སྒྲུབ། ཕྱག་དྲུག་མཐིང་གའི་བླ་རྣམ་སོགས། སྒྲུབ་བཏུས་ཁོངས་ནས་བྱ་རྒྱུད་རིགས་གསུམ་སྤྱི་དཀྱིལ་གྱི་བསྙེན་པ་རྒྱས་པ། མི་ཏྲའི་ཚེ་དཀར། བ་རི་ལུགས་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས། ས་མནྟ་ཤྲཱིའི་དབྱངས་ཅན་མ་དཀར་མོ་སྟེ་དཀར་པོ་ལྷ་གསུམ་དང་། གྲུབ་རྒྱལ་ཚེ་དཔག་མེད། བ་རིའི་རྣམ་རྒྱལ་དཀར་མོ། སྒྲ་མི་སྙན་གྱི་ཚེ་སྒྲུབ། ཚེ་ལྷ་རྣམ་གསུམ་ལ་བསྟེན་པའི་བླ་མའི་རྣལ་འབྱོར། འཇམ་དཔལ་བསྟོད་སྒྲུབ། མ་ཏིའི་འཇམ་དཀར། དམ་པའི་ལུགས་ཀྱི་སྨྲ་སེང་། དབྱངས་ཅན་དཀར་མོ་ཕུར་བུའི་ལུགས། དབྱངས་ཅན་དམར་མོ་བི་ཀྵ་པཱ་རིའི་ལུགས། ཀངྐ་དཏྟའི་ལུགས་ཀྱི་ཕག་དཀར། མི་གཡོ་བ་དཀར་པོ་དཱ་ན་ཤཱི་ལའི་ལུགས། ཇོ་ལུགས་སྒྲོལ་དཀར། ཉི་སྦས་ལུགས་ཀྱི་རྩ་བའི་སྒྲོལ་ལྗང་། གསེར་ཆོས་འཇམ་ནག་དང་ཁྱུང་ཁྲ། རིགས་བྱེད་མ་བཅས། ཕྱག་རྡོར་འབྱུང་འདུལ་དང་། ཨུ་ཙརྱ། མདོ་ལུགས་གོས་སྔོན་ཅན་བཅས། སྐྱེར་སྒང་རྟ་མགྲིན། རྣམ་འཇོམས་བ་རི་ལུགས། སྨེ་བརྩེགས་ཇོ་བོ་ལུགས། གྲྭ་མངོན་ཛཾ་དམར། ཤངས་པའི་གསེར་ཆོས་ཕྱག་དྲུག་དཀར་པོ་བཅས། གདུགས་དཀར་མཆོག་གྲུབ་མ་ཁྲི་ཚར་སྐོར་ཞལ་འདོན་གནང་བ་སོགས་གསར་ཕྱོགས་གཙོ་ཆེ་བ་དང་། རིགས་ཐམས་ཅད་ཀྱི་ཁྱབ་བྱེད་བཀའ་གཏེར་ཟུང་འབྲེལ་སྨིན་ལུགས་རྡོར་སེམས་ཐུགས་ཀྱི་སྒྲུབ་པ། ཡང་གཏེར་རྩ་གསུམ་དྲིལ་སྒྲུབ། ཆོས་དབང་བླ་མ་གསང་འདུས་བསྙེན་ཆེན། རཏ་གླིང་ཚེ་སྒྲུབ་གསང་འདུས། མཁའ་འགྲོ་ཡང་ཏིག་གི་བྱིན་རླབས་བླ་སྒྲུབ། འཕྲེང་གཏེར་གྲོལ་ཏིག་གི་བླ་སྒྲུབ་གདུང་བ་ཞི་བྱེད། འཇའ་ཚོན་དཀོན་མཆོག་སྤྱི་འདུས། ལྔ་པའི་རྒྱ་ཅན་ཆོས་སྡེ་ཚེ་སྒྲུབ་དྭངས་མ་བཅུད་འདྲེན། ཀློང་སྙིང་བླ་མ་རིག་འཛིན་འདུས་པ། རྗེ་མཁྱེན་བརྩེ་དང་མཆོག་གླིང་ཟུང་གི་གཏེར་ཆོས་ཕྱི་སྒྲུབ་བར་ཆད་ཀུན་སེལ། དེའི་སྒོས་སྒྲུབ་ནས་རིག་འཛིན་རྒྱལ་བའི་གདུང་འཛིན། ནང་སྒྲུབ་བསམ་པ་ལྷུན་གྲུབ་བཅས། འཇམ་མགོན་རིན་པོ་ཆེ་དང་མཁྱེན་བརྩེ་ཟུང་གི་ཆོས་བཀའ་གསང་ཐིག་བླ་སྒྲུབ། ཀློང་སྙིང་ཡང་གསང་བླ་སྒྲུབ་ཐིག་རྒྱ། གྲུབ་ཐོབ་ཐུགས་ཏིག་གི་བླ་སྒྲུབ། རྒྱ་ཅན་གྲོ་ལོད་དང་། ཀརྨ་གུ་རུ། སྨིན་གཏེར་དྲག་དམར། གནམ་ཆོས་གུར་དྲག་ཕུར་ཤམ་ཅན། ཀློང་གསལ་གཏུམ་དྲག་དམར་ནག །ཀློང་སྙིང་བླ་མ་དྲག་པོ་དཔལ་ཆེན་འདུས་པ་དང་། དྲག་པོ་རྟ་ཁྱུང་བཅས། ཐུགས་སྒྲུབ་གྲོ་ལོད། འཇམ་མགོན་གྲོ་ལོད་གསར་སྒྲུབ་བཅས། ཉང་གཏེར་བཀའ་བརྒྱད་བདེར་འདུས་བསྙེན་ཆེན། ཡང་གཏེར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བསྙེན་སྒྲུབ་གཟབ་སྤྲོས་སྒྲུབ་ཆེན་སྨན་སྒྲུབ་དང་འབྲེལ་བ། གྲུབ་ཐོབ་ཐུགས་ཐིག་བཀའ་བརྒྱད་ཁྲག་འཐུང་འདུས་པ། ཐུགས་སྒྲུབ་བླ་མ་སྨྲ་སེང་། རྒྱུད་ལུགས་འཇམ་དཔལ་ཞི་བའི་བསྙེན་ཆེན། བྱང་ལུགས་ཞང་ཁྲོམ་གཤིན་རྗེ་ཚེ་བདག་གཞི་བསྙེན། སྙན་བརྒྱུད་གཤིན་རྗེ་ཐེངས་གཉིས། འོད་གསལ་སྙིང་ཐིག་གི་འཇམ་དཔལ་འཆི་བདག་ཟིལ་གནོན། ཐུགས་སྒྲུབ་ཕ་རོལ་རྒོལ་འཇོམས་ལན་གཉིས། གྲོལ་ཏིག་ཡང་བཟློག །རིན་ཆེན་གླིང་པའི་ནཱ་ག་རཀྵ་བཅས། བྱང་གཏེར་ཚེ་སྒྲུབ་ལྕགས་སྡོང་མ། ཐུགས་སྒྲུབ་ཚེ་དམར། ཐུགས་ཆེན་ཡང་སྙིང་འདུས་པ། འཁོར་བ་དོང་སྤྲུགས། ཡང་གཏེར་རྟ་མགྲིན་དྲེགས་སྒྲོལ། གནམ་ལྕགས་མེ་འཁོར། གཉེན་པོ་ལྷ་ལྔ། རྒྱ་ཅན་རྟ་མགྲིན་ཁམས་གསུམ་ཟིལ་གནོན། སྙན་བརྒྱུད་རྟ་མཆོག་རོལ་པ་བཅས། སྙན་བརྒྱུད་ཡང་དག་ཟབ་ཏིག །ཡང་ཕུར་སྦྲགས་མ། ཡང་གཏེར་ཕྱག་རྡོར་རྡོ་རྗེ་མེ་འབར། ཀློང་གསལ་ཕྱག་རྡོར། ཐུགས་སྒྲུབ་ཕྱག་རྡོར་རྡོ་རྗེ་བེ་ཅོན། གཡུ་ཐོག་སྙིང་ཐིག་བླ་སྒྲུབ། སྨན་བླ་ལོངས་སྐུ་ཟུར་མཁར་ལུགས། བླ་སྒྲུབ་བྱིན་རླབས་སྙིང་པོ་བཅས། ཆོས་དབང་ཕུར་པ་ཡང་གསང་སྤུ་གྲི། རཏ་གླིང་ཕུར་པའི་གསང་སྒྲུབ། བདུད་འདུལ་ཕུར་པའི་གསང་སྒྲུབ། ཀློང་སྙིང་ཕུར་པ་བདུད་དཔུང་ཟིལ་གནོན། སྙན་བརྒྱུད་ཕུར་པ། འོད་གསལ་སྙིང་ཐིག་གི་ཕུར་པ་འདུས་པའི་དྲིལ་སྒྲུབ། མཆོག་གཏེར་ཟབ་བདུན་ཕུར་པ་དང་། དེའི་རྣོ་སོ་ཁྲོ་རྒྱལ་སྟོབས་འདུས། གསང་ཐིག་ཕུར་པ་ཐེངས་གཉིས་བཅས། ཉང་གཏེར་ཁྲོས་ནག །ཆོས་དབང་སྒྲོལ་དཀར། རྒྱ་ཅན་སྒྲོལ་དཀར་ཡིད་བཞིན་ནོར་མཆོག །ཀློང་སྙིང་ཡུམ་བཀའ་བདེ་ཆེན་རྒྱལ་མོ། ཡང་གཏེར་མཁའ་འགྲོ་གསང་འདུས་དཀྱིལ་འཁོར་ཡོངས་རྫོགས་ལ་བརྟེན་པའི་བསྙེན་སྒྲུབ་སྦྲགས་མ་དང་། རྒྱུན་ཁྱེར་ལ་བརྟེན་པའི་བསྙེན་རྐྱང་། དེའི་ཞི་རྒྱས་དབང་གསུམ་གྱི་ཕག་མོ། ཞིག་གླིང་སྒྲོལ་དཀར། རྒྱ་ཅན་གསང་སྒྲུབ་སེང་གདོང་མ། ཇོ་ལུགས་སྒྲོལ་དཀར་བརྒྱུད་པ་གསུམ་ལྡན་འཇིགས་གླིང་ལ་བཀའ་བབས་པ། ཐུགས་སྒྲུབ་སྒྲོལ་ལྗང་། མཆོག་གཏེར་བི་མ་ལའི་སེང་གདོང་། ཡང་གཏེར་ཞི་བྱེད་གདུགས་དཀར། རྨ་བྱ་ཆེན་མོ། ཀློང་གསལ་ཛཾ་སེར། དག་སྣང་ཚེ་ཡུམ་ཙཎྜ་ལཱི་ཐེངས་གསུམ། དགོངས་གཏེར་ཕག་དཀར་ཤེས་རབ་གསལ་བྱེད། ཡང་གཏེར་རོང་ཟོམ་པདྨ་མཁའ་འགྲོ། བྱང་ལུགས་ཀིང་དམར། དམ་གྲིབ་ཉེས་སེལ། ཐུགས་སྒྲུབ་སྨེ་བརྩེགས། དག་སྣང་མི་ཏྲའི་ཚེ་དཔག་མེད་དཀར་དམར་གཉིས། ཡང་གཏེར་དྲང་སྲོང་དྲི་མེད་ཞི་བའི་ཚེ་སྒྲུབ། དགོངས་གཏེར་འཕགས་མའི་སྙིང་ཐིག་ལན་གསུམ། གླིང་གཏེར་ཚེ་ཡུམ་ཙཎྜ་ལཱི། རྒྱ་ཅན་དམག་ཟོར་ཞི་བའི་ཚེ་སྒྲུབ། ཉང་གཏེར་ཕྱག་བཞི་པ་དཀར་པོ་ཚེ་འཕེལ་བཅས་ལ་དུས་གྲངས་མཚན་མ་ཅི་རིགས་པའི་ལྗགས་བསྙེན་གནང་བ་འདི་དག་དགུང་གྲངས་ང་དྲུག་བཞེས་པ་ཡན་གཙོ་བོར་རྣམ་ཐར་ཞལ་གསུངས་ལས་འབྱུང་བ་དང་། དེ་རྗེས་ལྗགས་བསྙེན་གནང་བ་སོགས་ཕྱག་ཐོར་མ་འཁོད་པའི་རིགས་དམིགས་བསལ་རྗེ་བླ་མ་དངོས་ཀྱི་ཞལ་དང་། ངེས་པ་ཅན་གཞན་དག་ལས་ཐོས་པ་རྣམས་གོ་རིམ་ཅུང་ཟད་བསྡེབས་ཏེ་དཀྱུས་གཅིག་ཏུ་བཀོད་པའོ།

།གཞན་ཡང་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་བཞེས་ལྟར་མཆོག་གི་ལས་སྦྱོར་བདུད་རྩི་སྨན་སྒྲུབ་དང་སྒྲུབ་མཆོད་རིགས་གྲངས་མང་། ཚེས་བཅུ་གཉིས་སོགས་དུས་དང་ནར་མར་ཚོགས་དང་མཆོད་པ་རྒྱས་བསྡུས་སྐབས་བསྟུན་བསགས་སྦྱོང་སྤེལ་བའི་རིམ་པ་རྒྱ་ཆེར་གནང་། མཚན་བཅས་གཙོ་བོར་གྱུར་པའི་རྫོགས་རིམ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ། རྣལ་འབྱོར་མའི་རྫོགས་རིམ། ནི་གུ་ཆོས་དྲུག །སྙིང་ཐིག་གི་དབང་གཉིས་པ་དང་གསུམ་པའི་ལམ་རྣམས་ལ་ཉམས་བཞེས་གནང་སྙམ་པ་གསུང་འཕྲོས་ཀྱི་ཤུགས་ལས་གསལ་ཞིང་། སྐྱེས་ཐོབ་ཀྱི་ནུས་པས་མཚན་བཅས་རྩ་རླུང་ཐིག་ལེའི་རྣལ་འབྱོར་དང་། འོད་གསལ་གྱི་སྣང་བ་སྐུ་དང་ཐིག་ལེའ་ིའཆར་སྒོ་འབད་རྩོལ་ཆུང་ངུས་འབྱུང་བ་གོར་མ་ཆགས་ཤིང་། བྱེ་བྲག་མཚན་མེད་ཀྱི་རྣལ་འབྱོར་ཕྱག་རྫོགས་ཀྱི་ཁྲིད་སྲོལ་རྣམས་དང་། ཁྱད་པར་སྙིང་ཐིག་གསར་རྙིང་རྣམས་ལ་གཙོ་བོར་ཉམས་བཞེས་གནང་བར་ངེས་ཏེ། འོན་ཀྱང་གསར་རྙིང་གདམས་པ་རྒྱ་མཚོ་ལྟ་བུའི་གནས་ལ་ཐོས་བསམ་སྒོམ་གསུམ་གྱིས་རང་བྱན་ཚུད་པའི་སྟོབས་ཀྱིས་ཟབ་ཁྲིད་སོགས་གནང་བའི་ཚེ་གཅིག་དཔེ་ཀུན་འགེབས་ཀྱི་སྟོང་ལྟ་ཧད་པོའི་འུར་སྒྲ་མ་ཡིན་པར་གདུལ་བྱའི་བློ་རིམ་དང་མཐུན་པར་གང་འཆད་བྱའི་ཆོས་སྐད་དང་སྒོ་བསྟུན་པའི་ལམ་གྱི་རྣམ་བཞག་ཉམས་མྱོང་དང་འདྲེས་པ་ཅན་ཁོ་ན་མཛད། རྣམ་ཀུན་ཤིན་ཏུ་ཐུགས་སྒམ་ཞིང་གསང་བ་སྲུང་བ་ལ་གཙོ་བོར་མཛད་པས། སྐབས་སུ་གཅོམ་བསྐྱུངས་པའི་གསུང་གིས་ངེད་ནི་ཞུས་ཞུས་ཐོབ་ཐོབ་མང་བ་ལས་འདི་དག་ལ་ཉམས་ལེན་བྱས་པ་ནི་མེད་ཅེས་གསུངས་ཀྱང་། སྨིན་ཁྲིད་གནང་བའི་གསུང་བཤད་ལ་སྐབས་སུ་གང་བབས་ཀྱི་ཆོས་དེའི་དགོངས་པ་གཏིང་ཕྱིན་པ་དང་སྦྱངས་པ་མཐར་སོན་པའི་ཉམས་མྱོང་གི་དམར་ཁྲིད་སེམས་རྒྱུད་ལ་ཤིན་ཏུ་སྨིན་ངེས་གསུངས་བཞིན་ཉམས་ལེན་གནད་དུ་བརྡེག་པས་རྒྱུད་ཐོག་ཏུ་འབྱོར་བ་དང་། ཁྱད་པར་ཕུར་ཚུགས་ཉམས་ལེན་བརྩོན་པའི་རིགས་ལ་སྦམ་ཡོར་ཙམ་དུ་མ་སོང་བར་སོ་སོར་མྱོང་བ་སྐྱེས་རིམ་གྱི་ངོ་སྤྲོད་གེགས་སེལ་བོགས་འདོན་སོགས་གང་ལ་གང་འོས་ཞིབ་ཏུ་གནང་བ་དང་། ལྷག་པར་སྐུ་ཚེའི་སྨད་ནས་ཆིག་བརྒྱུད་སྨིན་ཁྲིད་གནང་བ་གཙོ་བོར་མཛད། དེས་ན་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཆོས་ཚུལ་མ་ལུས་པ་སྐུའི་སྐྱེ་བའི་ཕྲེང་བ་དཔག་ཏུ་མེད་པར་ཐུགས་ཀྱི་བུམ་བཟང་དུ་བསྐྱིལ་བས་གསང་བ་རྒྱ་མཚོའི་བདག་པོར་གྲགས་པ་དོན་ལ་གནས་པའི་ཕྱིར། སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་སྨིན་གྲོལ་གྱི། །གདམས་ཟབ་གསང་བའི་མཛོད་ཀྱི་གླེགས་བམ་ཆེ། །མཁྱེན་དང་བརྩེ་བའི་ཡོན་ཏན་དཔལ་མངའ་བ། །པདྨ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས། །ཞེས་ཁོ་བོས་གསོལ་བ་བཏབ་པའི་ངོར་སྩལ་བའི་ཞལ་གསུང་གསོལ་འདེབས་སུ་ཞལ་བཞེས་གནང་བ་ཉིད་ངེས་པ་དོན་གྱི་རྣམ་ཐར་དུ་མངོན་པས། ལོ་ཟླའི་གྲངས་དང་། རི་མཚམས་སྡུག་རྒུར་གྱི་བྱས་ཡུས་ཙམ་ལ་མ་ལྟོས་པར་སྒྲུབ་བརྒྱུད་གོང་མའི་མཛད་པ་ཤུགས་འབྱུང་གིས་བསྐྱངས་པས་ནང་གི་རྡོ་རྗེའི་ལམ་གྱི་ཡོན་ཏན་རྫོགས་པའི་དྲོད་རྟགས་བརྙེས་པའི་ཚུལ་ཡང་། སྐྱེས་བུ་དམ་པ་རྣམས་ཀྱི་ཡོན་ཏན་གྱི་རྒྱ་མཚོ་ནི་ཇི་ལྟར་རྒྱ་ཆེ་བཞིན་སྙེམས་པ་མེད་པའི་བརྟུལ་ཞུགས་ཀྱིས་སྦས་ཤིང་། སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོ་འཕགས་པའི་བློ་གྲོས་ཀྱིས་ཀྱང་སྒྲ་ཇི་བཞིན་དུ་དཔག་པར་མི་ནུས་པས་ཕྱོགས་ཙམ་བརྗོད་པའང་ཆེས་དཀའ་བའི་གནས་སུ་གྱུར་ཅིང་། ཁབ་མིག་གཅིག་གི་བུ་ག་ནས་ནམ་མཁའ་མཐོང་བས་ནམ་མཁའི་མཚན་ཉིད་ཤེས་པ་ལྟར་དམ་པའི་ཡོན་ཏན་རིན་པོ་ཆེ་རིན་ཐང་དང་བྲལ་བའི་རྡུལ་གྱི་ཕྱེ་མ་ལྟ་བུའི་ཆ་ཤས་ཙམ་མཐོང་ཐོས་དྲན་པས་ཡིད་ལ་མངོན་མཐོ་ངེས་ལེགས་ཀྱི་དཔལ་སྦྱིན་ཅིང་། བསམ་གྱིས་མི་ཁྱབ་པའི་གསང་བ་མངའ་བ་ཤུགས་འབྱུང་དུ་རྟོགས་པས་ན། གདུལ་བྱ་དད་དང་མོས་པའི་རྗེས་འབྲང་རྣམས་ལ་ཡིད་ཆེས་ཀྱི་དང་བ་འདྲེན་པའི་གསོས་སུ་ཤེས་པས་རང་གིས་མཐོང་ཐོས་དང་ཡིད་ཀྱིས་རྗེས་སུ་དཔག་པ་སྒྲོ་སྐུར་དང་བྲལ་བར་བརྗོད་ན། དེའང་རྗེ་འདི་ཉིད་ཐུགས་རྗེ་ཡས་སྤྲུལ་དུ་ཤར་བས་མཛད་སྤྱོད་རྣམས་ཀྱང་གང་ཟག་ཐ་མལ་པའི་བློ་ཡུལ་ལས་འདས་ཤིང་། སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་གཞུང་ལུགས་རྣམས་འཆད་པ་དང་། རྡོ་རྗེ་སློབ་དཔོན་གྱི་ལས་སུ་བྱ་བ་རྣམས་ཐོགས་མེད་དུ་གནང་། ཁྱད་པར་དུ་རྗེ་གོང་མའི་རྣམ་ཐར་བཞིན་དུ་བསྟན་འགྲོའི་དོན་འབའ་ཞིག་ཐུགས་ལ་བརྣགས་པས་སྤང་དང་ཀློག་པའི་འཁོར་ལོས་ལུང་རྟོགས་ཆོས་མཛོད་བསགས་པ་ལ་ཆོག་ཤེས་སྐྱོ་སུན་དང་བྲལ་ཞིང་། ཞར་བྱུང་བྱ་བ་ལས་ཀྱི་འཁོར་ལོས་ཕྱོགས་དང་རིས་སུ་མ་ཆད་པའི་མཆོག་ཕལ་རྣམས་ལ་ཆོས་ཀྱི་བགོ་སྐལ་རྒྱུན་ཆད་མེད་པར་སྩལ་བས་བསྟན་པའི་སྲོག་རྩ་མཐའ་དག་སྦོམ་པོར་མཛད། བསྟན་རྒྱུན་དང་བསོད་ནམས་ཀྱི་ཞིང་དུ་རྟེན་གསུམ་བགྲང་ལས་འདས་པ་གསར་བཞེངས་དང་། བཤད་སྒྲུབ་ཀྱི་སྡེ་ཁྱད་པར་ཅན་མང་དུ་བཙུགས་ཏེ། གཞན་བསྐུལ་སོགས་ཀྱིས་བསྟན་པ་རྣལ་མ་དར་རྒྱས་ཀྱི་སྲོལ་བཏོད། ཐམས་ཅད་སྒྱུ་མར་གཟིགས་པས་བསྟན་དོན་མཛད་དཀའ་བ་ཅི་འདྲ་ཞིག་བྱུང་ནའང་ཐུགས་སུན་པའི་རྣམ་པ་དང་འོལ་ཆེ་ཕྲ་མོ་ཙམ་མི་མངའ་ཞིང་རྣམ་ཀུན་ཁུ་སིམ་མེར་བཞུགས། རྟག་ཏུ་སྦས་ཚུལ་གྱི་རྣམ་ཐར་ལྷུར་བཞེས་ཀྱང་ནང་གི་ཡེ་ཤེས་སྟོབས་སུ་གྱུར་པས་དམ་པའི་ཡོན་ཏན་གྱི་སྙན་གྲགས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་ནས་རིས་མེད་པའི་སྐྱེས་ཆེན་དམ་པ་ཀུན་གྱིས་བསྔགས་ཤིང་དངོས་བརྒྱུད་ནས་ཞབས་པད་ལ་བསྙེན། ཡེ་ཤེས་བརྙེས་པའི་གཟིགས་སྣང་ལ་ཁྱབ་བརྡལ་དུ་སྤྱོད་པའང་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་ཀུན་དང་ཐུན་མོང་ལྟ་བུར་བཞུགས། ས་གཞི་སྐྱོང་བ་ཆེ་ཕྲ་མཐའ་དག་གིས་ཞབས་ནས་བཏེགས་ཀྱང་ཆོས་བརྒྱད་ཀྱི་འདུ་འགོད་ཕྲ་མོ་ཙམ་ཡང་མི་གནང་ཞིང་ཀུན་སྤོང་གི་རྣམ་ཐར་གཙོ་བོར་མཛད་། ཆོས་ཉིད་ཀྱི་དགོངས་པ་ཀློང་དུ་གྱུར་པས་མཛད་སྒོ་ཆེ་ཕྲ་མཐའ་དག་འཕྲལ་འཕྲལ་ཐད་ཀར་གནང་བའང་ཕལ་པའི་བློར་ཆུད་དཀའ་བའི་ངོ་མཚར་ཅན་རྣམས་རྣམ་ཀུན་ཐོགས་མེད་དུ་འགྲུབ་པའི་ཕྲིན་ལས་ལ་མངའ་བརྙེས། ཐུགས་རྗེ་ཆེན་པོ་དུས་ལས་ཡོལ་བ་མི་མངའ་བས་བོད་ཆེན་ལྗོངས་ནས་འཕགས་བལ་བར་གྱིས་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལ་ཐར་པའི་ས་བོན་འཇོག་པར་དངོས་ཀྱི་ཞབས་བསྐྱོད་ནས་ཚོགས་ཟུང་འབུམ་གྱིས་བསྐྲུན་པའི་སྐུའི་དཀྱིལ་འཁོར་བསྟན་ཅིང་། གང་འདུལ་གྱི་གསུང་གི་བདུད་རྩི་དང་དམིགས་པ་མེད་པའི་ཐུགས་ཀྱིས་ཀུན་ལ་ཁྱབ་པར་གནང་ནས་ཕྲིན་ལས་མཐར་ཕྱིན་པའི་མཛད་པ་མདོར་ན་སྐུ་གསུང་ཐུགས་ཀྱི་གསང་བ་མཐའ་དག་ཆོས་དང་ཞུ་དག་འཕེར་བའི་རྣམ་ཐར་གཙང་མ་འདི་ལྟ་བུ་ནི་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱིས་ཕྱག་བྱ་བའི་འོས་སུ་གྱུར་ཅིང་། སངས་རྒྱས་སྲས་དང་བཅས་པས་བསྔགས་པར་མཛད་པའང་། སྡུད་པ་ལས། དཔེར་ན་སངས་རྒྱས་སྤྲུལ་པ་སངས་རྒྱས་མཛད་པ་བྱེད། །བྱེད་པ་དེ་ལ་དྲེགས་པ་ཅུང་ཟད་སྐྱེ་མི་འགྱུར། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །སྤྲུལ་པ་སྒྱུ་མ་བཞིན་དུ་བྱ་བ་ཐམས་ཅད་སྟོན། །ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་། །འདྲ་བའི་བཟོ་བྱས་དེ་ཡང་བྱ་བ་ཐམས་ཅད་བྱེད། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །དེ་ལྟར་སྤྱོད་མཁས་རྣམས་ལ་ལྷ་ཚོགས་མང་པོ་དག །ཐལ་མོ་སྦྱར་བ་བཏུད་ནས་ཕྱག་ཀྱང་འཚལ་བར་བྱེད། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཇི་སྙེད་པའང་། །ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངས་སུ་བརྗོད་པ་མཛད། །ཅེས་གསུངས་པ་ཉིད་དོ། །ཁྱད་པར་དུ་རྒྱུན་གྱི་ཞལ་འཕྲོས་སུ་ཕྲན་སྲོག་རླུང་པའི་ཁོག་པར་གདོན་ཞུགས་པས་མི་མཐོང་བ་དང་མི་བྱེད་པ་མེད་ཅེས་གསུངས་པ་ཡང་དོན་དུ་ནང་གི་རྣལ་འབྱོར་གྱི་བྱེད་པས་རྩ་ཐིག་རླུང་གསུམ་ལ་རང་དབང་འབྱོར་ཞིང་སྲོག་རྩོལ་དབུ་མར་དག་པའི་བདེན་དོན་མངོན་དུ་གྱུར་པ་སྟེ། བསྡུས་རྒྱུད་ལས། སྲོག་གི་རྩོལ་བས་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །ཅེས་པ་དྲི་མེད་འོད་དུ། སྲོག་གི་རྩོལ་བ་དག་པ་ཞེས་པ་ནི། འདིར་གང་གི་ཚེ་རྣལ་འབྱོར་པ་ཉི་མ་རི་བོང་ཅན་གྱི་ལམ་དང་བྲལ་ཏེ་རྟག་ཏུ་དབུ་མར་འབབ་པར་གྱུར་པ་དེའི་ཚེ་སྲོག་གི་སྩོལ་བས་དག་པར་གྱུར་པས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་དེ་བསྔགས་པར་བྱེད་དོ་ཞེས་པའི་དོན་ཏོ། །ཞེས་རྣལ་འབྱོར་པར་གཡས་གཡོན་ནས་རྒྱུ་བའི་རོ་རྐྱང་གི་རླུང་དབུ་མར་ཚུད་པ་ན། གཟུང་འཛིན་གྱི་འཆིང་བ་གྲོལ་ཏེ་རྡོ་རྗེ་ནང་གི་ས་བཅུའི་སྤངས་རྟོགས་ཡོངས་སུ་རྫོགས་ཏེ་སོ་སོ་ཡང་དག་པའི་རིག་པ་བཞི་ལ་དབང་འབྱོར། གཟུངས་དང་སྤོབས་པ་དང་མངོན་ཤེས་ཚད་མེད་པའི་གཏེར་རྡོལ། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡོངས་སུ་དག་པས་བྱ་རྩོལ་དང་བྲལ་བའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་གྱི་མཛད་པ་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་ཅིང་། སངས་རྒྱས་རྣམས་ཀྱི་ལུང་བསྟན་ཐོབ། སྙན་པའི་གྲགས་པ་ཆེན་པོ་འབྱུང་ཞིང་། རླུང་དབང་དུ་འདུས་པའི་རྟེན་འབྲེལ་གྱིས་བྱང་ཆུབ་སེམས་དཔའ་ལ་སོགས་དབང་དུ་འདུ་བར་གསུངས་པ་ཉིད་ཇི་བཞིན་མངོན་དུ་གྱུར་པར་ངེས་པས་ན་གྲུབ་པའི་རྟགས་མཚན་ཀུན་གྱི་མཆོག་ཏུ་གྲུབ་པའོ།

།དགུང་གྲངས་རེ་བཞིར་ཕེབས་པ་མེ་སྤྲེལ་ས་ག་ཟླ་བའི་ཡར་ཚེས་སྐོར་ཡར་ལུང་སྣེ་གདོང་བན་གཙང་དུ་ཡང་གཏེར་བཀའ་འདུས་སྒོ་ནས་སྤྲོས་བཅས་སྒྲུབ་ཆེན་རྒྱས་པར་གནང་། ཟླ་བ་དེའི་དམར་ཕྱོགས་ཀྱི་ཚེས་བཅུར་ཁྲ་འབྲུག་གི་གཙུག་ལག་ཁང་དུ་ཚོགས་དང་མཆོད་པ་གཟབ་རྒྱས་ཀྱིས་ཁྱམས་སྟོད་སྟེགས་བུར་རས་བྲིས་ལ་བརྟེན་པའི་ཡང་གཏེར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་རབ་ཏུ་གནས་པའི་ཚོགས་ནང་གི་ལྷ་ཁང་ཆེ་ཕྲ་ཚང་མ་དང་། ཕྱི་རོལ་གླིང་སྐོར་གྱི་མཆོད་རྟེན་ཁག་བཅས་ལ་ཁྲུས་གསོལ་དང་རབ་གནས་མེ་ཏོག་འཐོར་བ། མཆོག་གི་ལས་སྦྱོར་བདུད་རྩི་སྨན་སྒྲུབ། ཐུན་མོང་དུ་ཚེའི་སྒྲུབ་པ། དྲག་པོའི་ལས་སྦྱོར་གཏོར་བཟློག །སྐོང་བཤགས་དང་ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་ལྷག་གྲངས་གསོག་བཅས་སོ་སོར་གཟབ་རྒྱས་ཉིན་གཅིག་གི་ཁོངས་སུ་གྲུབ་པར་མཛད། དེའི་ཉིན་ཐུགས་སྣང་ཤིན་ཏུ་སྤྲོ་བའི་ཚུལ་གྱིས་སྔར་བན་གཙང་དུ་སྒྲུབ་ཆེན་ལས་ད་རེས་དགོས་པ་ཆེ་སོང་ཞེས་གསུང་འཕྲོས་ཀྱང་ཕེབས། དེའང་གསུང་ཆོག་དབུ་ཉི་དྲོས་ཙམ་དུ་ཚུགས་ཤིང་། བར་མཚམས་གུང་གསེང་སོགས་ཡུན་རིང་ཙམ་གནང་མོད། དགོང་ཀ་སྔ་ཆར་ནས་གྲུབ་ཅིང་ནམ་མཁར་སྤྲིན་འཇའ་ཤར་བ་སོགས་དེར་ཡོད་རྣམས་ངོ་མཚར་གྱི་གནས་ལ་བཀོད་པར་མཛད། རྫོང་སར་གཙུག་ལག་ཁང་དུ་སྒྲུབ་ཐབས་ཀུན་བཏུས་ཀྱི་དབང་ལུང་གསུང་སྐབས་རྣམ་སྲས་སེར་ཆེན་གྱི་རྗེས་གནང་སྐབས་ཚོགས་གྲལ་གྱི་བར་དུ་གསེར་འཐོར་བ་སློབ་མ་ཁ་ཤས་ནས་རྙེད་པ། རིམ་གྱིས་ཐམས་ཅད་ནས་ཞིབ་ཏུ་བཙལ་ཚེ་ལྷ་ཁང་དེའི་བླ་བྲེའི་སྟེང་ཚུན་མང་པོ་བབས་པ་དང་། མདོར་ན་རིན་ཆེན་དང་པོ་སིལ་མར་བརྡལ་བས་ལྷ་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པ་དངོས་སུ་གསེར་དད་རྟེན་དུ་ཁྱེར་རྒྱུ་ཡོད་པ་བྱུང་། དགུང་གྲངས་རེ་གཉིས་པ་རྟ་ལོར་གཟིམ་ཆུང་དབང་ཁང་དུ་སྒྲུབ་བཏུས་གསུངས་སྐབས་དབང་རྒྱས་ལྷ་རྣམས་ཀྱི་རྗེས་གནང་སྐོར་ལ་ཆབ་མདོ་ཡབ་ཚང་ནས་བཀའ་འགྱུར་སྤར་གསར་བཞེངས་ཀྱི་སྤར་ཕུད་འབུལ་དུ་བྱུང་བར་བཀའ་ཆོས་འདི་སྔར་འདོན་སྐབས་གསེར་གྱི་ཆར་བབས་པ་རེད་ཅེས་སྒྲོ་བཏགས་བྱས་པ་དོན་ལ་གནས་སྲིད་ནའང་ཐུན་མོང་ཙམ་རེད། ད་རེས་ཐུན་མིན་རྒྱལ་བཀའ་རིན་པོ་ཆེའི་ཆོས་ཀྱི་མཛོད་ཆེན་པོ་དངོས་སུ་ཐོབ་པ་རེད་ཅེས་ཞལ་རྩེད་བཅས་དེ་འཕྲལ་ནས་འདུས་པ་རྣམས་ལ་བསྙེན་བཀུར་གྱིས་དག་འདོན་གནང་བར་མཛད་པའང་ཐུན་མིན་ཆོས་ཀྱི་མཛོད་ལ་དབང་འབྱོར་བའི་རྟགས་སུ་ངེས། སྔར་ཀཿཐོག་ཏུ་བཞུགས་སྐབས་དངུལ་ཆུ་ཀར་ཡོལ་ཕྱེད་ཙམ་བཞེས་མཛད་པ་སྐུ་ལུས་ལ་ཅིའང་མ་གནོད་པར་ཐམས་ཅད་བཞུགས་གདན་སྟེང་དུ་ཐོན་པར་མཛད་པས། འགའ་ཞིག་གིས་ལོ་ཉུང་བསམ་མེད་ཀྱི་བྱ་སྤྱོད་དུ་བརྩིས་ནས་མ་ཤི་བ་དེ་ཙམ་ལམ་འགྲོ་བྱུང་བ་རེད་ཅེས་ལབ་སྐད་ཀྱང་དོན་ལ་གྲུབ་རྟགས་ཡིན་པར་ངེས། གདན་སར་ཕེབས་ནས་ཡུན་རིང་མ་ལོན་པའི་སྐབས་ཤིག་རིན་ཆེན་སྣ་ཚོགས་འདྲེས་པའི་ཕྱེ་མ་ཞིག་གཟིགས་པ་སྐུ་ཚབ་ཀྱི་ཕབས་གཏའ་ཡིན་རྒྱུ་གནང་ནས་སྐུ་ཁ་ཤས་བཏབ་པ་སྒྲོམ་དུ་བཅུག་སྟེ་ཞག་ཁ་ཡར་སྒྲུབ་པ་མཛད་ཅིང་ཞལ་ཕྱེ་བ་ན་ཕྱག་གིས་རེག་དཀའ་བ་ཙམ་གྱི་དྲོད་དང་གཟི་བརྗིད་ཅན་དུ་གྱུར་འདུག་པ་སྐུ་ཚབ་ཀྱི་རྒྱུ་སོགས་གཏན་ནས་རེད་མི་འདུག་ཀྱང་ཡིད་གཉིས་མེད་པའི་དད་མོས་ཀྱིས་འགྲུབ་པར་གསུངས་པ་དོན་ལ་གནས་འདུག་ཅེས་ཕེབས། ཤིང་ལུག་ས་ཟླའི་དམར་ཕྱོགས་གྲུབ་ཐོབ་ཐུགས་ཐིག་གི་བཀའ་བརྒྱད་ཁྲག་འཐུང་འདུས་པའི་སྒོ་ནས་སྨན་སྒྲུབ་གནང་སྐབས་ཕྱེ་མར་སྒྲུབ་པ་ཚུགས་ནས་སྒྲུབ་ཁང་ལ་འཇའ་འོད་ཡང་ཡང་ཟུག་པ་ཀུན་གྱིས་མཐོང་བ་དང་། འདིས་མཚོན་ཏེ་དབང་དང་སྒྲུབ་ཆེན་སོགས་གནང་སྐབས་ཆར་དཀོན་པ་ན་ཆར་རྒྱུན་ཆེར་འབབ་འཇའ་ཤར་བ་སོགས་ཤིན་ཏུ་མང་ཞིང་། གཞན་ཡང་ཚེ་ཆང་ཞོ་ལྟར་དུ་ཆགས་པ། བུམ་ཆུ་བདུད་རྩི། ཚེ་རིལ་སོགས་ཉུང་ངུ་རེས་སློབ་མ་བརྒྱ་ཕྲག་ཁ་ཡར་ལ་རྒྱས་པར་ཁྱབ་པ་སོགས་རྣམ་ཀུན་ཤིན་ཏུ་མང་བས་ཀུན་ལ་ཐུན་མོང་ཡོངས་སུ་གྲགས་པའོ།

།འཛིང་རྣམ་རྒྱལ་མགོན་པོ་ཞེས་པ་སྔར་ཆོས་རྗེ་ཁུ་དབོན་རྒྱ་ནག་ཏུ་ཕེབས་སྐབས་བཞེངས་ཤིང་ནང་རྟེན་དུ་སྟོན་མཆོག་ཐུབ་དབང་གི་འཁར་གསིལ་སོགས་བཞུགས་པའི་ལོ་རྒྱུས་ངོ་མཚར་ཅན་དེ་ཉིད་ཕྱིས་སུ་ཆ་ཕྲེང་བའི་གྲྭ་དམག་གིས་ཉམས་ཆག་བཏང་བ། རྗེ་འདིས་ཉམས་གསོས་ཀྱིས་རབ་གནས་གནང་བའི་བགེགས་བསྐྲད་སྐབས་དགོངས་གཏད་ཀྱིས་དྲག་ཏུ་གཟིར་བས་དངོས་སུ་སྐུ་རྟེན་གཡོ་འགུལ་ཆེར་བྱུང་བའི་མདུན་དེར་ལས་རྡོར་ནས་གུ་གུལ་བདུག་ཅིང་ཡོད་པ་བྲེད་བསྔངས་ཀྱིས་བྲོས་དགོས་བྱུང་བ་ཡོངས་གྲགས་དང་། བསྟན་འགྲོའི་དུས་རིམ་དུ་ཐུགས་སྒྲུབ་བསམ་ལྷུན་གྱི་བཀའ་སྲུང་རྣམ་སྲས་དྲག་པོ་རྟ་སྔོན་ཅན་གྱི་དམག་བཟློག་ཆེད་དུ་གནང་བའི་ཉིན་དེར་ཤར་ལྷོའི་ཕྱོགས་ནས་ནག་ཕྱོགས་ཀྱི་དམག་གཏོས་ཆེ་བ་ཞིག་ལམ་དུ་ཞུགས་ཏེ་འོང་སྐབས་ཐམས་ཅད་ཆུར་བྱིངས་ནས་རྨིང་མེད་དུ་གྱུར་པའི་རྟགས་མཚན་མངོན་དུ་གྱུར། འདི་ལྟ་བུའི་མངོན་སྤྱོད་ནུས་མཐུའི་གདིང་ཚད་ལ་མངའ་བརྙེས་ཀྱང་ཤུགས་འབྱུང་ལུང་བསྟན་ཐོག་བབས་ལྟ་བུའི་བསྟན་རིམ་གནད་དུ་འགྲོ་བ་རེ་རེ་ཙམ་ལས་རྣམ་ཀུན་དྲག་པོའི་ལས་སྦྱོར་ལ་གཏན་ནས་ཐུགས་མི་དགྱེས་ཤིང་དངོས་བརྒྱུད་ནས་གནང་བར་མི་མཛད། སྤྱི་སྒེར་ཞབས་བརྟན་རིགས་ལའང་བཀའ་ལས། བསྟན་འགྲོ་སྤྱིའི་ཞབས་བརྟན་ཤིན་ཏུ་གལ་ཆེ་ཡང་དེང་སང་དུས་དབང་གིས་བླ་མ་རྣམས་དཀོར་ལ་རྔམས་ཤིང་ལྟ་དགོངས་ཀྱི་གདིང་ཐོབ་པ་དཀའ། སྦྱིན་བདག་དམ་ཚིག་དང་ལྡན་པ་དཀོན། སེམས་ཅན་བསོད་ནམས་དམན་པས་མངོན་སྤྱོད་ཀྱི་ལས་སྦྱོར་སྲུང་ཟློག་བསད་མནན་འདི་ཁེ་ཉེན་ཆེ་བས་གཙོ་བོར་ལས་འཇམ་པོ་གསུམ་ཁོ་ན་བསྔགས་ཤིང་འདོམས་པར་མཛད། གུས་ལ་རྣམ་སྲས་འདིའི་སྲོག་དབང་སྩལ་སྐབས་ཐུན་མོང་དངོས་གྲུབ་ཀྱི་དབང་དུ་བྱས་ན་མགོན་པོ་གུར་ལ་བརྟེན་ན་ནོར་གྱི་དངོས་གྲུབ་དང་། རྣམ་ཐོས་སྲས་ལ་བརྟེན་ནས་དྲག་པོ་མཐུ་ཡི་དངོས་གྲུབ་ཡོད་ཀྱང་ཤེས་མཁན་མི་འདུག་ཅེས་ཞལ་རྩེད་ཀྱི་ཚུལ་དུ་གསུངས་པ་དོན་དུ་སྨོས་མ་ཐག་པ་ལ་དགོངས་སྙམ། ཐུགས་དམ་ཕྱག་དཔེའི་ཁྲོད་ནས་མགོན་པོ་ཞལ་པོད་ཀྱི་གདོང་དར་བྱི་བས་ཁྱེར་བ་ཆོས་སྐྱོང་ལ་ཕྲིན་བཅོལ་གནང་བས་ཕྱིར་ནངས་གླེགས་བམ་གྱི་འཁྲིས་དེར་ཚུར་བཞག་པ་དང་། རྗེ་གོང་མའི་སྐུ་ཉེ་གདོང་ཐོག་ཁྱིམ་དུ་མཁྱེན་བརྩེ་རིན་པོ་ཆེས་སྙིང་ཐིག་ཡུམ་བཀའ་དང་ཚེ་རིང་མའི་གཡང་སྒྲུབ་ཀྱི་རྟེན་དུ་བཞག་པའི་བླ་རྡོ་ངོ་མཚར་ཅན་ཞིག་ཡོད་པ་ཕྱིས་དུས་འགྱུར་གྱི་ཚེ་བོར་བརླག་སོང་བ། རྗེ་ཉིད་ཀཿཐོག་ནས་ཡར་ཡོང་སྐབས་ཐང་ཞིག་ནས་རྙེད་པ་སླར་རང་གནས་བཞག་ཡོད་གསུངས་པ་སོགས་དམ་ཅན་དྲེགས་པས་བཀའ་བཞིན་སྒྲུབ་པའི་མངོན་རྟགས་སུ་ངེས་སོ། །སོག་ཙནྡན་དགོན་གྱི་ཆར་ཉི་གྲགས་ཨ་ཙ་རྟོགས་ལྡན་གྱི་སྐུ་སྐྱེ་ཀུན་བཟང་རྣམ་གྲོལ་ནས་སངས་གླིང་གཏེར་མ་ཡིན་སྐད་རོལ་མོ་སོགས་ཕུལ་བར། ཁོ་ལ་གྲི་བཙན་འཁོར་ཆེས་པ་ཡིན་ནམ་དེའི་ནུབ་གྲི་བཙན་དངོས་སུ་བྱུང་སྙམ་བྱེད་པར་བཀའ་བསྒོ་དམ་བསྒྲགས་བྱས་ཁུལ་ཞེས་གསུངས། དྲྭ་སྒང་སྒྲུབ་གྲྭ་གསར་འཛུག་སྐབས་འཁྲིས་དེར་སྔར་ནས་ཡོད་པའི་ཤུགས་ལྡན་སྐུ་གསོབ་གཉན་པར་བརྩི་བ་ཞིག་ཡོད་པ་དགོན་ཆེན་རྒྱལ་ཁང་དུ་སྤོ་འཇོག་གནང་སྐབས་གནས་དེ་ནས་མི་མཐོང་བའི་སར་སླེབས་པ་ན་ཤིན་ཏུ་ལྕི་ཞིང་ཐེག་དཀར་གྱུར་པ། སྔར་ཤུལ་དུ་ཏིང་ཕོར་ཡ་དང་སྙན་ཤལ་ཚལ་པ་ཕྲན་ཚེག་ལྷག་འདུག་པ་རྣམས་ལ་རྗེ་ཉིད་ཀྱི་ལྗགས་སྔགས་བཅས་ཕྱག་འབྲུ་གནང་ནས་འདིས་བྲོབ་ལ་ཁྱེར་ཅིག་ཅེས་ཐུགས་ཁྲོས་པའི་ཚུལ་གྱིས་བཀའ་ཕེབས་པ་ལྟར་བགྱིས་པས་རིམ་གྱིས་ཡང་དུ་སོང་ནས་མཐར་ཅི་བདེར་ཁྱེར་ཆོག་པ་བྱུང་བ་དང་། དེའི་ནུབ་མོ་དགོན་ཆེན་རྒྱལ་ཁང་དུ་སིལ་ཆོལ་གྱི་སྒྲ་དང་ཁྱི་འུར་བ་སོགས་འཚུབས་ལྷོངས་ཆེ་བར་བྱུང་བ་ཀུན་གྱི་མཐོང་ཐོས་སུ་གྱུར་ཅིང་། ལས་བྱེད་སུ་ལའང་གནོད་འཚེའི་རྣམ་པ་ཅུང་ཟད་མ་བྱུང་བས་ངོ་མཚར་ཡིད་ཆེས་ཀྱི་གནས་སུ་གྱུར། ལར་རྒྱལ་པོ་འདི་མཁྱེན་བརྩེ་གོང་མས་ལྷུན་གྲུབ་སྟེང་དུ་སྔ་འགྱུར་བཀའ་མ་ཚོགས་ཆེན་འདུས་པའི་སྒྲུབ་དབང་ཆེན་མོ་གནང་སྐབས་དངོས་སུ་དབང་གྲལ་དུ་འདུས་ནས་མདོ་ཚིག་ནོད་པའི་གཟིགས་སྣང་དམིགས་བསལ་བྱུང་བའི་གསུངས་འཕྲོས་ངག་རྒྱུན་ཁུངས་དག་ལས་འབྱུང་བ་ལྟར། རྫོང་སར་དགོན་གཞུང་དུའང་སྔར་ནས་རྒྱལ་པོ་འདིའི་རྟེན་དང་གསོལ་རྒྱུན་ཡོད་ཀྱང་། བཀའ་གཏེར་གྱི་སྨིན་གྲོལ་རྒྱ་ཆེ་རྒྱུན་དུ་གསུངས་བཞིན་པ་དང་། སྒྲུབ་ཆེན་ལན་མང་འཛུགས་པ་དང་རྒྱལ་མདོས་སོགས་སྐབས་གང་ལའང་འཇམ་མགོན་བླ་མ་སྐུ་གོང་འོག་གཉིས་ཀས་ཆེད་དུ་སྙན་དར་དང་ཕྲིན་བཅོལ་ཙམ་ཡང་མི་གནང་མོད། བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་མེད་པ་སོགས་རྗེ་མཁྱེན་བརྩེའི་དབང་པོ་སྐུ་གོང་འོག་གི་དམ་འོག་ཏུ་ཆུད་པ་ཞིག་ངེས་པར་ཡིན་འདྲ། དགུང་གྲངས་ལྔ་བཅུར་ཕེབས་པ་ཆུ་རྟ་ལོར་ཁམས་ཀྱི་ཕྱོགས་སུ་ཕྱུགས་ནད་ཀྱི་རྒྱུན་ཆེན་པོ་མཆེད་པའི་ཚེ། འོད་དཔག་བྱང་ཆོག་མཛད་པར་ཕྱུགས་ཀྱི་ནད་བདག་གཟུགས་དངོས་སུ་བསྟན་ནས་སྲོག་སྙིང་ཕུལ་བའི་གཟིགས་སྣང་བྱུང་བ་དེ་ཉིད་ལ་གསུར་བསྔོ་བསྡུས་པ་གསར་རྩོམ་གནང་ནས་ཕྱོགས་ཀུན་བཀྲམས་པས་ཁྱབ་ཚད་ཀྱི་ཕྱུགས་ནད་རྒྱུན་ཆད་པ་མངོན་སུམ་ཡོངས་གྲགས། གཏེར་ལྷུང་ཕྱོགས་རིམས་ནད་ཀྱིས་མི་མང་པོ་ཤི་ནས་རོ་གདོན་ཅན་ཞིག་ལ་བླ་སེར་མང་པོས་གསུང་ཆོག་གནང་ཡང་དྲུང་དུ་འགྲོ་དཀའ་བའི་ལང་དུ་ཉེ་བ་ན། རྒྱང་རིང་ནས་ཕེབས་ཞོར་ཁེལ་བར་སྐྱབས་འཇུག་ཞུས་པས་དེ་འཕྲལ་རོའི་ཁ་སྣ་ནས་ཁྲག་རྒྱུན་ཐོན་ཏེ་གདོན་རང་ཞིར་སོང་། དེར་ཡོད་འགའ་ཞིག་གིས་མཁྱེན་བརྩེ་སྤྲུལ་སྐུའི་ཐུགས་རྗེ་ནི་རྒྱ་མདའ་འདྲ་འདུག་ཅེས་ཁ་མཚར་ལབ་སྐད། བྲག་ཡབ་འདྲེ་ངན་གྱི་བློན་པོ་སྔགས་པ་ཞྭ་ནག་ཕོད་ཁ་གྱོན་པ་ཞིག་གིས་མདོ་སྨད་ཀྱི་ཆེ་རྒུ་མང་པོའི་སྲོག་དབུགས་སྡུད་ཚུལ་ཀུན་གྱིས་ཟེར་བ་གཡོན་རུ་བླ་མ་ལ་ཉང་གི་རྟ་ནག་གི་དབང་མཛད་སྐབས་སྒྲོལ་དབང་དུས་སྔགས་པ་དེ་བསྒྲལ་བའི་གཟིགས་སྣང་བྱུང་བས་མཚོན་གཤིན་པོ་ཟ་འདྲེ་སྟོབས་ཅན་གྱིས་བཟུང་བ་དང་། ནད་པ་གདོན་དྲག་པོས་བརླམས་པ་སོགས་ཐུགས་རྗེས་བསྐྱབས་པའི་ཚུལ་མང་ཞིང་། དངོས་སུ་མི་མ་ཡིན་གྱིས་ཁྲིད་ནས་ཞག་ཁ་ཡར་སོང་བ་འགའ་ལ་སྐྱབས་འཇུག་གནང་བས་སླར་འཁོར་ནས་དེའི་སྐོར་ལོ་རྒྱུས་ཡིད་ཆེས་སྐྱེ་བ་མང་པོ་བཤད་དུ་ཡོད་པ་དང་། རྟག་པར་ལོ་ཏོག་ལ་སྲོག་ཆགས་དང་སེར་བ་སོགས་ཀྱིས་འཚེ་བར་སྐྱབས་འཇུག་གནང་བས་རྒྱུན་ཆད་པ་ཤིན་ཏུ་མང་ཡང་ཡིག་ཚོགས་ལ་འཛེམ་ནས་མ་སྤྲོས་སོ། །སྡེ་དགེའི་སྲས་མོ་གཡུ་སྒྲོན་གྱིས་ནང་ཆེན་རྒྱལ་ཁབ་ཏུ་ཚེ་ལྷ་རྣམ་གསུམ་གཙོར་བྱས་སྒྲོལ་མ་ཉེར་གཅིག་གི་ལྷ་ཁང་གསར་བཞེངས་ལ་རྟེན་གྱི་ནང་གཞུག་རབ་གནས་དགོངས་གཏད་སོགས་ཡང་ཡང་གསོལ་བ་བཏབ་པ་བཞིན་ཞལ་བཞེས་གནང་བས་སྒྲོལ་མ་ཉེར་གཅིག་ནང་ནས་སྐུ་གཅིག་གི་སྤྱན་གཉིས་ཀ་རང་བྱུང་གསལ་བར་བྱོན་པ་དང་། ཁམས་སྡེ་དགེ་རྨུགས་སངས་སྤྲུལ་སྐུ་ཀུན་བཟང་བོད་དུ་ཕེབས་ཏེ་ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་གངས་རི་ཐོད་དཀར་དུ་བདུད་རྩི་སྨན་སྒྲུབ་འཛུག་པར་དགོངས་གཏད་ཞུས་པ་ལྟར་ཐུགས་སྨོན་གནང་ཆོག་པའི་ཕྱག་བྲིས་འབྱོར་བ། ཟླ་བ་དེར་སྨན་སྒྲུབ་འཛུགས་རྒྱུ་མ་བྱུང་ཡང་ཚེས་བཅུའི་ཉིན་ཀུན་མཁྱེན་གཟིམ་ཕུག་ནས་ཤུག་གསེབ་བླ་བྲང་བར་སྨན་དྲིས་ཁྱབ་སྟེ་ངོ་མཚར་གྱི་གནས་ལ་བཀོད་པ་དང་། དགུང་གྲངས་རེ་གསུམ་ཤིང་ལུག་ལོར་དབུས་ཕེབས་སྐབས་ཟླ་༧ཚེས་༢ཉིན་རི་མདའ་སྟོད་དུ་ཕེབས་པ་ན། དུང་མདོ་དགོན་པའི་གཙུག་ལག་ཁང་བརྟེན་པར་བཅས་པ་བཞེངས་གྲུབ་པ་ལ་རབ་གནས་ཞུས་པར་ཟླ་བ་དེའི་ཚེས་བཅོ་ལྔའི་ཉིན་རབ་གནས་དགོངས་གཏད་མཛད་རྒྱུར་ཞལ་བཞེས་གནང་བ་བཞིན་གོང་ཚེས་ཉིན་དགེ་འདུན་འདུས་ཏེ་བསྟན་པ་རྒྱས་ཆོག་དང་འབྲེལ་མཆོད་པ་རྒྱས་སྤྲོས་བཅས་ཉི་དྲོས་ལ་ལྷ་ཁང་གི་སྟེང་ནས་ཡོ་བྱད་དང་རོལ་མོ་སོགས་ཀྱི་མཆོད་སྤྲིན་འབུལ་སྐབས་སྟེང་གི་ནམ་མཁའ་འཇའ་འོད་ཤར་བ་བཅས་དངོས་སུ་རབ་གནས་ཀྱི་མེ་ཏོག་སྔོན་པོ་ཤས་ཆེ་བའི་འབྲས་ཁ་དོག་སྣ་ཚོགས་པ་ཆར་བཞིན་དུ་བབས་པས་གཙུག་ལག་ཁང་གི་ཕྱི་ནང་ཀུན་ཏུ་ཁྱབ་པའི་ངོ་མཚར་བྱུང་བ་དེར་ཡོད་ཀུན་གྱིས་མངོན་སུམ་དུ་མཐོང་ཞིང་རབ་གནས་མེ་ཏོག་དད་རྟེན་དུའང་མང་དུ་ཐོབ་ཚུལ་གོ་ཐོས་བྱུང་བ་འདིའི་ཕྱོགས་ནས་ཡོང་བའི་རིགས་ལ་དངོས་བརྒྱུད་རྩད་གཅོད་ཡང་ཡང་བྱས་པས་ཐམས་ཅད་ངག་མཐུན་པར་འདུག་པས་ངོ་མཚར་ཤིན་ཏུ་ཆེ་བར་སོམ་ཉི་དང་བྲལ་བས་བཀོད་པ་དང་། སྔོན་ཆད་གདན་སར་བཞུགས་བཞིན་ཉིན་ལམ་མང་པོས་ཆོད་པར་རབ་གནས་མེ་ཏོག་ཟངས་ཐལ་དུ་གནང་བའི་ལོ་རྒྱུས་ཀྱང་མང་དུ་མངའ་བའོ།

།སྔར་གུས་ནས་རྗེ་ཉིད་ཀྱི་རྣམ་ཐར་ཞིག་མཛད་ཐུབ་གསོལ་བ་ཡང་ཡང་བཏབ་པས། ངོས་ལ་རྣམ་ཐར་ཞེས་དོན་ལོ་བྲི་རྒྱུ་མི་འདུག་ཀྱང་ཁྱོད་ནས་ནན་ཏན་ཆེན་པོས་བརྗོད་པ་ལ་ད་ལྟ་བསྡུས་ཙམ་ཞིག་རང་ནས་བྲི་ཆོག །ལར་ངེས་ཏིག་ཅན་ཟེར་ཅི་ཤེས་མ་གཏོགས་ལོ་ཆེ་ཆུང་ལ་དཔག་ན་ཕྲན་གཉིས་ཁྱོད་རྗེས་མ་འབྱུང་ཚོད་རེད་པས་ང་ཤི་རྗེས་རྒྱས་པར་ཁྱོད་ཀྱིས་བྲིས་ཞེས་ཕེབས། ཕྱིས་དབུས་ཕེབས་ཀྱི་ལོ་དེར་གཟིམས་ཆུང་སྦུག་མར་རྗེ་བླ་མ་ཉིད་ཀྱི་དགོངས་གཏེར་སྐོར་གྱི་དབང་ཞིག་གནང་རྗེས་ཕྲན་ནས་མཐོང་སྣང་རབ་རིབ་བྲིས་པ་འདི་རེད་ཅེས་སྐུ་ཚེའི་སྨད་ཀྱི་གཟིགས་སྣང་སྐོར་ཕྱག་བྲིས་ཤོག་དྲིལ་མང་ཙམ་འདུག་པ་ཕྱག་ཏུ་བསྣམས་ཏེ་ཕྲན་ལ་གཟིགས་བྱུང་བ་དང་སྔར་གྱི་གསུང་དེ་ཡིད་ལ་ལྷང་གིས་དྲན་ནས་ལག་ཏུ་ཞུ་མ་ནུས་པས་ད་ལྟ་ཤིན་ཏུ་ནོངས། འོན་ཀྱང་གསང་བ་ཟབ་མོའི་ཆ་ཤས་ངེས་ཏིག་ཅན་སྒྲོ་སྐུར་བྲལ་བ་རྣམས་ཕལ་ཆེར་ཁྱད་པར་གྱི་རྣམ་ཐར་སྐབས་འབྱུང་ཞིང་། འདིར་ཡང་ཅུང་ཟད་ཙམ་སྨོས་ན། རྫོང་སར་དུ་ཕེབས་ནས་རིང་པོར་མ་ལོན་པའི་སྐབས་ཤིག་ཏུ་གྲུབ་ཐོབ་ཐུགས་ཐིག་ལ་ཉམས་བཞེས་གནང་བའི་ཚེ། རྗེ་གོང་མའི་གཟིམ་སྦུག་ཏུ་གྲུབ་ཐོབ་ཆེན་པོ་སྐུ་ཆེ་ཆུང་ཁྲུ་གང་གི་ཚད་ཙམ་དངོས་སུ་བཞུགས་པར་གུས་འདུད་མཛད་པས་མདུན་དེར་ཤེལ་རྡོའི་གོང་བུ་ཞིག་བཞག་ནས། གཟུང་བའི་ཡུལ་གྱིས་མ་གོས་ཤིང་། །འཛིན་པའི་རྟོག་པས་མ་བསླད་པ། །རང་སེམས་རྗེན་པར་བསྐྱངས་པ་འདི། །སངས་རྒྱས་ཀུན་གྱི་དགོངས་པའོ། །ཞེས་རྗེ་མཁྱེན་བརྩེར་གུ་རུ་རིན་པོ་ཆེས་ངོ་སྤྲོད་གནང་བའི་རྡོ་རྗེའི་ཚིག་དེས་ངོ་སྤྲོད་གནང་བའི་གསལ་སྣང་གཟིམ་ལམ་དུ་བྱུང་བས་ཐུགས་དམ་ཉམས་བཞེས་ལ་བོགས་འདོན་བྱུང་ཚུལ་གསུངས་པ་དང་མཐུན་པར་སྨན་སྐུ་ཞིག་ཀྱང་བཞེངས་ནས་གཟིམ་སྦུག་ཏུ་བཞུགས་སུ་གསོལ་བ་དང་། རྣམ་ཐར་ཞལ་གསུངས་ལས། དྲན་པས་སྲིད་ཞིའི་གདུང་སེལ་མགོན། །སི་ཏུ་ཐམས་ཅད་མཁྱེན་པ་ཆེ། །ཤིང་གླང་ལོ་ལ་སྐུ་གཤེགས་པའི། །གཏམ་ངན་སྐལ་མེད་རྣ་བར་སོན། །དགོངས་རྫོགས་གསོལ་འདེབས་མཆོད་འབུལ་བྱས། །རྗེ་དེ་གཤེགས་ནས་ལོ་མང་པོར། །རྨི་ལམ་གནས་སྐབས་ཕལ་ཆེར་མཇལ། །མགོན་ཁྱོད་དབྱིངས་སུ་གཤེགས་ན་ཡང་། །བདག་ཉིད་ཐུགས་བརྩེས་བཟུང་ངེས་སྙམ། །དགའ་སྐྱོ་འདྲེས་མར་རྒྱུན་དུ་མཆིས། །ཞེས་གསུངས་པ་ལྟར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་སི་ཏུ་རིན་པོ་ཆེ་རྣམ་པ་གཉིས་དབྱེར་མེད་པའི་དགྱེས་ཞལ་རྟག་ཏུ་གཟིགས་ཤིང་ལེགས་ཉེས་ཐམས་ཅད་ལུང་སྟོན་པ་ཞིག་ཡོད་ཅེས་དང་། སི་ཏུ་རིན་པོ་ཆེའི་མཛད་སྤྱོད། རྗེ་ཉིད་ལ་ཐུགས་བརྩེས་ཐུན་མིན་དུ་བསྐྱངས་ཚུལ་གསུངས་འཕྲོས་སྐབས་དད་གདུང་གིས་ཞལ་རས་གནས་འགྱུར་བ་ལྟར་དུས་རྟག་པར་མཛད། རྗེ་བླ་མ་དབུས་ནས་གདན་སར་ཕེབས་འཕྲལ་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེར་མཇལ་དར་ཕུལ་བའི་གསུང་ལན་དུ། ཀཿཐོག་སི་ཏུ་པཎ་ཆེན་གཤེགས། །རྒན་བུ་ཡང་ནི་འཆི་ཉེར་གྱུར། །རྙིང་བསྟན་སྣུམ་ཟད་མར་མེ་ལྟར། །གྱུར་པ་འདི་ལ་ཁྱོད་ཉིད་ཀྱིས། །བློ་སྟོབས་རྒྱ་ཆེར་བསྐྱེད་བྱས་ཏེ། །བསྟན་ལ་བྱ་བ་བྱེད་པར་རིགས། །ཞེས་ཞལ་ཆེམས་སུ་སྩལ་ནས་རིང་མིན་དགོངས་པ་ནང་དབྱིངས་སུ་བསྡུས་པའི་ཚེ་ཆེད་ཕེབས་གནང་བས་དཔའ་འོག་ནས་སྐུ་གདུང་རིན་པོ་ཆེའི་མདུན་ཕེབས་ཀྱི་བར་ཞག་གསུམ་བཏུད་མར་རྗེ་བླ་མ་ཉིད་གཟིམས་ལམ་དུ་གསལ་བར་མཇལ་ནས་བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་འཆད་སྤེལ་དགོས་ཚུལ་གསུང་གླེང་མང་པོ་ཞིག་གནང་བྱུང་བ་དོན་དུ་འཇམ་མགོན་རྣམ་གཉིས་ཀྱི་བསྟན་པ་ལ་བྱ་བ་བྱེད་དགོས་པའི་ཞལ་ཆེམས་སྩལ་བར་གོ་ཞེས་གསུངས་ལ། ཕྱིས་ཞེ་ཆེན་དུ་བཤད་གྲྭ་གསར་ཚུགས་སྐབས་གཞུང་འདིའི་བཤད་པ་ཚུགས་དགོས་ཞེས་བླ་སྤྲུལ་རྣམས་ལ་ཆེད་དུ་བཀའ་གནང་བའི་དགོས་པ་འདི་ཡིན་པར་འདུག །ཤིང་བྱ་ལོར་རིན་གཏེར་དབང་ལུང་གྲུབ་ནས་བླ་མ་དགོངས་འདུས་ཀྱི་པུསྟི་ལུང་དབང་གི་དབང་སྒྲུབ་སྐབས་འཇམ་མགོན་བླ་མ་སྐུ་གོང་འོག་བཀའ་གཏེར་གྱི་གདམས་པ་རྒྱ་མཚོའི་མངའ་བདག་ཏུ་བཞུགས་པ་ཐམས་ཅད་ཀྱི་གཏད་རྒྱ་རྫོགས་པའི་དགོངས་གཏད་བྱིན་རླབས་གསོལ་བ་བཏབ་པས་དགྱེས་ཚུལ་གྱིས་མདངས་རྨི་ལམ་དུ་ཛཾ་ནང་པདྨ་ཤེལ་ཕུག་གི་གཡས་ཀྱི་རི་གདོང་བྲག་དཀར་དཔལ་ཆེན་པོའི་སྐུའི་དབྱིབས་ཅན་དེར་སྤྲུལ་སྐུ་རིན་པོ་ཆེ་རྒྱལ་ཚབ་བཞུགས་ནས་གཏེར་མཛོད་ཀྱི་དབང་ལུང་ཡོངས་རྫོགས་མཛད་སོང་བ། མཁྱེན་བརྩེ་རིན་པོ་ཆེའི་སྙན་བརྒྱུད་ཡང་ཕུར་སྦྲགས་མའི་དབང་གིས་མཐའི་ཆོས་མཚམས་བཞག་པ་ཞིག་བྱུང་ཞེས་གུས་རྨོངས་ལ་སྤྲོ་བ་བསྐྱེད་པའི་གསུང་དུ་བཀའ་སྩལ། དགུང་གྲངས་བཅོ་ལྔའི་སྟེང་རྫོང་སར་བླ་བྲང་དུ་ཐོག་མར་ཁྱུག་ཙམ་ཕེབས་ནས་སླར་ཀཿཐོག་ཏུ་ཕྱིར་ཕེབས་པ་ན། མཁན་བླ་མ་ཀུན་དཔལ་གྱིས་མཁྱེན་བརྩེ་རིན་པོ་ཆེའི་གཟིམས་ཆུང་ག་འདྲ་འདུག་གསུངས་པར། མཁྱེན་བརྩེ་སྤྲུལ་པ་བསྡུས་པའི་གཟིམས་མལ་དུ་ཀུན་མཁྱེན་ཀློང་ཆེན་པའི་སྐུ་ཞིག་འདུག་ཞུས་པ་དེ་རྗེས་དེ་འདྲ་འདིར་གཏན་ནས་མི་འདུག་པས་ཁོ་བོས་བརྫུན་ཞུས་ཆེན་པོ་ཞིག་བྱས་འདུག་གསུངས་ཀྱང་དེ་འདྲའི་གཟིགས་སྣང་བྱུང་བར་ངེས། ཐོག་མར་ཀཿཐོག་ཏུ་ཕེབས་ནས་རིང་པོར་མ་ལོན་པར་དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་སྲུང་མས་ཡང་ཡང་བསྐྱང་བའི་གཟིམས་ལམ་བྱུང་ཚུལ་སི་ཏུ་རིན་པོ་ཆེར་ཞུས་པས་ཀློང་གསལ་སྔགས་སྲུང་གསོལ་ཁ་ཞལ་འདོན་དགོས་པར་བཀའ་གནང་ཞིང་། སྐབས་ཤིག་གུས་ལ་ཁྱོད་ཀྱི་ལག་ཏུ་གཏེར་སྒྲོམ་དང་ཤོག་སེར་འདྲ་ཅི་ཨི་བྱུང་། ད་ནངས་ཐོ་རངས་རྫོང་སར་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་དབང་ཁང་གི་མཁྱེན་བརྩེ་རྡོ་རྗེ་འཆང་གི་འདྲ་སྐུ་གསུང་བྱོན་མའི་མདུན་དེར་སྔགས་སྲུང་མ་ཡིན་སྙམ་འཇའ་སྤྲིན་གྱི་གོས་གྱོན་པ་ཞིག་གིས་གཏེར་སྒྲོམ་འདྲ་ཞིག་བཞག་སོང་བའི་མཐོང་སྣང་བྱུང་གསུངས། མེ་བྱི་ལོར་ཁམས་སུ་མཐའ་དམག་གིས་ཉེན་ཆེའི་སྐབས་ད་ནངས་ཐོ་རངས་སྤྲིན་ལྟར་ཤིག་ཤིག་གཡོ་བའི་སྐུ་ཅན་གྱི་ཚེ་རིང་མ་སེང་གེ་ལ་ཞོན་པ་ཞིག་མདུན་དུ་བྱུང་བས་དེ་རིང་ཉང་གཏེར་བསྟན་མའི་མདོས་བཏང་བ་ཡིན་ཞེས་ཕེབས།

དགྱེས་རྡོར་ལྗགས་བསྙེན་གནང་སྐབས་ཡིན་འདྲ་དཔལ་ཀཿཐོག་ཏུ་བཞུགས་སྐབས་མནལ་ལམ་གྱི་སྣང་ཆར་ལྷ་མོ་རེ་མ་ཏི་དང་པོ་བུད་མེད་གཞོན་པ་ཞབས་ལ་ལྕགས་སྒྲོག་གསོལ་བས་ཕེབས་མི་ཐུབ་པ་འདྲ་བ་དང་། མཐར་རྗེའི་ཞལ་དུ་མཁའ་གསང་སྦྱོར་བས་སྐྱུགས་བྲོ་བའི་ཐུགས་སྣང་བྱུང་བ་དང་མཁའ་ལས་དྲི་ཆུ་བཏང་བས་ཞལ་ནས་བརྩམས་སྐུའི་གནས་ཐམས་ཅད་ལ་ཁྱབ་པར་བཀྲམ་མཐར་ནམ་མཁའ་ལ་རྫུ་འཕྲུལ་གྱིས་ཕེབས་པའི་མནལ་ལྟས་ཞག་ལྔ་བར་བཏུད་མར་བྱུང་ཚུལ་དང་། དེ་སྐབས་ལྷ་མོའི་གསོལ་ཀ་ཞིག་ཀྱང་མཛད། ཛཾ་ནང་པདྨ་ཤེལ་ཕུག་གི་གནས་འདུས་ལོར་གནས་འདབ་བཻ་རོའི་སྒྲུབ་ཕུག་ཏུ་ཚོགས་འབུམ་གསུངས་སྐབས་འཕྲོས་ཟུར་ཕེབས་པ་བཞིན། ལྷ་མོ་དུད་སོལ་མས་རྟག་པར་འགོ་ཞིང་ཕྲིན་ལས་སྒྲུབ་པའི་ཚུལ་དུ་མ་ཞིག་ཀྱང་ཡོད་འདུག །ཀཿཐོག་སི་ཏུ་རིན་པོ་ཆེའི་མཆོག་སྤྲུལ་དང་། གུས་བཅས་ལ་སྔ་འགྱུར་བཀའ་མའི་སྨིན་གྲོལ་སྩལ་སྐབས་རྒྱུད་མགོན་ལེགས་ལྡན་གྱི་དབང་གི་རྗེས་གནང་གཙང་ཤོད་པའི་ཡིག་ཆའི་སྟེང་མདོ་མགོན་ལེགས་ལྡན་ལྗང་སྔོན་དྲག་པོའི་དབང་རྒྱུན་ཡོད་ཚུལ་བཀའ་གནང་བར་དེ་ཉིད་སྩལ་ཐུབ་པར་གསོལ་བ་བཏབ་པས་རྗེས་འབྲེལ་དུ་གནང་བ་གཏོར་མའི་བཀའ་བསྒོ་སྐབས་དཔལ་ཡེ་ཤེས་མགོན་པོ་རྒྱུད་མགོན་ལེགས་ལྡན་དང་མཐུན་པ། མདུན་གྱི་གོ་སར་བཞུགས་པའི་གསལ་སྣང་བྱུང་བ་ཕྱག་ཐོར་སྩལ་བའང་གུས་ནས་མཇལ། དེའི་ཉིན་བཀའ་ལས། མཁྱེན་བརྩེ་གོང་མའི་བཀས་བསྐུལ་ཏེ་དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེས་དཔལ་ཡུལ་དགོན་དུ་སྔ་འགྱུར་བཀའ་མའི་གཞུང་རྣམས་ཀྱི་སྒྲུབ་མཆོད་གསར་དུ་བཙུགས་ཤིང་དབང་ལུང་གི་རྒྱུན་ཕྱོགས་ཀུན་ཏུ་འཕེལ་བ་དང་། རིམ་གྱིས་བཀའ་མའི་གཞུང་རྙིང་སྐོར་བཅས་ཆོས་སྐོར་ཚང་མ་སྤར་དུ་འཁོད་པ་སོགས་བསྟན་པ་ལ་བྱ་བ་ཆེར་མཛད་པའི་རྟེན་འབྲེལ་ཡིན་ཅེས་བཀའ་སྩལ་པ་དང་། ཤིང་སྤྲེལ་ནག་ཟླའི་ཡར་ཚེས་ལ་རྫོང་སར་གཙུག་ལག་ཁང་གི་རྩེར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒོ་ནས་ལྷ་སྲིན་དམ་བསྒྲགས་གནང་སྐབས་ཐོག་མར་རླུང་འཚུབས་ཤིན་ཏུ་ཆེ་བར་བྱུང་ཞིང་སླར་ནམ་མཁའ་དྭངས་པར་གྱུར་པ་དེའི་ཚེ་ནག་ཕྱོགས་ཀྱི་འབྱུང་པོ་ཞིག་དམ་ལ་བཏགས་ཏེ་སྲོག་སྙིང་འབུལ་དུ་བྱུང་བའི་གཟིགས་སྣང་བྱུང་བ་དང་། གཞན་ཡང་དགུངས་གྲངས་ཞེ་གཉིས་བཞེས་པ་ཤིང་ཁྱི་ལོར་གཟིམས་ལམ་སོགས་ཀྱི་ཕྱག་ཐོ་འགའ་ཞིག་རྙེད་པ། གནས་བརྟན་དགོན་གྱི་ཉེ་སྐོར་སྔར་ཆོས་རྒྱལ་སྲོང་བཙན་དུས་ཀྱི་ལྷ་ཁང་ཤུལ་ཁ་བ་སྟེང་དུ་དམ་བསྒྲགས་དང་བྱིན་འབེབས་སྐབས་རྩ་གསུམ་རབ་འབྱམས་དང་ཡུལ་ལྷ་གཞི་བདག་མང་པོ་ཡོད་པའི་ཉམས་དང་། རྟ་བྲོ་ལ་སྦ་དོང་དུ་དམིགས་པ་བྱས་པས། རྒྱ་འདྲེ་གཟུགས་ཤིན་ཏུ་ཆེ་བ་སྤྱིའུ་ཚུགས་བྱས་ནས་དོང་ནང་དུ་སོང་བའི་ཉམས་བྱུང་། དེའི་ཕྱིར་ནངས་ལྷ་ཁང་ས་འདུལ་སྐབས་སུ་དབྱིངས་མཁར་རིག་འཛིན་བླ་མ་མང་པོ་དང་། གུ་རུ་རིན་པོ་ཆེས་མཁའ་ལ་གར་མཛད་པ་ན་རང་ཡང་ཉམས་འབར་ནས་གར་བྱེད་དགོས་པ་བྱུང་ཡང་ཤེས་ཉམས་བན་བུན་ལ་ཡིད་རྟོན་ཅི་ཡོད། ཚེས་༦ལ་ཡི་གེར་བྲིས། དགུང་གྲངས་ཞེ་གཉིས་བཞེས་པ་ཤིང་ཁྱི་ལོར་བྲོ་ནད་འཚལ་བ་ཅུང་དྭངས་པའི་ཚེས་དགུའི་ཐོ་རངས་སྟོད་ཀྱི་ཆར་གསར་ཕྱོགས་ནས་བླ་མེད་ཀྱི་ཡི་དམ་འབྲེལ་གང་ཆེ་བརྟགས་དགོས་སྙམ་པའི་མོད་ལ་གཉིད་སྲབ་མོས་ནོན་པའི་གསལ་སྣང་ལ། གཉན་ལོ་ཙཱ་ཡིན་རྒྱུ་སྐུ་བོང་ཐུང་བ་གཟན་རིང་ཅན་ཞལ་རས་ཅུང་སྨུག་པ་དབུ་སྐྲ་ཅུང་ཟད་རིང་པོར་ཡོད་པ་ཕོ་ཁྲེབ་ཅན་བོད་ཆས་རིང་འགག་མནབ་པ་ཞིག་གི་མདུན་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དང་པོ་རྡུལ་ཚོན་ཡིན་པ་འདྲ་བ་སྐད་ཅིག་གིས་གཞལ་ཡས་ཁང་དངོས་སུ་གྱུར་པའི་ནང་འཇམ་པའི་རྡོ་རྗེ་གུར་གུམ་གྱི་མདོག་ཅན་འོད་འབར་བ་མཐོ་གང་ཙམ་པ་བཞུགས་པའི་ལྷོ་ངོས་དེར་ངེད་རང་འདུག་པ་དབང་ཞུ་བའི་འདུན་པ་བྱས་པས། བླ་མ་འཇམ་པའི་རྡོ་རྗེས། གཟུང་འཛིན་གཉིས་མེད་རྟོག་མེད་པ། །རྡུལ་བྲལ་ཤིན་ཏུ་འདུས་མ་བྱས། །རང་རིག་རྣམ་དག་རབ་དགྱེས་ཆེ། །སངས་རྒྱས་ཀུན་གྱི་བདེ་ཆེན་ཉིད། །གསུངས་པའི་མཐར་ཡུམ་སྔོན་མོ་ཞིག་སྤྲོས་ཏེ་རང་ལུས་དྭངས་པའི་རྣམ་པ་ཅན་ལ་འཁྱུད་པས་ལྷན་སྐྱེས་ཡེ་ཤེས་ཀྱི་བདེ་བ་མྱོང་བའི་མཐར། འཇམ་པའི་རྡོ་རྗེའི་ཐུགས་ཀ་ནས་དྷཱིཿཡིག་ཁ་དོག་སྣ་ཚོགས་པ་ཅན་གྱི་མཐར་ཐིག་ལེའི་རྣམ་པ་མང་པོས་བསྐོར་བ་རང་ལ་ཐིམ། མཐར་འཇམ་པའི་རྡོ་རྗེ་ཡང་རང་ལ་ཐིམ་པའི་ངང་རྟོག་བྲལ་ནམ་མཁའ་ལྟར་གནས་པའི་ངང་ནས་སད། ཡང་མནལ་བ་ན། རྗེ་མཉྫུ་གྷོ་ཥ་རབ་བྱུང་སྔོ་སངས་བཞེངས་སྟབས་ཀྱིས་བྱོན་ནས་ཕྱག་བདག་གི་སྤྱི་བོར་བཞག་སྟེ། ཁྱེད་ཀྱི་ཚེ་རབས་ནས་འབྲེལ་བའི་ཡི་དམ་གསང་འདུས་འཇམ་པའི་རྡོ་རྗེ་དང་བཛྲ་བྷཻ་ར་ཝ་གཉིས་ཡིན་པས་དེ་གཉིས་སྒྲུབ་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ་གསུངས་པའི་མཐར་སད་པར་གྱུར་ཏོ། །ཁྲི་སྨོན་གཟིམས་ཤག་ཏུ་ཁྱུང་སྤྲུལ་དང་ལྷན་དུ་དཀོན་སྤྱིའི་ཚོགས་བཏང་། བཀའ་མོལ་ཞིབ་བཅའ་བྱུང་། ཆོས་གླིང་གཏེར་ཕུར་ལག་ཏུ་སོན། དེ་དགོང་ཐོ་རངས་ལ་ཁྱུང་སྤྲུལ་ནས་གླིང་གེ་སར་དུས་ཀྱི་དཔའ་ཐུལ་ཕོ་རྣམས་གཡས་གྲལ་བོད་ཀྱི་གདུང་རིགས་ལས་འཁྲུངས་པའི་མི་འདི་ཡིན་ཅེས་དེ་རྣམས་དངོས་སུ་ཡོད་པར་ངོ་སྤྲད་པ་དང་། གཡོན་ཕྱོགས་ནས་ཆོས་རྒྱལ་ལྷ་རིགས་ཀྱི་གདུང་ལས་འཁྲུངས་པའི་བུད་མེད་རིགས་ཤིན་ཏུ་མཐོ་བ་མིང་འདི་ཡིན་ཅེས་ངོ་སྤྲད་པ་དང་བུད་མེད་འགའ་ཞིག་གིས་ཕྱག་གསུམ་རེ་བཙལ་བ་སོགས་ཀྱང་རྨིས་མཐར། བཀའ་སྲུང་མཐར་ཐུག་རྡོ་རྗེ་གུར་གྱི་མགོན། །ཅེས་དང་། སྤྱན་རས་གཟིགས་མི་ཏྲ་ལུགས་འགྲོ་དོན་མཁའ་ཁྱབ་ཅེས་ཟེར་བ་དང་གཉིད་སད་ནམ་ལངས་སོ། །བསམ་ཡས་སུ་ཐོག་མར་ཕེབས་སྐབས་འཇའ་ཚོན་ཤིན་ཏུ་བཀྲག་མདངས་ཅན་དབུ་རྩེའི་སྟེང་ནས་འཁོར་བའི་ཚུལ་ལྟ་བུར་ཤར་ཞིང་། ཆར་ཟིམ་བུར་འབེབས་པ་སོགས་བྱུང་། བར་ཁང་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚོགས་འབུམ་ཐེར་ལྷག་དང་མཆོད་འབུལ་ཞིབ་རྒྱས། གཞུང་གི་བཀའ་འབྲེལ་རབ་གནས་སོགས་གནང་སྐབས་མཆོད་རྟེན་ཞིག་ལས་མཚན་མོ་ཆུ་ཚོད་གཅིག་གི་ཡུན་ཙམ་དུ་མེ་འབར་བ་ཀུན་གྱིས་མཐོང་། ཁྱད་པར་དུ་ཟླ་༣ཚེས་༡༥ཉིན་ཧས་པོ་རིར་ལྷ་བསང་དང་། རི་ཁྲུས། རབ་གནས། ལྷ་སྲིན་དམ་བསྒྲགས་སྐབས་བསྐུལ་དབུ་ཚུགས་པ་དང་མོས་གུས་ཀྱི་རྐྱེན་ལས་གུ་རུ་རིན་པོ་ཆེ་རྡོ་རྗེ་གྲོ་ལོད་སོགས་ནམ་མཁའ་གང་བས་རྡོ་རྗེའི་གར་བསྒྱུར་བ་དང་རང་ཡང་སྣང་བ་གཏད་མེད་ཀྱིས་འཆམས་སྟབས་བྱས། དམ་བསྒྲགས་དངོས་གཞི་ལ་ལྷ་སྲིན་སྡེ་བརྒྱད་ཀླུ་དང་གཞི་བདག་གྲངས་མེད་ཡོད་སྙམ་གྱིས་འདུད་ཅིང་སྲོག་སྙིང་བླངས་ཏེ་རང་དྲག་པོར་གསལ་བའི་གདན་དང་ཐུགས་ཀར་བསྟིམ་ནས་སྲོག་དང་དབྱེར་མེད་བྱས། ཟོར་སྐབས་ཀླ་ཀློ་དམ་སྲིའི་གྲོང་ཁྱེར་བརླག་པའི་གསལ་སྣང་དང་། བྱིན་འབེབས་སོགས་རྒྱས་པར་བྱས། མདོར་ན་འདིའི་ཉིན་ཁམས་དྭངས། འདོན་སྤྲོ། རིག་ངར་ཐོན་པ་སོགས་ཅུང་ཞིག་བསྟན་འགྲོར་ཕན་སྙམ་པ་བྱུང་ངོ་། །རྒྱ་གར་ལྷ་བབས་གནས་ཀྱི་འདབ་ཉེར་མེ་སྤྲེལ་ཟླ་ཚེས་ལ་སྡོད་ནུབ་རྨི་ལམ་དུ། རྒས་པོ་རལ་པ་སེ་ཆོབ་བེ་བ་ཞིག་གིས་རས་ནག་སྒྲིལ་ཁུད་དུ་སྦྲུལ་ནག་པོ་ཆེ་ཆུང་མང་པོ་དང་། ལྕང་མོ། མཚོ་པདྨའི་གཟེ་མ་འདྲ་བའི་སེམས་ཅན་ནག་པོ། སྦྲུལ་ཁ་དོག་སྣ་ལྔ་ཆུན་གཅིག་ཁྱེར་ནས་ཁ་འབྱེད་པ་དེ་རྫོང་སར་གཟིམས་ཆུང་དུ་ཡོད་སྙམ་པ་སྦྲུལ་རྣམས་རིང་ཐུང་སྣ་ཚོགས་སུ་འཐོར་ནས་རྒྱུག་བྱུང་བར། རྣམ་རྒྱལ་དྲག་མོ་ལ་བརྟེན་པའི་མནན་པ་དགོས་རྒྱུར་འདུག་པ་དེ་སྟབས་འགྲིགས་མིན་ལྟ་བུ་དེ་རྣམས་དམར་གོང་ཕྱོགས་ཀྱི་ཡིན་རྒྱུ་འདུག་པ་དང་། རྣམ་རྒྱལ་དྲག་མོ་མཁྱེན་བརྩེའི་འབེབས་འཕྲོ་འདུག་པ། བཀའ་གཏེར་ན་མེད་སྙམ་པ་སོགས། དེ་ལ་མདོས་བཟློག་སོགས་ཡོད་པ་ཅན་རྨིས། ཚེས་༦ལ་རྟེན་འབྲེལ་རང་འགྲིགས་སུ་འཁྲུལ་རྨིས་དང་མཐུན་པའི་ལིངྒ་བྲང་ཆིས་སྐབས་ཨ་ཙ་ར་རལ་པ་སེ་ཆོབ་བེ་བ་མདོག་ནག་པོ་སྣོད་ཞིག་གི་རྒྱབ་ལ་སེམས་ཅན་འདྲ་མིན་གྱི་རི་མོ་བྲིས་པ་ཐོགས་པ་གཟིག་གདན་ཁྱེར་བ་ཞིག་འཛུམ་པས་སྐད་ཁ་ཤས་ཟེར་བ་མ་གོ་ཡང་ལྟས་ལེགས།

ལྷ་བབ་ཏུ་ཕུར་པའི་མནན་པ་ཡང་བསྟན་འགྲོར་བསམ་པ་བཟང་པོས་བྱེད་ཁུལ་བགྱིས་སྐབས་མནན་པ་བྱེད་རན་ཁར་འབྲུག་སྒྲ་བསྒྲགས། ཆར་ཆེན་པོ་བབས། དེའི་ནུབ་མོ་ཆར་རླུང་ཤིན་ཏུ་དྲག་པོ་བྱུང་བ་འཚུབ་བསྟན་པ་རེད་སྙམ་ལ་རྡོ་རྗེ་གཞོན་ནུའི་ང་རྒྱལ་ཤིན་ཏུ་བརྗིད་པའི་གཙོ་འཁོར་བསྒོམ་པའི་གསལ་སྣང་བྱུང་བས་འཇམ་སོང་གསུངས། ས་ཁྱི་ཟླ་༧ཚེས་༩ལ་རྡོ་རྗེ་གླིང་དུ་གཞུང་གི་ཞབས་བརྟན་གཙོར་གྱུར་གཡག་ཕྱར་སྒྲོལ་མདོས་དཔོན་གཡོག་བཅུ་གསུམ་སྐོར་དཔེ་ཆ་འབྱོར་རིམ་དང་བསྟུན་བཏོན་པས། ཚེས་༩ཡས་ལམ་བྱང་ཤར་སྟེང་ཕྱི་དྲོའི་ཆུ་ཚོད་བཞི་པ་སྐོར་མདོས་བཏང་བ་ན། ཆར་ཟིམ་བུ་བབས། ཡང་ཅུང་དྭངས་པའི་ཉི་མ་འགྲོ་སའི་སྨུག་པ་དཀར་པོའི་སྟེང་ཐད་འཇའ་འོད་ཟླུམ་པོ་ཕྱི་ནང་ཅན་དང་། འཇའ་ཚོན་གྱི་གོང་བུ་མང་པོ་ཐམས་ཅད་ནས་མཐོང་བས་ངོ་མཚར་བྱེད། གང་ལྟར་ལམ་འགྲོ་བྱུང་། ཚེས་༡༠སྔ་ཆར་རིག་ཁམས་དྭངས་པར། ཤར་གླང་ཆེན་འགྱིང་འདྲའི་གངས་ཀྱི་རྩེར། །རྗེ་དུས་གསུམ་སངས་རྒྱས་བཞུགས་པའི་གནས། །གཙུག་ལག་ཁང་མི་ཆུང་ཙམ་བཞེངས་ན། །སྤྱིར་སངས་རྒྱས་བསྟན་ལ་ཕན་པ་དང་། །སྒོས་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་བདེ། །ཞེས་པའང་ཤར། གཞན་ཡང་རྣམ་ཀུན་ལྐོག་གྱུར་རིགས་མི་མཁྱེན་པའི་ཚུལ་ཁོ་ན་གསུངས་མོད། བསྟན་དོན་དོ་གལ་ཆེ་དུས་ནམ་རྒྱུན་གསུང་འཕྲོས་ཕེབས་ཁར་ཤུགས་འབྱུང་དུ་ཐར་ཐོར་རེ་གསུངས་པ་རྣམས་ཐོག་ཏུ་ཁེལ་བ་དང་། ལྷག་པར་སྤྲུལ་སྐུ་ངོས་འཛིན་སྐབས་སོགས་སུ་འཁྲུངས་ཡུལ་ཐག་རིང་ཐུང་། ཕ་མའི་མིང་བཀྲ་དང་ཁྱིམ་ཕྱུག་དབུལ། ཡུལ་གྱི་ཆགས་ཚུལ། ཁང་པའི་ཉེ་སྐོར་ས་རྡོ་ཆུ་ཤིང་སོགས་མཚན་མ་གང་ཡོད་མངོན་སུམ་དུ་གཟིགས་ཏེ། དཔེར་ན་སྐྱབས་རྗེ་རྒྱལ་ཚབ་དམ་པའི་སྐྱེ་སྲིད་སྔ་མ་མདོ་ཝཾ་ཅོ་ལེའི་མཆོད་རྟེན་དཀར་ཆུང་ཉེ་སྐོར་དུ་འཁྲུངས་སོ་ཞེས་བཀའ་སྩལ་པ་དང་། ཡང་དུས་སྦྲུལ་ཟླ་༡༡ཚེས་༡༨ནུབ་མོ་དེ་དང་ཆ་མཚུངས་མདོ་ཝཾ་མཆོད་རྟེན་དང་ཀརྨ་དགོན་གཉིས་བར། ཕ་པདྨའམ་རྡོ་རྗེ། མ་ཚེ་དགའ་འམ་ལྷ་མོའི་མིང་། བུ་རྟ་ལུག་གང་རུང་ཐོབ་པ། དུད་པ་དང་རྡ་ཡི་མི་ཐོབ། སྒོ་ཁྱི་དཀར། ཁང་ལྟག་དར་ཅོག །ཆུ་ཉིན་ལ་ཡོད་པ། འབྲོག་པ་ཡིན་པ་ཤས་ཆེ་ཞེས་ཕེབས་པར་ཡང་སྲིད་རྩད་གཅོད་སྐབས་མདོ་ཝཾ་མཆོད་རྟེན་དཀར་ཆུང་གི་ཉེ་ཕྱོགས། ཀུ་རྒྱལ་བཙན་རྒོད་ཆེན་པོའི་མདུན། བསམ་འགྲུབ་གླིང་གི་ས་ཕྱོགས། གླིང་གདོང་ཆོས་ལུ་དར་འཕན་གྱི་བརྒྱུད་པ། ཡབ་རྡོ་རྗེ་རབ་བརྟན། ཡུམ་མེ་ཏོག་ལྷ་མཛེས་ཀྱི་བུར་ཟླ་ཚེས་ལ་འཁྲུངས་པ་ཀརྨ་དགོན་དུ་བརྒྱད་སྟོང་པ་རྡོ་ལ་གསར་བརྐོས་ཁྲི་བཀོད་དང་། འཚོགས་ཟངས་གསར་པ་འཛུག་པའི་གཟའ་སྐར་དུས་ཚེས་ཤིན་ཏུ་བཟང་བ་མ་བསྒྲིག་ལྷུན་གྲུབ་བྱུང་ཞིང་གོང་དུ་ཇི་ལྟར་ཕེབས་པ་འཁྲུལ་བྲལ་ངེས་རྙེད་བྱུང་བ་དང་། རྨེ་ཤོད་ཧག་མདའ་གྲོང་པར་གུར་མགོན་སྐུ་དངོས་གནམ་ས་གང་བ་ཞིག་བཞུགས་པར་རྨིས་པས་གླེ་མདའ་སྤྲུལ་སྐུ་དེར་འཁྲུངས་པའི་རྟགས་སུ་ངེས་ཞེས་ཞལ་ལས་ཐོས་པ་དང་། གྲུབ་དབང་རིན་པོ་ཆེ་ཤཱཀྱ་ཤྲཱིའི་མཆོག་སྤྲུལ་ངོས་འཛིན་གནང་བའི་ཕྱག་བྲིས་སུ་ཡབ་ཡུམ་སོགས་ཀྱི་མཚན་གསལ་པོ་དང་། ཁྱིམ་དེའི་མཆོད་ཁང་དུ་སྐུ་གསུང་ཐུགས་རྟེན་ཞལ་ཐང་དུ་ཡོད་ཀ་བ་ཅུང་ཟད་འཁྱོགས་པའང་ཕྱག་བྲིས་སུ་གསལ་བ་སོགས་ངོ་མཚར་བ་དུ་མ་ཡོད་ཀྱང་ངོས་འཛིན་གྱི་ཕྱག་བྲིས་རྣམས་མེད་པས་ཞིབ་པར་འགོད་མ་ཤེས། དེ་འདྲའི་རིགས་ཤིན་ཏུ་མང་བས་མཁས་དང་གྲུབ་པའི་ཡོན་ཏན་ལ་མཁྱེན་ལྡན་གཟུར་གནས་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར་པའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་དུ་བཞུགས་པས་གནས་ཚུལ་གྱི་ཡོན་ཏན་ཇི་བཞིན་པ་ལྟ་ཅི། ཕྱོགས་ཙམ་ཡང་སོ་སོའི་སྐྱེ་བོའི་དཔྱོད་ཡུལ་དུ་མ་གྱུར་མོད། དད་པའི་བློས་གང་དཔོག་ཙམ་ཞིག་བཀོད་པའང་ཆུ་ཐིག་གཅིག་མྱོང་བས་རྒྱ་མཚོ་ཆེན་པོའི་ཆུའི་རོ་རྟོགས་ནུས་པ་ལྟར་འགལ་བ་མེད་པར་སེམས་སོ།། །།

ལྔ་པ་བསྟན་འགྲོའི་དོན་དུ་བཟང་པོའི་ཕྲིན་ལས་ཀྱི་ཕྱག་རྗེས་ཇི་ལྟར་གནང་བའི་ཚུལ་ནི། རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོར་དབང་འབྱོར་བ་རྣམས་ནི་སྐུ་གསུང་ཐུགས་ཀྱི་མཛད་པ་ཐམས་ཅད་ཤུགས་འབྱུང་གིས་གཞན་ཕན་མཐའ་ཡས་པ་ཆོས་ཉིད་ཀྱིས་འབྱུང་བས་ཕན་བདེ་འདོད་དགུའི་དཔལ་ལྷུན་གྲུབ་ཏུ་སྟེར་བར་མཛད་པ་ལས། དམིགས་བསལ་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱི་ཕྱག་བཞེས་སུ་གནང་བའི་གཙོ་བོ་ཟབ་རྒྱས་ཆོས་ཀྱི་འཁོར་ལོས་བསྟན་འགྲོར་ཕན་བདེ་སྤེལ་བའི་ཚུལ་སྐབས་སུ་བབས་པ་སྟེ། མདོ་ལས། དགེ་སློང་དག་གང་ཟག་གཉིས་པོ་འདིས་བསོད་ནམས་མང་པོ་བསྐྱེད་དེ། སྡིག་པའི་རྩ་བ་འབྱིན་ཅིང་བདུད་དང་གཡུལ་འགྱེད་པར་བྱེད། བདུད་ཀྱི་རྒྱལ་མཚན་སྙིལ་བར་བྱེད། ཆོས་ཀྱི་རྒྱལ་མཚན་སྒྲེང་བར་བྱེད། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ། །གཉིས་གང་ཞེ་ན། གང་གུས་པར་བྱས་ཏེ་ཆོས་འཆད་པ་དང་། གང་འདི་ན་གུས་པར་བྱས་ཏེ་ཆོས་ཉན་པའོ། །དེ་བས་ན་ཁྱོད་ཀྱིས་གུས་པས་ཆོས་བཤད་པར་བྱ་ཞིང་བླ་མ་རྣམས་ལ་གུས་པར་བྱས་ཏེ་ཆོས་མཉན་པར་བྱའོ། །ཞེས་གསུངས་པ་ལྟར་དང་། ཁྱད་པར་ཤིན་ཏུ་སྙིགས་མའི་དུས་འདིར་བསྟན་པ་ཡུན་དུ་གནས་པ་དང་གདུལ་བྱ་ལ་ཕན་པའི་ལྷག་བསམ་ཟོལ་མེད་ཀྱི་ཆོས་འཆད་པ་ནི་བསོད་ནམས་བསམ་གྱིས་མི་ཁྱབ་པའི་ཚུལ། བྱམས་པས་སེང་གེའི་སྒྲ་བསྒྲགས་པའི་མདོ་ལས། གངྒཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་འཆད་པ། །དེ་ཡི་བསོད་ནམས་ཅི་འདྲ་སྔ་མར་མེད། །ཅེས་དང་། རྗེ་མཁྱེན་བརྩེའི་ཟབ་གཏེར་ཐུགས་ཆེན་སེམས་ཉིད་ངལ་བསོའི་ལུང་བྱང་ལས། ནམ་ཞིག་སྤྲུལ་པའི་རྒྱལ་པོ་ཡིཿསྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིཿརྣམ་པར་རོལ་པ་མཐའ་ཀླས་པསཿབོད་ཁམས་འགྲོ་རྣམས་སྐྱོབས་པ་དང་ཿབསྟན་པའི་མེ་རོ་ཡང་ཡང་གསོཿཞེས་གསུངས་པ་དང་མཐུན་པར་བསྟན་འགྲོར་ཆེད་དུ་དགོངས་པས་ཆོས་སྦྱིན་འཆད་སྤེལ་རྒྱ་ཆེ་རྒྱུན་ཆགས་སུ་གནང་བའི་ཚུལ་ཡང་། རྗེ་བླ་མ་ཉིད་མཁྱེན་གཉེས་ཡེ་ཤེས་ཀྱི་གསང་མཛོད་ལ་ཡེ་ནས་དབང་བསྒྱུར་བས་དགུང་གྲངས་བཅུ་སྐོར་ཕེབས་པ་ན་ཐོག་མར་སུམ་རྟགས་དང་དག་ཡིག་གསན་སྦྱོང་གནང་ཞིང་གཞན་ལ་སྐྱོར་ཏེ་འཆད་ནུས་པ་དང་། ཀཿཐོག་པའི་དབྱར་གནས་ཀྱི་ཚོགས་གྲལ་དུ་ཕེབས་ཏེ་བཤད་བྱའི་ཡན་ལག་ཚོགས་བཤད་གནང་བ་དང་། ཁྱད་པར་ཚོགས་ཁང་ཆེན་པོར་བདེ་ཆེན་ཞིང་སྒྲུབ་ཀྱི་ཚོགས་དབུར་ཕེབས་ནས་བདེ་སྨོན་གྱི་ལྗགས་བཤད་རྒྱས་པར་གནང་བས་མཆོག་ཕལ་འདུས་པ་ཐམས་ཅད་ཡ་མཚན་ཆེན་པོའི་གནས་ལ་བཀོད། གདན་ས་རུ་བཞུགས་ནས་ཡུན་རིང་མ་ལོན་པར་མངའ་རི་སྤྲུལ་སྐུ་གཙོས་རྫོང་སར་བླ་གྲྭ་ཉི་ཤུ་སྐོར་ལ་སྤྱོད་འཇུག །སྡོམ་གསུམ་རྣམ་ངེས། ཤེར་ཕྱིན་སྡུད་པ། རྒྱུད་བླ་མ། བཟང་སྤྱོད་སོགས་ཀྱི་བཤད་ཁྲིད་གནང་། ལཱ་སྱེ་རི་ཁྲོད་དུ་ཁྱབ་བདག་བློ་གཏེར་ཡབ་སྲས་ཀྱིས་རྒྱུད་སྡེའི་དབང་ཆེན་གནང་སྐབས་བློ་སྦྱོང་དོན་བདུན་མའི་ཁྲིད་དང་། རྩ་རྒྱུད་བརྟག་གཉིས་ཀྱི་རྒྱུད་བཤད་ལ་མཁན་ཆེན་གཞན་དགའ་རིན་པོ་ཆེས་སྐྱོར་དཔོན་མཛད་པའི་སྐབས་རྒྱུད་སྡེའི་སྤྱི་རྣམ་དང་ལྗོན་ཤིང་ཕྱེད་ཡན་ཆད་ལ་ཡང་སྐྱོར་གནང་། སྔ་རྗེས་སུམ་རྟགས། དག་ཡིག །སྙན་ངག་སོགས་རིག་གནས་སྐོར་རྣམས་ཀྱང་བར་མཚམས་ཅི་རིགས་སུ་གསུངས་པར་མཛད། དགུང་གྲངས་སོ་གསུམ་སྟེང་ཧོར་སྤྱི་གཡུ་ཐོག་མཁན་ཆུང་དབང་འདུས་ནོར་བུས་གདན་དྲངས་ཏེ་སྙིང་ཐིག་ཡ་བཞི་དང་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་དད་འདུས་ཤིན་ཏུ་མང་པོ་ལ་གསུངས་པ་དང་། ཁམས་བྱེའི་བཤད་གྲྭ་བརྗེ་བཀྲོལ་རེའི་མཚམས་དབང་ཆོས་རྒྱ་ཆེ་རེ་གསུངས་སྲོལ་གྱིས་མཚོན་དད་ལྡན་ཆེ་ཕྲ་སུ་ཞིག་གིས་གསོལ་བ་བཏབ་པ་ལྟར་ཆོས་འཁོར་རྒྱ་ཆེར་བསྐོར་ཞིང་། སྐུ་ཚེའི་སྨད་དབུས་ཕྱོགས་ལྷ་ལྡན། རྡོར་སྨིན་གཉིས། ལྷོ་བྲག་སྨྲ་བོ་ཅོག །མཁར་ཆུ། ལྷ་ལུང་། ཡར་འབྲོག་སྟག་ལུང་། གཙང་གླིང་བུ་དགོན། ས་སྐྱ་གོང་། འབྲས་ལྗོངས་རྒྱལ་ས། པདྨ་ཡང་རྩེ། རྡོ་རྗེ་གླིང་སོགས་སུའང་བཀའ་ཆོས་འགའ་ཞིག་གསུངས་པ་རྣམས་ལས། གཙོ་བོར་གདན་ས་རང་ནས་ཆོས་འཁོར་རྒྱུན་ཆད་མེད་པ་བསྐོར་བ་དེའང་སྦྱིན་བདག་སོགས་གཞན་ལ་བསྐུལ་བའམ། ཞུ་བ་པོས་ཆོས་གཞི་འདིང་དགོས་པ་ལྟ་བུ་མ་ཡིན་པར་རྗེ་མཁྱེན་བརྩེ་གོང་མའི་ཕྱག་རྒྱུན་བཞིན་བསྟན་འཛིན་སྐྱེས་ཆེན་དམ་པ་རྣམས་ནས་ཕལ་པ་ཉམས་ཆུང་གི་རིགས་ཡན་ཆད་ལ་མཐོ་དམན་དང་ཕྱོགས་རིས་མེད་པར་ཇི་ལྟར་གསོལ་བ་བཏབ་པ་བཞིན་སོ་སོའི་བློ་མོས་དང་འཚམས་པའི་ཟབ་རྒྱས་ཆོས་ཀྱི་སྦྱིན་པ་ཟད་མེད་དུ་སྩལ་བར་མཛད་པ་ལས། གཙོ་ཆེ་བ་རག་རིམ་ཙམ་སྨོས་ན། བསྟན་པའི་གཞི་རྟེན་སོ་ཐར་དགེ་ཚུལ་སློང་གི་སྡོམ་པ་ཕྱིས་སྔགས་སྤྱོད་མཛད་ཀྱི་བར་བགྲང་ལས་འདས་པ་བསྒྲུབས་གནང་མཛད། བྱང་ཆུབ་སེམས་སྡོམ་བཀའ་སྲོལ་གཉིས་གསར་རྙིང་ཡིག་ཆ་སྣ་ཚོགས་སྟེང་ནས་སྔ་ཕྱིར་ལན་གྲངས་ཆེས་ཤིན་ཏུ་མང་བ།

རྡོ་རྗེ་ཐེག་པའི་ཆོས་འཁོར་གཙོ་བོ་མཁྱེན་བརྩེའི་དབང་པོས་གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཞར་བྱུང་ཁྲིད་ཕྲན་སྐོར་བཅས་རིང་བརྒྱུད་རྫོགས་པར་གསན་ཅིང་སོ་སོར་ཉམས་བཞེས་དང་བྱིན་རླབས་ཉེ་བརྒྱུད་ཀྱིས་ཁྱད་པར་དུ་བྱས་པའི་སྨིན་གྲོལ་རྒྱབ་བརྟེན་བཅས་བཞུགས་པའི་ཆོས་སྡེ་ཆེན་པོ་གདམས་ངག་རིན་པོ་ཆེའི་མཛོད་པོད་ཆེན་བཅུའི་དབང་ཁྲིད་ལུང་བཅས་ཤིན་ཏུ་ཞིབ་རྒྱས་ལན་གཉིས། རྗེ་མཁྱེན་བརྩེ་དབང་པོས་བཀའ་བསྡུ་གནང་བའི་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ་པོད་བཅུ་བཞིའི་དབང་ལུང་ལན་བཞི། རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་ཐུགས་བཅུད་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ཞིབ་རྒྱས་ལན་གསུམ། ཚོགས་བཤད་ལན་གཉིས། རྩ་རྒྱུད་བརྟག་པ་གཉིས་པའི་རྒྱུད་བཤད་རྗེ་བཙུན་གོང་མ་བརྒྱུད་འཛིན་བཅས་པའི་ཡིག་ཆ་རྣམས་གུང་བསྡེབས་པའི་ཤིན་ཏུ་ཞིབ་རྒྱས་ལན་བཞི། གུར་སཾ་གྱི་བཤད་པ་མཁྱེན་བརྩེ་རིན་པོ་ཆེའི་ཉེ་བརྒྱུད་ཅན་ལན་གསུམ། ངོར་ལུགས་དཀྱིལ་འཁོར་བདུན་གྱི་དབང་ཆེན་ཡོངས་རྫོགས་ལན་བཞི། གསང་འདུས་རིགས་གཉིས་དང་། བདག་མེད་མའི་དབང་ཆེན་ལན་ཁ་ཤས། ཀུན་རིག་དང་མི་འཁྲུགས་པ། ཚེ་དཔག་ལྷ་དགུ། དྲི་མེད་རྣམ་གཉིས་སོགས་ལན་མང་། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་ཆེན་ཚར་གསུམ། མར་ལུགས་བརྟག་གཉིས་རྒྱུད་བཤད་ལན་ཁ་ཤས། རྒྱུད་བླ་མ་ལན་གཉིས། ཟབ་མོ་ནང་དོན་དང་གཞུང་ཆུང་གཉིས་བཅས་ཀྱི་བཤད་ཁྲིད་ལན་མང་། ཆགས་མེད་དང་ཀོང་སྤྲུལ་གསུང་ཕྱག་ཆེན་ཁྲིད་ལན་མང་། རས་ཆུང་སྙན་བརྒྱུད་ཀྱི་བདེ་མཆོག་ལྷན་སྐྱེས་ཡབ་བཀའ་དང་ཡུམ་བཀའི་བྱིན་རླབས་དང་ཟབ་ཁྲིད་མཁྱེན་གསུང་ཡིག་ཆ་རྣམས་ཀྱི་ལུང་བཅས། ཤངས་ཆོས་ཀྱི་བྱིན་རླབས་རྣམས་དང་ཁྲིད་བཅས་ལན་ཁ་ཤས། རྒྱལ་ཐང་གཅོད་དབང་ཁྲིད་བཅས་ལན་མང་། ཀར་གཅོད་གཏོར་དབང་དང་འདོན་ཆའི་ལུང་བཅས་ལན་ཁ་ཤས། དཔལ་དུས་ཀྱི་འཁོར་ལོ་ཇོ་ཞལ་ཤིང་རྟ་གཉིས་ཀྱི་དབང་ཆེན་ལན་བརྒྱད་དང་མཆོག་དབང་དང་སྦྱོར་དྲུག་ཁྲིད་ལན་འགའ་ཞིག །རྗེ་མཁྱེན་ཀོང་གཉིས་བརྒྱུད་པར་བཞུགས་པའི་འཇམ་མགོན་མི་ཕམ་རིན་པོ་ཆེའི་འགྲེལ་ཆེན་སྟེང་ནས་དུས་འཁོར་རྒྱུད་བཤད་ལན་གཅིག །གྲུབ་ཆེན་ཐང་རྒྱལ་ལ་གནས་བརྟན་ཡན་ལག་འབྱུང་གིས་སྩལ་བའི་ཉེ་བརྒྱུད་ཤེར་ཕྱིན་བརྒྱད་སྟོང་པའི་ལྗགས་ལུང་ལན་གསུམ། ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལས་གསན་པའི་ཤེར་ཕྱིན་སྡུད་པ་དང་། སྤྱོད་འཇུག་སོགས་ཀྱི་བཤད་ཁྲིད་ལན་མང་། བཀའ་གདམས་གླེགས་བམ་རིན་པོ་ཆེ་དང་མར་པའི་རྣམ་མགུར་གྱི་ལུང་། དྭགས་པོའི་ཐར་རྒྱན་དང་ལམ་མཆོག་རིན་ཆེན་ཕྲེང་བའི་བཤད་ལུང་། ས་སྐྱ་གོང་མ་རྣམ་ལྔ་དང་ངོར་ཆེན་རྡོ་རྗེ་འཆང་གི་བཀའ་འབུམ་བཅས་ལྗགས་ལུང་ལན་གཅིག །སྡོམ་གསུམ་རབ་དབྱེ་སོགས་ལན་མང་། དངུལ་ཆུ་ཐོགས་མེད་ཀྱི་བཀའ་འབུམ་དང་རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ། ཆགས་མེད་ཞབས་ཀྱི་རི་ཆོས་སོགས་ཀྱི་ལྗགས་ལུང་ལན་ཅི་རིགས་བཅས། མངོན་རྟོགས་རྒྱན་རྩ་བ་དང་རོང་སྟོན་འགྲེལ་ཆེན་ཚར་གཅིག །འདུལ་བ་མེ་ཏོག་ཕྲེང་རྒྱུད་ལན་ཁ་ཤས། བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་དབང་ཆེན་ལན་དུ་མ། བདེ་མཆོག་རྩ་རྒྱུད་ཀྱི་བཤད་པ་ལན་གཅིག །མཁའ་སྤྱོད་བེ་བུམ་གྱི་ལུང་ལན་གཉིས། ཨིནྡྲ་དང་མཻ་ཏྲི་མཁའ་སྤྱོད། ཆོས་ཉིད་དངོས་བསྟན་དང་སྔགས་བཏུའི་བྱིན་རླབས་རྣམས་ལན་མང་ཙམ། དམར་པོ་སྐོར་གསུམ་རྗེས་གནང་ཐུན་མོང་ཐུན་མིན་ལན་གསུམ་རེ། གཞན་ཡང་ཐུགས་ཆེན་བཅུ་གཅིག་ཞལ། དོན་ཡོད་ཞགས་པ། གདུགས་དཀར། གཟའ་ཡུམ། སྨན་བླ་ཞེ་བདུན། འཇམ་དཔལ་གསང་ལྡན། རས་ཆུང་ཕྱག་རྡོར། དགེ་ལྡན་འཇིགས་བྱེད་དཔའ་གཅིག །འབྲུག་ལུགས་བདེ་མཆོག་བཅུ་གསུམ་མ་སོགས་རྒྱུད་སྡེ་གོང་འོག་གི་དབང་ཆེན་རྣམས་ཐོར་བུའི་ཚུལ་དུ་རྒྱ་ཆེར་གསུངས་རིགས་ཞིབ་ཏུ་འགོད་མ་ཤེས་སོ། །ངོར་ཚར་འཇིགས་བྱེད་དབང་ཆེན་ལན་མང་དང་ཁྲིད་དང་པོད་ལུང་ལན་གཅིག །གཤེད་དམར་དབང་ལན་ཁ་ཤས་པོད་ལུང་གཅིག །གུར་གྱི་དབང་ཁྲིད་ལན་བཞི་པོད་ལུང་ལན་གཉིས། ཞལ་གྱི་དབང་ཁྲིད་ལན་གཉིས་པོད་ལུང་ལན་གཅིག །སྔ་འགྱུར་རྙིང་མ་བཀའ་མའི་སྐོར་གྱི་དབང་ཡོངས་རྫོགས་ཞིབ་རྒྱས་ལན་གསུམ་དང་། སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས། ཚོགས་ཆེན་འདུས་པ། འཁོན་ལུགས་ཡང་ཕུར་རྣམས་ཀྱི་དབང་དེ་ལས་མང་བ། བཀའ་མའི་གཞུང་རྙིང་པོད་བཅུ་སྐོར་ལོང་བའི་ལྗགས་ལུང་ལན་བཞི། སྒྱུ་འཕྲུལ་རྩ་རྒྱུད་གསང་བ་སྙིང་པོ་དང་། སྤྱི་མདོ་དགོངས་པ་འདུས་པ་དང་ཕུར་པ་རྩ་དུམ་གྱི་རྒྱུད་བཤད་ལན་བཞི་ལྔ། སངས་རྒྱས་གསང་བའི་ལམ་ཆེན་དང་། ཉི་མ་སེང་གེའི་རྒྱ་ཆེར་འགྲེལ། རྒྱུད་འབུམ་རིན་པོ་ཆེ་དཀར་ཆག་བཅས་པོད་ཉེར་དྲུག་གི་ལྗགས་ལུང་ལན་གཅིག །རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ཁྲིད་ལུང་དང་བཅས་པ་ལན་གཅིག །གཏེར་མཛོད་བཀའ་རྒྱའི་དབང་ལན་གསུམ། རྒྱུད་བཅུ་བདུན་གྱི་དབང་ཁ་ཤས་དང་ལུང་ཚར་གཉིས། ཉང་གཏེར་བཀའ་བརྒྱད་བདེར་འདུས་དབང་ཆེན་ལན་གསུམ། དབང་འབྲིང་བསྡུས་ཁྲིད་སོགས་ལན་ཁ་ཤས། གུར་དྲག་དང་ཐུགས་ཆེན། མཁའ་འགྲོ་ཆེན་མོ་རྣམས་ཀྱི་པོད་ལུང་ལན་རེ། ཁྲོས་ནག་གི་སྨིན་གྲོལ་དང་པོད་ལུང་ལན་རེ་ཟུང་། ཆོས་དབང་བླ་མ་གསང་འདུས་དང་། ཐུགས་ཆེན་ཡང་འདུས། ཕུར་པ་སོགས་ཀྱི་དབང་དང་པོད་ལུང་ལན་ཅི་རིགས། ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་སྨིན་གྲོལ་པོད་ལུང་ཐེངས་གཅིག །གཡུ་ཐོག་སྙིང་ཐིག་གི་དབང་ཁྲིད་ལན་ལྔ། པོད་ལུང་ལན་གཅིག །རྒྱུད་བཞིའི་ལུང་ལན་གཅིག །སྙིང་ཐིག་ཡ་བཞི་ཚར་ལྔ། ཡང་ཏིག་རྣམ་པ་གཉིས་ཀྱི་དབང་ཁྲིད་ལན་དུ་མ། ཀློང་ཆེན་མཛོད་བདུན་ལྗགས་ལུང་ལན་གཉིས། ངལ་གསོ་སྐོར་གསུམ་རྩ་འགྲེལ་དང་ཁྲིད་བཅས། ཡིད་བཞིན་མཛོད་རྩ་འགྲེལ། ཆོས་དབྱིངས་མཛོད་རྣམས་ལན་དུ་མ། བླ་མ་དགོངས་འདུས་ཀྱི་སྒྲུབ་དབང་ཆེན་མོ་ཞིབ་རྒྱས་ལན་གཉིས། དོན་དབང་ལན་མང་། བྱང་གཏེར་སྐོར་གྱི་དབང་ལུང་ལན་གཅིག །བྱང་གཏེར་ཀུན་བཟང་དགོངས་པ་ཟངས་ཐལ་དང་ཀ་དག་རང་ཤར་བཅས་ཀྱི་དབང་ཁྲིད་ལུང་བཅས་ཞིབ་རྒྱས། ཐུགས་སྒྲུབ་དྲག་མཐིང་དང་། ཐུགས་ཆེན། ཕུར་པ་སྤུ་གྲི། ཞང་ཁྲོམ་ཚེ་བདག་པ་དག་ནུབ་ཆུ་བོ་གཅིག་འདྲེས་དབང་ཆོག་བཅས་ལན་མང་། ཚེ་བདག་གནུབ་ལུགས་མུ་ཏིག་ཕྲེང་བ་ལན་གཅིག

།རཏྣའི་ཚེ་གསང་དང་ཕུར་པའི་དབང་རྒྱས་བསྡུས་ལན་གསུམ་བཞི། གྲུབ་ཆེན་ཐང་རྒྱལ་སྙན་བརྒྱུད་མཁའ་འགྲོ་གསང་སྤྱོད་ཀྱི་དབང་ཁྲིད་ལན་བཞི། མངའ་རིའི་པཎ་ཆེན་རིག་འཛིན་ཡོངས་འདུས་ཀྱི་སྨིན་བྱེད་ཐེངས་གསུམ། པོད་ལུང་ལན་གཅིག །རྡོར་གླིང་ལྟ་བ་ཀློང་ཡངས་དབང་ལུང་ལན་གཅིག །ཀློང་གསལ་འབར་མ་དང་ཧཱུྃ་སྐོར་སྙིང་ཐིག་གི་སྨིན་གྲོལ་ལན་གཉིས། ཀར་གླིང་ཞི་ཁྲོའི་དབང་རྒྱས་བསྡུས་དང་བར་དོ་དྲུག་ཁྲིད་ལན་ཁ་ཤས། འཇའ་ཚོན་པོད་དྲུག་གི་དབང་ལུང་ཆ་ཚང་ལན་གཅིག །དཀོན་སྤྱིའི་དབང་ཁྲིད་པོད་ལུང་བཅས་ལན་མང་། ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་སྨིན་གྲོལ་ལུང་བཅས་དང་རྡོ་རྗེ་སྙིང་པོའི་དབང་ལན་མང་། རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཅན་ཉེར་ལྔའི་དབང་ལུང་ཞིབ་རྒྱས་ལན་བཞི། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་གཏེར་ཆོས་ཡོངས་རྫོགས་ལན་བཞི། བདེ་ཀུན་དང་ཁྱད་པར་རྡོར་སེམས་དབང་ཁྲིད་ལན་མང་། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་ལུང་ཐེངས་གསུམ། སྨིན་གཏེར་དང་རྩེ་ལེ་མཁས་གྲུབ་པདྨ་ལེགས་གྲུབ་ཀྱི་བཀའ་འབུམ་ལུང་ལན་རེ། གཏེར་ཆེན་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་སྙིང་པོའི་ཆོས་སྐོར་གྱི་དབང་ལུང་ཚར་གཉིས། བདུད་འདུལ་ཕུར་པ་དང་ཀློང་གསལ་གུར་དྲག་དབང་ལན་མང་། གུར་དྲག་དང་རྡོར་སྙིང་ཁྲིད་ལན་ཅི་རིགས་ཁ་སྐོང་བཅས། ཀློང་ཆེན་སྙིང་ཐིག་རྩ་པོད་གཉིས་ཀྱི་དབང་ཁྲིད་ལུང་བཅས་ལན་གྲངས་མང་བ་དང་། ཀུན་བཟང་བླ་མའི་ཞལ་ལུང་དེ་མཚུངས། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རང་འགྲེལ་དང་སོག་པོ་དགེ་བཤེས་བསྟན་དར་གྱི་འགྲེལ་པ་བཅས་ཀྱི་བཤད་ཁྲིད་ལན་གསུམ། རྒྱུད་ལུགས་ཕུར་པའི་དབང་ཆེན་ཐེངས་བཞི། པོད་ལུང་ལན་གཉིས། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་དང་། བཀའ་འབུམ་ལུང་ཚར་གཉིས། དགོངས་གཏེར་ཐུགས་ཆེན་རྒྱལ་རྒྱམ། བཀའ་འདུས་ཆོས་ཀྱི་རྒྱ་མཚོ། མཁའ་འགྲོ་གསང་འདུས། གྲུབ་ཐོབ་ཐུགས་ཐིག་དང་། སྙན་བརྒྱུད་སྐོར་དང་། རྩ་གསུམ་འོད་གསལ་སྙིང་ཐིག་སོགས་ལན་མང་ཙམ། གཏེར་ཆེན་མཆོག་གླིང་གི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཚར་གསུམ། སྡོམ་གསུམ་རྩ་འགྲེལ་སྐོར་དང་། ལམ་རིམ་ཡེ་ཤེས་སྙིང་པོའི་རྩ་འགྲེལ་ལན་དུ་མར་གསུངས་པ་རྣམས་རྣམ་ཐར་ཞལ་གསུང་གི་གྲངས་དང་ཅུང་མི་མཐུན་ཀྱང་རྣམ་ཐར་གསུངས་རྗེས་སྐུ་ཚེའི་སྨད་དུ་གསུངས་པ་རྣམས་བརྩིས་པ་ཡིན་ལ། གཞན་ཡང་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གཅོད་འཛིན་པ་རང་གྲོལ་དང་། འགྲོ་འདུལ་དཔའ་བོ་རྡོ་རྗེའི་དགོངས་གཏེར་སྐོར་དང་། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་ལུགས་འཇམ་དཔལ་གྱི་དབང་། གླིང་རྒྱལ་ཚེ་ཡུམ། ལས་རབ་གླིང་པའི་ཆོས་སྐོར་ཕུར་པ་རྣམས་ཀྱང་ལན་ཇི་ལྟར་རིགས་པ། ཁྱད་པར་དཔལ་དགྱེས་པ་རྡོ་རྗེའི་རྒྱུ་ལམ་དབང་ཆེན་དང་། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། ཚར་ངོར་ལུགས་གཉིས་ཀྱི་ཁྲིད་བཅས། བློ་སྦྱོང་སྐོར་དང་། ཐུགས་ཆེན་རྗེས་གནང་། ཀློང་སྙིང་སྔོན་དངོས་ཁྲིད་བཅས་ལན་ཅི་རིགས། ཐུགས་སྒྲུབ་རྣམ་གཉིས་དང་ལྕེ་བཙུན་སྙིང་ཐིག་སྨིན་གྲོལ་ལན་མང་། སྐྱེར་སྒང་རྟ་མགྲིན་དང་། སྒྲོལ་དཀར་རྗེས་གནང་། ཚེ་ཁྲིད་བཅས། སྙན་བརྒྱུད་ཕུར་པ། འཕགས་མའི་སྙིང་ཐིག་དང་རྩ་གསུམ་དྲིལ་སྒྲུབ། རྩ་གསུམ་སྤྱི་འདུས། ཕྱག་རྡོར་མེ་དབལ། རྟ་མགྲིན་གནམ་ལྕགས་མེ་འཁོར། གཉེན་པོ་ལྷ་ལྔ། ཞི་བྱེད་ལྷ་བདུན་སྐོར། ཐུགས་ཆེན་འཁོར་བ་དོང་སྤྲུགས། མཆོག་གཏེར་འོད་ཆོག །ཀློང་སྙིང་རྩ་གསུམ་དང་ཡང་གསང་བླ་སྒྲུབ་རྟ་ཕྱག་རྗེས་གནང་། ཐང་རྒྱལ་ཚེ་དབང་རྒྱས་བསྡུས་སོགས་ཞུ་མཁན་རྒྱུན་ཆད་མེད་པའི་རེ་བ་སྐོང་བར་མཛད་པས་མཚོན།

མདོར་ན་རྒྱུད་སྡེ་ཀུན་བཏུས་ཡོངས་རྫོགས་སྡེབས་གཅིག་གསུངས་རྒྱུ་མ་བྱུང་ནའང་རྒྱུད་སྡེ་གོང་འོག་གི་དབང་ཆེན་ཐོར་བུའི་ཚུལ་དུ་ལྷག་ལུས་མེད་པར་གསུངས་གྲུབ་པ་སོགས་བཀའ་འགྱུར་ཙམ་ལས་གང་གསན་པ་དེ་དག་ཚར་རེ་མ་འཆད་པ་མེད་པ་ལྟ་བུས་མདོར་ན་སྐུ་ཚེ་གཅིག་གི་མཛད་པ་ཆོས་འཆད་ཉན་ཁོ་ནས་དུས་འདའ་བས་སྐུ་མཚམས་བཅད་རྒྱའི་སྐབས་དང་ཡར་མར་ཕེབས་པའི་རིང་ལས་ཉིན་རེར་དབང་རྗེས་གནང་ཐེངས་རེ་མི་གསུངས་པ་གཏན་ནས་མེད་པ་ལྟ་བུ་ཡིན། དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་། ཐུགས་རྗེ་ཆེན་པོའི་དབང་རྗེས་ཐུན་མོང་བ། འཕོ་ལུང་། རྐྱེན་སེལ་དབང་རྗེས་ཕྲན་ཚེགས། ཚེ་དབང་སོགས་ཀུན་ལ་འཆད་རུང་རིགས་ཁྱབ་གདལ་དུ་གནང་བ་ཙམ་ལས། གཞན་ཐམས་ཅད་གང་བྱུང་བྱུང་ལ་ཁྲོམ་ཆོས་སུ་གྱུར་པ་གཏན་ནས་མི་མཛད་ཅིང་། ཁྱིམ་པ་ཕོ་མོ་ལ་ཡི་གེ་དྲུག་པའི་བསྒོམ་བཟླས་དང་། ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་དང་བསགས་སྦྱོང་གི་སྒོ་ནས་རྣམ་དཀར་སྒྲུབ་པ་དང་། དགེ་ཚུལ་སློང་གི་སྡོམ་པའི་རྟེན་ཅན་གདམས་ཟབ་དོན་དུ་གཉེར་བ་དག་ལ་གཙོ་བོར་རང་རང་བློ་མོས་དང་འཚམས་པར་རྟེན་ཁྲིམས་གཙང་དང་ཆོས་ལུགས་རང་རང་གི་ཡི་དམ་བསྙེན་སྒྲུབ་ཉམས་ལེན་སོགས་གསར་རྙིང་ཆོས་བཀའ་གང་དགོས་སོ་སོར་སྟོན་པར་མཛད་ལ། བསྟན་པ་རིས་མེད་ལ་དག་སྣང་གིས་ཆོས་སྒོ་མཐའ་ཡས་པ་གསན་བསམ་འཛིན་སྤེལ་སྐྱོང་བའི་མཁས་བཙུན་དམ་པའི་ངང་ཚུལ་དང་ཐུགས་བསྐྱེད་ཅན་དག་ལ་ལྷག་པར་དགྱེས་པས་ཟབ་ཅིང་རྒྱ་ཆེའི་ཆོས་སྒོ་ཡངས་པོར་སྟོན། གསར་རྙིང་གྲུབ་མཐའ་རང་རང་གི་ཆོས་བརྒྱུད་ལ་ཡིད་ཆེས་ཀྱི་ངེས་པས་ཐོས་བསམ་སྒོམ་པ་རྩལ་དུ་འདོན་པ་རྣམས་ལའང་སོ་སོའི་ལྟ་གྲུབ་ཀྱི་འཇོག་མཚམས། བརྒྱུད་འཛིན་གྱི་རྣམ་ཐར། ཆོས་ཀྱི་ཆེ་བ། ཐ་ན་ཕྱག་བཞེས་དབྱངས་རོལ་ཚུན་ཞིབ་པར་ཐུགས་ལ་མངའ་ཞིང་སོ་སོར་མ་འདྲེས་པར་བཀའ་ལུང་རྗེན་པར་སྩོལ་བས་རེ་བ་རྫོགས་པར་བསྐང་ཞིང་ཡིད་ཆེས་ལྷག་པར་འཕེལ་བར་མཛད། གྲུབ་མཐའ་ཆོས་ལུགས་ཕན་ཚུན་གཡོ་ཐབས་སམ་དབང་ཆེ་ཆུང་གིས་བསྒྱུར་བ་དང་། རང་ལུགས་བཞག་ནས་ཨ་གསར་ཅོལ་ཆུང་ཀླད་ཡང་གིས་རེ་རེ་རྙེད་དུས་རེ་རེ་བོར་བའི་རིགས་རྣམས་དང་། ལྷག་པར་དུ་ཡང་གྲུབ་མཐའི་ཕྱོགས་ཁྱེར་གྱིས་ཆོས་དང་གང་ཟག་ལ་སྐྱོན་འདོགས། སྤྲིངས་ཡིག །དྲི་བ། འབྱམས་ཡིག་སོགས་ཤེས་རྒྱུད་ཟིང་ཟིང་པོར་བྱེད་ཅིང་རྩོད་པ་འཕེལ་བྱེད་ཀྱི་རིགས་ལ་གཏན་ནས་མི་དགྱེས། བཀའ་ལས་ཀྱང་། དེང་སང་རྩོད་ལྡན་སྙིགས་ལྔའི་ལྟ་བའི་སྙིགས་མ་ཆེས་བདོ་བས་བོད་མི་རེའི་རྒྱུད་ལ་ལྟ་བ་རེ་འབྱུང་བར་གསུངས་པ་བཞིན། བསྟན་སྒོར་ཞུགས་པ་རྣམས་ལྟ་ཅི། སོ་སྐྱེ་ཁྱིམ་པ་ཡན་ཆད་ཀྱི་ཁ་ལ་ལྟ་གྲུབ་རེ་ཁྱེར་ནས་ཆོས་ལུགས་ཕན་ཚུན་ལྟ་གྲུབ་དག་མིན་ལབ་གླེང་འདི་ནི་གཟུར་གནས་ཀྱི་རྩོད་པ་ལྟ་གྲུབ་རྣམ་དག་གི་སྒྲུབ་བྱེད་ཕར་ཞོག །ཀུན་གྱི་ཤེས་རྒྱུད་བདུད་ཀྱིས་བརླམས་པས་བསྟན་པ་ནང་དབྱེན་དང་བསྟན་སེལ་ཕུང་དཀྲུག་གི་གཞིར་སོང་ནས་བསྟན་པའི་རྒྱུན་དང་འགྲོ་བའི་བདེ་སྐྱིད་མྱུར་དུ་ཉམས་བྱེད་འབའ་ཞིག་གི་རྒྱུར་འགྲོ་བ་ཤས་ཆེ། ལར་ཡང་བསྟན་པའི་སྲོལ་འབྱེད་ཆེན་པོ་འཕགས་པའི་ས་ལ་བཞུགས་ངེས་པ་རྣམས་དང་། བསྟན་འཛིན་མཁས་གྲུབ་རིམ་བྱོན་དག་གིས་དཔྱད་གསུམ་དག་པས་གཏན་ལ་ཕབས། སྒོམ་སྒྲུབ་ཉམས་བཞེས་ཀྱི་ལམ་རྟགས་དང་མཆོག་གི་གྲུབ་འབྲས་མངོན་དུ་མཛད་པའི་བསྟན་པ་རྣམ་དག་གསེར་ཞུན་མ་འདྲ་བ་རྣམས་ལ་སོ་སྐྱེའི་རྣམ་རྟོག་གིས་དཔྱད་པར་འདོད་པ་ནི་རང་ཉིད་ཉམས་པའི་རྒྱུ་ལས་གཞན་མེད། དེས་ན་རང་རང་བསྟན་པ་གང་གི་སྒོར་ཞུགས་པ་དེའི་ལྟ་གྲུབ་ལ་ངེས་ཤེས་སྐྱེ་བའི་ཐབས་ལ་ནན་དུ་བརྩོན་ཅིང་ཉམས་ལེན་སྙིང་པོར་བྱེད་པ་ཤིན་ཏུ་ལེགས། འོན་ཀྱང་གྲུབ་མཐའ་ཀུན་ལ་ཕྱོགས་རིས་ཀྱི་ངན་རྟོག་མཐའ་དག་དོར་ལ་དག་སྣང་སྦྱོང་བ་གལ་ཆེ་ཞིང་། དེར་མ་ཟད་རིས་མེད་པའི་མདོ་སྔགས་ཀྱི་གཞུང་འགྲེལ་རྣམས་ལ་དག་པའི་སྣང་བས་ཞིབ་ཏུ་མཇལ་ན་འཆད་ཐབས་དང་འགྲེལ་ཚུལ་འདྲ་མིན་དག་ལ་སོ་སོར་སྐབས་སུ་བབས་པའི་ཁྱད་ཆོས་ངོ་མཚར་ཅན་རེ་བཞུགས་ཤིང་། མཐར་འབྲས་ཀྱི་དོན་གཅིག་ཏུ་འབབས་པས་ན། རང་རང་ངེས་ཤེས་སྐྱེས་པའི་ལྟ་བ་དེའི་དོགས་སེལ་དང་ཆེ་བ་འདོན་པའི་སྒྲུབ་བྱེད་དུ་འགྱུར་ཞིང་ཐོས་བསམ་གྱི་བློ་སྐྱེད་གོང་འཕེལ་བྱེད། ཀུན་ལ་རྒྱུ་མཚན་ཤེས་པས་དད་པའི་སྣང་བ་རང་ཤུགས་ཀྱིས་འབྱུང་བ་སོགས་དགོས་པ་ཤིན་ཏུ་ཆེ། དུས་དབང་གིས་སྣང་སྟོང་གི་སྒྲུབ་ཕྱོགས་རྩལ་འདོན་ཆེ་ཆུང་དང་། བརྒྱུད་པ་ཕན་ཚུན་ཐུགས་ནང་མཐུན་མི་མཐུན་ཕྲན་བུས་ཆོས་མཐུན་རྩོད་པ་བསྟན་པའི་རྒྱན་དུ་འགྱུར་བ་འོང་དཀའ་བས་ཐམས་ཅད་ནས་བསྟན་པ་ནང་མཐུན་འབྱུང་ཐབས་རེ་མཛད་ན་ཕན་ཆེ་ཚུལ་འདོམས་པར་མཛད་ཅིང་། གཏེར་ཆེན་མཆོག་གླིང་གི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལུང་བྱང་དུ། དུས་ཀྱི་མཐའ་ལ་བསྟན་སེལ་འབྱུང་བ་མངའ་བདག་སྤྲུལ་པ་ཞིག་གིས་དེ་ཉིད་དབྱེན་བཟླུམས་མཛད་ནས་བསྟན་འགྲོ་ལ་ཕན་པ་འབྱུང་ཞེས་གསུངས་པ་བཀའ་ལས་ཐོས་ཤིང་རྣམ་ཐར་དུའང་དེ་ལྟར་གནང་བ་བསྟན་འཛིན་སྐྱེས་བུ་དང་བསྟན་པའི་སྦྱིན་བདག་ཁག་ལ་ཡང་ནས་ཡང་དུ་ཞལ་གདམས་སྩལ། གསར་རྙིང་གི་ཆོ་གའི་ཆིངས་དང་དབང་གི་ཕྱག་བཞེས་སྒོ་ཡངས་དོག་རྣམས་ལ་གཅིག་དཔེ་ཀུན་འགེབ་ཀྱི་སྲོལ་ངན་མ་ཡིན་པར་རྒྱུད་སྡེ་གོང་འོག་དང་བླ་མ་བརྒྱུད་པའི་ཕྱག་བཞེས་ཀྱི་ཁྱད་པར་ལས་ཇི་ལྟར་འབྱུང་བ་བཞིན་དང་། ཁྱད་པར་དབང་དང་སྒྲུབ་པའི་ཕྱག་བཞེས་ཕལ་ཆེར་རྗེས་གནང་དང་གཏོར་དབང་ཙམ་ལའང་རྗེ་འཇམ་མགོན་རྣམ་གཉིས་ཀྱི་ཕྱག་སྲོལ་ཞིབ་ཅིང་རྒྱས་པ་ཁོ་ནར་གནང་བ་ལས། ཕྱིས་སྐུ་ན་སྨིན་པ་དང་སློབ་ཚོགས་ཆེས་མང་སྐབས་ཀྱང་གཞུང་དོན་རས་བོར་གྱི་སླ་ཆོས་དང་བྱས་ལོ་དེས་ཆོག་གཏན་ནས་མི་མཛད། ཁྲིད་ཀྱི་རིགས་ལམ་འབྲས་ཚོགས་སློབ་སོགས་ས་སྐྱའི་སྐོར་རྣམས་སུམ་ཁྲིད་དང་བཞི་ཁྲིད་མཛད།

དེ་མཐུན་གདམས་མཛོད་དུ་བཞུགས་པའི་ཟབ་ཁྲིད་རྙིང་སྐོར་མ་གཏོགས་པ་རྣམས་ཁྲིད་བརྒྱ་དང་སྦྲགས་ཏེ་སུམ་ཁྲིད་མཛད་པ་འཇམ་མགོན་རྣམ་གཉིས་ཀྱི་བཞེད་སྲོལ་ཡིན་པས་ཤིན་ཏུ་གལ་ཆེ་ཞེས་ཡང་ཡང་གསུངས། བརྒྱུད་འཛིན་རྣམས་ནས་ཀྱང་དེ་ལྟར་དགོས་པར་བླ་མ་བརྒྱུད་པས་བཀའ་གཙིགས་སུ་གདམས་ཚུལ་གསུངས། གཞན་གསར་རྙིང་གི་ཁྲིད་རྣམས་བརྡ་འཕྲོད་ངེས་པ་ལན་རེས་ཁྲིད་ལུང་གི་རྒྱུན་ལ་ཆོག་པར་གསུངས་ཤིང་དེ་བཞིན་དུ་གནང་། རྟག་པར་ཆོས་སྦྱིན་ཆད་མེད་དུ་སྩལ་ཀྱང་འབའ་སོམ་གྱི་ཟས་འབག་བཙོག་ཅན་བྱ་ཁྱིས་ཟོས་པ་ལྟར་དོན་གཉེར་ཡོད་མེད་དང་། ཆོས་ཀྱི་གནད་དོན་དཔོག་མིན་སོགས་དཔྱད་པ་གང་ཡང་མེད་པར་ཤུགས་འབྱུང་གིས་ཅི་འདོད་བྱུང་རྒྱལ་ཆོག་པ་ལྟ་བུའང་མ་ཡིན་པར་གདམས་ངག་ཟབ་མོ་རྣམས་བཀའ་གཙིགས་ཀྱི་ཕྱག་རྒྱས་བཏབ་ནས་སོ་སོའི་བརྒྱུད་འཛིན་དང་མོས་ལྡན་ལ་ཆེད་དུ་གདམས་ཤིང་མནོག་ཆོས་སུ་སྩལ་བས་རྗེས་འཇུག་དག་གིས་ཟབ་ཆོས་ཀྱི་རིན་ཐང་དང་དཀོན་པར་འདུ་ཤེས་པས་ཟབ་དོན་ལ་ཡིད་ཆེས། ཧ་ཅང་གཏི་ཐུག་གི་ཆོས་བརྒྱུད་འཛིན་པ་དག་གིས་ཀྱང་ཅི་ཡོད་ཆ་མི་འཚལ་ཞིང་བརྒྱུད་པ་ཆད་འགྲོ་བའང་མ་ཡིན་པར་སྣོད་ལྡན་གྱི་རིགས་ལ་ཐུགས་ལྕོགས་མིན་སྐབས་སྐུ་ངལ་ཁྱད་དུ་བསད་ནས་མཚན་མོ་ཡང་རྒྱུན་རིང་པོར་དབང་ཁྲིད་མང་དུ་གསུངས། དེའང་ཆོས་བཀའ་རྒྱ་ཆེ་ཆུང་གང་ཡིན་རུང་ཀུན་སློང་བཅོས་པའི་ཚུལ་ལ་ཡང་ཡང་ནན་ཏན་གྱིས། ཆོས་འཆད་ཉན་སྒོམ་སྒྲུབ་ཅི་བྱེད་ཀྱང་ལམ་རྣམ་དག་ཏུ་འགྱུར་མིན་ཀུན་སློང་འདི་ཁོ་ན་ལ་རག་ལས་པས་ཤིན་ཏུ་གལ་ཆེ་བར་གདམས་པའི་སྒོ་ནས་གདུལ་བྱའི་བློ་རྒྱུད་སྨིན་ངེས་སུ་མཛད། འཆད་བྱའི་ཆོས་དེ་དག་ཀྱང་དབང་། ཁྲིད། རྩ་བ་དང་ཡན་ལག་གི་ཡིག་ཆའི་ལུང་སོགས་ཁུངས་དང་འབྲེལ་ཞིང་རྒྱུ་མཚན་འདི་ལྟ་བུའོ་ཞེས་ཆེད་དུ་གསོལ་བ་བཏབ་མ་ནུས་ཀྱང་རྒྱས་པར་བཀའ་སྩལ་བས་གདུལ་བྱའི་རེ་འདོད་ཡོངས་སུ་རྫོགས་ཤིང་བསྟན་རྒྱུན་ལ་སྨན་པ་དང་། དཔྱོད་ལྡན་དང་བ་འདྲེན་ཅིང་ངོ་མཚར་ལྷག་པར་སྐྱེ་བར་སྣང་། རྟེན་འབྲེལ་དང་དགོས་པའི་སྐབས་དང་འབྲེལ་ན་དཔེ་ཆ་སོགས་སྩལ་ཞིང་རྗེས་སུ་སྤྲོ་བ་བསྐྱེད་པའི་ཚུལ་དུ། ཁོ་བོས་བླ་མ་དམ་པ་འདི་རྣམས་ལན་གྲངས་འདི་ལྟ་བུ་ནོས། དེའང་གཅིག་ལ་ཡིད་མ་ཆེས་པར་ཡང་ཡང་ཞུས་པ་མིན་ཀྱང་ཞུ་ཡུལ་བླ་མ་དེ་དག་སྤྱིར་དམ་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ལ། ཁྱད་པར་རྗེ་འཇམ་མགོན་རྣམ་གཉིས་ཀྱིས་སོ་སོར་སྒེར་ཆོས་ཆེད་དུ་སྩལ་བ་བཞིན་ཐུགས་དམ་ཉམས་བཞེས་ལྷག་པར་གནང་བའི་བྱིན་རླབས་ཀྱི་བརྒྱུད་པ་ངོ་མཚར་ཅན་རེ་བཞུགས་པའི་རྒྱུན་ལ་བསམ་ནས་ནན་བསྐྱར་ཞུས་པས་བརྒྱུད་པ་ཁྱད་འཕགས་ཕལ་ཆེར་འདུས་པའི་ཁུལ་ཡིན་ལ། བརྒྱུད་པ་དེ་ལྡན་གྱི་གདམས་པ་ཟབ་མོ་བླ་མ་དམ་པ་རྣམས་ཀྱི་དགོངས་པ་བསྐང་ཞིང་བསྟན་རྒྱུན་ལ་ཅུང་ཟད་ཕན་དུ་རེ་བས་གཞུང་དང་བརྒྱུད་པའི་ཕྱག་རྒྱུན་བཞིན་ཆད་ལྷག་མེད་པར་ཞིབ་རྒྱས་སུ་འཆད་གྲུབ་པ་སྟེ། ཆོས་ཞུས་པའི་ལག་རྗེས་ཉམས་བཞེས་གནང་ལུགས་སོ་སོར་རག་ལས་ཤིང་། ཁོ་བོས་རྒྱལ་པོ་བཀས་བཅད་དེ་གྱིས་འདི་དགོས་ཀྱི་ཁས་ལེན་བསྙགས་པ་གང་ཡང་མེད་ཅེས་དང་། སྤྱིར་བསྟན་པ་ཉམས་པའི་སྔ་ལྟས་ཀུན་གྱིས་གལ་ཆུང་ཆོས་ལ་བྱེད་སྐབས་འདིར་རང་དོན་ཡིད་བྱེད་ཀྱི་བློ་ངན་མ་ཡིན་པར་ལྷག་བསམ་རྣམ་དག་གིས་འཆད་སྤེལ་བྱེད་ནུས་པ་རེ་བྱུང་ན་ལེགས་ཚུལ་གྱི་བསླབ་སྟོན་ཙམ་ལས་ཤིན་ཏུ་སྒྲུབ་པར་དཀའ་བའི་ཁས་ལེན་གྱི་གནད་ལ་བཀར་བ་སོགས་མི་མཛད། རྒྱུད་དང་གཞུང་གི་བཤད་ཁྲིད་དག་ཀྱང་ཟབ་དོན་མན་ངག་གིས་དབུལ་བའི་རྟོག་གེའི་བཤད་ཡམ་དང་། གང་ཤེས་གང་དྲན་ཤ་ཟིན་སྤུ་བསྡུས་ལྟ་བུ་མ་ཡིན་པར་རྒྱས་བཤད་རྣམས་ཀྱི་ཟབ་དོན་སྙིང་པོར་དྲིལ། བསྡུས་པའི་རིགས་ཞིབ་ཅིང་རྒྱས་པར་བཀྲལ་ཏེ་བློ་གྲོས་དམན་མཆོག་ཀུན་གྱི་རྒྱུད་ལ་སྨན་ངེས་པའི་འཆད་བྱ་མདོ་སྔགས་གང་ཡིན་གྱི་གཞུང་དོན་ཐད་ཀར་གསལ་རྒྱས་སུ་སྟོན་པར་མཛད་ཅིང་། སྐབས་ཐོབ་གསར་རྙིང་གི་བཤད་རྒྱུན་དང་ཡིག་ཆ་སོགས་གང་ལ་བརྟེན་པའི་དགོངས་དོན་མཐའ་དག་གསལ་བར་མཛད་པ་ཙམ་ལས། གཞན་དགོངས་པ་མཐུན་མིན་དང་འཐད་མི་འཐད་ཀྱི་དགག་སྒྲུབ་རིགས་གཏན་ནས་མི་མཛད། སྣོད་ལྡན་བློ་གྲོས་མཆོག་གྱུར་གྱི་རིགས་ལ་ཟབ་དོན་ལས་འཕྲོས་པའི་གསུང་བཤད་ཤིན་ཏུ་ངོ་མཚར་བ་རྒྱས་པར་གནང་། རྐྱེན་སེལ་བཀའ་བསྒོ་བྱིན་རླབས་དང་ཚེ་འགུགས་ཙམ་ལའང་ཁུངས་དང་འབྲེལ་ཞིང་སྔོན་དངོས་རྗེས་ཚང་གིས་ཞིབ་པར་ཐུགས་ལྷོད་དེ་དང་བ་འདྲེན་པར་གནང་བ་ལས། ལྟ་སྒོམ་མཐོན་པོའི་སྟོང་སྐད་ཀྱིས་གྱ་ཚོམ་དུ་གཏན་ནས་མི་མཛད། རྟག་ཏུ་དངོས་མཚན་གྱི་འཛིན་པས་བཅིང་བའི་གླེན་གཏམ་སྦུག་དོག་གཏི་ཐུག་ཅན་མ་ཡིན་པར་ཆོས་དང་རྟེན་འབྲེལ་གྱི་གནད་མཁྱེན་པས་ཐུགས་དགོངས་ཤིན་ཏུ་གུ་ཡངས་པར་བཞུགས། མདོར་ན་ཐུན་མོང་ཐུན་མིན་གྱི་ཟབ་རྒྱས་ཆོས་ཀྱི་གསང་བ་གང་སྟོན་ཀྱང་སྔ་སོར་དཔེ་གཟིགས་གནང་བ་སོགས་མི་མཛད་མོད། གཞུང་བཞིན་རང་བྱན་ཆུད་པ་ཤ་སྟག་ལས་མཁྱེན་པས་ཁྱབ་མ་ཁྱབ་ཁྱད་གཏན་ནས་མི་མངའ་ཞིང་། ལྷག་པར་མདོ་སྔགས་གཞུང་དོན་དཀའ་གནད་དང་། དབང་ཁྲིད་དང་ཆོ་གའི་གབ་དཀྲུག་སོགས་ཇི་ཙམ་ཕྱག་ལེན་དཀའ་བ་དེ་ཙམ་གྱི་མཁྱེན་རབ་དང་རྣམ་དཔྱོད་ཇེ་ཆེར་འགྲོ་བ་ལྟ་བུའི་ངོ་མཚར་དང་ལྡན་པ་སྟེ། ཚུལ་འདི་དག་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཇམ་པའི་རྡོ་རྗེ་ཉིད་སུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་བཞེངས་པའི་མངོན་རྟགས་དང་། རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ་ཆེན་པོ་མཚན་དོན་མཐུན་པའི་རྣམ་ཐར་བསྟན་འཛིན་གྱི་སྐྱེས་བུ་གཞན་ལས་ཁྱད་པར་དུ་གྱུར་པའི་གནས་སོ། །དེ་དག་གིས་ཕྱོགས་ཙམ་མཚོན་ཏེ་མདོར་ན་རྗེ་བླ་མ་འདི་ཉིད་ཀྱི་མཛད་སྤྱོད་ཆེ་ཕྲ་མཐའ་དག་ལ་དཔག་ན་རྗེ་འཇམ་དབྱངས་བླ་མ་སྐུ་གོང་མའི་རྣམ་པར་ཐར་པ་དང་ཁྱད་པར་ཅུང་ཟད་ཙམ་མེད་པ་ལྟ་བུར་བཞུགས་ཀྱང་། ཁོ་བོ་དེའི་སྤྲུལ་སྐུ་ཡིན་དགོངས་པ་དང་ཡོན་ཏན་གྱི་ཚོགས་དེ་དག་ལ་ཐུགས་སྙེམས་རྡུལ་ཙམ་མི་མངའ་བས་དམན་ས་འཛིན་ཅིང་ང་རྒྱལ་སྤོང་བ་ཉིད་ལྷུར་བཞེས་ཏེ་སློབ་མ་རྣམས་ལ་གསུང་འཕྲོས་སྩལ་སྐབས་ཀྱང་། ཁྱེད་རྣམས་ཀྱིས་ཁོ་བོ་མཁྱེན་བརྩེ་རིན་པོ་ཆེ་དངོས་ཡིན་པའམ་ཁོ་བོ་འདྲ་བ་ཞིག་ཡོད་པར་མ་སེམས་མ་གཏོགས་དེ་ནི་ལོག་ལྟ་དེ་ལས་ཆེ་བ་མེད་པ་ཞིག་རེད། རྗེ་མཁྱེན་བརྩེའི་དབང་པོ་ཟེར་བ་དེ་སྙིགས་མའི་དུས་འདིར་ངེས་པར་སངས་རྒྱས་དངོས་སུ་བྱོན་པ་འདྲ་བ་ཞིག་ཡོད་རྒྱུ་རེད་མ་གཏོགས་ང་འདྲ་བའི་དཀོར་རྒན་སྐྱོན་གྱི་ཕུང་པོ་ལས་ཡོན་ཏན་གྱི་ཆ་ཅུང་ཟད་ཙམ་ཡང་མེད་པ་ཞིག་ག་ལ་ཡིན། དེས་ན་སྐྱབས་རྗེ་སི་ཏུ་རིན་པོ་ཆེས་ཕྲན་གདན་ས་འདིར་དང་པོར་སླེབས་སྐབས་མཁྱེན་བརྩེ་གོང་མའི་བཞུགས་གདན་འདིའི་འཁྲིས་སུ་འབོལ་གདན་ཞིག་ལ་བཀོད་ནས། ཁྱོད་རང་གནས་སྐབས་དེར་སྡོད་ན་ལེགས་རྒྱུ་དང་། ཁྱེད་རང་མཁྱེན་བརྩེ་རིན་པོ་ཆེ་བཞུགས་མལ་དུ་སྡོད་སྔ་ན་མི་སྡོད་སར་ཁྱི་ཉལ་བ་འདྲ་ཞིག་ཡོང་ཞེས་གསུངས་པར། སྐབས་དེར་ལོ་ཉུང་སྣང་མཐོའི་དབང་གིས་བཀའ་བཀྱོན་ལྟ་བུར་གོ་ནས་དེ་ཙམ་ཡིད་ལ་བབས་པ་མ་བྱུང་མོད། རྗེས་སོར་རྒྱུ་མཚན་ཤེས་པ་ནས་བཟུང་གསུངས་དེ་ལ་ཡང་ཡང་ངེས་ཤེས་འཁྲུངས་ཏེ། མཁྱེན་བརྩེ་རིན་པོ་ཆེ་དེ་ང་རང་ཡིན་སྙམ་པའི་རྟོག་པ་མེད་ཅིང་། རྗེ་བླ་མ་དེ་ཉིད་སྤྱི་གཙུག་དང་སྙིང་དབུས་སུ་བསྒོམ་ནས་གསང་གསུམ་བྱིན་རླབས་རང་རྒྱུད་ལ་ཞུགས་ཤིང་མཛད་སྤྱོད་ཐམས་ཅད་ལ་ཚུལ་བཞིན་དུ་སློབ་ནུས་པ་དང་། ཐུགས་ཀྱི་བཞེད་དོན་གང་ཡོད་སྒྲུབ་ནུས་པའི་གསོལ་འདེབས་དང་སྨོན་ལམ་ལ་ཡང་ཡང་བརྩོན་པ་ཡིན་ཚུལ་ཕེབས་ཤིང་། རྣམ་པ་ཙམ་དུའང་རྟག་ཏུ་ངེས་འབྱུང་གི་ཏིང་ངེ་འཛིན་དང་ཐུགས་འདུ་འབྲལ་མེད་པའི་ཚུལ་གྱིས་རྒྱུན་དུ་ཞལ་བཀོད་མཛད་པ་གང་ལའང་གློ་བུར་འཆི་བདག་གིས་ཚེ་སྲོག་ལ་བར་དུ་མ་བཅད་ན་དེ་ལྟར་བགྱིས་ཆོག་གསུངས་ཏེ་མཛད་པ་གང་གནང་ནའང་དེ་བཞིན་མཛད། བཤད་སྒྲུབ་ཀྱི་བསྟན་པའི་རྒྱུན་དང་འགྲོ་བའི་བདེ་སྐྱིད་ཀྱི་གཞི་ལ་ངང་ཐུང་གཏན་ནས་མི་མཛད། རྒྱུ་འབྲས་ཕྲ་ཞིབ་ལ་བག་ཡོད་གནང་སྟེ་རྒྱལ་ཁྲིམས་ཀྱིས་སྲོག་གི་འཇིགས་པར་ཐུག་པ་འགའ་ཞིག་དངོས་སུ་བསྐྱབས་ཤིང་། ལོ་རེ་བཞིན་བཤས་རར་ཚུད་པའི་སེམས་ཅན་མང་པོའི་སྲོག་བླུ་བ་དང་། འབྲོག་སྡེ་ཁག་ལ་བྱིན་རླབས་ལྗགས་མདུད་སོགས་རྒྱ་ཆེར་བཀྲམ་ནས་སེམས་ཅན་ཁྲི་ཕྲག་ལོང་བ་ཚེ་ཐར་གཏོང་བའི་དགེ་བསྐུལ་ཡང་ཡང་མཛད། ཕྱག་ཁར་བྱུང་བའི་སེམས་ཅན་ཐམས་ཅད་ཚེ་ཐར་དུ་གཏོང་བ་ལས་ཚོང་བསྒྱུར་སོགས་གཏན་ནས་མི་མཛད། རྟེན་བཞེངས་ཀྱི་ལས་ཚན་སྐོར་ཇི་ཙམ་མང་རུང་དངོས་སུ་སེམས་ཅན་བཤས་ལ་ཕབ་པ་དང་བསྔོས་ཤར་འགྱུར་བའི་རིགས་གཏན་ནས་མི་མཛད་ཅིང་། བཀའ་ལས་ཀྱང་། ནང་པ་སངས་རྒྱས་པའི་ཁྱད་ཆོས་ལས་འབྲས་བླང་དོར་ལ་བརྩོན་རྒྱུ་འདི་རེད། དེས་ན་གཞན་ལ་དངོས་བརྒྱུད་ནས་གནོད་འཚེ་ཅན་གྱི་དགེ་རྩ་སྒྲུབ་ཁུལ་བྱེད་པ་ལ་སྙིང་པོ་ཅི་ཡང་མེད། ཡང་སྒོས་སེམས་ཅན་ཆེ་ཕྲ་ཀུན་ལ་སྲོག་འདི་ལས་གཅེས་པ་མེད་པས་ན་སྲོག་གཅོད་ལ་འཛེམ་པ་ཤིན་ཏུ་གལ་ཆེ། ལྟ་སྒོམ་མཐོན་པོར་རློམས་པ་དང་ལྟར་སྣང་གི་དགེ་བ་རྒྱ་ཆེན་སྒྲུབ་ཁུལ་བྱས་རུང་ལས་འབྲས་འཆོལ་ཉོག་ཏུ་སྤྱོད་པ་དག་ངན་སོང་གི་རྒྱུ་ལས་དགེ་རྩ་རྣམ་དག་ཏུ་འགྲོ་དཀའ་བས་ཤིན་ཏུ་གཟབ་དགོས་པར་གསུངས། མངོན་སྤྱོད་ཀྱི་མཐུས་བསྒྲལ་བ་སོགས་གསན་པ་ལའང་ཐུགས་བག་འཁུམས་པ་ལྟར་མཛད། ཆང་འཐུང་གླུ་གར་སོགས་བག་མེད་ཀྱི་སྤྱོད་པ་ཡེ་ནས་མི་མངའ་བས་དུས་ཀུན་དྲན་ཤེས་ལས་མི་འདའ་བའི་རང་ཚུགས་བརྟན་པོར་བཞུགས། དད་ཟས་དང་གཤིན་དཀོར་ལ་ཡ་ང་བས་བསྔོ་རྟེན་བྱུང་ཚད་ཕྱག་ཐོ་གནང་སྟེ་ཁྲུས་ཆོག་ལན་གསུམ་རེ་དང་། འཇམ་དབྱངས་མཁྱེན་བརྩེའི་ཕྱག་སྲོལ་ལོ་གཅིག་འཁོར་བ་དང་གཤིན་པོའི་མིང་ཡིག་ཐམས་ཅད་བཀོད་པ་རྫོང་སར་འདུས་སྡེས་ཀུན་རིག་སྒྲུབ་མཆོད་ཟླ་གཅིག་ལྷག་ཙམ་ལོ་བསྟར་གནང་བའི་མཇུག་ཏུ་བྱང་བཞུ་དང་བསྔོ་སྨོན་ལོ་རེ་བཞིན་མ་ཆགས་པར་མཛད། བྱང་རོ་ཐམས་ཅད་ལ་སཱཙྪ་སྒྲུབ་གནང་གི་ཕྱག་བཞེས་ཀྱང་ཡོད་ཅེས་གསུངས།

ཕྱོགས་ཕེབས་སྐྱེས་ཆེན་ཁག་ལའང་བྱང་ཆོག་བསྔོ་རྟེན་རྟག་ཏུ་ཞུ་བར་མཛད། བདུན་ཚིགས་བྱང་ཞུས་ཀྱང་མ་བསྙེལ་བར་གནང་ཞིང་སྙིང་རྗེས་གསུར་བསྔོ་བ་འདི་བསྐྱེད་རྫོགས་ཀྱི་གདིང་ཡོད་མེད་དང་སྤྲོས་པ་ཆེ་ཆུང་ལ་མ་ལྟོས་པར་ཀུན་ལ་ཕན་པ་ཆེ་ཞེས་ཡང་ཡང་དུ་གནང་། གཤིན་པོ་འགའ་ཞིག་རྒྱལ་འགོང་དམ་སྲིས་སྐྱེ་གནས་བཟང་པོ་ཐོབ་པ་ལ་བར་དུ་གཅོད་པ་ལས་དབུགས་དབྱུང་བ་སོགས་དུ་མ་ཡོད་པས་ཤེས། མཆོད་སྦྱིན་དང་གཏོང་བ་ལ་མཉེས་པས་རྒྱུན་རིང་གི་ནད་པ། ཐག་རིང་གི་ཨ་ཅོ། དབུལ་ཕོངས་འོན་ལོང་རིགས་ལ་ཆོས་དང་ཟང་ཟིང་འཚོ་སྨན་སོགས་ཀྱི་གནང་སྦྱིན་རྟག་པར་སྩལ། ཡར་ངོ་མར་ངོའི་ཚེས་བཅུར་ཚོགས་མཆོད། རྒྱལ་བའི་དུས་ཆེན་ཁག་ལ་མཆོད་པ་སོགས་ཤིན་ཏུ་རྒྱ་ཆེ་རྒྱུན་ཆགས་སུ་གནང་། རྐྱེན་སེལ་མདོས་གླུད་རྣམས་ལའང་མདོས་རྫས་སྐོར་གཏོས་ཆེ་བ་དུས་དང་རྒྱུན་དུ་བཞག་པར་མཛད། དབང་དང་སྒྲུབ་ཆེན་སོགས་གང་ལའང་མཆོད་གཏོར་རྒྱ་ཆེ་གམ་གཙང་། གཙང་སྦྲ་གད་ཕྱིས་ལེགས་པར་དགོས་པའི་བཀའ་སྩལ། གཟུངས་འབུལ། དམ་རྫས་གཏའ་སྤེལ། ཁྲུས་ཆབ། བུམ་ཆུ་སོགས་ལའང་གཙང་སྦྲ་ཤིན་ཏུ་ཆེ་བར་མཛད། རྒྱུན་དུ་ནངས་རེ་བཞིན་ཞལ་ཕྱག་བསིལ་བ་དང་། ངུར་སྨྲིག་གི་ན་བཟའ་ལེགས་པར་བཞེས་པ་སོགས་ཉིན་གཅིག་ལྟར་གནང་། གནས་རྟེན་མཇལ་བསྐོར་དུ་ཕེབས་པ་ན་སྐུ་ཕྱག་དང་ཞབས་བསྐོར་སོགས་སྐུ་ངལ་དུབ་ཀྱི་རྣམ་པ་མེད་པས་གཅིག་ཏུ་བརྩོན་པ་བཀའ་གདམས་གོང་མའི་ཕྱག་སྲོལ་ལ་ཤིན་ཏུ་མཉེས། གཟིམས་ཆུང་དུ་སྔོན་གྱི་སྐུ་ཆས་རྙིང་པ་རྒྱུན་འཇགས་གང་ཡོད་པ་དེ་ལས་གསེར་དངུལ་གྱི་སྤུས་ནོམ་ཅན་གསར་བསྐྲུན་དང་། དེང་སང་རྒྱ་བོད་ཀྱི་འཕྲུལ་ཆས་གསར་པ་སོགས་གཏན་ནས་བཞག་པར་མི་མཛད། རྒྱུན་དུ་ན་བཟའ་བཞེས་ལུགས། སྲུང་བྱིན་རྗེ་རང་གི་ཕྱག་གིས་གཞན་ལ་སྩལ་བ་དང་། གསོལ་ཆས་སོགས་ཐམས་ཅད་ཀྱང་མངོན་ཆུང་སྦས་ཚུལ་འབའ་ཞིག་གིས་བྱ་བྲལ་དཀྱུས་མའི་བརྟུལ་ཞུགས་རྗེ་གོང་མའི་མཛད་པ་ཇི་ལྟ་བར་བསྐྱངས། རི་བོང་ཅལ་འདྲོག་གི་འུར་གཏམ་དང་དོན་མེད་ཀྱི་བྱ་བ་རྔམ་རྔམ་རྫིག་རྫིག་བྱེད་པ་ལ་གཏན་ནས་ཐུགས་མི་མཉེས། བསོད་ནམས་ཀྱི་གཟི་བརྗིད་དང་ནང་གི་ཏིང་ངེ་འཛིན་གྱི་རྩལ་འབར་བས་ཆེ་བཙན་སུ་འདྲ་ཞིག་ཡིན་རུང་སྐུའི་འཁྲིས་སུ་བཅར་ནས་ཞུམ་སྟེ་གུས་པས་མི་འཁོད་པ་སུ་ཡང་མེད་ལ། སྐུ་གསུང་ཐུགས་ལ་ཡོན་ཏན་གྱི་དཔལ་གཟི་ཆེ་བས་སྐུ་མདུན་དུ་ཞལ་འདྲིས་ཆེ་བཞིན་དད་གདུང་ཇེ་ཆེར་འགྲོ། རྒྱལ་ཁམས་སྤྱི་དང་སྦྱིན་བདག་གི་ཞབས་བརྟན་ལའང་ཞི་རྒྱས་ཀྱི་ལས་གཙོ་བོར་གནང་ཞིང་། རྣམ་དཀར་གང་ལའང་གཞན་ཕན་གྱི་ཐུགས་བསྐྱེད་དང་མཛད་པ་ལྷུར་ལེན་པ་ལས་རང་དོན་གཅེས་འཛིན་སོགས་གཏན་ནས་མི་མངའ། བསྟན་འགྲོའི་བྱ་བ་རླབས་ཆེན་དང་རྣམ་དཀར་མཆོད་སྦྱིན་རྒྱ་གང་ཆེ་ཕྱག་བཞེས་གནང་ཡང་འདི་ལྟ་བུའི་ལས་གྲུབ་སྙམ་པའི་མངོན་རློམས་དང་ཞེན་འཛིན་ངོམ་ཆོས་གཏན་ནས་མི་མངའ། མི་ཆོས་ཀྱི་ཕྱོགས་ནས་བསླབ་སྟོན་ཞུས་གནང་ལའང་ཐུགས་རྒྱུད་དྲང་ཞིང་ཕྱི་ཐག་རིང་བ། ལག་ཏུ་ལོན་ངེས་པ་ལུགས་མཐུན་ཚུལ་གནས་ཀྱི་ཞལ་གདམས་རང་ཉམས་སྨན་ངེས་མཆོག་དམན་སྤྲོས་པ་ཆེ་ཆུང་ཉམས་འོག་ཏུ་ཆུད་པ་ཤ་སྟག་སྩལ། ཆེད་དུ་ལུང་བསྟན་སོགས་དམིགས་བསལ་མི་མཛད་ཀྱང་བློ་ཇི་ཙམ་འགེལ་བ་དེ་ཙམ་དུ་ཕྱི་མཐའ་གཟིགས་པའི་གསུང་དུ་ངེས་པ་བཀའ་སློབ་ཀྱི་ཚུལ་དུ་གནང་། རང་ཕྱོགས་གཞན་ཕྱོགས་ཆགས་སྡང་འཐེན་ཁྱེར་གྱིས་བསྟན་སེལ་ཕུང་བཤིག་གི་གཏམ་ཟུར་ཙམ་གསན་པར་དཀའ་བས་ཞུ་ཕོད་པ་སུ་ཡང་མེད། ཆེ་བཙན་གྱི་རིགས་ལ་དགོས་པ་དང་འབྲེལ་ན་སྐྱོན་དང་ནོར་འཁྲུལ་གྱི་སྤྱོད་པ་རྣམས་དྲང་པོའི་ལམ་དུ་སྲོང་བར་མཛད། གདམས་ངག་ཞུ་བ་པོ་གསར་བུའི་རིགས་ལ་ཁྱེད་རང་ད་ལྟ་ལོ་གཞོན་འདོད་ཡོན་གྱིས་སེམས་གཡེངས་ཏེ་ཡོད་འགྲོ་བས་སྔོན་འགྲོ་བློ་སྦྱོང་དང་རྒྱུ་འབྲས་ཀྱི་རྣམ་བཞག་དཔེ་བལྟས་དང་དོན་ལ་བློ་ཡང་ཡང་བཀོལ་ན་སེམས་རྒྱུད་ཞི་དུལ་འབྱུང་རྒྱུ་རེད་ཅེས་ཞལ་རྩེད་དང་བཅས་གསུང་ལྷོད་པོར་གནང་བས་དབུགས་དབྱུང་བ་ལས་ཟུར་ཟ་དང་ཁྱད་གསོད་མི་མཛད་པས་མཚོན་གོང་འོག་གསུང་གི་ཟུར་ལ་དཔག་ན་ངེས་འབྱུང་དང་རྨད་བྱུང་བྱང་ཆུབ་སེམས་ཀྱི་མངའ་བདག་ཏུ་གྱུར་པ་དངོས་ཤུགས་ནས་ཤེས་ནུས། ནང་དུ་སྙིང་རྗེ་ཆེན་པོ་བཅོས་མིན་དུ་མངའ་བས་རྒྱུས་མེད་པའི་ཡུལ་དང་། སྐད་རིགས་མི་གཅིག་པ་རྣམས་དང་། གྲུབ་མཐའ་ཆོས་བརྒྱུད་སུ་ཡིན་ཀྱང་རང་རང་གི་བརྒྱུད་འཛིན་གྱི་བླ་མ་ཞིག་ལས་ལྷག་པའི་དད་གདུང་དང་། མོས་གུས་བཅོས་མིན་དུ་སྐྱེ་བར་འདུག །དེས་ན་སྐྱེས་བུ་དམ་པའི་ངང་ཚུལ་བཅུ་གཉིས་ཞེས་གྲགས་པ་ལྟར་གསར་རྙིང་བཀའ་གཏེར་གྱི་གཞུང་དང་མན་ངག་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་རྒྱུན་མཐའ་ཡས་པ་མཐའ་དག་ལེགས་པར་གསན་ཅིང་། སྐུ་ཚེ་རིལ་པོར་ཟབ་རྒྱས་ཀྱི་ཆུ་ཀླུང་ངོམ་པ་མེད་པར་འཁྱིལ་ཞིང་འབབ་པའི་གནས་གཅིག་པུར་གྱུར། བསམ་བྱུང་གི་རིགས་པའི་གྲུ་གཟིངས་ངེས་དོན་ནོར་བུའི་དབྱིག་གིས་གཏམས་པས་རང་གཞན་གྱི་གྲུབ་མཐའི་ཤན་འབྱེད་ཅིང་མཐར་ཐུག་གི་འཇོག་སོའི་ཟབ་དོན་གྱི་དཔལ་འབྱོར་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཚུལ་རྗེ་འདིས་ཀུན་མཁྱེན་བླ་མ་འཇིགས་མེད་བསྟན་པའི་ཉི་མ་ལ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་ཆོས་སྐོར་གྱི་དྲིས་ལན་དུ་འགྲན་ཟླ་བྲལ་བའི་མཁྱེན་རབ་ཀྱི་འཇུག་པ་ཅན་དུ་བསྔགས་ཤིང་། མཛོད་བདུན་དང་ཡོན་ཏན་མཛོད་ཀྱི་གཞི་ལམ་འབྲས་བུའི་སྐོར་ལ་གསན་བསམ་མཛད་པར་ཆེད་དུ་གདམས་པ་སོགས་ལ་དཔག་པས་ཤེས། གང་གསན་པ་དག་ཚིག་ཙམ་དུ་མ་བཞག་པར་སྒོམ་པས་རྩེ་གཅིག་ཏུ་ཉམས་ལེན་གྱི་གནད་ལ་དྲིལ་བས་ས་ལམ་གྱི་ཡོན་ཏན་གྲུབ་གཉིས་འདོད་དགུའི་གཏེར་ཤུགས་འབྱུང་དུ་བརྡོལ། སྐྱེས་སྦྱང་གི་མཁྱེན་རབ་འགྲན་ཟླ་བྲལ་བས་ཕྱོགས་རེའི་གཞུང་ཙམ་མཁྱེན་པ་ལ་མཁས་པར་གྲགས་པ་མ་ཡིན་པར་རིག་པའི་གནས་དང་འདུལ་མངོན་དབུ་ཕར་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་གསང་བ་ནས་བརྩམས་ཚིག་གི་བརྡ་ཁྱད་ཕྲན་ཚེགས་ཡན་ཆད་ཀྱི་ཤེས་བྱའི་གནས་ཐམས་ཅད་ལ་ཐོགས་པ་མེད་པར་གཟིགས་པའི་སྤྱན་རས་ཤིན་ཏུ་ཡངས། དེའང་རྗེ་འདིས་ཐོག་མར་གཞུང་སྐོར་གསན་སྦྱང་སྐབས་དང་པོར་མཁྱེན་དཀའ་བ་ལྟ་བུའི་གོ་བ་གཏིང་ཆོད་པ་མ་བྱུང་ཡང་། ཡོན་ཏན་རིན་པོ་ཆེའི་མཛོད་ལ་གཟིགས་རྟོགས་མཛད་ནས་བཟུང་བློ་གྲོས་ཀྱི་འཇུག་སྒོ་ཡངས་པོར་བྱེ་བར་གྱུར་ཅིང་དེ་ཕྱིན་གཞུང་གང་གཟིགས་ཀྱང་དཀའ་བ་མེད་པར་གོ་སྙམ་འདུག་པས་གཞུང་འདི་ནི་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞེས་བཀའ་ལས་ཐོས། དུས་རྟག་ཏུ་སྡོམ་པ་གསུམ་གྱི་བཅས་མཚམས་ལས་འདའ་བ་མེད་པའི་དཔལ་རང་གཤིས་སུ་གྲུབ་པས་ཉེས་སྤྱོད་ཕྲ་མོས་ཀྱང་མ་གོས་པའི་མཛད་སྤྱོད་ཐམས་ཅད་ཤིན་ཏུ་བཙུན་པ་རྒྱལ་བསྟན་རིན་པོ་ཆེ་མཛེས་པའི་རྒྱན་དུ་གྲུབ། གཞན་ཕན་གྱི་མཛད་པ་རྒྱུན་མི་ཆད་པས་བཟང་པོའི་ཕྲིན་ལས་ཀྱི་སྒོ་ཀུན་ནས་ཡངས་ཤིང་། མཛད་སྒོ་ཐམས་ཅད་ཐོག་མཐའ་བར་གསུམ་དུ་འདི་བྱ་དེ་བྱེད་ཀྱི་འཆར་གཞི་དང་ཤོམ་ར་སོགས་གང་ཡང་མེད་པར་ཐོག་བབས་ཀྱི་ཚུལ་དུ་ཕྱག་ཆགས་གནང་བས། ཆེན་པོ་དང་དཔྱོད་ལྡན་སུས་ཀྱང་སྤྱོད་ཡུལ་མ་གྱུར་པ་དག་ཀྱང་ཤུགས་འབྱུང་གིས་བར་ཆད་མེད་པར་ལྷུན་གྱིས་གྲུབ་པས་བསྟན་འགྲོའི་ཕན་བདེ་སྤེལ་བར་མཛད། ཆོས་འཆད་པའི་ཚེ་དཔེ་གཟིགས་དང་ཐུགས་བསམ་སོགས་ལ་མ་ལྟོས་པར་གསར་རྙིང་གི་གཞུང་སོ་སོའི་ཆོས་སྐད་ཕན་ཚུན་མ་འདྲེས་པ་དང་། རང་གཞན་གྱི་གྲུབ་མཐའ་འཛིན་སྟངས་ཤན་འབྱེད་པ། ཟློས་པའི་སྐྱོན་དང་བྲལ་ཞིང་ཚིག་གི་ཟུར་ཕྱིན་པ། འཛིན་བདེ་ཞིང་གཏིང་ཟབ་པ། གནད་དོན་ཉིད་གསལ་བར་སྟོན་པའི་ཚུལ་ལ་ནམ་ཡང་ཐོགས་པ་མེད། ཞལ་གསུང་རྣམ་ཐར་ལས་ཀྱང་། བསྡུས་གྲའི་རིག་ལམ་ཞིག་སྦྱངས་ན། །རྩོད་པའི་རིགས་པ་སྐྱོན་མེད་ཞིག །འབྱུང་ངམ་སྙམ་ཡང་དགོས་པ་ཆུང་། །ཞེས་གསུངས་པ་ལྟར་སྔོན་གྱི་བག་ཆགས་ལྟ་བུའི་བསྡུས་ཚད་ཀྱི་རིགས་པ་ལ་ཤིན་ཏུ་མཉེས་ཤིང་བློ་གསལ་དག་མདུན་དུ་ཕྱིན་པ་ཙམ་གྱིས་དེ་ཉིད་གང་ལ་འདྲིས་ཆ་ཆེ་བའི་གཞུང་ལས་བརྩམས་ཏེ་རྩོད་པ་གནང་ཞིང་བརྒལ་བརྟག་མཛད་པ་ཞིག་ཡིན་ལ། དེ་ཡང་ཇི་ལྟར་ཞལ་བཞེས་གནང་བ་ལུང་དང་རིགས་པས་བརྒལ་བརྟགས་ཇི་ཙམ་བྱས་ཀྱང་གཏིང་ཇེ་ཟབ་དང་། སྒྲུབ་བྱེད་ཀྱི་རིགས་པ་རྣོ་མྱུར་ཐོགས་མེད་དུ་མངའ། སྐབས་རེར་ཐོལ་བྱུང་དུ་གསུང་རབ་དང་བསྟན་བཅོས་ཀྱི་ལུང་འདྲེན་མུ་མཐུད་ཟད་མི་ཤེས་པར་གནང་བས་ཀུན་ཡ་མཚན་གྱི་གནས་ལ་བཀོད་ཅིང་། དེ་ཡང་འགྲོ་གླེང་གནང་ཡུལ་ཡང་དག་པའི་ལུང་རིགས་ཇི་ཙམ་བཟང་བཞིན་ཐུགས་དགྱེས་པས་ཡང་ཡང་བགྲོ་གླེང་གནང་ཞིང་དེ་ཉིད་ཀྱི་བསྔགས་པ་གཞན་ལའང་བརྗོད་པར་མཛད། རྩོམ་པའི་ཡོན་ཏན་སྐུ་གཞོན་པའི་སྐབས་གསུང་རྩོམ་གནང་སྒོ་དོག་ཙམ་ཡོད་ཀྱང་། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་གསུང་རྩོམ་མང་པོ་གཟིགས་པས་མཁྱེན་རབ་ཀྱི་སྒོ་ཕྱེས་པ་ལྟ་བུར་གྱུར་ནས་རྩོམ་གནས་འགྱུར་བ་ཞིག་བྱུང་བ་ཀུན་གཟིགས་སི་ཏུ་རིན་པོ་ཆེར་རྩོམ་རིགས་གཟིགས་འབུལ་དང་རྒྱུ་མཚན་ཞུས་པས། ངེས་པར་བླ་མའི་བྱིན་རླབས་ཞུགས་ཟེར་བ་དེ་རེད་ཅེས་གསུངས། དོན་དུ་བརྩམ་བྱའི་དོན་དེ་གསལ་ལ་རྒྱས་པར་གོ་བ། ཚིག་སྦྱོར་ཉབ་ཉོབ་དང་ཧ་ཅང་མང་བ་མ་ཡིན་པ། རྒྱས་བསྡུས་འཚམས་ཤིང་སྡེབས་ལེགས་པ། རྒྱུན་གྱི་གསུང་རྩོམ་རྣམས་གོ་སླ་བ་གཙོ་བོར་མཛད་ཅིང་བསྟོད་ཚོགས་སོགས་དཎྜིའི་གཞུང་ལས་དྲངས་པའི་སྙན་ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་པས་མཛེས་པར་སྤ་བ། ཐོལ་བྱུང་གི་གསུང་སྐོར་ཡེ་ཤེས་ཀྱི་རྩ་མདུད་གྲོལ་བས་གཞོམ་མེད་རྡོ་རྗེའི་དོ་ཧ་དངོས་སུ་སྣང་ཞེས་མཁས་པ་རྣམས་ཀྱིས་ཡང་ཡང་བསྔགས། མཁྱེན་གཉིས་ཀྱི་གསང་མཛོད་ལ་རང་དབང་ཐོབ་པས་ཆོས་ཐམས་ཅད་གཟིགས་པ་ཙམ་གྱིས་ཟབ་གནད་གྱི་དོན་དེ་དང་དེ་ལྟ་བུ་གཞུང་དེའི་སྟོད་སྨད་དེར་བཤད་ཡོད་ཅེས་ཞིབ་པར་སྩལ་དུ་ཡོད་པས་དབུ་ཞབས་ཡོངས་རྫོགས་ཐུགས་སུ་ཆུད་པའི་ངོ་མཚར་ངེས་པར་མངའ་ཞིང་། རྣམ་འདྲེན་དམ་པ་རྣམས་ལས་ཆོས་གསན་པ་སོགས་ཀྱི་ཟླ་ཚོད་ཚེས་གྲངས། གསན་པའི་གནས། མཆེད་གྲོགས་སུ་བཞུགས་ཡན་ཆད་ཁུངས་དང་གཏན་ཚིགས་ཤིན་ཏུ་ཞིབ་པར་བཀའ་སྩལ་བས་ཐེ་ཚོམ་སེལ་བྱེད་ཀྱི་ཐུགས་དྲན་བསྙེལ་མེད་དུ་མངའ། ཕྱག་དཔེ་ཚོལ་དགོས་ཚེ་དཔེ་མཛོད་ཁག་མང་ཤིན་ཏུ་རྒྱ་ཆེའི་ཁྲོད་ནས་དེབ་ཐེར་ལ་གཟིགས་རྟོག་མ་དགོས་པར་ཕྱོགས་འདིའི་སྟོད་སྨད་འདི་ལྟ་བུར་གླེགས་བམ་འདི་འདྲ་ཡོད་ཅེས་དང་། གླེགས་བམ་སྟོད་སྨད་གང་དུ་ཞལ་ཕྱེས་པ་དེར་གཟིགས་ནས་ཡོད་པ་ལྟ་བུ་རྒྱུན་པར་མཆིས། བརྩེ་བའི་ཐུགས་རྗེ་མཁའ་ཁྱབ་ཏུ་བརྡལ་ཞིང་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་ཟླ་བས་རྩོད་དུས་སྙིགས་མའི་བསྟན་འགྲོའི་རྒུད་པ་མཐའ་དག་སེལ་བའི་སྨན་དུ་སིམ། ནུས་རྩལ་གྱི་དགོངས་པས་གཟིར་བ་ཙམ་གྱིས་དམ་སྲི་རྒྱལ་འགོང་ཚར་བཅད་པ་དང་། མཐའ་དམག་ཀླ་ཀློའི་ཚ་དབལ་འཇོམས་ཚུལ་ཆ་ཙམ་སྨོས་པས་མཚོན་ནག་ཕྱོགས་འབྱུང་པོ་ཟིལ་གྱིས་གནོན་ཅིང་བདུད་སྡེ་འདུལ་བའི་མཐུ་སྟོབས་ཐོགས་པ་མེད་པ་ཅན་དུ་གྱུར་པའོ།

།དེས་ན་འཛམ་གླིང་རྒྱལ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་གངས་ཅན་མགོན་པོ་རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་ཐམས་ཅད་མཁྱེན་གཟིགས་མཆོག་གི་ཞལ་སྔ་ནས་ཀྱང་། འཇ྄༵མ་དཔལ་རྡོ་རྗེ་གྲུབ་པའི་དྲུག་ཅུའི་དབྱང྄༵ས། །ཆོས྄༵་ཚུལ་རྒྱ་མཚོར་འཁྲོལ་བའི་དཔྱིད་ཀྱ྄ི༷་གླུས། །བློ་ལྡན་བྱེ་བའི་སྙིང྄༵་ལ་གྲ྄ོ༷ས་འདེབས་པའི། །འགྲོ་མགོན་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཞེས་བསྔགས་བརྗོད་ཐུན་མིན་དུ་སྩལ་བར་མཛད་པ་ལྟར། རིས་བྲལ་རྒྱལ་བསྟན་ཡོངས་འདུའི་དགའ་ཚལ་ཆེན་པོར་འདུས་པའི་བསྟན་འཛིན་སྐྱེས་ཆེན་དམ་པ་ཡོངས་གྲགས་རྣམས་དང་། ཀུན་སྤོང་སྦས་ཚུལ་འཛིན་པ་སོགས་ཁྱད་པར་འཕགས་པའི་སློབ་ཚོགས་གྲངས་ལས་འདས་པའི་དབུས་ནས་ཐུགས་སྲས་མཁས་གྲུབ་གཙོ་ཆེ་བ་ནི་འཇམ་མགོན་གོང་མའི་ཕྲིན་ལས་ཀྱི་ཤིང་རྟ་འདྲེན་པའི་མངའ་བདག་རྗེ་ཉིད་ཀྱི་རིགས་བདག་ཏུ་གྱུར་པ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ། མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ། འཇམ་མགོན་ངག་དབང་ལེགས་པ་གཙོས་ཕལ་ཆེར་ནས་ཟབ་ཆོས་ཀྱི་བདུད་རྩི་དུ་མ་སླར་བཞེས་པ་དང་། དེ་དག་གིས་ཞབས་བརྟན་དང་གསོལ་འདེབས་སོགས་དོན་ལ་གནས་པའི་བསྟོད་བསྔགས་ཕུལ་བར་མཛད་པའང་། དུས་གསུམ་རྒྱལ་བ་ཀུན་གྱི་གདུང་འཛིན་ཅིང་། ཐེག་གསུམ་ཆོས་ཀྱི་དགའ་སྟོན་འགྱེད་མཁས་པ། །ཁམས་གསུམ་འགྲོ་བའི་འདྲེན་པ་གཅིིག་གྱུར་པ། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞབས་བརྟན་གསོལ། །ཞེས་སྒ་སྟོན་འཇམ་པའི་དབྱངས་ཀྱིས་ཕུལ་ནས་བླ་སློབ་ཀུན་གྱིས་ཞལ་འདོན་དགོས་པར་ཡང་ཡང་གསུངས་པས་མཚོན་དུ་མ་ཡོད་པ་དང་། སྐྱེས་ཆེན་དམ་པའི་རིགས་དཔལ་ས་སྐྱའི་ཕོ་བྲང་ཁག་གི་ཁྲི་ཆེན་གཞུང་ཟུར། སྐུ་མཆེད། ཞལ་དའི་རིགས་རྣམས་དང་། ལྷ་ཁང་མཁན་ཆེན་སོགས། ངོར་ཨེ་ཝཾ་པའི་མཁན་ཞབས་རྣམ་པ། ནཱ་ལེནྡྲའི་གཟིམ་འོག་དང་བཅོ་བརྒྱད་ཁྲི་ཆེན། ཡར་ཀླུང་དཔོན་སྤྲུལ་སོགས་དབུས་གཙང་དང་། རྒྱ་གར་ནུབ་ཕྱོགས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ། བྲག་ཡབ་གཙང་སར་མཆོག་སྤྲུལ། བླ་མ་འཇམ་དབྱངས་རྒྱལ་མཚན་སྐུ་མཆེད། ས་སྐྱོང་སྡེ་དགེའི་དབུ་བླ་ཆོས་སྡེ་ལྷུན་གྲུབ་སྟེང་གི་ཤར་ནུབ་རྒྱལ་མཚན་བླ་མ། དྲྭ་སྒང་མཁན་སྤྲུལ། སྡེ་གཞུང་མཆོག་སྤྲུལ་རྣམ་གཉིས། དབོན་སྟོད་མཁན་མཁྱེན་རབ། དགེ་བའི་བཤེས་གཉེན་ཆོས་འཕེལ་རབ་རྒྱས། མདོ་སྲིབ་མཁན་ཐུབ་བསྟན། མཁར་མདོ་དགོན་གྱི་སྤྲུལ་སྐུ་དང་ཆོས་རྗེ་སོགས་སྡེ་དགེའི་མངའ་ཁུལ་གྱི་སྡེ་སྣོད་འཛིན་པ་རྣམས་དང་། ཨ་མདོ་དྷཱི་ཕུ་ཆོས་རྗེ་དང་དཔེ་ཝར་སྤྲུལ་པའི་སྐུ་སོགས་རྒྱུད་སྡེའི་ཉམས་བཞེས་འཆད་སྤེལ་ནུས་པའི་རྡོ་རྗེ་འཛིན་པ་གྲངས་མང་བཅས་ས་སྐྱ་པ། སྐུ་ཞབས་སི་ཏུ་པདྨ་དབང་ཆེན་ཡབ་སྲས། རྒྱལ་སྲས་འཇམ་མགོན་མཆོག་སྤྲུལ། དབོན་རྒན་ཡང་སྲིད་རིན་པོ་ཆེ། སྒ་སྟོད། ཟུར་མང་། ཕྱི་འབྲོག །ནང་ཆེན་སོགས་ཀྱི་ཀར་དགོན་གྲངས་མང་གི་སྤྲུལ་སྐུ་དང་བླ་མ། འབྲུག་ཆེན་རིན་པོ་ཆེ། ཡོངས་འཛིན་སྤྲུལ་སྐུ། མདོ་ཁམས་བརྒྱད་པ། ལྡིང་ཆེའི་ཅོག་གྲྭ་སྤྲུལ་སྐུ་སོགས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། སྨིན་གླིང་མཁན་གཅུང་རྣམ་གཉིས་དང་གདུང་སྲས་སྐུ་མཆེད། རྡོར་བྲག་རིག་འཛིན་ཆེན་པོ། མཁར་ཆུའི་ནམ་སྙིང་སྤྲུལ་སྐུ། མདོ་ཁམས་རྫོགས་ཆེན་དྲུག་པ་རིན་པོ་ཆེ། སྐུ་ཞབས་དགེ་མང་མཆོག་སྤྲུལ། སྤྲུལ་སྐུ་དྲི་མེད་འོད་ཟེར། རྫོགས་ཆེན་མཁྱེན་བརྩེ་སོགས། ཞེ་ཆེན་རབ་འབྱམས་དྲུག་པ། རྒྱལ་ཚབ་བཞི་པ། ཀོང་སྤྲུལ་རིན་པོ་ཆེ། གུས་ཕྲན་བཅས། ཀཿཐོག་སི་ཏུ་མཆོག་སྤྲུལ་རིན་པོ་ཆེ། གྲ་ལག་ཕྱག་ཚ་སོགས་གསེར་ཁྲི་ཁག་གི་སྤྲུལ་སྐུ་རྣམ་པ། དཔལ་ཡུལ་གཟིམས་འགག་མཆོག་སྤྲུལ། ར་སྤྲུལ་རིན་པོ་ཆེ། རྨུགས་སངས་སྤྲུལ་སྐུ། ཨ་འཛོམ་སྲས་སྐུ་མཆེད། གཏེར་སྟོན་ལས་རབ་གླིང་པ་དང་དྲི་མེད། གྲུ་གུ་རྟོགས་ལྡན་བཅས་ཀྱི་སྲས་སྤྲུལ་རིགས། མཆོག་གླིང་སྤྲུལ་སྐུ་རྣམ་པ་གཉིས། འབྲི་གཏེར་འོད་གསལ་རྡོ་རྗེ་སོགས་རྙིང་མའི་ཕྱོགས། མཁས་དབང་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས་ཀྱིས་ཆབ་མདོ་འཇིགས་བྱེད་ལྷ་ཁང་དུ་རྗེ་བླ་མ་ཉིད་བོད་ཡུལ་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བསྟན་པའི་མངའ་བདག་ཏུ་བསྔགས་པའི་ཞབས་བརྟན་གསོལ་འདེབས་བཅས་སྐུ་ཚེའི་བརྟན་བཞུགས་འབུལ་བ་དང་དད་གུས་བསྔགས་བརྗོད་ཆེ་བར་མཛད་ཅིང་ཞབས་སུ་བསྟེན། ཀུན་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ། མི་ཉག་ཀྱི་ལེ་སྐྱབས་མགོན། ཏྲེ་ཧོར་དགེ་རྟག་མཆོག་སྤྲུལ། གོ་འཇོ་འགྲོ་འདྲེན་སྤྲུལ་སྐུ་སོགས་དགེ་ལུགས་ཕྱོགས་ཀྱིས་མཚོན་གྲུབ་མཐའ་རིས་མེད་པའི་ཞལ་སློབ་དོན་གཉིས་ནུས་པ་ཤིན་ཏུ་མང་ནའང་འདིར་ས་བོན་ཙམ་དུ་བསྡུས་པ་ལགས། བོད་ཀྱི་མི་ཆེན་བཀའ་མདའ་རྩིས་གསུམ་ཕལ་ཆེར། སྡེ་དགེ་ཆོས་རྒྱལ་ཆེན་པོ། གླིང་རྒྱལ། སྒོམ་སྡེ་ནང་ཆེན་བཅས་ཀྱི་རྒྱལ་བཙུན་སྲས་བློན་རིགས། རི་ཆེ། ཆབ་མདོ། བྲག་ཡབ། སྨར་ཁམས། གོ་འཇོ། ཉག་རོང་། ཏྲེ་བོ། མི་ཉག །རྒྱ་རོང་། འགུ་ལོག །ཨ་མདོ་ཡན་གྱི་དཔོན་རིགས། འབྲས་ལྗོངས་ཆོས་རྒྱལ། ལྷ་སྡེ་མི་སྡེའི་གཙོ་འཛིན་སོགས་མདོར་ན་ཕྱི་དུས་འདིར་ཁམས་བོད་དབུས་གཙང་རྒྱ་དཀར་ནག་གི་ཁྱོན་ན་མཆིས་སོ་ཅོག་གི་བསྟན་འཛིན་སྐྱེས་ཆེན་དམ་པ། དད་བློ་གཏོང་བའི་མིག་ཡངས་བསྟན་པའི་སྦྱིན་བདག །རི་ཁྲོད་ཀྱི་སྒྲུབ་བརྩོན་པ་སོགས་ཀྱིས་མཚོན་དངོས་དང་བརྒྱུད་ནས་ཟབ་ཆོས་ཀྱི་བཀའ་དྲིན་ཐོབ་པ་སྨོས་ཀྱིས་མི་ལོང་བར་བཞུགས་པས་དོན་གཉིས་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པ་ལགས་སོ།། །།

དྲུག་པ་ཞར་བྱུང་བསོད་ནམས་ཀྱི་ཚོགས་བསགས་སྒོ་དུ་མ་ནས་རྒྱ་ཆེར་སྒྲུབ་པའི་ཚུལ་ནི། དམ་པའི་སྐྱེས་ཆེན་དག་གི་ཕྱག་བཞེས་ཀྱི་གཙོ་བོ་བཤད་སྒྲུབ་ཀྱི་བསྟན་པའི་རྒྱུན་སྐྱོང་བ་ཉིད་ཡིན་ཀྱང་། ཞར་བྱུང་དགེ་འདུན་གྱི་གནས་གཞི་འདིངས་པ། གཙུག་ལག་ཁང་དང་རྟེན་གསུམ་གསར་བཞེངས། དེ་དག་ལ་མཆོད་འབུལ། ཡུལ་དམ་པ་ལ་བསྙེན་བཀུར་དང་། དམན་པ་ལ་སྦྱིན་གཏོང་སོགས་བྱ་བ་ལས་ཀྱི་འཁོར་ལོས་རྒྱལ་བསྟན་རིན་པོ་ཆེའི་མངའ་ཐང་སྤེལ་བའང་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ལས་འབྱུང་བ་བཞིན། རྗེ་བླ་མ་མཆོག་འདིས་སྤང་ཀློག་གཉིས་དང་བྱ་བ་ལས་ཀྱི་འཁོར་ལོ་གཅིག་གིས་གཅིག་གོ་མ་བཀག་པར་ཐམས་ཅད་སྒོ་ཀུན་ནས་ལྷུན་གྲུབ་ཏུ་གནང་བར་མཛད་པ་སྟེ། དེ་ལ་བྱ་བ་ལས་ཀྱི་འཁོར་ལོའི་གཙོ་བོ་དམ་པའི་ཆོས་འཆད་སྤེལ་གནང་ཚུལ་རག་རིམ་སྨོས་མ་ཐག་པ་ལྟར་དང་། འདིར་ཐུན་མོང་གི་བྱ་བ་ལས་ཀྱི་འཁོར་ལོའི་ཕྱག་རྗེས་གནང་ཚུལ་ཡང་སྐུ་ཚེའི་སྟོད་ཕྲིན་ལས་ཆེར་མ་རྒྱས་པའི་སྐབས་འདི་རིགས་གནང་དཀའ་ཙམ་བྱུང་རུང་ཞུམ་པ་མེད་པའི་ཐུགས་སྟོབས་ཀྱིས་ཐུགས་བཞེད་གང་ཡོད་ཐད་དཀར་གནང་ཞིང་། དབྱར་དགུན་ལྡོམ་བསྐོར་ཐེངས་འགར་ཕེབས་རྗེས། ཇི་སྐད་དུ། མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །རྩ་བརྒྱ་སྤོས་སམ་ཙནྡན་ཡང་མ་ཡིན། །དམ་པའི་དྲི་ནི་རྫི་ཕྱོགས་མི་འགྲོ་སྟེ། །ཕྱོགས་རྣམས་ཀུན་ཏུ་མི་མཆོག་དྲི་ཡིས་ཁྱབ། །ཅེས་པ་ལྟར་རིམ་གྱིས་དམ་པའི་ཡོན་ཏན་གྱི་གྲགས་སྙན་མ་ལ་ཡ་རླུང་གིས་ཕྱོགས་མཐར་ཁྱབ་པས་བགྲང་ལས་འདས་པའི་མཆོག་ཕལ་དད་འདུས་རྣམས་ནས་འབྱོར་མཁོས་ཀྱི་མཆོད་སྤྲིན་སྐྱབས་ཞུས་བསྔོ་རྟེན་རིགས་བར་མེད་བྱུང་བ་ཐམས་ཅད་གནས་མིན་ཆུད་ཟོས་སུ་མ་སོང་བར་རྟེན་བཞེངས་དང་མཆོད་སྦྱིན་སོགས་གཏོང་བ་ནམ་མཁའ་མཛོད་ཀྱི་སྒོ་འཕར་གཏན་པ་མེད་པར་དབྱེ་བར་མཛད་པའི་གཙོ་བོ་བསྡུས་ཙམ་སྨོས་ན། དེའང་རྗེ་བླ་མ་ཉིད་རྫོང་སར་དུ་བཞུགས་ནས་ལོ་ཤས་སོང་བ་ན་ཀུན་གཟིགས་སི་ཏུ་རིན་པོ་ཆེས་གསུང་འཕྲོས་སུ། ཁྱེད་རང་འཇམ་མགོན་རིན་པོ་ཆེས་མཁྱེན་བརྩེའི་ཕྲིན་ལས་ཀྱི་སྤྲུལ་པར་ངོས་འཛིན་གནང་བའི་རྟེན་འབྲེལ་གྱིས་ཀཿཐོག་པའི་བསྟན་པ་སྤྱི་དང་། ཁྱད་པར་རྒྱུད་སྡེའི་བཤད་གྲྭ་དང་རྟེན་བཞེངས་སྐོར་ཕྲན་ལ་ཕན་ཐོགས་ཡོང་དགོས་པ་ཡིན་ནའང་སྐལ་བཟང་རྡོ་རྗེའི་ཁ་ཆེམ་བཞིན་འདིར་བཞག་དགོས་བྱུང་སོང་། ད་ནི་ཁོ་རང་ཚོར་འདོད་བབས་ཡོད་མེད་སྣ་ཚོགས་འདི་ལྟར་ལ། སླར་ཀཿཐོག་ཏུ་བཞུགས་དགོས་ཚུལ་ཕེབས་པར་ཞུ་ལན་དུ། གུས་པ་འདིར་སྡོད་རྒྱུར་མིང་བཏགས་ཚར་དུས་གདན་ས་འདི་ལ་ཞབས་ཕྱི་ཅུང་ཟད་འགྲུབ་རེ་ཆེ་ཞིང་། ཀཿབསྟན་ལ་རིན་པོ་ཆེ་རང་བཞུགས་པ་འདི་ལྷག་སུས་ཀྱང་ཅི་ཐོན་མེད་ངེས། ནམ་ཞིག་དགོས་གལ་བྱུང་ཚེ་ལོ་བཅུ་གཉིས་རིང་གུས་ནས་འགན་ཧྲིལ་ལེན་གྱི་ཞབས་ཕྱི་ཞུ་ངེས་གཏན་ཡིན་ཚུལ་ཞུས་པ་ན། སི་ཏུ་རིན་པོ་ཆེས་རྗེ་བླ་མར་སྤྱན་ཅེར་གྱིས་ཡུན་རིང་ཙམ་གཟིགས་མཐར་ཨ་ཙི་དེ་ལས་ལྷག་ཞིག་ཅི་བྱེད། ད་ནི་ཁྱེད་རང་ཟེར་བ་ལྟར་གྱིས་དང་ཕྲན་གྱི་བསམ་པའང་དེས་རྫོགས་པར་འདུག་ཅེས་ཤིན་ཏུ་དགྱེས་བརྩེས་བཀའ་འཕྲོས་ཞིབ་ཏུ་ཕེབས་པའི་དགོངས་དོན་བཞིན། ཐོག་མར་སྔ་འགྱུར་བསྟན་པའི་འབྱུང་གནས་དཔལ་ཀཿཐོག་རྡོ་རྗེ་གདན་དུ་ཀུན་གཟིགས་སི་ཏུ་རིན་པོ་ཆེས་གསར་བཞེངས་རྒྱུད་སྡེའི་བཤད་གྲྭ་ཐུབ་བསྟན་ནོར་བུའི་ལྷུན་པོའི་སྤྱི་རྐང་གཏན་མེད་གྱུར་པ་གཞིར་བཞེངས་ཀྱིས་ཉམས་གསོ་ཞལ་གྲངས་སྔར་ཡོད་སྟེང་གསུམ་འཕར་བས་མཁན་སློབ་བཞི་བཅུ་ཞེ་ལྔའི་གྲངས། ཟངས་མདོག་དཔལ་རིའི་ཞིང་བཀོད་བློས་བསླངས་མཇུག་སྐྱོང་བཅས་ལ་གཙོ་བོར་རྗེ་ཉིད་ཀྱི་ཕྱག་རྫས་གཏོང་། དགོན་གཞུང་གིས་མི་ཆེན་བསྐོ་བཞག་གི་སྲོལ་བཙུགས་པས་ཀུན་གྱིས་བསྔགས་འོས་ཕྱི་མཐའ་གཟིགས་པ་ལྟ་བུའི་ལེགས་ལམ་ཆེར་བྱུང་། ཁྱད་པར་རྗེ་ཉིད་ནས་ཐོག་མཐའ་བར་གསུམ་ཕྱག་འདོན་གྱིས་ཐུབ་ཆེན་ལྷ་ཁང་སུམ་ཐོག་ཁང་བརྩེགས་མཆོད་རྟེན་གྱི་བཟོ་དབྱིབས་ཆེ་ལེགས་ནང་རྟེན་གཙོ་གསེར་ཟངས་ཀྱི་སྟོན་པའི་སྐུ་ཐོག་སོ་གསུམ་པ་རྒྱུ་ཚད་བཟོ་དབྱིབས་ནང་གཞུག་བཅས་འགྲན་ཟླས་དབེན་པ། འཁོར་སྨན་འདམ་གྱི་གནས་བརྟན་བཅུ་དྲུག་རྒྱལ་ཆེན་བཞི་བཅས་ཐོག་ཚད་རེ། ལོགས་བྲིས་སོགས་ཁྱད་པར་འཕགས་པ། སྟེང་དུ་ཟངས་གསེར་གྱི་གཉྫི་ར་བཅས། རྗེ་བླ་མ་རང་གི་གཟིམ་ཆུང་གསེར་ཁང་གདོང་དུ་ལྷ་ཁང་དང་རྟེན་གསུམ་མང་དུ་བཞུགས་ཀྱང་ངེས་ཏིག་མ་ཤེས། ཆོས་སྡེ་ཆེན་པོ་འདི་ལས་གྱེས་པའི་ཕྱོགས་མཐའི་དགོན་ལག་རྣམས་སུའང་རྟེན་གསུམ་དང་བཤད་སྒྲུབ་ཀྱི་སྡེ་གསར་བཞེངས་ལ་མཐུན་སྦྱོར་བཅས་སྔ་ཕྱི་ལོ་ངོ་བཅུ་བཞིའི་རིང་ཀཿཐོག་པའི་བསྟན་སྲིད་ཀྱི་འགན་བཞེས་གནང་ཞིང་། ཀུན་གཟིགས་སི་ཏུའི་མཆོག་སྤྲུལ་རྫོགས་ཆེན་ལྔ་པ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ངོས་འཛིན་གནང་བ་རྩད་གཅོད་ཁྲི་འདོན་མངའ་གསོལ་དང་། རྨོག་རྩ་སྤྲུལ་པའི་སྐུ། རྗེ་དབོན་མཆོག་སྤྲུལ། དྲི་མེད་ཞིང་སྐྱོང་གི་ཡང་སྲིད་སོགས་རྗེ་ཉིད་ནས་ངོས་འཛིན་དང་ཁྲིར་བཀོད་གནང་ནས་སྨིན་གྲོལ་གདམས་ཟབ་རྒྱ་མཚོ་ལྟ་བུས་ལུང་རྟོགས་ཆོས་ཀྱི་མཛོད་ཆེན་གཉེར་དུ་གཏད་པར་མཛད། མདོར་ན་སྐུ་ཚེ་ཞི་བར་གཤེགས་ཀྱི་བར་དུ་དངོས་དང་བརྒྱུད་ནས་གཟིགས་སྐྱོང་ཡང་ཡང་གནང་བས་ཀཿཐོག་པའི་བསྟན་པ་ལ་གཅིག་ཏུ་བཀའ་དྲིན་ཆེ། རུ་དམ་རྫོགས་ཆེན་པའི་གཙུག་ལག་མེས་འཇིག་སྐབས་ཉམས་གསོའི་ཆ་རྐྱེན་ཅི་རིགས་དང་། གུ་རུ་མཚན་བརྒྱད་གཙོ་བོར་བཞུགས་པའི་རྣམ་ཐར་པདྨ་བཀའ་ཐང་གི་བཀོད་པ་ཐང་ཤར་དགུ་ལ་བཟང་གོས་ཀྱི་གོང་ཤམ་ཅན་དང་རོལ་སིལ་སོགས་གཏན་འཇོག་མང་དུ་གནང་། ཞེ་ཆེན་དུ་རྒྱལ་ཚབ་རིན་པོ་ཆེས་མི་ཕམ་གསུང་སྐོར། དེ་རྗེས་ཀོང་སྤྲུལ་དང་རྗེ་དབོན་དགེ་ལེགས་རྒྱ་མཚོ་ཟུང་ནས་རྒྱལ་ཚབ་གསུང་འབུམ་བཅས་སྤར་དུ་བསྐྲུན་པར་དབུ་འདོན་མཐུན་རྐྱེན་དང་ཞལ་འདེབས་ཡང་ཡང་གནང་། བཤད་གྲྭ་གསར་འཛུག་ལ་བསླབ་སྟོན་དང་། རྒྱལ་ཚབ་རིན་པོ་ཆེའི་མཆོག་སྤྲུལ་ངོས་བཟུང་ནས་ཆོས་ཀྱི་ཁྲི་ལ་བཀོད་པ་སོགས་ཆོས་སྡེ་འདིར་བཀའ་དྲིན་རྒྱ་ཆེར་གནང་། གཏེར་ཆེན་མཆོག་གྱུར་གླིང་པའི་གདན་ས་གནས་བརྟན་དགོན་དུ་རི་ནང་དཔོན་ཁག་ལ་ཆེད་དུ་བཀའ་ཆབ་དང་འབྲེལ་བཤད་གྲྭ་ཉི་ཤུ་རྩ་ལྔ་གསར་འཛུག་ལ་ཀཿཐོག་མཁན་པོ་ཚུལ་ཁྲིམས་ཉི་མ་དང་མཁས་དབང་ཁང་དམར་རིན་ཆེན་སོགས་སྔ་རྗེས་ཆེད་བཏང་གཞུང་ཆེན་རྩ་འགྲེལ་གྱི་ཕྱག་དཔེ་གནང་བ་སོགས་གཟིགས་སྐྱོང་མཐིལ་ཕྱིན་པ། མཆོག་སྤྲུལ་རིན་པོ་ཆེ་ངོས་འཛིན་ཁྲིད་བཀོད་དང་སྨིན་གྲོལ་གདམས་ཟབ་རྒྱ་ཆེར་སྩལ། དེ་བཞིན་རྩི་ཀེའི་གདན་ས་ལའང་ཐུགས་བསྐྱེད་ཆེར་གནང་བ་སོགས་ཆོས་བརྒྱུད་འདི་འཛིན་པ་རྣམས་རྗེ་མཁྱེན་བརྩེ་སྐུ་གོང་འོག་གི་བཀའ་དྲིན་གྱིས་ངལ་འཚོ་བ་ཁོ་ནའོ།

།བཀའ་བརྒྱུད་ཕྱོགས་སྡེ་དགེ་ཕྱི་འབྲོག་དང་ནང་ཆེན་ཁུལ་གྱི་དགོན་སྡེ་ཆེ་ཕྲ་ཕལ་ཆེར་ལའང་བཤད་སྒྲུབ་གསར་འཛུག་གི་མཐུན་རྐྱེན་ཞལ་འདེབས་དང་མཁན་པོ་བཏང་བ་སོགས་མང་དུ་མཛད། ཆོས་རྒྱལ་སྡེ་དགེས་སྔོན་དུ་སྦྱོར་འཇགས་གནང་ཡང་ཕྱིས་ཉམས་ཆག་གྱུར་པ་དྲྭ་སྒང་སྒྲུབ་སྡེ་གསར་དུ་བཞེངས་ནས་སྒྲུབ་གྲྭ་ལྔ་བཅུ་ཐམ་པ་ཇི་སྲིད་བསྟན་པ་གནས་ཀྱི་བར་བཞུགས་པའི་ཕོགས་ཐེབ་འབྲི་བརྒྱ་ལྷག་དང་དངུལ་རྡིལ་ཚད་སུམ་ཅུ་སྐོར་གྱི་རྟེན་རྩ་དང་། གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་ཉམས་བཞེས་གཙོ་བོར་གྱུར་པའི་དཔལ་ལྡན་ས་སྐྱའི་སྙན་བརྒྱུད་ཚད་མ་བཞི་ལྡན་ཉམས་སུ་ལེན་པའི་སྒྲུབ་སྡེ་ཁྱད་འཕགས། རྫོང་སར་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བོད་ཁམས་བསྟན་འགྲོར་ཕན་བདེའི་བཙས་སུ་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་གཉིས་པའི་རྣམ་པར་བཞེངས་པའི་དགོངས་བཞེད་བཞིན་ཀུན་གཟིགས་བློ་གྲོས་མཐའ་ཡས་ཀྱིས་ས་མིག་ཆེད་བཙལ་གནང་བའི་ཁམས་ཀྱི་བྱེ་མ་ཐང་རིགས་གསུམ་སྤྲུལ་པའི་ལྷ་ཁང་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་དུ་བློ་གསལ་དགེ་འདུན་ལྔ་བཅུ་ཐམ་པར་གསོལ་ཕོགས་མཆོད་ཐེབས་རྒྱས་འདངས་ཀྱི་རྟེན་རྩ་སྦྱོར་འཇགས་དང་། དེ་དག་བཞུགས་ཤག་མདོ་སྦུག །མཆོད་ཁང་རེ་རེ་བཞིན་ཐུབ་དབང་གནས་བརྟན་བཅུ་དྲུག་རྒྱལ་ཆེན་ཧ་ཤང་བཅས་ཀྱི་སྣང་བརྙན་བྲག་རིའི་ཡུལ་བཀོད་མཛེས་པ་མཆོད་ཏིང་བདུན་ཚར་རེ་བཅས། དགེ་འདུན་པ་རྣམས་ཀུན་སྤྱོད་གཙང་ལ་དག་པ་འདུལ་བ་དང་མཐུན་པའི་ཕྱག་བཞེས་ལྷུར་ལེན་པས་ཐོས་བསམ་གྱི་བྱ་བས་དུས་འདའ་བའི་བཅའ་བསྒྲིགས་བཅས་ཉིན་བཞིན་སྔ་དྲོ་རྒྱུན་ཆགས་གསུམ་པ་དང་། དགོང་མོ་གཏོར་བསྔོ་བསྡུས་ཙམ་རེ། རྒྱལ་བའི་དུས་ཆེན་བཞི་དང་། གསར་རྙིང་རིས་མེད་པའི་བསྟན་འཛིན་སྐྱེས་ཆེན་གཙོ་ཆེ་བ་རྣམས་ཀྱི་སྐུ་མཆོད་དུ་དགོང་མོར་ཕྱི་ནས་སྣང་གསལ་གྱི་ཕྲེང་བ་བཅས་གླིང་མཆོད་འབུལ་བའི་སྲོལ་བཟང་ངོ་མཚར་དང་བ་འདྲེན་པའི་རྒྱུན་བཙུགས་པ་ལ། མཁན་ཐོག་དང་པོ་ཀུན་གཟིགས་སི་ཏུ་རིན་པོ་ཆེའི་བཀའ་ལྟར་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མཛེས་པའི་མཁན་ཆེན་གཞན་ཕན་བྱམས་པའི་གོ་ཆ་ཆེད་དུ་གདན་དྲངས་ནས་ལོ་གསུམ་བཞུགས་རིང་འདུལ་མངོན། དབུ་མ་རིག་ཚོགས། བཞི་བརྒྱ་པ་དང་འཇུག་པ། བྱམས་ཆོས་ལྔ་དང་སྤྱོད་འཇུག་བཅས་གཞུང་ཆེན་རྣམས་རྒྱ་འགྲེལ་ལྟར་འཆད་པའི་རྒྱུན་བཙུགས་ཤིང་། མཁན་ཆེན་བླ་མ་མཆོག་གི་ཕྲིན་ལས་ཆེས་ཆེར་རྒྱས་པར་གྱུར། རིམ་གྱིས་དེ་དག་གི་སྟེང་དུ་ཚད་མ་རྣམ་འགྲེལ། རིགས་གཏེར་སོགས་དང་། མཁན་ཆེན་འཇམ་དབྱངས་རྒྱལ་མཚན་དང་ལྷན་རྒྱས་ཀྱིས་ཀུན་མཁྱེན་གོ་རམ་པ་བསོད་ནམས་སེང་གེའི་གཞུང་བཤད་མཁས་དབང་དེའི་བཞེད་སྲོལ་ལྟར་འཆད་པར་མཛད་ལ། དབུས་གཙང་། འབྲུག་ཡུལ། མདོ་ཁམས་ཤར་ལྷོའི་ས་རྙིང་བཀའ་དགེ་གཙོར་གྱུར་རིས་མེད་པའི་དགེ་འདུན་བརྒྱ་ཕྲག་ལྷག་རྟག་བཞུགས་ནང་ནས་གཞུང་དེ་དག་འཆད་སྤེལ་ནུས་པའི་སྡེ་སྣོད་འཛིན་པ་མང་ཞིག་ཐོན་པ་སོགས་ཤིན་ཏུ་འཕེལ་རྒྱས་ལ་བརྟེན། མདོ་ཁམས་སྟོད་སྨད་ཀྱི་ཆོས་སྡེ་ཆེ་ཕྲ་མང་པོར་བཤད་གྲྭ་རྒྱུན་འཛུག་འཕེལ་རྒྱས་ཀྱིས་ཁམས་དབུས་ཀུན་ཏུ་བཤད་པའི་སྡེ་རྒྱ་ཆེར་འཕེལ་བའི་བདག་རྐྱེན་དུ་གྱུར། ཕྱིས་གནས་དེར་གཙུག་ལག་ཁང་ཆེས་ཆེ་བ་གསར་བསྐྲུན་གྱི་རྟེན་གཙོ་མགོན་པོ་མ་ཕམ་པའི་སྣང་བརྙན་ཐོག་ཚད་ལྔ་པ་གསེར་ཟངས་ལས་གྲུབ་པ་ཕྲ་རྒྱན་དང་བཟོ་ཁྱད་ཀྱི་བཀོད་པ་འགྲན་ཟླས་དབེན་པའི་ནང་གཞུག་རིང་བསྲེལ་རྣམ་བཞིས་ཕྱུར་བུར་བཀང་བའི་བྱིན་ལྡན་སེང་ཁྲི་རྒྱབ་ཡོལ་རྒྱན་དྲུག་བཅས། ལོགས་རིས་སུ་གསར་རྙིང་སྡོམ་གསུམ་བླ་བརྒྱུད་དང་གངས་ཅན་བསྟན་པའི་སྲོལ་འབྱེད་ཉེར་ལྔ། ཡི་དམ་དང་ཆོས་སྐྱོང་བཅས་བྲིས་བཀོད་ཕུན་སུམ་ཚོགས་པ། བཟང་གོས་ཀྱི་གནམ་རྒྱན་དང་ཀ་འཕན། སྟེང་དུ་གསེར་ཟངས་ཀྱི་གཉྫིར། སྐུ་གོང་མའི་དགོངས་བཞེད་རྫོང་སར་དབུ་རྩེའི་ལྷ་ཁང་ཞབས་མར་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་འཇམ་པའི་དབྱངས་ཀྱི་སྐུ་བཞུགས་ཁྲི་རྒྱབ་ཡོལ་ཕྲ་རྒྱན་བཟོ་བཀོད་ཕུན་སུམ་ཚོགས་པ། འཁོར་གུ་རུ་རྒྱ་གར་མ། ཇོ་བོ་རྗེ། གོང་མ་རྣམ་ལྔ། ངོར་ཆེན་བཅས་གསེར་ཟངས་ལས་ཤིན་ཏུ་བྱོན་ལེགས། སོ་སོར་བཞུགས་ཁྲི་རྒྱབ་ཡོལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན། གཞན་ཡང་གནས་བཅུ། སྒྲོལ་མ་ཉེར་གཅིག་སོགས་སྐུ་བརྙན་གྲངས་མང་། གསུང་རྟེན་རྒྱལ་བཀའ་རིན་པོ་ཆེ། བསྟན་བཅོས་འགྱུར་རོ་འཚལ་བཅས། ཐུགས་རྟེན་ཟངས་གསེར་གྱི་དུས་འཁོར་ཡེ་ཤེས་མཆོད་རྟེན་ཐོག་ཚད་བཟོ་བཀོད་ཕྲ་རྒྱན་སོགས་ཕུན་སུམ་ཚོགས་པ། ཆོས་སྐྱོང་རྟེན་བྲིས་སྐུའི་ཆོ་ག་མན་ངག་བཞིན་གཞུང་མཐུན་གནང་བའི་མགོན་པོ་ལྕམ་དྲལ་ཐང་ཆེན་ཐོག་ཚད་བཅས་ཀྱིས་མཚོན་རྟེན་གསུམ་གྲངས་མང་གི་ལྷ་ཁང་དེའི་ཀ་བ་བཞུགས་ཁྲིའི་དྲྭ་མིག་ཤིང་ལོ་པ་ཏྲ་བྱ་འབྲུག་སོགས་ཤིང་བརྐོས་ཤིན་ཏུ་སྒྲོས་གཙང་ལ་གསེར་རིས་ཚོན་དབྱིས་ལྡན་པ། བཟང་གོས་གསེར་མ་ཤས་ཆེ་བའི་གནམ་རྒྱན་ཀ་འཕན་བཅས། ཕྱིས་དེ་དང་འདབ་འབྱོར་པའི་གཟིམ་ཆུང་ཤར་ནུབ་དབུས་གསུམ་བཀོད་མཛེས་ཐོག་རྩེག་བཞི་པ་གསར་བཞེངས་ཆེ་ལེགས་སྤུས་དག་བཅས། བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་གཟིམ་ཆུང་དབང་ཁང་དུ་འཕགས་མའི་སྙིང་ཐིག་གི་གཙོ་བོ་ཛྷི་ཀྵིཾ་དང་། དཀྱིལ་འཁོར་ལྷ་དང་རིག་འཛིན་རྣམ་གསུམ་གྱི་སྐུ་བརྙན་གསེར་ཟངས། ཛྷི་ཀྵིཾ་གྱི་དཔལ་དུས་ཀྱི་འཁོར་ལོ་མདའ་ཚད། གསེར་ཟངས་ཀྱི་སྒྲོལ་མ་ཉེར་གཅིག་བདེ་གཤེགས་སོ་ལྔ། གསང་བདེ་འཇིགས་གསུམ་ཀྱེ་རྡོར་སོགས་ཡི་དམ་རིགས། མགོན་པོ་ཕྱག་བཞི་དྲུག་སོགས་ཆོས་སྐྱོང་རིགས་བཅས་ལི་སྐུ་ཤས་ཆེ་བ། དྲྭ་མིག་རྣམས་ཤིང་བརྐོས་གཟབ་སྤྲོས། ལོགས་གཅིག་ཏུ་རྒྱ་བཟོས་སྐུ་ཁང་སྒྲོས་གཙང་དུ་གཤིན་རྗེ་དགྲ་ནག་གི་ལི་སྐུ་ཁྲུ་ཚད་ལྷག །སངས་རྒྱས་འོད་སྲུང་ལི་སྐུ་ཁྱད་འཕགས། སྟོན་པའི་སྐུ་ཤར་ལི། སྟོན་པ་དང་སྒྲོལ་མའི་སྐུ་གཏེར་བྱོན། སངས་གླིང་གཏེར་བྱོན་གུ་རུའི་སྐུ་ཚབ། ནཱ་རོ་མཁའ་སྤྱོད་དང་འཇིགས་བྱེད་བཅས་སོ་སོར་གསེར་དངུལ་བཀྲ་བའི་གྭའུ་རེ་བཅས། ཕག་གྲུའི་སྐུ་དང་། ཚོང་དཔོན་དགེ་ལེགས་སུ་གྲགས་པའི་རྗེའི་སྐུ་བརྙན། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་སྐུ་ཛྷི་ཀྵིཾ་ཅན་སོགས། རྡོ་རྗེ་འཆང་། ཚེ་དཔག་མེད། ས་ར་ཧ། བི་རཱུ་པ། གུ་རུ་ཧེ་རུ་ཀའི་ཆས་ཅན་སོགས་སྐུ་བརྙན་སྣ་ཚོགས་བཞུགས་པའི་དྲྭ་མིག་གིས་མཚོན་རྟེན་གསུམ་ཤིན་ཏུ་མང་བར་བཞུགས། དེའི་གཡས་ཟུར་དུ་གཟིམ་ཆུང་གསར་པ་མཆོད་ཁང་གཉིས་དང་ཚོམ་ཆེན་བཅས་ཐོག་སོ་གསུམ་པའི་མཆོད་ཁང་ཤར་མར་རྟེན་གཙོ་ཐུབ་དབང་སྐུ་ཏ་མིང་ལི་མ་ཆེ་ལེགས་ལ། འཁོར་གནས་བཅུ་གསེར་ཟངས་ཁྲུ་ཚད། རྒྱལ་བཀའ་རིན་པོ་ཆེ་སྡེ་སྤར་མཚལ་ཤོག་གདོང་དར་གླེགས་ཤིང་ཐགས་ཤིན་ཏུ་སྤུས་ལྡན། མཆོད་ཁང་ནུབ་མར་སྐུ་རྟེན་ཅི་རིགས་དང་། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ། གདམས་ངག་རིན་པོ་ཆེའི་མཛོད། སྒྲུབ་ཐབས་ཀུན་བཏུས། རྒྱུད་སྡེ་ཀུན་བཏུས། དྭགས་པོ། རོང་ཟོམ་པ། རྗེ་ཙོང་ཁ་པ། ཀུན་མཁྱེན་གོ་རམ་པ། ཞེ་ཆེན་རྒྱལ་ཚབ། འཇམ་མགོན་མི་ཕམ་བཅས་ཀྱི་གསུང་འབུམ། ས་བཟང་གི་ཀ་ལཱ་པ། སི་ཏུའི་ཙནྡྲ་པ། དགེ་པཎ་དབྱངས་ཅན་མ་བཅས་ཀྱི་ཊཱི་ཀ། ཁམས་བོད་མཁས་པའི་སྙན་འགྲེལ། རྩིས་སྐར་ནག །མངོན་བརྗོད། སྡེབ་སྦྱོར་སོགས་ཆ་ཚང་བ། གསེར་དངུལ་བཀྲ་མའི་སྐུ་གདུང་ཆ་བརྒྱད། སྨན་འདམ་གྱི་གཏེར་ཆེན་མཆོག་གླིང་འདྲ་ཞལ། སྐུ་གོང་འོག་གི་སྒེར་གྱི་བཀའ་སྲུང་གཉན་ཆེན་ཐང་ལྷའི་རྟེན། དེ་དག་ལ་བཟང་གོས་ཀྱི་གནམ་རྒྱན། གཟིམ་ཁང་སྟེང་དུ་གནས་ཆེན་བྱིན་འབེབས་དང་འཛུག་ཆོག་ལྡན་པའི་ཟངས་གསེར་གྱི་རྒྱལ་མཚན་ཆེ་ལེགས། བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་རོང་མེ་དཀར་མོ་སྟག་ཚང་དུ་མཁྱེན་ཀོང་མཆོག་གསུམ་གྱི་ཟབ་གཏེར་རྩ་གསུམ་གཙོ་ཆེ་བའི་རིགས་དང་ཞར་བྱུང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ལ་འབྲེལ་འཇོག་ཉམས་བཞེས་ལོ་ལྔ་རེའི་ཡུན་ལ་གནང་བའི་སྒྲུབ་གྲྭ་དཔོན་སློབ་དགུ་གསར་འཛུག་ལ་སྒྲུབ་ཕུག་དང་འབྲེལ་བའི་སྒྲུབ་ཁང་སྔར་ཡོད་རྒྱ་བསྐྱེད་ཚོགས་ཁང་ཆེ་ལེགས། སྒྲུབ་པ་སོ་སོར་གཤག་མིག་རེ། སྟེང་དུ་གཟིམ་ཆུང་། སྒོ་ཁྱམས་བཅས། ལོག་ཏུ་མགོན་ཁང་དང་ཐབ་ཚང་བཅས་པར་རྟེན་གསུམ་མཆོད་ཆས་ཡོ་བྱད་རིགས་དང་སྒྲུབ་པའི་ཉམས་བཞེས་ཕྱག་དཔེས་མཚོན་ཉེར་སྤྱད་རིགས་གང་དགོས་ཚང་བ། སྒྲུབ་གཡོག་བཅས་མཆོད་ཐེབས་དང་གསོལ་ཕོགས་རྒྱས་འདོངས་སྦྱོར་འཇག་གནང་། ཁྱུང་སྟག་གནས་ཕུག་ཏུ་སྨན་འདམ་གྱི་གུ་རུ་སྣང་སྲིད་ཟིལ་གནོན་མདའ་ཚད། གུ་རུ་བདེ་བ་ཆེན་པོའི་སྐུ་ཁྲུ་གང་བ་བཅས་ཚོན་རྩི་དང་ནང་གཞུག་ཁྱད་འཕགས་བྱིན་ཅན། དབུ་རྩེ་ལྷ་ཁང་གི་རི་རྩེར་ལྷ་བསངས་ཁང་དུ་སྐུ་རྟེན་གུ་རུ་ཁྱད་པར་འཕགས་པའི་རིག་འཛིན་མདའ་ཚད་མ། འཁོར་དུ་གེ་སར། ཐང་ལྷ། སྤོམ་ར། ཟིལ་ཁྲོམ། ཚེ་རིང་མཆེད་ལྔ། བརྟན་མ་བཅུ་གཉིས་བཅས་སྨན་འདམ་སྒྲོས་གཙང་ཚོན་རྩི་ནང་གཟུངས་ལྡན་པ་བཅས་འདི་རིགས་རྗེ་བླ་མ་མཆོག་ནས་གསར་བཞེངས་གནང་བ་འབའ་ཞིག་དང་། གཞན་ཡང་ཤར་མི་ཉག་ནས་བྱང་རེ་ཀོང་ཚུན་གྱི་གསར་རྙིང་གྲུབ་མཐའ་རིས་མེད་ཀྱི་ཆོས་སྡེ་མང་པོར་ལྷ་ཁང་གསར་བཞེངས་དང་ཉམས་གསོའི་རིགས་ལ་སྐབས་བབས་ཀྱི་བསླབ་སྟོན་དང་རྟེན་གསུམ་མཆོད་ཆས་ཡོ་བྱད་སོགས་ཅི་རིགས་གཏན་འཇགས་དང་ཞལ་འདེབས་ཀྱི་བདག་རྐྱེན་གནང་བ་ནི་སྨོས་ཀྱིས་མི་ལྡང་། ཐ་ན་གྲྭ་ཤག་དཀྱུས་མར་སྐུ་དང་མཆོད་སྟེགས་ཙམ་གསར་བཞེངས་ལའང་ལེགས་སོའི་དབུགས་དབྱུང་། ཚོན་རྩི་སོགས་ཀྱི་མཐུན་རྐྱེན། གཟུངས་འབུལ་རབ་གནས་གསེར་ཆབ་སོགས་ཤུགས་འབྱུང་དུ་གནང་ཞིང་སྙན་ཤལ་དང་སྦྲགས་ནས་སྩལ་བས་དད་སྤྲོའི་སྣང་བ་གོང་འཕེལ་དུ་འགྱུར་བའི་ཕྱག་བཞེས་རྒྱུན་ལྡན་དུ་གནང་།

གསུང་རྟེན་སྐོར་ལ། རྗེ་མཁྱེན་བརྩེ་གོང་མའི་གསུང་མཛོད་ཆེན་ལྔ་དང་རྒྱུད་སྡེ་སྒྲུབ་བཏུས་བཅས་ཀྱི་ཁོངས་སུ་མ་བཞུགས་པ་ཐོར་བུའི་རིགས་ཐུགས་རྩོལ་ཆེན་པོས་ཞིབ་སྡུད་གནང་བའི་གླེགས་བམ་ཆེ་བ་བཅུ་གསུམ་ལྷག་མཁས་དབང་བླ་མ་བཀྲ་འཕེལ་ནས་ལྗགས་རྩོམ་དཀར་ཆག་བཅས། མཁའ་སྤྱོད་བེ་བུམ་རྩ་བ་ཡན་ལག་བཅས་པོད་གསུམ། དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་དང་། ཡང་གཏེར་མཁའ་འགྲོ་གསང་འདུས། འཆི་མེད་འཕགས་མའི་སྙིང་ཐིག །སྙན་བརྒྱུད་གནད་ཏིག་ཕུར་པ། ལྕེ་བཙུན་སྙིང་ཐིག་བཅས་གཏེར་གཞུང་དང་སོ་སོའི་གསལ་བྱེད་བཅས། འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་སྐོར་བསྟོད་ཚོགས། གཏམ་ཚོགས། ཞལ་གདམས། སྒྲུབ་ཐབས་ཐོར་བུའི་རིགས། རྫོགས་ཆེན་སྐོར། ཚིག་བདུན་གསོལ་འདེབས་རྣམས་བཤད། སྨོན་ལམ་ཤིས་བརྗོད་བཅས་པོད་གཉིས་ལྷག །རྡོ་གྲུབ་བསྟན་ཉིའི་གསུང་རྗེ་མཁྱེན་བརྩེའི་རྣམ་ཐར། མཁན་ཀུན་དཔལ་གསུང་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར། འདུལ་བ་མདོ་རྩ་སོགས་གཞུང་གི་རྩ་བ་གོང་མས་སྤར་བརྐོ་བཞེད་གནང་བ་དུ་མ་དང་། རྒྱུད་བརྟག་གཉིས། ཕུར་པ་རྩ་དུམ། དྲི་མེད་བཤགས་རྒྱུད། ཆོས་སྤྱོད་སྐོར་གསོལ་འདེབས་དང་སྨོན་ལམ་རིགས་འགའ་བཅས། གནུབ་ཆེན་གསུང་སྤྱི་མདོ་དགོངས་འདུས་ཀྱི་དཀའ་འགྲེལ་དང་། གསང་སྙིང་འགྲེལ་པ་བཀའ་མཆིམས་ཕུ་མ་སོགས་གསར་རྙིང་གི་གཞུང་རྒྱུན་དཀོན་རིགས་དུ་མ་བཅས་པོད་ཉེར་ལྔ་ལོང་ངེས་ཀྱི་ཤིང་སྤར་རྗེ་ཉིད་ནས་འགྲོ་སོང་ཕྱག་བསྟར་གྱིས་བཞེངས་ཤིང་། མདོ་འགྲེལ་དང་གསང་སྙིང་འགྲེལ་པ་ཀཿཐོག །མི་ཕམ་གསུང་སྐོར་ལྷུན་གྲུབ་སྟེང་དུ་བཀའ་འབུམ་སྡེབས་གཅིག་ཚང་བའི་ཆེད་དུ་འཇོག་པར་མཛད་པ་ལས་གཞན་ཚང་མ་རྫོང་སར་དུ་བཞུགས། འབྱོར་ལྡན་གཞན་ལ་བསྐུལ་ནས་བཞེངས་པའི་མདོ་ཏིང་འཛིན་རྒྱལ་པོ། ཤེར་ཕྱིན་གཡག་ཊཱིཀ། རོང་སྟོན་དབུ་མ་འཇུག་འགྲེལ་སོགས་སྤར་དུ་བཀོད། གཞན་ཡང་རིན་ཆེན་གཏེར་མཛོད་ཀྱི་དཀྱིལ་ཐང་དང་དབང་ཙག་སོགས་གསར་བཞེངས་ལ་སྤར་གཞི་ཆ་ཚང་ཕྱག་བསྟར་གྱིས་དག་ཐེར་དང་སྤར་ཡོན་དངོས་རྫས་རྒྱ་ཆེར་སྩོལ་བར་མཛད། གསེར་བྲིས་ཀྱི་རྒྱུད་བཅུ་བདུན་ཚང་བ་པོད་བཞི། ལམ་རིམ་ཡེ་ཤེས་སྙིང་པོ་རྩ་འགྲེལ་པོད་ཀྱིས་གཙོས་གསར་རྙིང་གྲུབ་མཐའ་རིས་མེད་ཀྱི་གཞུང་གདམས་མན་ངག་གནད་ཆེན་དང་དཔེ་རྒྱུན་དཀོན་པའི་རིགས་གཙོར་གྱུར་གླེགས་བམ་ཉིས་བརྒྱ་ལྷག །རྒྱལ་བཀའ་རིན་པོ་ཆེ་མཚལ་སྤར་ཆ་གསུམ། སྣག་སྤར་ཆ་གཉིས། བསྟན་འགྱུར་ཆ་གཅིག་རྣམས་གཙོར་གྱུར་དབུས་གཙང་མདོ་ཁམས་ཨ་མདོ་ཚུན་ནས་གནད་གལ་གང་ཆེའི་གསར་རྙིང་མཁས་གྲུབ་མང་པོའི་གསུང་འབུམ་དང་མདོ་སྔགས་གཞུང་འགྲེལ་སྤར་དུ་བཞུགས་རིགས་ཆེད་བཏབ་གནང་བའི་པུསྟི་ཀཿགཅིག་སྟོང་ལྔ་བརྒྱ་ལྷག་གསར་དུ་བཞེངས། དེ་དག་ལ་གླེགས་ཤིང་ཐག་ཆབ་མགོ་གདོང་དར་ན་བཟའ་བཅས་སྤུས་དག་དཔེར་འོས་པ་འབའ་ཞིག་མཛད། ཐུགས་རྟེན་དུ་གོང་གསལ་དུས་འཁོར་ཡེ་ཤེས་མཆོད་རྟེན་དང་། ཀཿཐོག་ཏུ་ཕྱི་དབྱིབས་ཁང་བུ་བརྩེགས་པའི་མཆོད་རྟེན་གྱི་རྣམ་པ་ཐུབ་ཆེན་ཁང་། ཟིལ་རྒྱུད་རྡོ་ཁོ་མར་བྱང་ཆུབ་མཆོད་རྟེན་ཤིན་ཏུ་ཆེ་ལེགས། ཁམས་བྱེ་སློབ་གྲྭའི་ཕྱི་ནས་ཁང་བརྩེགས་མཆོད་རྟེན་གྱིས་འཁོར་བར་བསྐོར་བ་དང་། རྗེ་ཉིད་ནས་ཕྱག་བསྟར་དང་གཞན་ལ་བསྐུལ་བ་སོགས་ཀྱིས་དྲི་མེད་རྣམ་གཉིས་ལག་ལེན་ལྡན་པའི་མཆོད་རྟེན་ཆེ་ཕྲ་མང་ཞིག་བསྐྲུན་པར་མཛད། དུས་དང་རྒྱུན་གྱི་མཆོད་པའང་གོང་གསལ་རྟེན་གསུམ་རིགས་གཙོ་བོར་བཞུགས་པའི་ལྷ་ཁང་རྣམས་སུ་མཆོད་པའི་ཡོ་བྱད་དེ་དག་ཀྱང་རྣམ་གྲངས་ཙམ་བགྲང་རྒྱུའི་གང་བྱུང་གིས་ཆོག་པ་མ་ཡིན་པར་བྲིས་འབུར་ཐིག་རྩ་སོགས་ཉམས་འོག་ཆུད་པའི་ཐུགས་བཞེད་གང་ཡོད་བཟོ་ལས་རྣམས་ལ་ཞིབ་པར་བཀོད་འདོམས་དང་། སྐབས་སུ་གཟིགས་བསྐོར་གྱི་གཟི་བརྗིད་ཐོན་པ་རྣམས་ལ་བྱས་རྗེས་གསོལ་རས་སྤམ་མཐོ་བ་རེ་གནང་སྲོལ་བཅས་ཀྱིས་རྟེན་གསུམ་རིགས་ཁྱད་འཕགས་ཀུན་གྱི་དཔེར་འོས་པ་ཤ་སྟག་བཞུགས་སོ། །བྲིས་ཐང་སྐོར། སྟོན་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་ཐང་ཤར་ཉེར་གཅིག །ཆོས་རྒྱལ་བདུན་རིགས་ལྡན་ཉེར་ལྔ་ཕྱེད་དུམ་སྐྱོང་། བུ་དོལ་གཉིས་དང་རང་བྱུང་ཞབས། སི་ཏུ་དྷརྨཱ་ཀ་ར་སོགས་བཞུགས་པའི་ཞལ་ཐང་སོ་བདུན་པ་དཔལ་སྤུངས་འཇམ་མགོན་ཆོས་འབྱུང་ཕྱག་བཀོད་ལྟར། རྒྱན་དྲུག་མཆོག་གཉིས། གྲུབ་བརྒྱད། གུ་རུ་མཚན་བརྒྱད། སྒྲོལ་མ་ཉེར་གཅིག་དང་འཇིགས་པ་བརྒྱད་སྐྱོབ་སོགས་ཀྱི་གྲ་ཐང་དགུ་ཚར་དང་ལྔ་ཚར་སྣ་ཚོགས།

མཁྱེན་བརྩེའི་དབང་པོའི་འཁྲུངས་རབས་ཐང་ཤར་བཅུ་དགུ། མཁྱེན་གཏེར་ཡོངས་རྫོགས་ཐང་ཤར་སོ་ལྔ་སོགས་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་བཅས་ཀྱི་ཞལ་ཐང་ཆེ་ཆུང་སྣ་ཚོགས་སུམ་བརྒྱར་ཉེ་བ་བཟང་གོས་གསེར་མའི་གོང་གཤམ་དང་ཞལ་ཁེབས། དངུལ་དང་ལྕགས་གསེར་ཤས་ཆེའི་བསྒྲིལ་ཏོག་བཅས་སྤུས་ནོམ་ལྡན་པ་ཤ་སྟག །རིན་གཏེར་དབང་ཙཀ་ཞིབ་རྒྱས་ཉིས་སྟོང་ཉིས་བརྒྱར་ཉེ་བ་དང་། དཀྱིལ་ཐང་སུམ་བརྒྱ་ལྔ་བཅུ་ལྷག་གཙོར་གྱུར་བཀའ་གཏེར་དབང་ཙཀ་དང་དཀྱིལ་འཁོར་རིགས་ཀྱང་གསར་བཞེངས་མང་། མཆོད་པ་སྤྱི་དང་བྱེ་བྲག་སྤོས་མར་མེ་སོགས་ཀྱི་རྒྱུན་ཐེབ་སྦྱོར་འཇགས། ཁྱད་པར་རྫོང་སར་དགོན་དུ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་། ཞར་དུ་བརྩེ་ཆེན་ཀུན་དགའ་སྙིང་པོ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སོགས་ཀྱི་སྐུ་མཆོད་དང་ཁེལ་བར་འཁོན་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་རྩ་འཆམས་དང་། སྨད་ལས་བསྒྲལ་འཆམས་སོགས་སྤྲོས་བཅས་ཕྱག་བཞེས་ཅན་རྒྱུན་འཛུག་མཛད་པའི་སྒྲུབ་རྟེན་མཆོད་རྫས་ཡོ་བྱད་འཆམས་ཆས་སོགས་གཟབ་རྒྱས་དངོས་གཙང་དང་། ཚོགས་ཐེབ་རྒྱས་འདོང་སྦྱོར་འཇགས། འདིའི་ཚོགས་དབུར་སྐབས་སུ་རྗེ་ཉིད་དངོས་ཕེབས་ཀྱིས་ཕྱག་བཞེས་བསྒྲིགས་ལམ་གང་ཅིར་ཞིབ་གཟིགས་གནང་། གཏེར་ལུང་ཁང་དམར་དགོན་དུ་སྨིན་ལུགས་རྡོར་སེམས་ཀྱི་སྒྲུབ་ཐེབ་རྒྱུན་སྦྱོར་གནང་། སྔ་རྗེས་དུས་སྐབས་ཅི་རིགས་པར་བསྙེན་སྒྲུབ་གནས་འབྲེལ་བསྟན་རིམ་སོགས་ལ་རྗེ་ཉིད་ཀྱིས་ཕྱག་བསྟར་དང་། དད་སྦྱིན་གྱིས་ཆེད་དུ་གསོལ་བ་བཏབ་པ་བཅས་བཀའ་གཏེར་སྒྲུབ་ཆེན་ཕལ་ཆེར་སྨན་སྒྲུབ་དང་འབྲེལ་བ་ལན་གྲངས་སུམ་ཅུར་ཉེ་བ་སྤྲོས་པ་རྒྱས་བསྡུས་ཅི་རིགས་གནང་བ་རང་གིས་ཤེས་ཚོར་རགས་པ་ཙམ་ཡིན་ཅིང་། སྐུ་ཚེའི་སྟོད་དུ་གནང་རིགས་ངེས་ཏིག་འགོད་མ་ཤེས། དེར་མ་ཟད་ཡར་ཀླུང་ཤེལ་བྲག །འཕགས་ཡུལ་རྡོ་རྗེ་གདན། བལ་ཡུལ་ཡང་ལེ་ཤོད་རྣམས་སུ་བདུད་རྩི་གཅིག་སྒྲུབ་ཉིན་གང་རེ་གནང་བའང་གནས་དུས་ཀྱི་ཁྱད་པར་གཞན་གྱི་ཚོགས་སྒྲུབ་ལས་དགོས་དོན་ཆེ་བར་ངེས་ཤིང་། སྤྲེལ་ལོའི་སྤྲེལ་ཟླ་ནམ་ཁེལ་ལ་ཚོགས་འབུམ་ཐེར་དང་འབྲེལ་བར་གུ་རུའི་སྐུ་ཚབ་བརྒྱ་ཕྲག་རེ་གཏའ་སྤེལ་ཕྱག་བསྟར་དང་། གཞན་ཚོགས་མཆོད་སྟོང་ནས་ཁྲི་འབུམ་བར། བརྒྱ་ཕྲག་ཡན་དང་འབྲེལ་བར་མཁའ་འགྲོའི་མེ་མཆོད་སོགས་བར་མེད་དུ་གཏོང་བར་མཛད། ཁྱད་པར་མདོ་ཁམས་ནས་དབུས་གཙང་འབྲས་ལྗོངས་བར་གྱི་གནས་ཆེན་གནས་ཕྲན་དུ་མར་ཕེབས་ནས་བསྙེན་སྒྲུབ། མཆོད་འབུལ། ཁྲུས་གསོལ་རབ་གནས། ཚོགས་བསྐང་མེ་མཆོད། བསང་བརྔན་དང་ལྷ་སྲིན་དམ་བསྒྲགས་སོགས་རྒྱས་བསྡུས་ཅི་རིགས་ཚོགས་དང་མཆོད་པའི་དངོས་པོ་ཕུན་སུམ་ཚོགས་པ་ཕྱག་བསྟར་དང་། ཆོས་འཁོར་རྣམ་གསུམ། རྒྱ་གར་རྡོ་རྗེ་གདན། ཝཱ་རཱ་ཎ་སཱི། མཉན་ཡོད། བལ་ཡུལ་མཆོད་རྟེན་རྣམ་གསུམ་གཙོ་བོར་གྱུར་པའི་གནས་ཆེན་ཁག་ལ་ཉེར་སྤྱོད་ཀྱི་མཆོད་པ་ཁྲི་ཚར་ཅན་ལན་མང་། རྟེན་རྣམས་ལ་ཞལ་གསེར་དང་ན་བཟའ་རྒྱས་འབུལ། མཎྜལ་རྟེན་སྙན་ཤལ་སོགས་རྒྱས་པར་གནང་ཚུལ་རྒྱས་པ་ལམ་ཡིག་ལས་གསལ་ཞིང་། རྒྱུན་དུ་ཡར་མར་ཚེས་བཅུར་ཚོགས་སྐོང་རྒྱས་པ་ཆགས་མེད། རྒྱལ་བའི་དུས་ཆེན་ཁག་བཞི། ཉ་སྟོང་བརྒྱད་གསུམ། གསར་རྙིང་གི་སྐྱེས་ཆེན་དམ་པ་དང་། རྗེ་ཉིད་ཀྱི་རིགས་བདག་བླ་མ་དམ་པ་རྣམས་ཀྱི་སྐུ་མཆོད་དུ་མཆོད་སྤྲིན་གཟབ་རྒྱས་དང་འབྲེལ་གསུང་ཆོག་སྐབས་སུ་གང་བབས། དམིགས་བསལ་དུ་རྗེ་གོང་མའི་སྐུ་མཆོད་མཁའ་འགྲོ་གསང་འདུས་སྒྲུབ་མཆོད་ཉིན་བདུན་རིང་ཤིན་ཏུ་རྒྱས་པ། རྗེ་གོང་མའི་ཕྱག་རྒྱུན་ལོ་བསྟར་སྤྲེལ་ཟླའི་ཚེས་བཅུར་བླ་མ་གསང་འདུས་ཀྱི་ཚོགས་བརྒྱ། དགུང་གསར་ཚེས་གཅིག་ལ་ཆོས་རྒྱལ་ཁྲི་སྲོང་གི་སྐུ་མཆོད་ཉང་གཏེར་ཕྲིན་སྒྲུབ་རིན་ཆེན་སྒྲོན་མེའི་ཚོགས་མཆོད་བཅས། གཟིམས་ཆུང་ཕྱི་ནང་དུ་མཆོད་མེ་རྒྱུན་འབར། ཡོན་ཆབ་ཤིན་ཏུ་གྲངས་མང་། ཞལ་ཟས་ཀྱི་ཕྲེང་བ་སོགས། ཐ་ན་མཆོད་པའི་ཞལ་ཟས་དང་ཚོགས་མཆོད་མཐོ་ཚད་ལས་ཆུང་དུ་མི་གཏོང་བར་ཡོ་བྱད་ཐམས་ཅད་གཙང་དག་གང་རྒྱས་ལོ་ཟླ་བསྟར་ཆགས་སུ་ཚོགས་བསགས་ཀྱི་སྒོ་མཐའ་ཡས་པ་ལ་གཅིག་ཏུ་བརྩོན་པར་མཛད། ཡུལ་དམ་པ་རྣམས་ལ་བསྙེན་བཀུར་མཛད་པའང་ཟབ་ཆོས་ཀྱི་བདུད་རྩི་བཞེས་པའི་བླ་མ་དང་དགེ་བའི་བཤེས་གཉེན་ལས་བཀའ་ཆོས་གསན་སྐབས་ཐོག་མཐའ་བར་གསུམ་དུ་མཎྜལ་བརྟན་བཞུགས། གཏང་རག་ལ་རྟེན་གསུམ་རྩ་ཆེས་ཐོག་དྲངས། དངོས་རྫས་ཉེར་སྤྱད་མཁོ་དགུ་གཙང་དག་གི་རིགས་རྒྱ་གང་ཆེ་རྟག་པར་འབུལ་བར་མཛད་པ་དང་། རྗེ་ཉིད་ཀྱི་མདུན་དབང་ཆོས་གསན་བཞེས་ཀྱི་བླ་ཆེན། མཁན་སྤྲུལ། འཁོས་ཆུང་གི་ཆོས་པ་ཡན་མཆོག་ཕལ་སུ་ལའང་འོས་བསྟུན་གྱི་དངོས་འབུལ། འཚོ་བའི་མཐུན་རྐྱེན། ཆོས་གོས་ལྷུང་བཟེེད། རྡོར་དྲིལ། སྒྲུབ་རྟེན་སོགས་གང་དགོས་ལྷུག་པར་སྩལ་ཞིང་། གདན་ས་ཆེན་པོའི་བཤད་སྒྲུབ་ཀྱི་སྡེ་དང་རིས་མེད་པའི་ཆོས་སྡེ་ཁག་ལ་བསྙེན་བཀུར་དང་འབྲེལ་བར་རྒྱལ་བཀའ་རིན་པོ་ཆེ་དག་སྒྲོགས། མདོ་རྒྱུད་ཀྱི་གཟུངས་སྔགས་ཕན་ཡོན་དང་དགོས་པ་ཆེ་བའི་རིགས་ཁྲི་འབུམ་ནས་དུང་ཕྱུར་ཁ་ཡར་བར། བསྔོ་སྨོན་སོགས་ལ་སྐུ་ཡོན་ཕྱག་རྫས་གཏོས་ཆེ་བ་ལོ་བསྟར་གནང་སྦྱིན་དང་སྐབས་སུ་བབས་པའི་བསླབ་སྟོན་སོགས་སྩལ་བས་སྔོན་བྱོན་གོང་མའི་ཕྱག་སྲོལ་ཁྱད་པར་ཅན་རྣམས་མ་ཉམས་གོང་འཕེལ་དུ་གནང་བས་རྒྱལ་བསྟན་བཤད་སྒྲུབ་ཀྱི་ཆོས་རྒྱུན་དར་རྒྱས་འཕེལ་བའི་བཀའ་དྲིན་རླབས་ཆེར་བསྐྱངས། ཁྱད་པར་ལམ་ཡིག་ལས་འབྱུང་བའི་བོད་ཕྱོགས་ལྷ་ལྡན་སྨོན་ལམ་ཆེན་མོར་ཕྱག་འགྱེད་དང་། རྭ་སྒྲེང་ནས་བཟུང་གཙང་པོ་ལྷོ་བྱང་ལྷོ་བྲག་ཁུལ་ས་སྐྱ་གོང་བར་ཕེབས་ལམ་དུ་ཁེལ་བའི་ས་དགེ་ཀར་རྙིང་གི་དགོན་སྡེ་ཆེ་ཕྲ་ཚང་མར་མང་ཇ་དང་ཕྱག་འགྱེད་ཀྱི་བསྙེན་བཀུར་རྣམ་དག་ཕྱག་ལེན་དུ་བསྟར་བར་མཛད། ཕལ་པའི་སྐྱེ་འགྲོ་མཐའ་དག་ལ་དངོས་དང་བརྒྱུད་ནས་ཕན་བདེའི་རྒྱུར་འགྱུར་བའང་སྐུ་གོང་མར་བོད་ཁམས་བདེ་བའི་ལུང་དོན་དང་མཐུན་པར་སྐྱབས་རྗེ་སི་ཏུ་ཐམས་ཅད་མཁྱེན་པའི་དགོངས་བཞེད་ཡིན་ཅེས་མདོ་ཁམས་སྟོད་སྨད་ཀུན་ཏུ་ཐུགས་རྗེ་ཆེན་པོའི་མ་ཎི་དུང་སྒྲུབ་ཚུགས་ན་དུས་ཀྱི་རྒུད་པ་ཞི་ཞིང་ལེགས་ཚོགས་རྒྱས་པའི་ཚུལ་ཕྱོགས་ཀུན་ཏུ་བཀའ་ཆབ་གནང་བ་ལྟར་ཕྱོགས་སོ་སོར་དགེ་བའི་ལམ་སྲོལ་སྔར་མེད་གསར་ཚུགས་འབྲེལ་ཚད་དོན་ལྡན་དུ་གྱུར་པ་དང་། གཞན་ཡང་ས་བདག་སྙིང་གཏེར། ཀླུ་བུམ། ནོར་བུམ་སོགས་བརྒྱ་ཕྲག་མང་པོ་དུས་དང་དུས་སུ་བཅའ་སྒྲུབ་ཀྱིས་ཡུལ་ཚོ་སོ་སོར་ཆེད་དུ་བཀྲམ་པར་མཛད་ཅིང་། ཀླུ་སྨན་ཚད་ལྡན་བསྡུ་སྒྲུབ་གནང་བ་གནམ་ཆར་དཀོན་པའི་ཚེ་མཚོ་དང་ཆུ་མིག་ལ་བཀྲམ་ཞིང་ཆར་སྒྲུབ་ཀྱང་ནན་དུ་མཛད། དེར་མ་ཟད་སྨན་གྱི་བསྡུ་སྦྱོར་ཚད་ལྡན་ཆ་ཚང་གནང་བ་མཁོ་དགོས་ཅན་གྱི་ནད་པ་ལ་དགེ་སྨན་རྒྱུན་མི་ཆད་པ་དང་། ཁྱད་པར་དུ་ལག་ལེན་དཀའ་ཞིང་འགྲོ་སོང་ཆེ་བ་སོགས་ཀུན་གྱི་ཡིད་སྨོན་ཙམ་དུ་གྱུར་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཤིན་ཏུ་ཕོན་ཆེ་བ་ཕྱག་ལེན་གནང་ནས་རིན་ཆེན་རིལ་ནག་ཆེན་མོ། ཡང་ཟབ། མང་སྦྱོར། ཤེལ་དཀར་མཆོད་རྟེན། རཏྣ་བསམ་འཕེལ། དབང་རིལ་ཉེར་ལྔ། ཟླ་ཤེལ་ཆེན་མོ་བཅས་སྦྱོར་ཚད་སོགས་གཞུང་མཐུན་བསྡུ་སྒྲུབ་ཚད་ལྡན་གནང་བ་དང་། གི་ཝཾ། དབང་རིལ་ཁ་ཆེ། བསེ་རུ་སོགས་རིན་ཐང་ཆེ་བའི་རིགས། ཁྱད་པར་དངུལ་ཆུ་བཙོ་བཀྲུ་ལྡན་པའི་ཟླ་ཤེལ་ཆེན་མོ་ཤིན་ཏུ་ཕོན་མང་ཡང་ཡང་བསྡུ་སྒྲུབ་མཛད་པས་ཕན་སྟོབས་ཀྱང་ལྷག་པར་ཆེ་བས་ཀུན་གྱི་སྲོག་འཚོ་ལྟ་བུར་གྱུར་པ་རྣམས་དང་། གཞན་ཡང་སྨན་རཀ་གཏོར་གསུམ། གཡང་རྫས། གླུད་རྫས། སྦྱིན་སྲེག་གི་རྫས་སོགས་ཉེར་མཁོའི་རིགས་ཞུ་མཁན་སུ་བྱུང་ལ་ཕོངས་མེད་དུ་གནང་། བཀའ་ལས་ཀྱང་འདིའི་རིགས་གཞན་ལ་ཕན་དུ་རེ་ནས་ལག་ལེན་བྱས་པ་ཡིན་པས་དེ་ལྟར་ཕན་ཐོགས་རེ་བྱུང་ན་ལེགས་ཤིང་། དེ་མིན་ཞུ་རྟེན་སོགས་གཏན་ནས་མི་དགོས་པ་ཡང་ཡང་ཕེབས་པ་ལྟར་དངོས་བརྒྱུད་གང་ས་ནས་བཞེས་སྲོལ་མེད། རྟག་པར་ཞལ་མཇལ་སྐྱབས་ཞུས་བསྔོ་རྟེན་རིགས་ལའང་སོ་སོར་དམ་རྫས་སོགས་ཇི་ལྟར་འདོད་པ་དང་ཟང་ཟིང་གི་གསོལ་རས་གྱ་ནོམ་པས་མཆོག་ཕལ་ཡོངས་ཀྱི་རེ་བ་སྐོང་བའི་ཕྲིན་ལས་ལ་སྐྱོ་ངལ་དང་རེས་འཇོག་མེད་ཅིང་། དབང་ཆོས་རྒྱ་ཆེར་འབྲེལ་བ་ནས་ཆོས་འབྲེལ་ཙམ་ཐོབ་པ་ཡན་ཆད་རྟག་པར་ཐུགས་རྗེས་བཟུང་སྟེ་དངོས་ཤུགས་ནས་ཆོས་ལ་བསྐུལ་བར་མཛད་ཅིང་། ཤིན་ཏུ་དམན་པ་དབུལ་ཕོངས་དབང་པོ་ཡན་ལག་སྐྱོན་ཅན་དང་བྱ་ཁྱི་ཡན་ལ་ནད་འཚོའི་སྨན་དང་ཟས་གོས་སོགས་ཀྱིས་ལུས་སེམས་ལ་ཕན་པར་མཛད་པ་དང་། སྤྲོ་བ་བསྐྱེད་པའི་གསུང་འཕྲོས་ཁྱད་པར་ཅན་གྱིས་དབུགས་དབྱུང་བས་མཚོན་བསྡུ་བའི་དངོས་པོ་རྣམ་པ་བཞིས་ཡིད་ཅན་མགུ་བ་བསྐྱེད་པ་སོགས་མདོར་ན་ནམ་མཁའ་མཛོད་ཀྱི་གཏོང་བའི་སྒོ་འཕར་གཏན་པ་མེད་པར་དབྱེ་བས་རླབས་ཆེན་བསོད་ནམས་ཀྱི་ཚོགས་བསགས་པའི་དཔལ་གྱིས་སྲིད་ཞིའི་རྒུད་པ་ཅིག་ཅར་དུ་བཅོམ་པར་མཛད་པའང་སྐྱེས་རབས་ལས། ཟླ་བས་ཀུན་དགའ་ཉི་མས་རབ་གསལ་དང་། །མེ་ཡིས་ཚ་བ་རླུང་གིས་མགྱོགས་པ་དང་། །སྙིང་རྗེས་དགའ་བ་སྐྱེ་བོ་ཆེ་རྣམས་ཀྱིས། །གཞན་ལ་ཕན་པ་ལྷན་སྐྱེས་རང་བཞིན་ཡིན། །ཅེས་གསུངས་པ་ལྟར་རོ།། །།

བདུན་པ་སྤྲུལ་པ་དབྱིངས་སུ་བསྡུས་པའི་ཚུལ་འཕྲོས་དོན་དང་བཅས་པ་ནི། དེའང་རྗེ་བླ་མ་ཉིད་དམིགས་པ་མེད་པའི་ཐུགས་རྗེའི་བདག་ཉིད་བསྟན་དང་འགྲོ་བའི་དཔུང་གཉེན་ཆེན་པོར་གྱུར་པ་གང་གིས་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་བདག་གིར་བཞེས་ཏེ་རིས་མེད་པའི་བསྟན་པ་དང་མཆོག་དམན་བར་མའི་འགྲོ་བ་མཐའ་དག་ལ་ཕན་བདེའི་ཕྲིན་ལས་རྒྱ་ཆེར་སྐྱོང་བཞིན་པ་ནས། དགུང་གྲངས་རེ་གསུམ་པ་ཤིང་ལུག་ཟླ་བ་བཞི་པའི་ཚེས་སྐོར་འདུས་པ་ཧ་ཅང་མི་མང་བ་ཞིག་ལ་བཀའ་ཆོས་གྲུབ་རྗེས་བསླབ་བྱ་བསྡུས་ཙམ་ཞིག་གནང་བའི་ཞོར་དུ། དེང་སང་རང་གཞན་སུ་ཡིན་རུང་ཆོས་རྣམ་དག་བྱེད་མཁན་ནི་ཉིན་སྐར་ལས་ཀྱང་དཀོན། ཐམས་ཅད་ཀྱི་རྒྱུད་ལྷ་མིན་གྱིས་བརླམས་པས་དགེ་བཅུའི་བཅའ་ཁྲིམས་དང་འབྲེལ་བའི་གནའ་སྲོལ་བཟང་པོ་ལ་སྐྱོན་དུ་བརྩི་ཞིང་ཡ་རབས་ཆོས་ལྡན་གྱི་རིགས་རྣམས་དམངས་སུ་འབེབས། རང་གཞན་ཕུང་ལ་སྦྱོར་བྱེད་མཐའ་མིའི་གཡོ་ཐབས་ཀྱི་རྗེས་སུ་འབྲང་། ལས་འབྲས་ཐམས་ཅད་ཁྱད་དུ་གསོད་ཅིང་བུ་བརྒྱུད་ཕ་མ་ལ་ཡིད་མི་ཆེས། བླ་དགོན་རྣམས་བསྟན་པའི་སྙིང་པོ་ཉན་བཤད་སྒོམ་སྒྲུབ་མིང་ཙམ་དུ་གྱུར་ནས་ཕོ་ཚོད་སྒོ་ནས་དཔུང་དང་ལོངས་སྤྱོད་ཀྱིས་བསྟན་པ་འཛིན་པར་རློམས། བླུན་པོ་རྣམས་ལྟ་ཅི་མཁས་པར་རློམས་པ་དག་གིས་ཀྱང་ཕྱོགས་ལྷུང་ཆོས་སྤོང་གི་རྒྱབ་བརྟེན་དུ་ལུང་དང་རིགས་པའི་རྩལ་ཅི་ཡོད་ཀྱིས་རྒྱལ་བསྟན་རྙོགས་པར་བྱེད་ཅིང་ལྟོས་བཅས་ལོག་ལམ་དུ་ཁྲིད། ཀུན་གྱིས་བསྟན་དོན་ལ་བསྙད་པའི་ཚོང་དང་བུན་སྐྱེད་སོགས་གཡོ་སྒྱུ་ཁོ་ན་ལ་བརྩོན། གསོན་གཤིན་གྱི་དཀོར་ནག་ཧབ་ཐོབ་བྱེད། ཆང་དང་ཐ་མག་ཤྭ་རྒྱན་བཤས་ཚོང་སོགས་ཁྱིམ་པ་སུན་འབྱིན་ཤ་སྟག་ལས་སྲུང་སྡོམ་རྣམས་འཕོང་གི་རྡོ་བཞིན་དུ་འདོར། ཐ་ན་སངས་རྒྱས་ཀྱི་རྗེས་འཇུག་རྟགས་ཀྱི་ཆེ་བར་གསུངས་པ་གཟན་ཤམ་ཙམ་ཞིག་ལེགས་པར་གྱོན་པའང་ཉུང་ཞིང་། ཕལ་ཆེར་ཁྱིམ་པའི་ཆས་དང་གྲི་མཚོན་ལ་གཙིགས་སུ་བྱེད་པ་སོགས་དངོས་བརྒྱུད་ནས་བསྟན་པ་འཛིན་པ་ཕར་ཞོག་མྱུར་དུ་ཉམས་པའི་ཐབས་ལ་བརྩོན། མདོར་ན་ཀུན་གྱིས་མི་དགེ་བ་འབའ་ཞིག་ལ་སྤྱད་པའི་དབང་གིས་ནད་མུག་མཚོན་འཁྲུག་སོགས་ཤིན་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ་མཐོང་ཆོས་སུ་བྱུང་དང་འབྱུང་བཞིན་པ་ནི་རྒྱུ་འབྲས་མི་བསླུ་བའི་ཆོས་ཉིད་ལགས་ཀྱང་། ད་དུང་ཡི་ཆད་མཆོག་གསུམ་ལ་བྱེད་ཅིང་རྒྱབ་བརྟེན་གདུག་འདྲེ་ལ་བཅོལ་བ་སོགས་སྙིགས་མའི་སྤྱོད་ཚུལ་འདི་ལ་གང་ནས་བསམ་ཀྱང་ཤིན་ཏུ་ཡིད་སྐྱོ་བའི་གནས་ལས་མི་འདུག །ཁོ་བོས་ཁྱེད་རྣམས་ལ་ཆོས་ཕྲན་ཚེགས་སྟོན་པའི་བྱས་ཡུས་བགྲང་བ་གཏན་ནས་མིན་ཀྱང་བན་རྒན་སྙིང་རླུང་ལྡང་བའི་བཅོས་གཏམ་ཆལ་ཆོལ་དུ་ཤོར་བ་རེད་ཅེས་སྤྱན་ཆབ་ཀྱང་བསིལ་བར་མཛད། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་དགོངས་ཉམས་སོགས་འཚུབ་པར་བཅད་རྒྱ་དམ་བཞུགས་དང་གནས་འབྲེལ་ཕེབས་རྒྱུ་གནད་དུ་གང་ཆེ་སྐུ་ཚབ་རིན་པོ་ཆེའི་མདུན་བརྟག་བསྒྲིལ་ཞུས་དོན། སྤྲོས་མེད་སྐུ་འཁོར་རག་བསྡུས་གནས་འབྲེལ་ཕེབས་ན་ལེགས་བབས་དགོན་ཡུལ་རྣམས་ལ་བཀའ་བསྒྲགས་གནང་བའང་། དོན་དུ་གསང་བ་སྲུང་སྟེ་སྐུ་རྟེན་འདིས་གདུལ་བར་བྱ་བ་ཕྲིན་ལས་དུས་ལས་ཡོལ་བ་མེད་པ་རྒྱ་ཆེར་སྐྱོང་བའི་མཛད་པ་མཐར་ཕྱིན་པ་ཉིད་རྒྱུ་དང་། འབྱུང་འགྱུར་དུས་འཁྲུག་གི་ཉེན་ཁ་ཚབ་ཆེ་བཟློག་ཏུ་མེད་པ་མངོན་སུམ་དུ་མཁྱེན་པའི་རྐྱེན་གྱིས་བསྐུལ་བར་དངོས་སུ་གྲུབ་མོད། འོན་ཀྱང་འཕྲལ་དུ་གདན་སར་ཞབས་བཀོད་ཐུབ་པའི་ཞལ་བཞེས་བཅས་ཐམས་ཅད་ལ་ཞལ་མཇལ་ཚེ་དབང་སྨོན་ལམ་དང་མྱང་གྲོལ་རིགས་ཟང་ཟིང་གི་གསོལ་རས་སོགས་ཀྱིས་ཡིད་ཚིམ་པར་མཛད། གཙུག་ལག་དང་མགོན་ཁང་ཁག་ལ་ཕེབས་ནས་མཆོད་འབུལ་སྙན་ཤལ་ཕྲིན་བཅོལ་བརྟན་བཞུགས་སྨོན་ལམ་ཤིས་བརྗོད་བཅས་རྒྱས་པར་གནང་། དགོན་ཡུལ་བཤད་སྒྲུབ་ཀྱི་སྡེ་བཅས་ལ་སྐབས་སུ་བབས་པའི་བསླབ་བྱ་སྒོ་ཀུན་ནས་སོ་སོར་སྩལ་ཏེ་ཧོར་ཟླ་དྲུག་པ་སྤྲེལ་ཟླའི་ཚེས་བཅུ་རྒྱས་པར་བཏང་ནས་ཚེས་ཉེར་གསུམ་ལ་སྐུ་འཁོར་ཤིན་ཏུ་ཉུང་བསྡུས་ཆིབ་བཏེགས། གངས་རིའི་ལྗོངས་ཙམ་ན་མངོན་པར་མཐོ་བའི་སྒྲུབ་གནས་ཀྱི་རྒྱལ་པོ་པདྨ་ཤེལ་ཕུག་མདུན་བཞུགས་སྒར་བཏབ་ནས་ཐུགས་སྒྲུབ་བསམ་ལྷུན་གྱི་ཚོགས་བརྒྱ་མཛད། དད་འདུས་མང་པོར་ཞལ་མཇལ་སོགས་གནང་། དེ་ནས་རིམ་པར་ཡར་མར་ལམ་ཀྱོག་བཅས་བཞུགས་ཞག་ཕལ་ཆེར་གནས་རི་རེ་དང་ཁེལ་བར་མཛད་དེ་སྐབས་སུ་བཅག་མལ་དང་བཅས་སོ་སོར་ཚོགས་བསྐང་དང་མེ་མཆོད། ལྷ་བསང་། རི་ཁྲུས། བཀའ་ནན་རབ་བརྗིད་དང་བྱིན་འབེབས་སོགས་གང་ལ་གང་འོས་དང་། ཞལ་མཇལ་བའི་སྐྱེ་འགྲོ་རྣམས་ཀྱི་རེ་བ་སྐོང་བཞིན་ཁམས་ནས་རིམ་པར་བྱང་ནག་ཆུ་ཁ་དང་རྭ་སྒྲེང་བརྒྱུད་དེ་བོད་ཀྱི་ཆོས་འཁོར་ལྟེ་བ་ལྷ་ས། བསམ་ཡས། ཁྲ་འབྲུག་སོགས། ལྷོ་གནས་བརྒྱུད། གཙང་སྟོད་ས་སྐྱ་ནས་སྦས་གནས་འབྲས་མོ་ལྗོངས། རིམ་པར་རྡོ་རྗེ་གདན་སོགས་འཕགས་ཡུལ་དུ་ཐེངས་གཉིས། བལ་ཡུལ་དུ་ཐེངས་གཅིག་ཕེབས་པའི་ལམ་འཁོད་གནས་རྟེན་ཁག་དང་གསར་རྙིང་དགོན་སྡེ་མཐའ་དག་ལ་མཆོད་འབུལ་བསྙེན་བཀུར་གང་རྒྱས། ཁྱད་པར་དུ་བགྲང་ལས་འདས་པའི་སྐྱེ་བོ་མཆོག་ཕལ་ཡོངས་ལ་མཚན་དཔེའི་དཀྱིལ་འཁོར་གསལ་བར་བསྟན་ནས་སྐལ་བ་དང་འཚམས་པའི་གསུང་གི་བདུད་རྩི་རྒྱ་ཆེར་སྩལ་ཞིང་། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པའི་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་རྒྱ་ཆེ་དང་བཅས་རེ་ཞིག་འབྲས་ལྗོངས་སུ་བཞུགས་ཏེ། རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་བདུད་རྩི་སྨན་སྒྲུབ་ཞིག་ཀྱང་གནང་། བཀྲ་ཤིས་སྡིང་དུ་གནས་ཆེན་བྱིན་འབེབས་དང་གཞི་བདག་རྟེན་བཀོལ། གཙུག་ལག་ཁང་དང་ཕོ་བྲང་ལ་རབ་ཏུ་གནས་པའི་ཆོ་ག་སོགས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱས་པར་གནང་། སྒང་ཐོག་དང་། ལྷ་སྡེའི་གཙོ་བོ་པདྨ་ཡང་རྩེ། རྡོར་གླིང་ཁུལ་རྣམས་སུ་དད་འདུས་རྣམས་ཀྱི་ཞུས་ངོར་བཀའ་ཆོས་རིགས་ནར་མར་གསུངས། རྒྱ་གར་དང་ཡོ་རོབ་ཀྱི་མི་སྣ་མང་པོར་ཆོས་དང་འབྲེལ་བའི་གསུང་གིས་དངོས་བརྒྱུད་ནས་གཏན་བདེའི་ས་བོན་བསྐྲུན་པར་མཛད། འདི་སྐོར་རྒྱས་པར་བཀོད་འོས་ཀྱང་ལམ་ཡིག་ལས་ཟུར་དུ་གསལ་བས་འདིར་ས་བོན་ཙམ་གྱིས་འཐུས་པར་བྱས་པ་དང་། དགུང་གྲངས་རེ་བདུན་ཕེབས་པ་ས་ཕག་གནམ་ལོ་གསར་ཚེས་སྐོར་ནས་སྐུ་ཁམས་ཅུང་འཁྲུགས། ཚེས་བཅོ་ལྔའི་ཉིན་བློ་སྦྱོང་དོན་བདུན་ཞུ་མཁན་བྱུང་བར་དགྱེས་བཞིན་གནང་ནས་དུས་སྐབས་འདི་འདྲར་དེ་རིང་ཆོ་འཕྲུལ་ཟླ་བའི་དུས་ཆེན་ལ་ཟབ་ཆོས་འདི་ལྟ་བུ་འདོན་རྒྱུ་བྱུང་བ་བསོད་ནམས་ཁྱད་པར་ཅན་བསགས་སོང་ཞེས་ཕེབས། དེ་ནས་བསྙུན་རིམ་ལྗིར་བཞེས་ཀྱང་ཁུ་ནུ་བ། འབྲུག་པ། དབྱིན་ཅི་ནང་ཆོས་ལ་དད་པ་སོགས་དད་འདུས་སྣ་ཚོགས་ལ་ཀློང་སྙིང་རྩ་གསུམ། མཆོག་གཏེར་སྒྱུ་འཕྲུལ་བཅས་གསུང་བཞིན། ཀུན་གྱི་རེ་འདོད་སྐོང་ཐུབ་ཟེར་བ་དཀའ་ནའང་ཆེད་དུ་རེ་ལྟོས་མཁན་འདི་རྣམས་ལ་འདོད་སྐོང་ཅི་ནུས་བསྒྲུབ་དགོས་ཚུལ་སོགས་ཕེབས། འདི་རྣམས་གདུལ་བྱའི་ཐ་མ་ཡིན་འདུག །དེ་ལྟར་ན་གངས་ལྗོངས་རྒྱལ་བསྟན་རིས་སུ་མ་ཆད་པའི་མངའ་བདག་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་སྙིགས་མའི་དུས་འདིར་རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུའི་མཛད་རྗེས་ཅན་དེ་དང་རྣམ་དབྱེར་མེད་པའི་ཐུགས་བསྐྱེད་དང་ཕྲིན་ལས་སྒོ་ཀུན་ནས་སྐྱོང་བར་མཛད་པ་ནི་བདག་ཅག་གི་དཔལ་ལྡན་བླ་མ་འདི་ཁོ་ན་ཙམ་དུ་ངེས་པ་བསྟོད་འདོད་དང་སྒྲོ་བཏགས་ཙམ་མ་ཡིན་པར་རྣམ་ཐར་འོད་ཟེར་བརྒྱ་པའི་སྣང་བ་འཇིག་རྟེན་ཀུན་ལ་ཐུན་མོང་དུ་གྱུར་པའོ།

།དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་འགྲན་ཟླ་དང་བྲལ་བའི་ཕྲིན་ལས་ཐམས་ཅད་མཐར་ཕྱིན་ནས། སྒྱུ་འཕྲུལ་ལས། མ་རིག་སྨིན་མཛད་འདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །ཅེས་དང་། གསེར་འོད་དམ་པའི་མདོ་ལས། གཞན་ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་མྱ་ངན་ལས་འདའ་བར་བསྟན་པ་དང་། སེམས་ཅན་རྣམས་དེ་དཀོན་པ་དང་འཕྲད་པར་དཀའ་བའི་འདུ་ཤེས་དང་། མྱ་ངན་དང་སྡུག་བསྔལ་གྱི་འདུ་ཤེས་ལ་སོགས་པ་བསྐྱེད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་འདི་དག་མྱུར་དུ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་སྟོན་པ་ལ་སྐུར་པ་འདེབས་པ་མེད་པར་འགྱུར་བས། དེའི་ཕྱིར་དེ་བཞིན་གཤེགས་པ་སྐུ་ཚེ་ཐུང་བར་བསྟན་ཏོ། །ཞེས་སོགས་ནས། རིགས་ཀྱི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྒྱུ་མཚན་དང་རྐྱེན་དེའི་ཕྱིར་འཇིག་རྟེན་ན་ཡུན་རིང་དུ་མི་བཞུགས་ཤིང་མྱུར་དུ་མྱ་ངན་ལས་འདའ་བར་མཛད་པས་དེ་བཞིན་གཤེགས་པ་རྣམས་ནི་ཐབས་མཁས་པ་ཕུན་སུམ་ཚོགས་པ་དེ་ལྟ་བུས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་དོ། །ཞེས་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་མཐའ་མེད་པའང་གདུལ་བྱ་འདུལ་བའི་ཐབས་མཁས་ཀྱིས་མྱ་ངན་ལས་འདའ་ཚུལ་སྟོན་པར་གསུངས་པ་བཞིན། རྗེ་བླ་མ་དམ་པ་འདི་ཉིད་ཀྱང་ངེས་པའི་དོན་དུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡབ་ཏུ་གྱུར་པ་བཅོམ་ལྡན་འདས་ཁྱབ་བདག་འཇམ་པའི་རྡོ་རྗེ་ཉིད་སུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་པར་འཕྲུལ་པས་ན་རྟེན་འདིས་བགྲེས་རྒུད་མེད་པར་ཇི་སྲིད་བསྐལ་པའི་བར་སོགས་སུ་འཚོ་ཞིང་བཞེས་པའང་དོན་དུ་འགྱུར་བར་དགོངས་ན་བཞུགས་པར་ངེས་ཀྱང་། གཤེགས་བཞུགས་བགྲེས་རྒུད་ཀྱི་རྣམ་པ་ཐམས་ཅད་ཚུར་མཐོང་གདུལ་བྱའི་སྣང་ངོར་ཤར་བས་ན་སྙིགས་མའི་སྐྱེ་བོ་རྣམས་བསོད་ནམས་དང་སྐལ་བ་དམན་པས་དེ་ལྟ་བུའི་ཐུགས་རྗེ་འཇུག་པའི་ཡུལ་དུ་མ་གྱུར་ཅིང་། ཞིང་ཁམས་གཞན་དང་གཞན་དུ་ཕྲིན་ལས་འཇུག་པ་ལ་དོན་ཆེ་བར་གཟིགས་ཏེ་ཡུན་རིང་པོར་མི་བཞུགས་པའི་གསུང་འཕྲོས། སྔ་མ་བསྙུན་ཁམས་ཅུང་ཟད་རེ་འཁྲུགས་སྐབས་ནས་ངེད་ཀྱི་ནད་འདི་དཔལ་སྤུངས་སྐྱབས་མགོན་བདེ་གཤེགས་ཀྱི་བསྙུན་ཁམས་དང་གཅིག་པ་ཉིད་འདུག་ཅེས་ལན་མང་གསུངས་ཤིང་། ཉེ་ཆར་ལོ་སྔ་མར་ཞབས་བརྟན་ཕུལ་སྐབས་བཀའ་གསལ་ཕེབས་པའི་དོན་སྙིང་རགས་བསྡུས། ངོས་རང་ཐོག་མར་འཇམ་མགོན་རིན་པོ་ཆེས་ངོས་འཛིན་གནང་བ་ནས་བཟུང་བསྟན་འགྲོར་མཛད་རྗེས་གནང་བ་རྣམས་དམིགས་གསལ་གྱི་རྗེ་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་མཇུག་སྐྱོང་ཡིན་པའི་རྒྱུ་མཚན་བཅས་གསུངས་འཕྲོས། རང་ལོ་རེ་གསུམ་ནས་སྐུ་ཚབ་རིན་པོ་ཆེར་བརྟག་བསྒྲིལ་ཞུས་དོན་གནས་འབྲེལ་བསྐྱོད་རྒྱུར་བྱུང་བ་མདོ་ཁམས་ནས་དབུས་གཙང་འཕགས་བལ་བར་གནས་རྟེན་ཞིབ་མཇལ་ཕྱག་བསྐོར་མཆོད་འབུལ་དང་། ཞར་བྱུང་སྐྱེ་འགྲོ་མཆོག་ཕལ་མང་པོར་དངོས་བརྒྱུད་ནས་ཐར་པའི་ས་བོན་ཅི་ཐེབས་ཀྱི་རྣམ་དཀར་ལ་འབད་པ་རྣམས་གཙོ་བོར་རྒྱལ་བསྟན་རིན་པོ་ཆེ་དར་རྒྱས་ཡུན་གནས་དང་། རང་གཞན་ཐམས་ཅད་འཕྲལ་ཡུན་ཀུན་ཏུ་དགེ་བའི་དམིགས་འདུན་གང་ཤེས་བགྱིས་པ་ཡིན། སླར་ཡང་རྒྱ་གར་དུ་གནས་བསྐོར་འགྲོ་རྒྱུ་བྱུང་བའང་རྗེ་མཁྱེན་བརྩེས་བོད་ཕྱོགས་གནས་གཟིགས་ལན་མང་གནང་ཡང་རྒྱ་གར་དུ་ཕེབས་མ་མཛད་པ་གུས་པའི་བགོ་སྐལ་ཡིན་རྒྱུའི་དེ་བཞིན་ཕྱག་མཆོད་སྨོན་ལམ་ཡིད་ཚིམ་པ་ཞུས། རྣམ་ཀུན་འབྲེལ་ཚད་དོན་ལྡན་གྱི་སྨོན་འདུན་ལ་བརྩོན་བཞིན་པ་སོགས་རང་ངོས་ནས་ལེགས་བྱས་ཀྱི་ཕྱོགས་ཙམ་སྟེ། དེ་ཐམས་ཅད་ཀྱང་རྗེ་བླ་མ་དམ་པ་གང་གི་ཕྲིན་ལས་ཀྱི་ཆ་ཤས་དང་ཟབ་དགོངས་རྫོགས་པའི་ཐབས་ཁོ་ན་ཡིན་པར་རློམས་པ་སྟེ། སྤྱིར་འཕགས་པའི་ཐུགས་བསྐྱེད་དང་ཕྲིན་ལས་མཐའ་དག་རྫོགས་པར་སོ་སོའི་སྐྱེ་བོས་བསྒྲུབ་ག་ལ་ནུས་ཀྱང་། རང་བློ་དང་འཚམས་པའི་བགོ་སྐལ་ཆ་ཤས་རིགས་ཅི་ལྟར་ནུས་པ་བསྒྲུབས་ཟིན་ཅིང་། རྒྱ་ལ་ཁམས་སུ་སླེབས་རྒྱུ་འདྲ་ཡོད་དར་ནའང་སྐུ་ཆ་ཤས་གསེར་དང་གཟུངས་འབུལ་ལྷག་སོང་བ་དེ་ཙམ་བྱུང་ན་དང་། བཟང་སྤྱོད་སྨོན་ལམ་འབུམ་ཐེར་གཅིག་ངེས་པར་འགྲུབ་ན་སྙམ་པ་ལས་གཞན་བསྒྲུབ་དགོས་འདི་ལྷག་སོང་སྙམ་པ་ཆེར་མེད་པ་མ་ཟད། གྲུབ་ཟིན་རྣམས་ཀྱང་རང་གི་བསོད་ནམས་ནི་ལེགས་པར་བསགས་ཟིན་པས་བདག་ཏུ་འཛིན་པ་གང་ཡང་མེད།

ད་ནི་བགྲང་བྱ་ཡང་མཐོ་ཙམ་དུ་སོན་ཅིང་ལྷག་པར་ནད་མནར་ཤིན་ཏུ་ལྕི་བ་དང་། གནས་དུས་ཀྱི་འགྱུར་བ་སོགས་གང་ཅིར་འཆི་བྲོད་དང་མི་འཇིགས་པའི་གདེང་ཚད་དང་མི་ལྡན་མོད། སྐྱེས་ཟིན་འཆི་བ་ལས་མ་འདས་པས་འགྱོད་ཀྱང་ཕན་པ་མེད་པ་དེར་ཟད། ཁྱེད་རྣམ་པས་ཡུན་རིང་སྡོད་དགོས་ཚུལ་གསུངས་ནའང་སྐྱེ་འཆི་ལ་དབང་ཐོབ་ཟེར་བ་ཤིན་ཏུ་དཀའ་བས་དེ་བཞིན་ཁས་ལེན་ཞུ་ནུས་ཀྱི་གདེང་ནི་ཅུང་ཟད་ཀྱང་མེད་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཁོ་ན་ལགས། འོན་ཀྱང་བླ་མ་དཀོན་མཆོག་ཐུགས་རྗེས་ལོ་རེ་ཟླ་ཤས་ཙམ་མ་ཤི་ན་རང་ངོས་ནས་ཀྱང་ངེས་པར་དགའ་བས། དེ་བཞིན་རིང་དུ་འཚོ་བའི་སྨོན་འདུན་ཅི་ནུས་བྱེད་བཞིན་དང་། ཞབས་བརྟན་ཡང་སྔར་ནས་ལབ་ཟིན་པ་ལྟར་གཙོ་བོར་བསྟན་འགྲོ་བདེ་ཐབས་སུ་བསྒྲུབ་རྒྱུ་ཉིད་དགོས་གལ་ཆེ་ཞིང་ཕྲན་གྱི་རྐྱེན་སེལ་དུའང་ཞར་བྱུང་དོན་གྱིས་འགྱུར་བས། བསྒྲུབ་འོས་རྣམས་བརྟག་པ་རིམ་གྱིས་གནང་ཆོག་ཚུལ་གྱི་གསུང་ཟབ་ཞིབ་ཏུ་སྩལ་བ་དང་མཐུན་པར། ཟླ་བ་དེའི་ཚེས་ཉེར་གཅིག་ནས་རྗེ་གོང་མའི་སྐུ་མཆོད་མཁའ་འགྲོ་གསང་འདུས་སྒྲུབ་མཆོད་ཀྱི་དབུ་བཞུགས་གནང་སྟེ་ཚེས་ཉེར་ལྔའི་ཉིན་ཚོགས་དང་མཆོད་པ་རྒྱས་འཕར་མཁའ་འགྲོའི་བསྟོད་བསྐུལ་སོགས་ཆོ་ག་ཤིན་ཏུ་རྒྱས་པར་གནང་བའི་ཕྱི་དྲོ་ནས་བསྙུན་ཁམས་ཆེར་འཁྲུགས་ཚུལ་བསྟན་པ་ན། ངོར་པ་ཐར་རྩེ་དང་ཀླུ་སྡིང་རྣམས་དབུར་བཞུགས་ཀྱིས་སྒྲོལ་མ་གཡུལ་མདོས། བརྒྱ་བཞི། བདུད་བཟློག །གསུར་དང་ཆུ་གཏོར། ཚེ་ལྷ་རྣམ་གསུམ་མཆོད་ཆོག །གནས་ཆོག །སྒྲོལ་ཆོག །ཆོས་སྐྱོང་བསྐང་གསོ། རྩ་གསུམ་ཚོགས་བསྐང་བརྟན་བཞུགས་བཅས། རྒྱ་སྟོན་བླ་མས་གཅོད་ཚོགས་དང་མདོས་གླུད་རིགས་གྲངས་མང་། ཚེ་སྒྲུབ་སོགས་ཕུལ། སྤྲུལ་བསོད་རྒྱལ་གཙོས་ནང་སྐོར་ཞབས་གྲས་རྣམས་ནས་མཁའ་འགྲོའི་ཚོགས་བསྐང་དང་སུན་བཟློག་སོགས་ཞབས་བརྟན་རིགས་མུ་མཐུད་བསྒྲུབ་མུས། དབོ་ཟླའི་ཡར་ཚེས་སྐོར་བསྙུན་ཁམས་ཅུང་ཟད་དྭངས་ཚུལ་བསྟན། ཀ་སྦུག་ནས་བདུད་འཇོམས་རིན་པོ་ཆེས་ཞབས་བརྟན་ཆེད་ཕུལ་བྱུང་བར་སླར་སྐྱེས་ལན་དུའང་ཞབས་བརྟན་ཕུལ། ཚེས་བཅུར་ཚོགས་བསྐང་རྒྱས་པར་གནང་། འདི་སྐོར་ནས་བོད་དུ་འཁྲུག་ཟིང་རིམ་པར་བྱུང་འདུག །སྤྱིར་བསྟན་འཛིན་སྐྱེས་ཆེན་དམ་པ་རྣམས་དང་ལྷག་པར་རྗེ་འདི་ཉིད་ཀྱི་ཐུགས་ཀྱི་བརྣག་པ་མཐར་ཐུག་པ་ནི་བསྟན་འགྲོའི་དོན་ཉག་གཅིག་ཏུ་གྱུར་པ་བཞིན། སྔ་རྗེས་གསུང་འཕྲོས་སུ་ད་སྐབས་ཕྱིའི་རྒྱལ་ཁབ་རྣམས་ནང་པའི་ཆོས་ལ་དང་ལེན་གྱིས་སོ་སོའི་སྐད་ཡིག་ཏུ་བསྒྱུར་བ་དང་། ཆོས་ཚོགས་འཛུགས་པ་སོགས་ཀྱི་གཅེས་སྤྲས་བྱེད་སྐད་མང་པོ་བཤད་འདུག་པ་རྗེས་སུ་ཡི་རང་གི་ཡུལ་དུ་གྱུར་ཅིང་། རྒྱལ་བའི་ཕྲིན་ལས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ་པས་དེ་ལྟར་མི་འབྱུང་བའི་ངེས་པའང་ཅི་ཡོད་དེ། རང་རེ་བོད་འདི་སྤྲུལ་པའི་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་ཐུགས་རྗེས་མདོ་སྔགས་བསྟན་པ་ཡོངས་རྫོགས་དར་ཞིང་རྒྱས་པ་ད་ལྟའང་ས་བོན་མ་ནུབ་ཙམ་དུ་གནས་པ་འདི་ལ་ཀུན་གྱིས་རྒྱུ་མཚན་ཤེས་པའི་གཅེས་སྤྲས་ཀྱིས་མྱུར་དུ་ཉམས་ཆག་མ་ཤོར་ཐབས་ཁོ་ན་འབད་དགོས་ཤིན་ཏུ་གལ་ཆེ། ཐ་ན་བསམ་པ་བཟང་པོའི་སྨོན་འདུན་རེ་བྱས་ནའང་དགོས་པ་ཆེ་ཚུལ་ཡང་ཡང་ཕེབས་ཤིང་། རྗེ་ཉིད་ནས་གསུང་ཆོག་རིགས་བར་མེད་ཀྱི་ཁུར་བཞེས་དང་ཐུགས་ཁྲལ་ཤིན་ཏུ་ཆེ་བར་གནང་། དགོས་པ་དགོངས་གཞི་གང་ཡིན་སུས་རྟོགས་ཀྱང་བོད་ཕྱོགས་སུ་ཕེབས་བཞེད་ཀྱི་རྣམ་པ་འདྲ་ཞིག་བརྒྱུད་མར་མཛད་ཅིང་། གུས་ལྷ་ལྡན་དུ་ཡོད་སྐབས་ཕྱག་བྲིས་སྩལ་བ་ཐམས་ཅད་དུ་སྨོན་ཚིག་ཡན་ཆད་བོད་དུ་ཕེབས་རྒྱུ་ཁོ་ནར་གནང་། བོད་ཀྱི་བསྟན་པ་ལ་ཉམས་ཆག་བྱུང་ཚུལ་གསན་པ་དེ་ཕྱིན་ཐམས་ཅད་མཁྱེན་པ་དབུ་ཐོན་ཡོད་རྒྱུར་ཐུགས་བདེའི་རྣམ་པ་ཙམ་ལས། གཞན་བོད་ཀྱི་དོན་སྐོར་གསུང་ཟུར་ཙམ་ཕྱི་ནང་སུ་ལའང་གནང་བར་མ་མཛད། སློབ་མ་ཁྲིད་ཞུ་བ་རྣམས་ལ་ཡེ་ཤེས་བླ་མ་ཞིག་འདོན་རྒྱུ་བྱུང་ན་སྙམ་ཡང་། ཁོང་ཚོས་ཁྲིད་སྦྱང་ཇི་བཞིན་བྱུང་མི་འདུག་ཅེས་ཕེབས་བཞིན། གཟིམ་མལ་ནས་བཞེངས་བཞུགས་སྐབས་སྐུ་བརྡབས་ཤོར་བའི་རྣམ་པས་བསྙུན་ཁམས་སླར་འཁྲུགས། ཞབས་བརྟན་དུ་མཆོག་གླིང་རིན་པོ་ཆེ་དང་། རྒྱ་སྟོན་སོགས་དཔོན་སློབ་སུམ་ཅུར་ཉེ་བས་འཕགས་མའི་སྙིང་ཐིག་གི་སྒྲུབ་ཆེན་ཚུགས། ནག་ཟླའི་ཡར་ཚེས་ལ་ལྷ་ཡུམ་ནས་འགན་བཞེས་ཏེ་རྒྱ་སྟོན་འཁྲུལ་ཞིག་ཟུང་གིས་དཀོན་སྤྱིའི་སྒོ་ནས་སུན་བཟློག་བརྟན་བཞུགས་དང་། སྒྲུབ་ཆེན་དངོས་གྲུབ་བླང་བ་དང་འབྲེལ་བརྟན་བཞུགས་རྣམས་རིམ་པར་ཕུལ། རྒྱ་བོད་སྨན་བཅོས་ཀྱང་གང་ཟབ་ཞུ་བཞིན་བརྡབས་རྐྱེན་གྱི་བསྙུན་ཟུག་རིམ་ཞིར་གྱུར་ཀྱང་བསྙུན་ཁམས་སྤྱིར་གཞི་ལྕི་བ་ལས་མ་གཡོས་ཤིང་བཞེངས་བཞུགས་གནང་དཀའ་བར་གྱུར། ས་སྐྱ་བདག་ཆེན་རིན་པོ་ཆེ་ལ་ཆེན་དུ་བཞུགས་པ་ཆེད་དུ་གདན་ཞུས་དང་། བདུད་འཇོམས་རིན་པོ་ཆེ། རྡོ་གྲུབ་སྤྲུལ་སྐུ། བྱ་བྲལ་སངས་རྒྱས་རྡོ་རྗེ་སོགས་ལ་བརྟན་བཞུགས་ཐུགས་སྨོན་དང་གདན་འདྲེན་སོགས་ཕུལ། སྐུ་ཞབས་ཁམས་སྤྲུལ་རིན་པོ་ཆེས་གཤིན་རྗེ་ཁྲོ་ཆུའི་གཏོར་བཟློག །དཀོན་སྤྱིའི་ཚོགས་བསྐང་སུན་བཟློག་བརྟན་བཞུགས་ཀྱིས་མཚོན་ཞབས་བརྟན་རིགས་བརྒྱུད་མར་སྒྲུབ་བཞིན། ནག་ཟླའི་ཚེས་བཅོ་ལྔར་དམིགས་གསལ་བཀའ་ཕེབས་ཏེ་མཆོད་ཚོགས་རྒྱས་སྤྲོས་རྗེ་ཉིད་སྐུ་རྐྱང་གིས་དུས་ཀྱི་འཁོར་ལོའི་མཆོད་ཆོག་རྒྱས་པར་མཛད་རྗེས་གསུང་ཆོག་གཞན་མ་གནང་། འདི་སྐོར་ནས་བསྙུན་ཁམས་ཀྱང་བཞེངས་བཞུགས་དཀའ་བ་ཙམ་ལས་གཞན་ཚབ་ཆེར་མེད་པའི་ཚུལ་ལྟ་བུར་བཞུགས། ས་ཟླའི་ཡར་ཚེས་ལ་ངོར་པའི་མཁན་ཁག་གསུམ། མཆོག་གླིང་རིན་པོ་ཆེ། རྒྱ་སྟོན་སོགས་བླ་སྤྲུལ་མཁན་སློབ་ཉི་ཤུ་སྐོར་ནས་རྩ་གསུམ་ཚོགས་བསྐང་སུན་བཟློག་བརྟན་བཞུགས་དང་འབྲེལ་ཞབས་པད་ཡུན་དུ་བརྟན་བཞུགས་གྲུབ་པ་ཞེས་མགྲིན་གཅིག་གིས་གསོལ་བ་བཏབ་པའི་ལན་དུ་རྟེན་འབྲེལ་ལ་དགོངས་པའི་གསུང་ལན་ཅི་བདེར་གནང་། ཡང་བསྐྱར་དུ་ད་ལྟའི་བསྙུན་ཁམས་བཞེས་ཚུལ་བསྟན་པ་འདི་འཕྲལ་དྭངས་ཡོང་བའི་ཐབས་ཚུལ་ཞབས་རིམ་བསྒྲུབ་འོས་གང་ཟབ་བཀའ་གནང་གྲུབ་པའི་ཞུ་ནན་ཆེར་ཕུལ་བར། ད་ལྟ་ན་རྒྱུ་འདི་ནི་ཚབ་ཆེན་ཅི་ཡང་མ་རེད་པས་ཡུན་རིང་མི་དགོས་པར་དྭངས་འགྲོ་རྒྱུ་ཐག་ཆོད། ཁྱེད་རྣམ་པས་ཀྱང་དེ་བཞིན་དགོངས་ཤིང་ལོས་ཡོད། ཞབས་བརྟན་ཀྱང་ད་སྔ་རྒྱ་ཆེར་གྲུབ་སོང་བ་ད་ནི་དམིགས་བསལ་བསྒྲུབ་འོས་ཆེར་མི་འདུག །མཁན་རིན་པོ་ཆེ་རྣམ་པས་བྱབས་ཁྲུས་རེ་གནང་ན་བཀའ་དྲིན་ཆེ་ཚུལ་ཙམ་ཞིག་ཕེབས། ས་སྐྱ་བདག་ཆེན་རིན་པོ་ཆེ་ཡང་ཞབས་སོར་འཁོད་ནས་ཚེ་དབང་དགུང་གྲངས་དང་བརྟན་བཞུགས་བཅས་ཞབས་པད་ཡུན་རིང་བརྟན་བཞུགས་གྲུབ་པ་དང་། ཞབས་རིམ་བསྒྲུབ་འོས་བཀའ་གསལ་གནང་གྲུབ་ཀྱི་ཞུ་ནན་ཕུལ་བ་ལའང་རྟེན་འབྲེལ་ལ་དགོངས་པའི་ཞལ་བཞེས་གསུང་ལན་ཅི་བདེར་འབུལ་གནང་ལ། བདག་ཆེན་རིན་པོ་ཆེས་སླར་ཡང་ཞབས་པད་བརྟན་པའི་ཞུ་ནན་དང་བཅས་སྐུ་ཁྲུས་ཚེ་དབང་རིགས་དང་། ཐུགས་བཞེད་འཇམ་དཔལ་ཨ་ར་པ་ཙ་ནའི་རྗེས་གནང་བཅས་ཕུལ།

ངོར་མཁན་ཁག་ལ་འདི་རྣམས་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཞུགས་ཁྲིར་ཕེབས་པའི་སྐྱེས་ཆེན་དམ་པ་ཡིན་པས་ཞོར་དུ་ཆོས་འབྲེལ་རེ་གནད་ཆེ་གསུངས་པ་ལྟར་སོ་སོ་ནས་རྗེས་གནང་བྱབས་ཁྲུས་རྣམས་རིམ་པར་ཕུལ། གཞན་ཡང་བླ་སྤྲུལ་དང་འདུས་སློབ་འབངས་བཅས་ནས་ཚེ་ལྷ་རྣམ་གསུམ་མཆོད་ཆོག །ཕྱོགས་བཞིའི་འབར་མ། ཆོས་སྐྱོང་གཏོར་བསྔོ་འབུམ་ཐེར། དམ་ཚིག་རྡོ་རྗེའི་བསྒོམ་བཟླས་སོགས་བར་མེད་དུ་བསྒྲུབ་བཞིན་པ་དང་། མཆོག་གླིང་རིན་པོ་ཆེ་རྒྱ་སྟོན་དཔོན་སློབ་ནས་ཕ་རོལ་རྒོལ་འཇོམས་གཏོར་བཟློག་རྡོ་གྲུབ་དཔོན་སློབ་ནས་ཡུམ་བཀའི་ཚོགས་དང་མེ་མཆོད། དད་སློབ་སྦྱིན་བདག་གཞན་ནས་ཀྱང་རྩ་གསུམ་ཚོགས་འབུམ་སོགས་ཞབས་བརྟན་རྒྱ་ཆེར་བསྒྲུབ་མུས། འདི་སྐོར་ནས་ཤེར་ཕྱིན་སྡུད་པ་སོགས་ཞལ་འདོན་ཕྱག་དཔེའི་སྟེང་ནས་གསུངས་དགོས་རྣམས་ཞག་འགར་ཉིན་རིང་ནན་གསུངས་གནང་ཞིང་། ད་ནི་དེ་རྣམས་བསྒྲིལ་ལུགས་ལེགས་པར་གྱིས་ལ་སྟེགས་ཁར་ཡར་ཞོག་ཅིག་ཅེས་གསོལ་དཔོན་ལ་གནང་། གཟིམ་ལམ་དུ་སྒྲུབ་ཆེན་གྲོལ་རྒྱུའི་མར་མེའི་སྨོན་ལམ་གནང་བ་ལན་བཏུད་མར་བྱུང་ཚུལ་དང་། ལན་གཅིག་བཀའ་བརྒྱད་སྒྲུབ་ཆེན་གྲོལ་རྒྱུའི་དཀྱིལ་འཁོར་ཕལ་ཆེར་བསྡུས་ཟིན་ནས་མར་མེའི་སྨོན་ལམ་བྱེད་བཞིན་མར་མེ་རྣམས་ཧ་ཅང་མི་གསལ་བར་འདུག་པ་ཤིན་ཏུ་གསལ་པོར་རྨིས་ཚུལ་ཕེབས། ཚེས་ཉེར་ལྔར་ཞབས་གྲས་རྣམས་ནས་སྙིང་ཐིག་ཡུམ་བཀའི་ཚོགས་བསྐང་བཀའ་བཞིན་ཕུལ། འདི་ནུབ་སྲོད་ཡོལ་དུ་ས་གཡོས་ཆེ་ཙམ་ཡང་བྱུང་ཞིང་། ཕྱིར་ཉིན་སྔ་དྲོའི་ཆར་ཐུགས་ཁམས་ཤིན་ཏུ་གསལ་དྭངས་ལྟ་བུར་དེ་རིང་ན་རྒྱུ་དྭངས་ཚར་བ་འདྲ་ཞིག་རེད། ད་ནི་ལང་སྟེ་འགྲོ་སྙིང་འདོད་པ་འདུག་ཅེས་སྐུ་བཞེངས་པའི་གཡས་ནས་ཕྱག་བརྟེན་བཅས་ཉེ་སྐོར་ཕར་ཕེབས་ཚུར་ཕེབས་རིང་ཙམ་མཛད། འབྲུག་ནས་ཀརྨ་པ་དང་། སྐུ་ཞབས་སི་ཏུ་རིན་པོ་ཆེ་སོགས་ཕེབས། འབྲུག་དབང་མོ་སོགས་ལ་མཇལ་འཕྲད་བཀའ་མོལ་ཞིབ་པར་གནང་། ཕྱིར་ཉིན་ནས་སླར་ཡང་བསྙུན་ཁམས་རིམ་ལྕིར་ཕེབས་ཚུལ་བསྟན། སྣྲོན་ཟླའི་ཡར་ཚེས་ནས་ས་སྐྱ་བདག་ཆེན་རིན་པོ་ཆེ་དང་། རྒྱལ་དབང་ཀརྨ་པའི་མདུན་ནས་ཞབས་པད་བརྟན་དགོས་གསུང་ནན་གནང་བར་རིན་པོ་ཆེ་རྣམ་པས་ཐུགས་སྨོན་འདྲ་གནང་ན་གྲགས་ཤིང་ཡོད་འགྲོ་ཞེས་གསུང་ལན་གནང་། འཁྲུལ་ཞིག་ནས་ཀྱང་ཞབས་པད་བརྟན་དགོས་ཀྱི་ཞུ་ནན་དང་སྐུ་ཁྲུས་སོགས་ཕུལ། ཚེས་གསུམ་ཉིན་འབྲས་ལྗོངས་སྲས་ཡུམ་ནས་ཐུགས་འགན་བཞེས་ཏེ་རྒྱ་བོད་སྨན་པས་བསྙུན་ཁམས་མཇལ་རྟོག་ཞུས་པར་ཕྱག་རྩ་སོགས་ལ་སྐྱོན་གང་ཡང་མེད་ཚུལ་བཤད། སྲས་ཡུམ་ཟུང་ལ་སྤྱན་ཅེར་གྱིས་གཟིགས་ཏེ་ཞལ་འཛུམ་པར་གནང་། ཞབས་བརྟན་དུ་རྡོར་སེམས་ཚོགས་འབུམ་དཔོན་སློབ་ཉི་ཤུ་སྐོར་ནས་ཚུགས། ཚེས་ལྔ་ཉིན་རྒྱལ་དབང་རིན་པོ་ཆེས་དཀོན་སྤྱིའི་ཚེ་དབང་དང་བཀའ་མོལ་གནང་ནས་རུམ་བཏེགས་སུ་ཆིབ་བསྒྱུར་གནང་། ས་སྐྱ་བདག་ཆེན་ནས་ཕུར་པའི་སྲི་མནན་ཁག་བཞི་དང་ཚེ་དབང་སྐུ་ཁྲུས་སོགས་བར་མེད་དུ་གནང་། འདི་སྐོར་ཐུགས་ཡེངས་པའི་རྣམ་པས་ངེད་ཀྱི་རྩ་བའི་བླ་མ་ཐམས་ཅད་བྱོན་ནས་འདུག་ཀྱང་རྡོ་རྗེ་འཆང་བློ་གཏེར་དབང་པོ་ད་སྔོན་ཕེབས་མ་བྱུང་ཞེས་གསང་ཡུམ་ལ་ཞལ་འཕྲོས་གནང་། དེ་འཕྲལ་ནས་རྨི་ལམ་རྨིས་པ་རེད། འཁྲུལ་སྣང་ཟ་ཟིའི་རྨི་ལམ་མི་འབྱུང་བ་ཅི་ཡོད་ཅེས་ཞལ་བསྒྱུར་བར་མཛད། དེ་ནས་གསུང་ཆེར་མ་བྱོན། སྐབས་མཚམས་ཕྱག་གཡས་སྡིགས་མཛུབ་ཐུགས་ཀ་དང་པུས་སྟེང་། སྤྱན་ལྟ་སྟངས་ཀྱིས་ནམ་མཁར་ཡུན་རིང་ཙམ་དང་བྱང་ཤར་ཕྱོགས་སུ་ཡང་ཡང་གཟིགས་པར་མཛད། ཚེས་དྲུག་གི་དགོང་ཁར་བཞེས་ཐང་། གསོལ་ཆང་། འོ་མ་སོགས་ཕུལ་བ་སོ་སོ་ནས་ཅུང་ཟད་རེ་བཞེས་ཤིང་ཐུགས་ཁམས་ཀྱང་བག་ཙམ་གསལ་བའི་རྣམ་པར་བཞུགས། ཕྱེད་ཡོལ་གླང་གི་ཕྱི་ཆ་ཙམ་ནས་སྐྱེ་མེད་ཀྱི་ཡི་གེའི་སྒྲ་གདངས་བརྩེགས་མ་ལན་འགའ་དང་བཅས་དགོངས་པ་ནང་གསལ་གདོད་མའི་གཞི་དབྱིངས་ཆེན་པོར་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་པར་མཛད་དོ། །དེ་འཕྲལ་རང་བྱུང་བསྟན་པའི་བཙས་འདས་རྗེས་ཀྱི་གླེགས་བམ་དང་འཁོར་ལོ་སྐུ་ལུས་ལ་ཕུལ་ནས་ཞག་གསུམ་གྱི་བར་དུ་གསང་རྒྱས་བཏབ། ཚེས་དགུ་ཉིན་བདག་ཆེན་རིན་པོ་ཆེ་དབུས་གསར་རྙིང་མཁན་ཁག་བླ་སྤྲུལ་རྣམས་ནས་བླ་མ་མཆོད་ཆོག་དང་འབྲེལ་སྤྱི་མཐུན་ཐུགས་དམ་བཞེངས་གསོལ་བཅས་གསང་རྒྱ་བརྟོལ། ཀྱེ་རྡོར། རྡོར་སེམས། རྣམ་སྨེ་སོགས་ཀྱིས་བསྒྲུབས་པའི་བུམ་ཆུ་དང་དྲི་བཟང་གི་ཆུས་སྐུ་གདུང་རིན་པོ་ཆེ་ལེགས་པར་བཀྲུས་ཤིང་ཆོས་སྨན་དང་ག་པུར་སྨན་སྣ་སོགས་ཀྱིས་བྱུགས། གསར་རྙིང་གི་རྒྱུད་སྡེ་ནས་བྱུང་བའི་གནས་ཡིག་གསེར་ཞུན་གྱིས་བྲིས་པ་དང་། བཏགས་གྲོལ། རྒྱུད་ཀྱི་གླེགས་བམ་རྣམས་སྐུའི་གནས་སོ་སོར་མ་འཁྲུལ་བར་ཕུལ་ཞིང་། རས་དཀར་དྲི་བཟང་གིས་བགོས་པ་དང་བཟང་གོས་སེར་པོས་ལེགས་པར་དཀྲིས་པའི་བར་རྣམས་སྣའི་ཕུར་མས་གཅེར། ལོངས་སྐུའི་རྒྱན་ཆས་དང་ཕྱག་ཏུ་རྡོར་དྲིལ་འབུལ་བ། བསྙེན་བཀུར་བཅས་བཀའ་འགྱུར་ལྷ་ཁང་དུ་བཞུགས་ཁྲིར་བཞུགས་སུ་གསོལ་ནས་མཆོད་པའི་ཡོ་བྱད་རྒྱས་པར་བཤམས། ཐོག་མར་བདག་ཆེན་རིན་པོ་ཆེ་དབུས་བླ་སྤྲུལ་རྣམས་ནས་སྦྱོང་ཁྲུས་བཅས་ལྷག་པའི་ལྷར་བསྐྱེད་བསྟིམ་མཆོད་བསྟོད་གསོལ་གདབ་སོགས་སྔོན་དུ་འགྲོ་བས་དེར་འདུས་རྣམས་དང་རིམ་པར་མཆོག་དམན་བར་མའི་འགྲོ་བ་གྲངས་མང་རྒྱུན་མི་ཆད་པར་སྐུ་གདུང་རིན་པོ་ཆེའི་མཇལ་ཁ་དང་། གདུང་ཁྲུས་སྦྱིན་པ་སོགས་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་རྒྱ་ཆེར་འཕེལ། དེ་ཡང་ཇི་སྐད་དུ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། །མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། །ཡང་དག་པར་རྫོགས་པའི་སངས་རྒྱས་པ་དང་། །མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ།

།མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་། སྒྲ་དང་། གདུང་དང་། སྐུ་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །ཞེས་དང་། དེ་ལྟར་འོད་ཀྱི་དཀྱིལ་འཁོར་དུ། །གང་ཞིག་བྱང་ཆུབ་རྙེད་པའི་མི། །འདི་ནི་སྐལ་ལྡན་སེམས་ཅན་གྱི། །སྤྲུལ་པ་ཡིན་གྱི་ཕྱོགས་བཅུ་རུ། །སེམས་ཅན་དོན་ཀྱང་རང་བཞིན་དུ། །འདི་ཡིས་བྱེད་དོ་མཁའ་འགྲོ་མ། །ཞེས་སོགས་གསུངས་པ་ལྟར་འདི་ནུབ་ས་རུབ་རྗེས་གློག་སྤར་བ་ཡང་མོག་པོར་བགྱིད་པའི་འོད་ཀྱི་སྣང་བ་ཤིན་ཏུ་གསལ་བས་ཕྱོགས་ཐམས་ཅད་ཁྱབ་པ་ཡུན་རིང་དུ་བྱུང་བར་ཀུན་ཀྱང་དད་གུས་ཆེས་ཆེར་འཕེལ། ཕྱི་རྒྱལ་མི་སྣ་ཁག་གིས་ཀྱང་འདི་ནི་ངེས་པར་དམ་པའི་སྐྱེས་བུ་དེ་ཉིད་དགོངས་པ་རྫོགས་པའི་རྟགས་སུ་ངེས་སོ་ཞེས་ངོ་མཚར་དུ་གླེང་བར་གྲགས། དེ་ནས་ཇི་སྐད་དུ། འདུལ་བ་ལུང་ལས། སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །དམ་པ་རྣམས་ནི་བསྟེན་གྱུར་པ། །བཟང་པོའི་དཔལ་གྱིས་འཁྱུད་པར་བྱེད། །ཅེས་གསུངས་པ་ལྟར། ལྷར་བཅས་འགྲོ་བའི་འདྲེན་མཆོག་དམ་པ་གང་གི་རྣམ་ཐར་བཟང་པོའི་ཙན་དན་གྱི་ཚལ་དུ་སྡོང་དུམ་ཕལ་པ་ས་ལ་ལྷུང་ཡང་མངར་པོའི་དྲིས་འཁྱུད་པ་བཞིན་ཞབས་འབྲིང་དུ་འཁོད་པ་དག་ཀྱང་ཡོན་ཏན་གྱིས་མཛའ་བ་ཆོས་ཉིད་དེ། རྗེ་བླ་མ་མཆོག་གི་སྐུའི་དབོན་མཛོད་སོགས་ནས་གུས་ཤིང་དང་བའི་བློ་གྲོས་དྲི་མ་མེད་པ་རྣམ་པར་དཀར་བས་མཚམས་སྦྱར་ཏེ་རྟག་གུས་ཀྱི་བརྩོན་པ་ཆེན་པོས་གཤེགས་རྗེས་དགོངས་རྫོགས་མཆོད་འབུལ་ཕོངས་མེད་གཟབ་རྒྱས་སུ་ཇི་ལྟར་བསྒྲུབས་པའང་། ཐོག་མར་གསང་རྒྱ་བརྟོལ་འཕྲལ་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མདུན་ཏར་འཕྲིན་ཕུལ་བར་བསྟན་འགྲོ་སྤྱི་བྱེར་གྱོང་ཆེ་ནའང་དོན་ཁྱད་པར་ཅན་གཞན་དུ་གཟིགས་ངེས་པས་དགོངས་བཞེད་ལེགས་འགྲུབ་ཀྱི་ཐུགས་སྨོན་གནང་རྒྱུའི་ཏར་ལེན་ཕེབས། དེ་རྗེས་ཐུགས་དམ་སྟོན་པའི་ལི་སྐུ་ཁྱད་འཕགས་གཙོས་མཆོད་བསྔོ་རྟེན་འབུལ་ལམ་ཞུས་པར་ལྗགས་རྩོམ་མྱུར་འབྱོན་གསོལ་འདེབས་ངོ་མཚར་ཅན་སོགས་ཞིབ་གནང་གི་བཀའ་དྲིན་སྩལ། རྒྱལ་དབང་ཀརྨ་པ་ཕེབས་ལམ་ཆར་ཞོད་ཀྱིས་བཀག་པས་བསྔོ་རྟེན་གཟབ་བཏུས་འབུལ་ལམ་དང་། སླད་ནས་ཆེད་དུ་ཆིབ་བསྒྱུར་དང་འབྲེལ་གསུང་ཆོག་དང་སྐུ་གདུང་རིན་པོ་ཆེའི་མདུན་ཐུགས་སྨོན་ཟབ་རྒྱས་གནང་། བདུད་འཇོམས་རིན་པོ་ཆེ་དབུས་ཀ་རྡོར་ཁུལ་བཞུགས་བླ་སྤྲུལ་རྣམས་ལའང་མཆོད་བསྔོ་སོ་སོར་བཀྲམ། གཙོ་བོར་སྐུ་ཚིགས་དང་པོར་ས་སྐྱ་སྒྲོལ་ཕོའི་སྐྱབས་མགོན་བདག་ཁྲི་རིན་པོ་ཆེ་དབུས། ངོར་མཁན་ཁག་ཞབས་དྲུང་ཆོག་རོགས་པ་བཅས་ཀྱིས་ས་སྟ་སྔོན་དུ་འགྲོ་བས་འཁོན་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་པ་གདུང་མཆོད་དང་འབྲེལ་བ་བདུན་ཕྲག་གཅིག །སྐུ་ཞབས་སི་ཏུ་རིན་པོ་ཆེ་རྒྱ་སྟོན་དཔོན་སློབ་ནས་ཀར་གླིང་ཞི་ཁྲོ། མཆོག་གླིང་རིན་པོ་ཆེ་དཔོན་སློབ་ནས་སྔགས་ཀྱི་གསོ་སྦྱོང་། སློབ་ཚོགས་བྱིངས་ནས་དམ་ཚིག་རྡོ་རྗེའི་བཟླས་པ་འབུམ་ཐེར་བཅོ་བརྒྱད་གྲུབ་པ་དང་ལྷན་དུ་རྗེ་བླ་མ་རང་གི་དགོངས་བཞེད་བཟང་སྤྱོད་སྨོན་ལམ་འབུམ་ཐེར་གྱི་དབུ་ཚུགས། ཉིན་ལྟར་མར་མེ་སྟོང་དང་མཆོད་པ་གཟབ་རྒྱས་བཅས་ས་དགེ་ཀར་རྙིང་ཞྭ་ལུ་སོགས་རིས་མེད་པའི་དགེ་འདུན་དགེ་ཚུལ་སློང་གི་རྟེན་ཅན་དྲུག་ཅུ་ནས་བརྒྱ་སྐོར་བར་གྱིས་གསུངས། གཟིམ་ཆུང་དུ་གསང་ཡུམ་དབུས་ནང་སྐོར་ནས་ཚེས་བཅུར་སྙིང་ཐིག་ཡབ་བཀའི་ཚོགས་སྐོར་དང་ཞི་ཁྲོའི་སྐོང་ཆོག་ཚུགས། འདི་ནས་བརྩམ་སྐུ་གདུང་བཞུགས་རིང་ཚོགས་སྐོར་དང་ན་རཀ་སྐོང་བཤགས་ནར་མར་གསུངས། གོང་གསལ་རྡོར་སེམས་ཚོགས་འབུམ་སྐབས་འདིར་གྲུབ་པའི་སྐུ་ཡོན་སོགས་འབྲས་ལྗོངས་གཞུང་ནས་གཏོང་གནང་མཛད། དེ་ནས་གསར་རྙིང་ཆོག་ཁག་གཉིས་རེས་གདུང་མཆོད་འབུལ་རྒྱུར། སྐུ་ཚིགས་གཉིས་པ་ལ། ས་སྐྱ་ཕུན་ཕོའི་སྐྱབས་མགོན་གདུང་སྲས་སྐུ་བགྲེས་རིན་པོ་ཆེ་དབུར་བཞུགས། ཐར་རྩེ་མཁན་པོ། སྒ་ཐར་ལམ་མཆོག་སྤྲུལ་རྣམས་ཀྱིས་ཀྱེ་རྡོར་སྒྲུབ་མཆོད་བདུན་ཕྲག །རྡོ་གྲུབ་ནས་ཐུགས་ཆེན་སྡུག་བསྔལ་རང་གྲོལ། སྐུ་ཚིགས་གསུམ་པར་ས་སྐྱའི་རྗེ་བཙུན་མ་དང་མངའ་རི་སྤྲུལ་སྐུ་སོགས་ནས་མཁའ་སྤྱོད་མའི་སྒྲུབ་མཆོད། རྒྱ་སྟོན་སྤྲུལ་སྐུས་ཇོ་ལུགས་དུས་འཁོར་མཆོད་ཆོག །སྐབས་འདིར་མར་ངོའི་ཚེས་བཅུར་ཁེལ་བས་སྐུ་གདུང་རིན་པོ་ཆེའི་མདུན་མཆོད་ཚོགས་གཟབ་སྤྲོས་ཀྱིས་བདག་ཁྲི་རིན་པོ་ཆེ་དབུས་ངོར་པའི་མཁན་ཞབས་སོགས་བླ་གྲྭ་བཞི་བཅུར་ཉེ་བས་རྣལ་འབྱོར་མའི་སྒྲུབ་མཆོད། རྡོ་གྲུབ་དང་མཆོག་གླིང་དབུས་བླ་གྲྭ་མང་བས་ཡུམ་བཀའི་ཚོགས་སྐོང་། བཟང་སྤྱོད་འདུས་སྡེ་བཅས་ཡོངས་རྫོགས་ལ་བསྙེན་བཀུར་དང་ཕྱག་འགྱེད་བཅས་གསང་ཡུམ་མདུན་ནས་འཕར་མ་གནང་། གཟིམ་ཆུང་དུ་བླ་སྒྲུབ་བྱིན་རླབས་སྙིང་པོའི་ཆོ་ག་ཚུགས། སྐུ་ཚིགས་བཞི་པར་ངོར་ཁང་གསར་མཁན་པོ་དབུར་བཞུགས་ཀྱི་ཀུན་རིག་སྒྲུབ་མཆོད། པདྨ་ཡང་རྩེའི་བླ་གྲྭ་ནས་བདེ་གཤེགས་ཀུན་འདུས་ཚུགས། བཟང་སྤྱོད་གསུང་མཁན་བྱིངས་ལ་སྐུ་ཡོན་ཕུལ། སྔ་མ་རྗེ་ཉིད་ཀྱིས་གསུང་འཕྲོས་སུ་ཕྱོགས་འདིར་ཕེབས་པའི་དགེ་ཚུལ་སློང་རྣམས་གསོ་སྦྱོང་རེ་གནང་ན་ཤིན་ཏུ་ལེགས་ཚུལ་བཀའ་སྩལ་པའི་དགོངས་དོན་ལྟར་སོ་ཐར་གྱི་སྡོམ་པའི་རྟེན་ཅན་དྲུག་ཅུ་སྐོར་ཐོག་མར་བཀྲ་ཤིས་པའི་གསོ་སྦྱོང་དང་། ཉིན་བཞིན་གསོ་སྦྱོང་རེ་དང་བཅས་སྐུ་གདུང་རིན་པོ་ཆེའི་མདུན་བཟང་སྤྱོད་ཚུགས། མཆོད་པ་རྣམ་ལྔ་སོ་སོ་ནས་སྟོང་རྩ་རེ་ཉིན་བཞིན་ཕུལ། ཆུ་སྟོད་ཟླ་བའི་ཚེས་བཞིའི་དུས་ཆེན་ཉིན་བླ་གྲྭ་ཐམས་ཅད་གདན་ཞུས་ཀྱིས་བཟང་སྤྱོད་སྨོན་ལམ་འབུམ་ཐེར་ཁ་སྐོང་བཅས་ལེགས་པར་གྲུབ། གཟིམ་ཆུང་དུ་སྙིང་ཐིག་དང་ཐུགས་སྒྲུབ་བླ་མཆོད་ཞག་འགའ་ཚུགས། སྐུ་ཚིགས་ལྔ་པར་རྫོང་སར་མངའ་རི་སྤྲུལ་སྐུ་དབུར་བཞུགས་ཀུན་རིག་སྒྲུབ་མཆོད། དབེན་དགོན་ལུང་རྟོགས་སྒོམ་ཆེན་དབུར་བཞུགས་ཀྱིས་སྨིན་གླིང་རྡོར་སེམས་ཚུགས། སྤྲེལ་ཟླའི་ཚེས་བཅུར་གཟིམ་ཆུང་དུ་བླ་མ་གསང་འདུས་ཚོགས་བརྒྱ་དང་། སྐུ་གདུང་རིན་པོ་ཆེའི་མདུན་དད་ལྡན་འགའ་ནས་གཞི་ལེན་གྱིས་རྡོ་གྲུབ་དང་མཆོག་གླིང་དབུར་བཞུགས་རིགས་འདུས་དང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚོགས་བརྒྱ་རེ། སྐུ་ཚིགས་དྲུག་པར་མཁར་མདོ་ཁང་གསར་ཞབས་དྲུང་དབུར་བཞུགས་ཀྱི་ཀུན་རིག་དང་། གཡོན་རུ་གཏེར་སྲས་བླ་མ་སོགས་ནས་ཞི་ཁྲོའི་སྐོར་ཆོག་ཚུགས། བདུན་ཕྲག་རྗེས་མར་ཐར་རྩེ་རིན་པོ་ཆེ་དབུར་བཞུགས་ཀུན་རིག་སྒྲུབ་མཆོད། གནམ་མཚོ་དོ་སྐྱ་སྤྲུལ་སྐུ། མཆོག་གླིང་རིན་པོ་ཆེ་བཅས་དབུར་བཞུགས་གཏེར་གསར་ཞི་ཁྲོ་ན་རཀ་དོང་སྤྲུགས། ཚེས་ཉེར་ལྔར་ཆོག་ཁག་གཉིས་ལ་ཁ་སབ་གསར་རྙིང་བླ་གྲྭ་ཡོད་རིགས་གདན་འདྲེན་དང་སྟོང་མཆོད་བཅས་འདིའི་ནུབ་སྐུ་གདུང་རིན་པོ་ཆེའི་མདུན་མཁའ་འགྲོ་གསང་འདུས་ཀྱི་ཆོ་ག་མཆོད་སྐོང་བྱེ་བྲག་པ་སོགས་གཟབ་རྒྱས། ཚེས་ཉེར་དྲུག་ཉིན་ཆོ་ག་ཁག་སོ་སོས་སྦྱོང་ཁྲུས་བཅས་བསྔོ་ཡིག་རྣམས་བསྲེགས། གཉིས་ཀ་ལྷན་ཚོགས་གསར་རྙིང་བསྟན་པ་རྒྱས་ཆོག་རིགས་དང་། བཟང་སྤྱོད་སོགས་སྨོན་ལམ་ཉིན་འགའི་བར་གསུངས་པ་རགས་རིམ་ཙམ་དང་། གཞན་ཡང་དད་ལྡན་སློབ་ཚོགས་རྣམས་དང་། སྦྱིན་བདག་ཆེ་ཕྲ་སོགས་མཆོག་ཕལ་ཀུན་ནས་རང་རང་འབྱོར་རྒུ་རྩལ་སྤྲུགས་ཀྱིས་མཆོད་འབུལ་དང་ཚོགས་བསགས། བློ་ནུས་དང་འཚམས་པའི་དགེ་སྦྱོར། ཆོས་འཆད་ཉན། གསོལ་འདེབས་སྨོན་ལམ་བཅས་ལ་ཉིན་མཚན་བར་མེད་དུ་བརྩོན་པས་དུས་འདའ་བ་རྣམས་ཀྱང་ཞར་བྱུང་ངོ་། །དེ་ལྟར་གསོལ་དགུང་གི་གསུང་ཆོག་སོ་སོར་མཆོད་ཚོགས་རིགས་གཟབ་རྒྱས། སྐྱབས་མགོན་བདག་ཆེན་རིན་པོ་ཆེ་གཙོས་དབུར་བཞུགས་ཁག་ལ་རྟེན་གསུམ་གྱིས་ཐོག་དྲངས། མཁན་སྤྲུལ་བྱིང་དང་ཆོག་གྲྭ་སོ་སོར་འོས་བསྟུན་དངོས་འབུལ་རྒྱ་ཆེ་སྤུས་ནོམ་ལྡན་པས་མཉེས་པ་སྒྲུབ་ཚུལ་ཞིབ་ཆ་དེབ་འཁོད་ལས་གསལ་ཏེ། དེའང་སྡོམ་འབྱུང་ལས། མཆོད་པ་ཐམས་ཅད་ཡོངས་སྤང་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པ་ལས་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་དང་། གསང་སྙིང་ལས། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་དང་། སྤྱི་མདོ་དགོངས་འདུས་ལས། །བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་ནི། །བླ་མ་དག་ལ་བརྟེན་ནས་འབྱུང་། །ཞེས་དང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། །གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་དང་། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བ་ལ་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་མདོ་རྒྱུད་རྣམས་ནས་སངས་རྒྱས་ཐམས་ཅད་མཆོད་པ་ལས་ཀྱང་བླ་མ་གཅིག་པུ་མཆོད་པ་ཁྱད་པར་འཕགས་ཚུལ་རྒྱ་ཆེར་གསུངས་པ་ལྟར། དམ་པ་གང་གི་ཟག་པ་མེད་པའི་ཐུགས་ཀྱི་དགོངས་པ་རྫོགས་པའི་ཐབས་སུ་རྣམ་དཀར་ཚོགས་བསགས་རླབས་ཆེན་ཀུན་གྱིས་བསྔགས་འོས་ཅན་གྲོ་བཞིན་ཟླ་བའི་ཡར་ཚེས་ལ་གྲུབ་ནས་ངོར་ཨེ་ཝྃ་ཐར་རྩེ་མཁན་རིན་པོ་ཆེས་ཡོན་བསྔོ་སོགས་རྒྱས་པར་གནང་། དེའི་ཕྱི་ཉིན་ནས་བཀྲ་ཤིས་པའི་གསོ་སྦྱོང་དང་། དེ་ནས་བཟུང་སྐུ་གདུང་རིན་པོ་ཆེ་བཞུགས་རིང་ཉིན་བཞིན་མཆོད་སྤྲིན་གཟབ་ཅིང་རྒྱས་སྤྲོས། ཡར་མར་ཚེས་བཅུར་ཚོགས་བསྐང་། ཚེས་བཅོ་ལྔ་དང་གནམ་སྟོང་ལ་གསོ་སྦྱོང་དང་འབྲེལ་བསྟན་པ་རྒྱས་ཆོག་སྨོན་ལམ་སོགས་དང་། འདི་ནས་བརྩམ་སྟེ་ཕྱོགས་འདིར་གསོ་སྦྱོང་དང་དབྱར་གནས་ཀྱི་སྲོལ་ཚུགས་པའང་རྗེ་བླ་མ་འདིའི་ཐུགས་བསྐྱེད་ལས་བྱུང་བ་དང་། གཞན་ཡང་རྒྱན་སྟུག་པོ་བཀོད་པའི་མདོ་ལས། འཇམ་དཔལ་ཕྱོགས་གང་ན་ཆོས་སྨྲ་བ་དེ་འདུག་གམ། དེའི་རུས་བུའམ། རོ་བམ་པ་ཞིག་ཡོད་པར་མཐོང་ནའང་མཚམས་མེད་པའི་ལས་བྱང་བར་འགྱུར་རོ། །ཞེས་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་ཁྱད་པར་ཅན་དུ་གསུངས་པ་ལྟར། ཕྱོགས་མཐའི་སྐྱེ་འགྲོ་བགྲང་ལས་འདས་པ་དང་། ལྷག་པར་ཁམས་བོད་མི་གྲངས་ཤིན་ཏུ་མང་བར་སྐུ་གདུང་རིན་པོ་ཆེ་མཇལ་ཁ་དང་གདུང་ཁྲུས་སོགས་ཞིབ་ཏུ་སྩལ་བས་ཀུན་གྱིས་ཕྱག་མཆོད་སྨོན་ལམ་དགེ་སྒྲུབ་སྡིག་སྤང་སོགས་རྣམ་དཀར་རྒྱ་ཆེར་བསྐྱེད་གཞིར་གྱུར་པས་རྟེན་འདིས་གདུལ་འོས་ལ་ཕྲིན་ལས་ཀྱི་འཇུག་པ་མི་ཡོལ་བའི་རླབས་ཆེན་ཐུགས་བསྐྱེད་ཀྱི་རང་འབྲས་ངོ་མཚར་ཅན་དུ་ངེས་པའོ།

།གུས་ཕྲན་ནས་ཀྱང་དགོངས་པ་ནང་དབྱིངས་སུ་ཐིམ་ཚུལ་ཐོས་ནས་མཆོད་འབུལ་གསོལ་འདེབས་ཅི་ནུས་ལ་བརྩོན་མུས། སྐུ་ཚིགས་རྫོགས་འཕྲལ་སླེབས་པས་རང་མཁོས་མཆོད་འབུལ་སོགས་དང་། དབོན་མཛོད་ནས་མཆོད་ཚོགས་གཟབ་གནང་གིས་ཁམས་སྤྲུལ་རིན་པོ་ཆེ་གུས་དཔོན་སློབ་ལྷན་ནས་སྨིན་གླིང་རྡོར་སེམས་བདུན་གཅིག་དང་། ཟླ་བཤོལ་གྱི་སྤྲེལ་ཟླའི་ཚེས་བཅུར་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཚོགས་བརྒྱ་བཤགས་བསྐང་བཅས་གཟབ་རྒྱས། དོན་གཉེར་བ་རྣམས་ལ་དྲི་མེད་རྣམ་གཉིས་ཀྱི་དབང་སོགས་འདོན་སྒྲུབ་ཞུ་རྒྱུ་ཙམ་བྱུང་། སྐུ་ཚིགས་རྫོགས་ནས་གདུང་རྟེན་ཁག་བཞེངས་རྒྱུའི་སྟ་གོན་ཚུགས། འབྲས་ལྗོངས་སུ་སྨིན་གླིང་གཟུངས་སྤར་བཞུགས་པའི་སྟེང་དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་ལ་ཆེད་དུ་དགོས་པ་རྣམས་སྤར་གསར་བརྐོས་བཅས་ཤིང་ཤོག་ཁོ་ན་ལ་བཏབ་པར་རྫས་བྱུགས། དྲས་མཐུད། བསྒྲིལ་དང་ན་བཟའ་གསོལ་རྒྱུ་བཅས་ཆད་ལྷག་ནོར་འཁྲུལ་མེད་པ་དང་། གཞན་ཡང་བྲི་དགོས་པ་རྒྱུད་དང་གཟུངས་མདོའི་གླེགས་བམ་རྣམས་དང་མཐོང་གྲོལ་བཏགས་གྲོལ་འཁོར་ལོ། ཁྱད་པར་དུ་ཚད་དང་ལྡན་པའི་སྲོག་ཤིང་ཁག་བྱང་ཆུབ་ཤིང་གི་རིགས་ལས་བསྐྲུན་པ། གལ་ཆེ་བའི་གཟུངས་རྣམས་གསེར་ཞུན་གྱིས་བྲིས་པ། གསེར་ཟངས་ཀྱི་བྱང་བུར་གཟོང་རིས་ཀྱིས་བརྐོས་པའི་གནོད་སྦྱིན་འཁོར་ལོ་ཆ་གསུམ་བཅས་ལ་དར་གོས་རྒྱུ་བཟང་ཁོ་ནའི་ན་བཟའ་དང་། དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་དང་མཆོད་ཆས་ཡོ་བྱད་རིགས། ཀླུ་དང་ས་བདག་ནོར་ལྷ་ཉེས་སེལ་སོགས་ཀྱི་བུམ་གཏེར་གྲངས་མང་། དེ་རྣམས་སོ་སོའི་རྫས་ཆ། ཐུན་མོང་དུ་ལྔ་ཚན་ལྔ་དང་། སྨན་སྣ། བསང་སྣ། འབྲུ་སྣ། དར་ཟབ། གོས་སྣ། རིན་ཆེན་ཕྱེ་མ། ས་ཆུ་འབྱུང་བཅུད་སོགས་འགྲོ་སོང་སྐུ་ངལ་འཛེམ་མེད་རྩོལ་སྒྲུབ་དང་། ལག་ལེན་རྣམས་མཆོད་དཔོན་བླ་མ་འཇམ་དབྱངས་བློ་གྲོས་མཆོག་ལྡན་ནས་འཇམ་མགོན་རྣམ་གཉིས་ཕྱག་བཞེས་ལྟར་ཞལ་བཀོད་དང་བཅས་དགེ་ཚུལ་སློང་སྡོམ་ལྡན་གཙང་སྦྲ་ལ་གནས་པ་ཤ་སྟག་གིས་ཡུན་རིང་དུ་ཞིབ་སྒྲུབ་ཟིན་པ་དང་། ངོས་རང་། མཁར་མདོ་ཞབས་དྲུང་། རྒྱ་སྟོན་རིན་པོ་ཆེ་ཆོག་རོགས་བཅས་ནས་སྦྱོང་ཁྲུས་རབ་གནས་སྔོན་དུ་འགྲོ་བས་གཟུངས་སྒྲུབ་དང་། སྲོག་ཤིང་། གླེགས་བམ། འཁོར་ལོ། བུམ་གཏེར་རྣམས་སོ་སོའི་ཆོ་གས་ཡུན་རིང་དུ་སྒྲུབ་པར་བགྱིས། གདུང་རྟེན་ཟངས་གསེར་ཡང་ཁམས་བྲག་ཡབ་པའི་བཟོ་བོ་མཁས་པ་བཞི་ནས་བརྡུང་སྒྲོས་གཟབ་བསྐྲུན་གསེར་རྩི་བཅས་གང་ལེགས་མཐའ་འདུས་གྲུབ། དེ་ཡང་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཞུས་ན་ལེགས་ཚུལ་སྐུ་གོང་འོག་ཞལ་མཐུན་གསུང་འཕྲོས་ཁྱད་པར་ཅན་གཞིར་བཞག་གིས། རྡོ་རྗེ་གདན་ལྟ་བུ་གནས་ཁྱད་པར་ཅན་ཞིག་ཏུ་གདན་འདྲེན་ཞུ་རྒྱུའི་གླེང་བསླངས་ལ། འཁྲུལ་ཞིག་དཔའ་བོ་རྡོ་རྗེ་ནས་འབྲས་ལྗོངས་གནས་མཐིལ་བཀྲ་ཤིས་སྡིངས་རང་དུ་ཞུགས་འབུལ་དང་གདུང་རྟེན་བཞེངས་གྲུབ་ན་སྐུ་ཕྲེང་གོང་མ་ལྷ་བཙུན་ཆེན་པོའི་དུས་དང་། རྗེ་བླ་མ་རང་ཉིད་ཀྱི་ཐུགས་བསྐྱེད་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པས་སྦས་གནས་འདིས་མཚོན་ཡངས་པའི་རྒྱལ་ཁམས་ཀུན་ཏུ་རྒྱལ་བསྟན་རིན་པོ་ཆེ་དར་རྒྱས་ཡུན་གནས་དང་། སྐྱེ་རྒུ་ཡོངས་ལ་ཕན་བདེ་རྒྱ་ཆེར་འབྱུང་བའི་བཙས་སུ་འགྱུར་ཚུལ་ནན་གསུངས་དང་། རྗེ་བླ་མ་གནས་ནང་ཕེབས་སྐབས་སྔར་ནས་ངེད་རང་ཕུང་པོ་འདོར་བའི་གནས་ཀྱི་བཀོད་པ་ཞིག་རྨི་ལམ་དང་རིག་ངོར་ཡང་ཡང་གསལ་བ་བཀྲ་ཤིས་སྡིངས་འདི་རང་རེད་འདུག་ཅེས་གསུང་འཕྲོས་ཕེབས་པ་དང་གུང་མཐུན་པས། གདུང་དཀྲིས་རྙིང་གསོལ་ཞིབ་བསལ་གྱིས་སྐུའི་གནས་རྣམས་སུ་གསེར་ཆབ་དང་གནས་ཡིག་རྣམས་གསར་དུ་བྲིས། བཏགས་གྲོལ་རིགས་དང་གསར་རྙིང་རྒྱུད་སྡེའི་སྙིང་པོ་སོགས་གསེར་བྲིས་ཚར་མང་། སྤར་བཏབ་ཕོན་ཆེར་ཕུལ་ཞིང་དར་གོས་དྲི་བཟང་གིས་བགོས་པས་གསར་དུ་ལེགས་པར་དཀྲིས། རིན་པོ་ཆེའི་རྒྱན་སོགས་ལོངས་སྐུའི་ཆས་ཀྱི་བསྙེན་བཀུར་ཞུས་ཏེ་རྩིས་ཁོག་དང་བསྟུན་པར་སྨལ་ཟླའི་ཡར་ངོའི་གཟའ་ཚེས་དགེ་བར་བཀུར་སྟི་དང་བཅས་འབྲས་ལྗོངས་གནས་ཀྱི་ལྟེ་བ་བཀྲ་ཤིས་སྡིངས་སུ་གདན་འདྲེན་ཞུས། དེར་བཀྲ་ཤིས་པའི་གསོ་སྦྱོང་སྔོན་དུ་འགྲོ་བས་ལྟོ་འཕྱེའི་ཁ་རྒྱུ་ཕྱོགས་དང་བསྟུན། བསྙེན་སོང་སློབ་དཔོན་རྒྱ་སྟོན་རིན་པོ་ཆེ་དང་མཁར་མདོ་ཞབས་དྲུང་ཆོག་རོགས་པ་བཅས་ནས་འོད་ཟེར་དྲི་མེད་ཀྱི་སའི་ཆོ་ག་དང་འབྲེལ་རྨང་གི་ཕྱོགས་བཞི་དབུས་ལྔར་ཀླུ་ཆེན་ནོར་རྒྱས་དང་ས་སྙིང་བསྟན་མ་སྦྲགས་སྒྲུབ་བཅས་ཀྱི་གཏེར་བུམ་ཚད་ལྡན་རེ། ས་འཛིན་ནས་ཐེམ་སྐས་བར་བརྩིགས་པའི་སྟེང་དུ་སྤུར་ཁང་མྱང་འདས་མཆོད་རྟེན་རྣམ་པ་ཅན་གྱི་སེང་ཁྲིའི་མཐིལ་དུ་ཐབ་དཀྱིལ་ཁག་རྣམས་དང་། བུམ་པའི་དབུས་སུ་སྐུ་གདུང་རིན་པོ་ཆེ་ཞལ་ཤར་དུ་ཕྱོགས་པར་བཞུགས་སུ་གསོལ། བྲེའི་སྟེང་གདུགས་དང་རྒྱལ་མཚན་བ་དན་སོགས་ཀྱིས་ལེགས་པར་བརྒྱན། མཆོད་པའི་ཡོ་བྱད་རྒྱས་པར་བཤམས། ངོར་ཐར་རྩེ་མཁན་པོ། ཁང་གསར་ཞབས་དྲུང་། མཁན་ཡོན་ཏན་བཟང་པོ་སོགས་ཀྱིས་ཀྱེ་རྡོར། གནས་བརྟན་མཆོག་གླིང་རིན་པོ་ཆེ་རྒྱ་སྟོན་ལྷན་རྒྱས་པས་སྨིན་གླིང་རྡོར་སེམས། རྡོ་གྲུབ་མཆོག་སྤྲུལ། ཀཿཐོག་རྗེ་དབོན། ཁོ་བོ་བཅས་ནས་ཀློང་སྙིང་ཞི་ཁྲོ་ཁྲོམ་དཀྲུག །རྫོང་སར་མངའ་རི་སྤྲུལ་སྐུ། མཁན་བློ་གྲོས་བཟང་པོ་སོགས་ནས་ནཱ་རོ་མཁའ་སྤྱོད། པདྨ་ཡང་རྩེའི་མཁའ་སྤྱོད་སྤྲུལ་སྐུ། སེར་སྒྲུབ་གདུང་འཛིན་ལྷན་རྒྱས་པས་རྩ་གསུམ་རིག་འཛིན་སྲོག་སྒྲུབ་བཅས་གསར་རྙིང་ཆོག་ཁག་ལྔ་ལ་ཞལ་གྲངས་དྲུག་ཅུ་སྐོར་གྱིས་སོ་སོའི་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་སྲེག་བླུགས་ཀྱི་མཆོད་པ་དང་། ཙནྡན་དཀར་དམར་དང་ཨ་ག་རུ་སོགས་བུད་ཤིང་དྲི་ལྡན་ཕོན་མང་གིས་བསྲེགས་བཞུ་གྲུབ་ཅིང་། ཆོ་གའི་ལས་རིམ་རྫོགས་ནས་གདུང་ཁང་གི་སྒོ་རྣམས་རིགས་ལྔའི་རྟགས་ཀྱིས་རྒྱས་བཏབ་ཅིང་ཞག་གསུམ་རིང་མཆོད་འབུལ་གྲུབ་པའི་ཉི་ཤར་ལ་ཞལ་ཕྱེས་ཏེ་ཆོ་ག་བཞིན་དུ་གདུང་རུས་རྣམས་དང་གདུང་ཐལ་བཅས་འཐོར་མེད་བསྡུས་ཏེ་སྤྱན་དྲངས་པ་མཆོད་པའི་རྟེན་དུ་བཞུགས་སུ་གསོལ། དཔལ་རྡོ་རྗེ་སེམས་དཔའི་མཆོད་ཚོགས་འབུལ་བ་སོགས་གྲུབ་པ་དང་། དགེ་ཚུལ་སློང་ཁོ་ནས་ཉིན་བཞིན་གསོ་སྦྱོང་བླང་བ་དང་བདག་གི་རྣལ་འབྱོར་བཅས་གདུང་རུས་གདུང་ཐལ་ཞིབ་བཏུལ་ལ་རིན་ཆེན་ཕྱེ་མ་དང་སྨན་སྣ་ཕོན་ཆེར་བསྲེས་ནས་གཞུང་གསལ་ལག་ལེན་གྱིས་སཱཙྪ་རྣམས་རིམ་པར་བཏབ་ཅིང་སོ་སོར་ཚོན་དང་། ཉིས་བརྒྱ་ལྷག་ལ་གསེར་དངུལ་བཏུལ་མ་གསོལ་གྲུབ་བསྟུན་བསྙེན་སོང་དབུར་བཞུགས་ཆོག་ཁག་གཉིས་ནས་རིམ་པར་སྒྲུབ། ས་རྡོ་སྐྱེལ་འདྲེན་སོགས་དད་སློབ་མཆོག་དམན་བགྲེས་གཞོན་གྱིས་གུས་སྤྲོ་བཅས་བརྩོན་ནས། གདུང་ཁང་དངོས་ཀྱི་ས་རྡོའི་ཆ་ཤས་སཱཙྪར་བསྲེས་ཤིང་གཞན་དུ་མ་འཐོར་བ་མཆོད་རྟེན་གྱི་ཁོངས་བཞུགས་སུ་གསོལ་ཏེ་སྔ་མའི་འཕྲོས་ནས་རིམ་བརྩིགས་ཀྱི་སེང་ཁྲིའི་ནང་དུ་གཙོ་བོར་གནོད་སྦྱིན་ལྷ་མང་གི་ཙཀྲ་དང་དེའི་ཡོ་བྱད་རིགས། ནོར་ལྷའི་གཏེར་བུམ་འདྲ་མིན་ཁག །ཉེས་སེལ་དབང་བུམ་བཅས་སོ་སོའི་ཆོ་གས་བསྐྱེད་བསྟིམ་བཞུགས་སུ་གསོལ། བང་རིམ་སྟོད་ཙམ་དུ་གཙུག་ཏོར་དྲི་མེད་ཀྱི་ཆོ་གས་དེའི་དཀྱིལ་འཁོར། གཟའ་ཚེས་དགེ་བར་བཀྲ་ཤིས་གསོ་སྦྱོང་བཅས་བུམ་པར་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་དུ་སྲོག་ཤིང་འཛུག་ཆོག་བསྙེན་སོང་ཁག་དབུར་བཞུགས་ཀྱིས་ཤིན་ཏུ་གཟབ་རྒྱས། ནང་གཞུག་གཙོ་བོ་རིང་བསྲེལ་རྣམ་པ་བཞིའམ་ལྔར་གྲགས་པའི་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ལ་བདག་ཅག་གི་སྟོན་པའི་རིང་བསྲེལ་སྡེ་སྲིད་རིན་སྤུངས་པའི་ནང་རྟེན་ལས་བྱུང་བ་འཁྲུལ་མེད་རྡོག་གཅིག །འོད་སྲུང་རིང་བསྲེལ་འཇའ་ཚོན་གཏེར་མ་དང་། བལ་ཡུལ་མཆོད་རྟེན་ལས་བྱུང་བ་གྲངས་མང་། གུ་རུའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་སོགས། ཆོས་ཀྱི་རིང་བསྲེལ་གཟུངས་ཆེན་སྡེ་ལྔ་ཚར་བདུན་བརྒྱ་ལྷག །ཉེ་སྙིང་ཤིན་ཏུ་གྲངས་མང་། རྙིང་གཟུངས་ཚར་བཅོ་ལྔ་སྐོར། བླ་མ་ཞི་དྲག་དང་མཚན་སྔགས་སྣ་ཚོགས་མང་ཙམ། གཏེར་ཤོག་དང་རྒྱ་དཔེ་བྱིན་ལྡན་ལྡེབ་ཁ་ཤས། ཟབ་བདུན་ཡང་དག་གསེར་བྱང་སོགས་ཀྱི་ཐོག་མའི་འབེབས་གཞི་མཁྱེན་བརྩེ་གོང་མའི་ཕྱག་བྲིས་ངོ་མ། རྗེ་ཉིད་ཀྱི་ཕྱག་བྲིས་ཚན་ཁ་ཤས་སོགས། སྐུ་གདུང་རིང་བསྲེལ་ཀུན་མཁྱེན་ཀློང་ཆེན་པའི་དབུ་ཀླད་རིང་བསྲེལ་ཕུང་པོ་གཙོས་གསར་རྙིང་སྐྱེས་ཆེན་མང་པོའི་གདུང་རུས་དང་། ཁྱད་པར་རྗེ་ཉིད་ཀྱི་གདུང་རུས་རིན་པོ་ཆེ་གསེར་ཞུན་གྱིས་བྱུགས་པར་ཡི་དམ་གྱི་སྙིང་པོ་བྲིས་པ་ན་བཟའ་བཅས་ཟ་མ་ཏོག་ཏུ་གཞུག་པ་སོགས། སྐུ་བལ་རིང་བསྲེལ་གུ་རུ་རིན་པོ་ཆེའི་ན་བཟའ། གནུབས་ཆེན་དང་ཉང་གི་དབུ་ལྗོན་གཙོས་གསར་རྙིང་བླ་མ་གོང་མའི་ན་བཟའ་དང་དབུ་ལྗོན་གྲངས་མང་། རྗེ་ཉིད་ཀྱི་དབུ་ལྗོན་དང་ཕྱག་སེན། སྐབས་མཚམས་རྟེན་འབྲེལ་དུ་བཞེས་པའི་ན་བཟའ་འོག་འཇུག་དཀར་པོ་བུབ་ཚང་། ཆོས་སྐུའི་རིང་བསྲེལ་རྩྭ་མཆོག་གྲོང་ནས་ཐོན་པའི་མཆོད་རྟེན་སོགས་འགའ་དང་། གསར་རྙིང་སྐྱེས་ཆེན་རྣམས་ཀྱི་ཕྱག་ཚ་བྱིན་ལྡན་ཁ་ཤས། རྗེ་ཉིད་ཀྱི་གདུང་རུས་གདུང་ཐལ་ཚད་ལྡན་བཏབ་སྒྲུབ་ཀྱི་སཱཙྪ་སུམ་སྟོང་ལྷག་བཅས། གཞན་ཡང་སྐུ་རྟེན་གུ་རུའི་སྐུ་གསེར་ལི་བྱིན་ལྡན། གཏེར་བྱོན་བྱེ་མ་ཨ་ཀྲོང་གི་ཕྱག་རྡོར་སྐུ་ངོ་མཚར་ཅན་སོགས། གསུང་རྟེན་བླ་མ་དགོངས་འདུས་དང་། གུར་དྲག་ཡེ་འབར་རྩ་རྒྱུད་གླེགས་བམ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གཏེར་གཞུང་ཆ་ཚང་སོགས། འཇམ་དཔལ་མཚན་བརྗོད། ཤེར་ཕྱིན་སྡུད་པ། རྒྱུད་བླ་མ་སོགས་མདོ་སྔགས་བསྟན་བཅོས་བཅས་ཀྱི་པུསྟི་ཀ་ཁ་ཤས། ཆོས་དབང་སྲོག་ཤིང་བརྟན་པའི་ཙཀྲ། གནམ་ཆོས་དགེ་འདུན་འདུ་འཁོར་ཆེན་མོ་སོགས་ཚད་ལྡན་བཅའ་སྒྲུབ་ཀྱི་འཁོར་ལོ་འདྲ་མིན་འགའ་བཅས། ཐུགས་རྟེན་ལི་དམར་རྡོ་རྗེ་བྱིན་ལྡན། ཡོན་ཏན་རྟེན་མཁྱེན་ཀོང་མཆོག་གསུམ། རྗེ་བླ་མ་རང་ཉིད་བཅས་ཀྱིས་བཀའ་གཏེར་སྒྲུབ་ཆེན་ལན་གྲངས་ཐེམས་པའི་ཆོས་སྨན་དང་། བདུད་རྩི་རིལ་བུ་ཁག །ཚེ་རིལ་རིགས་འདྲ་མིན་བཅས་ཀྱི་ཟ་མ་ཏོག །ཕྲིན་ལས་རྟེན་མངའ་བདག་ཉང་གི་གཏེར་མ་གནམ་ལྕགས་ཕུར་པ་བཅས། བྲེ་ནང་སྲོག་ཤིང་རྩེ་མོར་བསྟན་པ་བུ་གཅིག་སོགས་བཏགས་གྲོལ་གླེགས་བམ་དང་འཁོར་ལོའི་རིགས་རྗེ་བླ་མ་མཆོག་གིས་སྒྲུབ་གནང་ཅན་དར་གྱི་ན་བཟའ་བཅས་ཙནྡན་བྱང་བུའི་བར་བལྟེམས་པ་དང་། གཞན་བཏགས་གྲོལ་རིགས་འགའ། ཞར་བྱུང་ཐུགས་སྒྲུབ་ཆ་ལག་ཤཱཀ་ཐུབ་དྲན་གྲོལ་མཆོད་རྟེན་གྱི་སེམས་ཉིད་ངལ་གསོའི་མཐོང་གྲོལ་འཁོར་ལོ་བཅས། བུམ་སྒོར་ཡང་དེ་ཉིད་ལས་བྱུང་བའི་ཕྱག་རྒྱ་མཐོང་གྲོལ་རྡོ་རྗེ་མི་འཁྲུགས་པའི་སྐུ་ཀཿཐོག་དབོན་སྤྲུལ་ཕྱག་བཟོ་ནང་གཞུག་དང་ཆ་ཚད་ལྡན་པ། རྩེ་མོར་གསེར་ཟངས་ཀྱི་ཟར་ཚགས་ཉི་ཟླ་ཏོག་བཅས་ཀྱི་ནང་དུ་གདུགས་དཀར་ཙཀྲ། རྒྱལ་མཚན་རྩེ་མོའི་གླེགས་བམ། གཟུངས་ཆེན་དང་མཐོང་གྲོལ་རིགས་བཅས་བཞུགས་སུ་གསོལ་ཏེ། ཕྱག་ལེན་གཙང་དག་གི་སྒོ་ནས་བྱང་ཆུབ་ཆེན་པོའི་མཆོད་རྟེན་རྗེ་མཁྱེན་བརྩེ་གོང་མས་ཆོས་སྡེ་ཆེན་པོ་ལྷུན་གྲུབ་སྟེང་དུ་མཆོད་སྡོང་མཐོང་གྲོལ་ཆེན་མོ་བཞེངས་སྐབས་གསར་བསྐྲུན་གནང་བའི་ཐིག་རྩ་འཆུགས་མེད་དུ་ལེགས་པར་བཞེངས་པའི་དཀར་ཆག་ལོགས་སུ་བཀོད་པ་ལས་ཤེས་པར་བྱའོ། །དེ་ལྟར་གྲུབ་ཟིན་པ་དང་བཀྲ་ཤིས་པའི་གསོ་སྦྱོང་དང་མཆོད་པའི་ཚོགས་གཟབ་རྒྱས་དང་བཅས་མཁན་སྤྲུལ་རྣམས་དབུར་བཞུགས་གསར་རྙིང་འདུས་པ་ལྷན་ཚོགས་ཀྱིས་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་སྒོ་ནས་རབ་གནས་ཉིན་འཁྱོངས་དང་། ཉིན་རྗེས་མར་ཐར་རྩེ་མཁན་རིན་པོ་ཆེ། ཁང་སར་ཞབས་དྲུང་། མངའ་རི་སྤྲུལ་སྐུ། མཁན་ཡོན་ཏན་བཟང་པོ། བློ་གྲོས་བཟང་པོ་སོགས་ནས་ཀྱེ་རྡོར། ཀཿཐོག་དབོན་སྤྲུལ་དང་ཁོ་བོ་སོགས་ཀྱིས་སྨིན་གླིང་རྡོར་སེམས་སྒོ་ནས་རབ་ཏུ་གནས་པའི་ཆོ་ག་ཚོགས་སྐོང་མཆོད་འབུལ། ཆོས་སྐྱོང་དང་ཡོན་བདག་བསྒོ་བ་སོགས། རྒྱ་སྟོན་མཆོག་སྤྲུལ་དཔོན་སློབ་ནས་ཤཱཀ་ཐུབ་དྲན་གྲོལ་མཆོད་རྟེན་གྱི་ཆོ་ག་དང་། མི་འཁྲུགས་པའི་ཕྱག་རྒྱ་མཐོང་གྲོལ་བཅས་སྒྲུབ་གནང་གིས་ཡེ་ཤེས་སེམས་དཔའ་ནན་དུ་བསྟིམ་ཞིང་བཞུགས་སུ་གསོལ་བར་མཛད་པ་སོགས་ཀྱི་སྒོ་ནས་ཕྱི་རྟེན་མཆོད་སྡོང་རིན་པོ་ཆེ་བཀྲ་ཤིས་གྲོལ་བ་བཞི་ལྡན་བྱིན་རླབས་དཔལ་འབར་ཞེས་སྲིད་ཞིའི་བླ་ན་མངོན་པར་མཐོ་བའི་ཆོས་སྐུའི་རྟེན་མཆོག་དམ་པར་མངའ་གསོལ་བས་ལྷར་བཅས་འགྲོ་བ་ཀུན་གྱིས་ཕྱག་མཆོད་བསོད་ནམས་ཀྱི་ཞིང་། སྦས་གནས་འདིས་མཚོན་བགྲང་ཡས་བསྟན་འགྲོའི་དགེ་ལེགས་ཀྱི་དཔལ་དུ་སྲིད་པ་ཇི་སྲིད་བར་བཞུགས་སུ་གསོལ་བ་དང་འབྲེལ། སླར་ཡང་ཕུན་སུམ་ཚོགས་པའི་མཁན་སློབ་དགེ་འདུན་རྣམས་ནས་གསོ་སྦྱོང་དང་འབྲེལ་བར་བསྟན་པ་རྒྱས་ཆོག་དང་སྨོན་ཚིག་ཤིས་བརྗོད་རྒྱས་པར་བསྒྲུབས་པས་ཤིན་ཏུ་དགེ་ལེགས་ཆེས་ཆེར་འཕེལ་རྒྱས་སུ་གྲུབ་པའོ།

།ཞར་བྱུང་དེ་ལྟར་བཞེངས་པའི་ཕན་ཡོན་དང་དགོས་པའང་། སྤྱིར་རིང་བསྲེལ་རྣམ་བཞིའི་སྙིང་པོ་ཅན་གྱི་མཆོད་རྟེན་གསར་དུ་བཞེངས་པའམ། ཉམས་གསོས་དང་ཕྱག་མཆོད་བཀུར་བསྟི་བགྱིས་པ་སོགས་དང་། ཁྱད་པར་དུའང་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་དང་འབྲེལ་བར་སྲོག་ཤིང་འཛུག་ཆོག་ལྡན་པའི་མཆོད་རྟེན་བཞེངས་པ་ནི་ཕན་ཡོན་ཆེས་ཤིན་ཏུ་ཆེ་བར་གཟུངས་མདོ་ཁག་དང་། གཟུངས་ཆེན་སྡེ་ལྔ་སོ་སོའི་མདོ་དང་རྟོགས་པ། མཆོད་རྟེན་བསྐོར་བའི་ཚིགས་བཅད་སོགས་ལས་གཙོ་བོར་རྫོགས་པའི་སངས་རྒྱས་དངོས་ཀྱིས་རྒྱ་ཆེར་གསུངས་པ་དང་། དེ་བཞིན་དུ་བཏགས་གྲོལ་དང་མཐོང་གྲོལ་རིགས། མཆོད་རྟེན་དྲན་གྲོལ། ཕྱག་རྒྱ་མཐོང་གྲོལ་ཙཀྲ་དང་གླེགས་བམ་སྐོར། གཏེར་བུམ་སོགས་བཅའ་སྒྲུབ་གཞུང་མཐུན་གྱིས་རྟེན་འདིར་བཞུགས་སོ་ཅོག་རྣམས་ལ་རེ་རེ་བཞིན་ཕན་ཡོན་མང་དུ་གསུངས་པ་ཐམས་ཅད་རྫོགས་པར་ཚང་བས་ན། ངེས་པར་བསྟན་དང་འགྲོ་བའི་བཙས་དམ་པར་གྱུར་ཅིང་ཀུན་གྱིས་བསོད་ནམས་བསགས་པའི་ཞིང་བླ་ན་མེད་པ་གྲོལ་བ་བཞི་ལྡན་ཆེན་པོར་ཚད་མས་གྲུབ་པ་སྟེ་ཞིབ་ཏུ་རྟོགས་པར་འདོད་ན་སོ་སོའི་གཞུང་རྣམས་ལས་ཤེས་པར་བྱ་ཞིང་། འདིར་གང་དུ་ཞི་བ་མངོན་དུ་མཛད་པའི་གནས་དེར་ཡེ་ཤེས་རང་སྣང་གི་ཞིང་ཁམས་རང་ཆས་ལྷུན་གྲུབ་ཏུ་བཞུགས་པར་གསུངས་པ་ལ་ངེས་ཤེས་བརྟན་པོས་ཐུགས་ཡིད་དྲངས་ཏེ། དཔལ་ལྡན་བླ་མ་རྡོ་རྗེ་འཆང་མཆོག་གི་ཟབ་དགོངས་དབྱིངས་སུ་རྫོགས་པའི་སྲི་ཞུ་དང་། གདུལ་བྱའི་བསོད་ནམས་བསགས་པའི་ཞིང་དུ་གསང་ཡུམ་མཆོག་ནས་གཟིམ་སྦུག་དེར་ནང་རྟེན་དུ་རྗེ་ཉིད་ཀྱི་སྐུ་ཚད་ལས་མི་དམན་པའི་མཆོད་སྡོང་བཞེངས་རྒྱུར་ཐུགས་དགོངས་ཟབ་བཞེས་ཀྱིས་གསེར་ཟངས་མཆོད་རྟེན་ཐོག་ཚད་ཅན་དང་། འབྱུང་འགྱུར་ཁམས་བོད་དུས་བདེའི་སྐབས་གདན་འདྲེན་ཞུ་རྩིས་མཆོད་རྟེན་མདའ་ཚད་ལྷག་བཅས་ལ། ལྕགས་བྱི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་ལ་སོ་སོའི་ས་འཛིན་ནས་བརྩམ་གཟུངས་རྣམས་རིམ་འབུལ་གྱིས་མཆོད་རྟེན་ཆེ་བར་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་སྲོག་ཤིང་འཛུག་ཆོག་བཅས་ཞིབ་རྒྱས་དང་། སོ་སོའི་སཱཙྪ་རྣམས་ཀྱང་གདུང་རུས་ལས་བཏབ་པ་གྲངས་ཚང་བར་བཞུགས། ཆུང་བར་གཙོ་བོ་ཤཱཀ་ཐུབ་དྲན་གྲོལ་མཆོད་རྟེན་བཅའ་གཞི་ལ་འོད་དྲིའི་དཀྱིལ་འཁོར་ཟུང་དུ་བཞེངས་ནས་སྲོག་ཤིང་འཛུག་ཆོག་བགྱིས་པ་དང་། ནང་གཞུག་ལ་སཱཙྪ་མང་ཉུང་ཙམ་ལས་ཕལ་ཆེར་ཕྱི་རྟེན་སྐབས་དང་མཚུངས་ཤིང་། མཆོད་རྟེན་ཆེ་བའི་བུམ་སྒོར་རྡོ་རྗེ་འཆང་གི་སྐུ་གསེར་ལི་མཐོ་ཚད་ཁྱད་འཕགས་བྱིན་ལྡན་དང་། ཆུང་བར་སྤྱན་རས་གཟིགས་ཀྱི་སྐུ་ལི་མ་བྱིན་ལྡན་བཅས་བཞུགས། གཉིས་ཀའི་ཐིག་རྩ་གོང་སྨོས་བྱང་ཆུབ་མཆོད་རྟེན་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་གསེར་ཤས་ཅི་ཆེ་གཡུ་བྱེར་གཟི་མཆོང་སྤོས་ཤེལ་མུ་མེན་མུ་ཏིག་ཕ་ལམ་སོགས་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་རྒྱན་ཕུན་སུམ་ཚོགས་པ་མིག་གི་བདུད་རྩིར་གྱུར་པ་དང་། ཞར་དུ་སྐུ་རྟེན་རིགས་མང་ཙམ་ལའང་གཟུངས་འབུལ་མཉམ་དུ་གྲུབ་སྟེ། དབོ་ཟླ་བའི་ཡར་ཚེས་དགེ་བར་དཔལ་སྤུངས་སྐུ་ཞབས་ཏཱའི་སི་ཏུའི་མཆོག་སྤྲུལ་རིན་པོ་ཆེ་དབུས། དཔོན་སློབ་མང་ཚོགས་ཀྱིས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་རབ་ཏུ་གནས་པར་མཛད་པ་དང་། རྒྱལ་དབང་ཀརྨ་པ་མཆོག་གིས་ཀྱང་ཡེ་ཤེས་དགོངས་པའི་ལྷག་གནས་ཐུན་མིན་དུ་སྩལ་བར་མཛད། སླར་ཡང་སྣྲོན་ཟླའི་ཡར་ཚེས་རྗེ་བླ་མ་མངོན་པར་བྱང་ཆུབ་པའི་དུས་མཆོད་དང་འབྲེལ་དཔལ་ས་སྐྱའི་སྐྱབས་མགོན་བདག་ཁྲི་རིན་པོ་ཆེ་དབུར་བཞུགས་ཀྱིས་རབ་གནས་ཉིན་འཁྱོངས་གཟབ་རྒྱས་སོགས་སྔ་ཕྱི་རབ་ཏུ་གནས་པ་ལན་མང་གིས་ཡེ་ཤེས་སེམས་དཔའ་ཡང་ཡང་བསྟིམ་ཞིང་བཞུགས་སུ་གསོལ་བ་བཅས་ཀྱིས་འཇིག་རྟེན་ལྷ་དང་བཅས་པ་ཀུན་གྱི་རྣམ་དཀར་བསོད་ནམས་ཀྱི་ཞིང་མཆོག་ཕུལ་དུ་བྱུང་བར་འབྲས་ལྗོངས་སྒང་ཏོག་གཙུག་ལག་ཁང་གི་གཟིམ་སྤྱིལ་འོག་མར་རྗེ་བླ་མ་མཆོག་གིས་བསྟན་འགྲོའི་དོན་རྒྱ་ཆེར་གནང་ཞིང་མངོན་པར་བྱང་ཆུབ་པའི་གནས་རྒྱལ་བསྟན་རིས་མེད་ཆོས་ཀྱི་དགའ་ཚལ་འོག་མིན་རྡོ་རྗེ་བཀོད་པའི་ཕོ་བྲང་ཆེན་པོར་བཞུགས་སུ་གསོལ་བའོ།

།སྐབས་དེ་དག་གི་གསུང་ཆོག་སྔ་ཕྱིའི་དབུ་བཞུགས་དང་བླ་གྲྭ་བྱིངས། བཟོ་རིག་ལས་བྱེད་ཁག་ལ་དངོས་འབུལ་དང་གླ་ཆ་གནང་སྦྱིན་སོགས་ཀྱི་བསྙེན་བཀུར་དགྱེས་ཤིང་ཡི་རང་བར་བགྱིས་ཏེ་སྡིག་དང་མ་འདྲེས་པའི་རྣམ་དཀར་གཙང་དག་ཏུ་བསྒྲུབས་པའི་དངོས་པོ་འགྲོ་སོང་སྐོར་ཞིབ་ཏུ་བཀོད་ན་དགེ་བ་ངོམ་པའི་སྐྱོན་དུ་དོགས་ཏེ་མ་སྤྲོས་ལ། རྣམ་དཀར་རླབས་ཆེའི་ཤུགས་ཀྱིས་ཀྱང་རྟོགས་པར་ནུས་པ་ཉིད་དོ། །དེ་ལྟར་བཞེངས་པའི་གདུང་རྟེན་ཆོས་སྐུའི་མཆོད་སྡོང་རིན་པོ་ཆེ་དང་གཟིམ་སྤྱིལ་བཅས་ལ་དུས་དང་རྒྱུན་གྱི་མཆོད་པའང་ཉིན་བཞིན་མཆོད་ཡོན་གྲངས་མང་དང་མར་མེའི་ཕྲེང་བ། སྣང་གསལ་རྒྱུན་འབར་ཁ་ཤས། ཉ་སྟོང་བརྒྱད་དྲུག་ཏུ་འཕར་མ་གང་རྒྱས། ཡར་མར་ཚེས་བཅུར་ཚོགས་བསྐང་དང་། འདུལ་བ་མདོ་རྩ་བར། དེ་ལ་དུས་སྟོན་བྱའོ། །བལྟམས་པ་དང་། གཙུག་ཕུད་དང་། དབུ་སྐྲ་དང་། བྱང་ཆུབ་པའི་དུས་སྟོན་དག་ཀྱང་ངོ་། །ཞེས་གསུངས་པ་ལྟར་རྗེ་བཙུན་བླ་མ་རིན་པོ་ཆེ་མངོན་པར་བྱང་ཆུབ་པའི་སྐུ་མཆོད་དུ་རྗེ་གོང་མའི་དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་ཆོས་སྡེ་བླ་སྒྲུབ་བྱིན་རླབས་སྙིང་པོའི་སྐོང་ཆོག་བདུན་ཕྲག་གི་ཁོངས་སུ་སྤྲེལ་ཟླ་སྔ་མར་ཁེལ་བས་ཚེས་བཅུར་གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག་གི་ཚོགས་བརྒྱ་རྒྱས་པ་རེ་བཅས་ལོ་བསྟར། སླར་ཡང་ལོ་དེའི་དགུན་ཐོག་གསང་ཡུམ་མཆོག་ཉིད་དགོངས་རྫོགས་མཇུག་སྐྱོང་ཆེད་ཕེབས་གནང་ནས་རྡོ་རྗེ་གདན་དུ་ཁྲི་མཆོད་ལྷག་བཅས། གནྡྷོ་ལའི་ཕྱི་ནང་གློག་རྣམས་མཚན་ཐོག་ཐག་སྤར་བ་སོགས་མཆོད་ཚོགས་གཟབ་འབུལ། དགོན་པར་ཡང་མང་ཇ་སྐུ་འགྱེད། ཝཱ་རཱ་ཎ་སཱི་བོད་དགོན་པར་ཡང་དེ་མཚུངས། གཞན་ཡང་མཚོ་པདྨ་དང་གནས་ཆེན་ཁག་ཚང་མར་མཆོད་འབུལ་གཟབ་རྒྱས། བལ་ཡུལ་མཆོད་རྟེན་རྣམ་གསུམ་སོ་སོར་སྐུ་དཀར་དང་དྲི་བཟང་ན་བཟའ། སྟོང་མཆོད་གཟབ་རྒྱས། ཡང་ལེ་ཤོད་དུ་ཚོགས་མཆོད་སོགས་སྐབས་བབས་གསུང་ཆོག་དང་གསོལ་འདེབས་སྨོན་ལམ་ནན་དུ་གནང་། ཞོར་དུ་གདུང་ཞུན་གྱིས་བགོས་པའི་སྤུར་ཚྭ་རྣམས་དད་ལྡན་དོན་གཉེར་རིགས་ལ་གནང་བ་དང་། ཕོན་མང་བ་ཆེད་དུ་གདན་འདྲེན་གྱིས་ཆུ་བོ་གངྒཱར་གཤེགས་སུ་གསོལ་བའང་རྒྱལ་སྲས་ལྷ་རྗེའི་སྐྱེས་རབས་རིམ་བྱོན་མྱང་གྲོལ་སྐྱེ་བདུན་ཆེན་པོར་ཐང་ཡིག་ལས་ལུང་བསྟན་བཅས་རྒྱ་ཆེར་གསུངས་པ་ཉིད་ཨོ་རྒྱན་གླིང་པའི་སྐུ་གདུང་གི་ལོ་རྒྱུས་དང་། ཀུན་མཁྱེན་འཇིགས་གླིང་གིས་ཞལ་བཞེས་གནང་བ་བཞིན་འདི་ཁོ་ནའང་ཕྲིན་ལས་ཀྱི་ཆ་ཤས་བསམ་གྱིས་མི་ཁྱབ་པར་ངེས་པ་སོགས་མདོར་ན་ལྟོས་བཅས་མཆོག་ཕལ་ཀུན་གྱིས་སྒོ་ཐམས་ཅད་ནས་ཟབ་དགོངས་ཡོངས་སུ་རྫོགས་པའི་ཐབས་ལ་གཅིག་ཏུ་བརྩོན་པས་རྣམ་དཀར་གྱི་རིམ་པ་བློ་ནུས་དང་འཚམས་པ་སྒྲུབ་བཞིན་པ་ལགས་སོ། །དེ་ལྟ་བུར་བླ་མའི་ཟབ་དགོངས་རྫོགས་པའི་ཐབས་ལ་བརྩོན་པ་ནི་བསགས་སྦྱོང་ཀུན་གྱི་མཆོག་ཏུ་འགྱུར་བ་སོགས་ཕན་ཡོན་དང་དགོས་པ་བསམ་གྱིས་མི་ཁྱབ་པའང་། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ཀྱི་དུམ་བུ་བླ་མའི་ཡོན་ཏན་བཟུང་བའི་རྒྱུད་ལས། ཉེ་དུ་འབྲེལ་པ་ཤུལ་ན་གནས་པ་ཡིས། །གཤིན་གྱི་དོན་དུ་དགེ་བ་གང་བྱས་པའི། །རྣམ་པར་སྨིན་པ་མ་ཕྱིར་བེའུ་བཞིན། །གང་དུ་སྐྱེ་བ་དེ་ཡི་རྗེས་སུ་འབྲང་། །དེ་བཞིན་མོས་གུས་ལྡན་པའི་སློབ་མ་ཡིས། །བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །ཐུགས་ཀྱི་དགོངས་པ་གོང་དུ་ཡོངས་རྫོགས་ཤིང་། །སློབ་མས་བླ་མའི་རྣམ་ཐར་སྙོགས་པར་འགྱུར། །བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པར་བསགས་པའི་སྡིག་ཆེན་རབ་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །སྟོང་གསུམ་སྐྱེ་བོ་མིག་བྲལ་སྲོག་ཉམས་ལ། །མིག་སྲོག་བྱིན་ཡང་དེ་ཡི་དཔེར་མི་ཕོད། །དེ་སྙེད་སྐྱེ་བོ་དགྲ་བཅོམ་ལ་བཀོད་ནས། །བསྐལ་པར་མཆོད་པའི་དགེ་བས་དཔེར་མི་ཕོད། །བསྐལ་པ་གྲངས་མེད་བྱས་པའི་སྡིག་པ་ཡང་། །མུན་ལ་ཉི་མ་ཇི་བཞིན་མ་ལུས་སེལ། །ཞེས་རྒྱུད་ཀྱི་རྡོ་རྗེའི་ལུང་སོགས་ལས་རྒྱ་ཆེར་འབྱུང་བ་ལྟར་རོ། །དེ་ལྟར་ལེགས་བྱས་ཀྱི་ཐོག་མཐའ་བར་གསུམ་དུ་ས་གཞི་སྐྱོང་བའི་མངའ་བདག་འབྲས་ལྗོངས་ཆོས་རྒྱལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་སྲས་ཡུམ་ཟུང་གིས་དད་དམ་འགྱུར་བ་མེད་པའི་ཐུགས་བསྐྱེད་ལྷུར་བཞེས་ཀྱི་བདག་རྐྱེན་བླ་མེད་གནང་ཞིང་། ཤུལ་བཞུགས་ལྟོས་བཅས་ཀྱང་རྣམ་ཀུན་ཐུགས་བརྩེ་ཆེན་པོས་བསྐྱངས་པ་ནི། འཇམ་མགོན་བླ་མ་རིན་པོ་ཆེའི་ཆོས་ཀྱི་བཀའ་དྲིན་འཚོབ་པའི་དམ་ཚིག་གི་གཞུང་རྣམ་པར་དཀར་བ་དམ་པའི་ངང་ཚུལ་བསྔགས་འོས་མཛད་བཟང་ཟླ་མེད་ལ་རྗེས་སུ་ཡི་རང་བའི་གནས་སུ་ངེས་པའོ། ། ༈

གཉིས་པ་ཐུན་མིན་ཁྱད་པར་གྱི་རྣམ་ཐར་བྱེ་བྲག་ཏུ་བཤད་པ་ལ་གཉིས། ནང་དང་གསང་བའི་རྟོགས་པ་བརྗོད་པའོ། །དང་པོ་ནི། ཟབ་མོའི་རྣལ་འབྱོར་གྱི་བྱེད་པས་ཡེ་ཤེས་དག་པའི་སྣང་བ་ལ་དབང་འབྱོར་བ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ནང་གི་རྣམ་ཐར་ཏེ། དེ་ལའང་ནང་གསེས་གསུམ་དུ་དབྱེ་བ་ལས། དང་པོ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་པའི་མངའ་བདག་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་སྲོལ་འདྲེན་པའི་ཤིང་རྟ་ཆེན་པོར་དོན་གྱིས་གྲུབ་ཚུལ་གཙོ་བོར་སྨོས་པའི་ཁོངས་སུ་འབྲེལ་མཚུངས་གཟིགས་སྣང་རིགས་སྐབས་སོ་སོར་འགོད་པར་བྱ་སྟེ། མཁས་གྲུབ་ཆེན་པོ་པྲཛྙཱ་རསྨིས། དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི། །གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་སྲོལ་ཆེན་བརྒྱད། །དེ་དག་གྲུབ་ཐོབ་གོང་མའི་གཤེགས་ཤུལ་ཡིན། །ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས། །ཞེས་དང་། ཀུན་གཟིགས་གུ་ཎ་སཱ་རས། བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །ཞེས་གསུངས་པ་ལྟར། ལྗོངས་འདིར་སྤྲུལ་པའི་ལོ་པཎ་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་ལས་ལེགས་པར་བྱོན་ཅིང་། དེ་དག་ཐུགས་ཉམས་སུ་བཞེས་པས་གྲུབ་འབྲས་མངོན་དུ་མཛད་ནས་དམ་པའི་སྐྱེས་བུ་རེ་རེས་ཀྱང་གདུལ་བྱ་མཐའ་ཡས་པ་བྱང་ཆུབ་ཆེན་པོའི་གོ་འཕང་ལ་དབུགས་དབྱུང་བར་མཛད་པ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གཞུང་གདམས་མན་ངག་གི་རྒྱུན་སོ་སོའི་རིང་བརྒྱུད་བར་མ་ཆད་པ་བཞུགས་སོ་ཅོག་ཀུན་ལྷག་ལུས་མེད་པར་ཀུན་གཟིགས་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོས་ཤིན་ཏུ་དོན་གཉེར་ཆེན་པོས་གསན་ཏེ་ཐུགས་དམ་ཉམས་བཞེས་ཡུན་རིང་དུ་གནང་། ཤིང་རྟ་སོ་སོའི་བསྟན་པའི་མངའ་བདག་ཆེན་པོ་རྣམས་དང་ཡི་དམ་ལྷ་དང་མཁའ་འགྲོས་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པས་ཉེ་བརྒྱུད་གདམས་པའི་བཀའ་བབས་ཁྱད་པར་ཅན་བརྙེས་ཏེ་དབང་ཁྲིད་མན་ངག་གི་རྒྱུན་རྣམས་རིས་མེད་པའི་བསྟན་འཛིན་སྐྱེས་ཆེན་དང་། ཁྱད་པར་དུ་འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་ལ་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་སྩལ་ནས་བསྟན་པའི་སྲོག་མཐུད་པར་མཛད་པའི་རྒྱུན་མཐའ་དག་སླར་ཡང་རྗེ་བླ་མ་དམ་པ་མཆོག་གིས་ཀྱང་ཕྲ་ཞིང་ཕྲ་བར་རྩད་གཅོད་དང་འབྲེལ་ཡོངས་རྫོགས་ཞིབ་ཚང་དང་། གཙོ་ཆེ་བ་རྣམས་ལན་གྲངས་དུ་མར་གསན་ཅིང་། ཐུགས་དམ་ཉམས་བཞེས་དང་འཆད་སྤེལ་སོགས་སྒོ་ཀུན་ནས་འགྲན་ཟླ་དང་བྲལ་བའི་ཕྱག་རྗེས་ལས། དོན་གྱིས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་པའི་གསལ་བྱེད་ཆེན་པོར་ངེས་པའི་ཚུལ་རྒྱ་ཆེར་སྔར་སྨོས་པས་སྤྱིར་བཏང་ཤེས་ནུས་ལ། བྱེ་བྲག་ཏུ་ཐམས་ཅད་མཁྱེན་གཟིགས་རྗེ་བཙུན་བླ་མ་མཆོག་ལ་གཟིགས་སྣང་དུ་བཀའ་བབས་བརྙེས་ཚུལ་དམིགས་བསལ་ས་བོན་ཙམ་སྨོས་ན། ཐོག་མར་སྔ་འགྱུར་བསྟན་པའི་བདག་པོར་ངེས་པའི་ཚུལ་ནི། རྗེ་ཉིད་ཀུན་གཟིགས་མཁྱེན་བརྩེའི་མཆོག་སྤྲུལ་དུ་ཐོག་མར་མཚན་བཞེས་གནང་ཡུལ་དང་། སྡོམ་པ་གསུམ་གྱི་གཡར་དམ་ཐོག་མར་བཞེས་ཤིང་མདོ་སྔགས་རིག་གནས་གསན་བསམ་ཡོངས་སུ་རྫོགས་པའི་གནས་སྔ་འགྱུར་རྙིང་མའི་ཆོས་སྡེ་དཔལ་ཀཿཐོག་རྡོ་རྗེ་གདན་དུ་གྱུར་ཅིང་། འཇམ་མགོན་མཁྱེན་བརྩེའི་ཞབས་གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཆེན་པོར་ངེས་པའི་ཁྱད་པར་ལས་བཀའ་བབས་བདུན་གྱི་གསང་མཛོད་ཀྱང་སྔ་འགྱུར་བཀའ་གཏེར་གྱི་རིང་ལུགས་ལས་གཙོ་བོར་འཕྲོས་པས་ན། རྣམ་ཐར་གྱི་ངེས་གསང་དེ་དང་རྗེས་མཐུན་པར་རྗེ་འཇམ་མགོན་རྣམ་གཉིས་ཀྱི་ཞལ་སློབ་སྔ་འགྱུར་བསྟན་པའི་གསལ་བྱེད་མཁས་དང་གྲུབ་པའི་རྣམ་ཐར་ཅན་ཀཿཐོག་སི་ཏུ་པཎ་ཆེན། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ། རྡོ་གྲུབ་ཀུན་མཁྱེན་བསྟན་པའི་ཉི་མ། གཏེར་ཆེན་ལས་རབ་གླིང་པ། འབྲུག་པ་རྡོ་རྗེ་འཆང་སྣ་ཚོགས་རང་གྲོལ་སོགས་ཀྱི་ཐུགས་བཅུད་རྫོགས་པར་གསན་ཅིང་སོ་སོའི་དགོངས་གཏད་ཐུན་མིན་དང་བཅས་བསྟན་པའི་བདག་པོར་མངའ་གསོལ་བ་དང་། གཞན་ཡང་མི་ཕམ་འཇམ་པའི་དབྱངས་ཀྱིས་ཀྱང་བདག་གི་བླ་མ་མཁྱེན་བརྩེ་རིན་པོ་ཆེའི་མཆོག་སྤྲུལ་རྫོང་སར་དུ་བཞུགས་པ་འདི་ཉིད་ངོ་མཚར་ཆེ་བར་འབྱུང་ཞེས་འབྱུང་འགྱུར་མངོན་སུམ་གཟིགས་པས་བསྔགས་པར་མཛད་པ་བཞིན།

བཀའ་གཏེར་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་ཆེན་བཅས་མཐར་ཕྱིན་པར་གནང་ཞིང་། ཟབ་མོའི་རྫོགས་རིམ་རྣམས་ལ་ཉམས་བཞེས་དང་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཁྱབ་བརྡལ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལས་ནམ་ཡང་མི་འདའ་བ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ཆེན་པོར་བཞུགས་ནས། སྔ་འགྱུར་བཀའ་མ་དྲི་མེད་རྣམ་གཉིས་སོགས་རྒྱུད་སྡེ་ཆེ་ཕྲ་དང་། ཁྱད་པར་དུ་ནང་རྒྱུད་ཡོ་ག་རྣམ་གསུམ་ཡོངས་སུ་རྫོགས་པའི་སྨིན་གྲོལ། རྒྱུད་རྒྱལ་གསང་བ་སྙིང་པོ་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། སྤྱི་མདོ་དགོངས་འདུས་བཅས་ཀྱི་རྒྱུད་བཤད། དེ་རྣམས་ཀྱི་གཞུང་པོད་དང་ཆོག་ཁྲིགས་སྐོར། རྙིང་རྒྱུད་བཅས་ཀྱི་ལུང་། གཏེར་མ་མཆོག་གི་སྤྲུལ་སྐུ་རྣམ་གསུམ། གླིང་པ་ཆེན་པོ་བཅུ་གཉིས། དྲི་མེད་རྣམ་གསུམ་ནས། ཕྱིས་བྱོན་རིག་འཛིན་རྩལ་འཆང་རྣམ་གསུམ། ལས་རབ་གླིང་པ། དྲི་མེད་པདྨ་གླིང་པ་ཡབ་སྲས་བར་དུ་བྱོན་པའི་གཏེར་ཆོས་རྩོད་བྲལ་རྒྱུན་བཞུགས་ཕལ་ཆེ་བའི་དབང་ལུང་ཁྲིད། གཞུང་པོད་ཀྱི་ལུང་དང་། རིན་ཆེན་གཏེར་གྱི་མཛོད་ཆེན་མོ་བཅས། རྙིང་ཕྱོགས་བསྟན་འཛིན་ཆེ་ཕྲ་ལ་གང་ལ་གང་དགོས་བར་མ་ཆད་པར་འཆད་སྤེལ་མཛད་པའི་རྒྱུན་ལས་ཞེ་ཆེན་རབ་འབྱམས་ལྔ་པས་གདན་ས་ཆེན་པོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་རིན་གཏེར་གསུངས་པས་མཚོན། ཁམས་བོད་སྟོད་སྨད་ནས། བྱང་རེབ་ཀོང་གི་ཡུལ་ཚུན་ཆད་དུ་སྔ་འགྱུར་བཀའ་གཏེར་འཆད་ཉན་གྱི་རྒྱུན་རྒྱ་ཆེར་འཕེལ་ཞིང་། ཞར་བྱུང་གཏེར་མཛོད་དཀྱིལ་ཙཀ་ཆ་ཚང་སྤར་དུ་འཁོད་པ་སོགས་བྱུང་བ་དང་། ཁྱད་པར་དུ་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་སྔ་འགྱུར་བའི་ཆོས་ཀྱི་སྲོག་ལྟ་བུ་བཀའ་མ་འདི་ཡིན་པའི་བསྔགས་བརྗོད་དང་ཐུགས་རྩིས་ཆེ་བར་གནང་ཞིང་། གཏེར་ཆེན་མཆོག་གླིང་ལའང་སྐྱེས་སྦྱང་གི་ཡོན་ཏན་སད་བྱེད་དུ་འཇམ་མགོན་རིན་པོ་ཆེ་ལས་གསང་སྙིང་རྒྱུད་བཤད་ཆེད་དུ་གསན་པར་བསྐུལ་བ་དང་། དཔལ་ཡུལ་རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན་སོགས་ལ་བཀའ་མ་འདི་ཁོ་ན་གལ་གནད་ཆེ་བར་ཡང་ཡང་གདམས་པ་ལྟར་རྗེ་ཉིད་ནས་ཀྱང་སྔ་ཕྱིར་ལན་མང་དུ་གནང་བས། ཀཿདཔལ། ཞེ་རྫོགས། མཆོག་གླིང་གདན་ས་གོང་འོག་སོགས་ཀྱི་བསྟན་རྒྱུད་ལ་དམིགས་བསལ་དུ་བཀའ་དྲིན་ཆེ་ཞིང་། དེ་དག་གི་བཤད་གྲྭའི་རྒྱུན་ལ་སོ་ཟུར་གནུབ་གསུམ་སོགས་མཁས་གྲུབ་སྤྱི་དང་། ཁྱད་པར་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གསུང་རབ་དགོངས་དོན་འཇམ་མགོན་མི་ཕམ་རིན་པོ་ཆེའི་ལེགས་བཤད་ཀྱིས་བཀྲལ་བའི་སྲོལ་འཛུག་གནང་བའི་ཆོས་སྡེ་དེ་རྣམས་གཙོར་གྱུར་སངས་རྒྱས་གཉིས་པའི་རིང་ལུགས་འཛིན་པ་མཐའ་ཡས་པའི་གཙུག་ནོར་གཅིག་པུར་གྱུར་པ་སོགས་ཐུགས་བསྐྱེད་དང་ཕྲིན་ལས་སྒོ་ཀུན་ནས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་ཞིང་རྙིང་བསྟན་གཞིར་བཞེངས་ཀྱི་ཚུལ་དུ་གསལ་བར་མཛད་པ་སྟེ། སྔ་འགྱུར་རིག་པ་འཛིན་པ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོར་གྱུར་ཅིང་། དུས་ཀུན་ཏུ་འོད་གསལ་ཡེ་ཤེས་ཀྱི་སྐུ་ཅན་ལྷ་དང་རིག་འཛིན་ཌཱ་ཀིའི་བྱིན་གྱིས་བརླབས་ཏེ་རྗེས་སུ་བཟུང་བས་དག་པའི་གཟིགས་སྣང་ལ་ཁྱབ་བརྡལ་དུ་སྤྱོད་པར་མཛད་པའི་ཚུལ་ཕྱོགས་མཚོན་ཙམ་སྨོས་ན། རྗེ་ཉིད་ཀྱི་ཕྱག་ཐོར་འཁོད་པ། མེ་སྤྲེལ་སྨིན་ཟླའི་ཚེས་ཉེར་དགུར་མཚོ་པདྨར་འབྱོར་ནས་བསྐོར་བ་ཞིག་ཕྱིན། སྡོད་གནས་སུ་འབྱོར་ཏེ་མོས་གུས་ཀྱི་རྐྱེན་ལས་གུ་རུ་རིན་པོ་ཆེ་སྟོང་གཟུགས་ཀྱི་འོད་སྐྱ་ལམ་ཞིག་ཤེས་ཉམས་སུ་འཇལ་རྐྱེན་གྱིས་བླ་མའི་རྣལ་འབྱོར་ཞིག་བྲི་འདོད་བྱུང་བཞིན་དེ་འཕྲལ་བྲིས་ཞེས་དང་། ཡང་ལོ་དེའི་ཟླ་༩ཕྱི་མའི་ཚེས་༡༩ལ་སྦྲུལ་གཞུང་རྫ་འགག་སྡོད་ནུབ་ཁོག་སྟོད་དང་རྒྱུ་ཞབས་ལ་གཟེར་ཐུང་ཙམ་བྱུང་བ་སྨན་གྷི་ཏིག་དང་། གུ་རུའི་ཐུགས་རྗེས་སྐྱོབས། ཚེས་༢༠སྦྲུལ་མགུ་རྫ་འགག་ནས་མར་འོང་སྐབས་གུ་རུ་མཚོ་སྐྱེས་རྡོ་རྗེ་འཆང་མི་ཕམ་རིན་པོ་ཆེའི་ཚིག་བདུན་བླ་སྒྲུབ་ནང་གསལ་འདྲ་ཞིག་ཤེས་ཉམས་ལ་ཤར་བ་དེའི་རྐྱེན་གྱིས་ཚར་ཆེན་རིན་པོ་ཆེའི་བླ་སྒྲུབ་ཞིག་ཡིད་ངོར་དྲན། ཟླ་ཕྱི་མའི་ཚེས་༡༤ཐང་ཁུ་ནས་མར་འོང་བའི་ཤིང་རོང་སྟུག་པོ་ནས་འོང་བར་ཆར་ཟིམ་བུ་བབས། གནམ་གཞུང་སྔོ་དྭངས། གཡས་གཡོན་སྤྲིན་འཁྲིགས་པས་ཉམས་སྐྱིད་པ་བྱུང་། དེས་རྐྱེན་བྱས་ནམ་མཁའ་སྔོ་དྭངས་དབུས་གུ་རུ་རིན་པོ་ཆེ་གསང་གོས་ཟབ་བེར་མནབ་པའི་སྟེང་རུས་རྒྱན་ཐོད་སྐམ་བཞེས་པ། གཡས་རྡོ་རྗེ་འཕྱར། གཞན་རྣམས་ཟ་ཧོར་མ་སྤྱི་ལྟར་ཅན་དང་། ས་ར་ཧ། ཤ་ཝ་རི། ཀུ་ཀུ་རི་པ། མཻ་ཏྲི་པ། མར་པ་ལོ་ཙཱ་སོགས་བཞུགས་པའི་ཤེས་ཉམས་ཟ་ཟི་བྱུང་། ཆུ་བུར་མིག་གིས་མཐོང་ཞེས་བཤད་ནའང་། །བལྟར་མེད་འདྲེན་བྱེད་ཅེ་རེ་བལྟ་དགོས་ཤིང་། །དེ་འདྲའི་ཤེས་ཉམས་རྫུན་རིས་སྣང་བ་འདིས། །ཅོལ་ཆུང་རྒན་པོ་ང་ནི་བསླུས་སམ་སྙམ། །ཞེས་གསུངས། ཡང་མེ་བྱ་ཟླ་༥ཚེས་༡༠ཆད་པའི་དགུ་ལ་འབྲས་ལྗོངས་ལྷ་ཡུམ་གྱིས་ཐུགས་ཁུར་བཞེས་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚོགས་བཏང་སྐབས་གུ་རུ་རིན་པོ་ཆེར་དད་མོས་འབར་ཞིང་དགའ་སྐྱོ་འདྲེས་མའི་ངང་གུ་རུ་མཁའ་འགྲོའི་ཚོགས་འལ་འོལ་ཙམ་ཡོད་སྙམ་དང་། དུས་ཀྱི་མི་འཇིགས་པའང་སྦྱིན་པའི་ཉམས་ཤིག་བྱུང་ཡང་གཤོབ་རྐྱལ་གྱི་ཤེས་ཉམས་རང་བཟོ་ལ་སྐྱགས་གཏད་གང་ཡང་མེད། ཅེས་གསུངས།

གལ་གནད་དགོས་པ་གང་ཆེའི་སྐབས་གུ་རུ་རིན་པོ་ཆེར་གསོལ་འདེབས་མཛད་པ་ཙམ་གྱིས་ཞལ་གཟིགས་ལུང་བསྟན་འབྱུང་ངེས་པའི་གསུང་འཕྲོས་ཕེབས་པ་དང་། སྤྱིར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཉིད་དབུས་གཙང་གི་རྡོ་རྗེའི་གནས་རྣམས་སུ་ཕེབས་པའི་ཚེ་གདོད་ནས་གྲུབ་པའི་གནས་ཡུལ་རྣམས་དང་གཉིས་སུ་མ་མཆིས་པར་མཁས་གྲུབ་རིག་འཛིན་དབང་པོ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་མཐུས་གནས་དེར་ཕེབས་པ་ཙམ་གྱིས་ལྷ་དང་ཌཱ་ཀིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་ནས་ཆོས་ཀྱི་མཛོད་གཏད་པ་སོགས་རྣམ་ཐར་ཆེན་མོར་གསལ་བ་བཞིན། རྗེ་འདི་ལའང་དེ་དང་རྣམ་དབྱེར་མ་མཆིས་པར་ངེས་པའི་ཚུལ་གཟིགས་སྣང་ཁྱད་པར་ཅན་འདི་དག་ལ་དཔྱད་པས་ཤེས་ནུས་སོ། །མེ་བྱ་ཟླ་༩ཚེས་ལ། རྡོ་རྗེ་གླིང་གི་རི་རྒྱུད་སེང་ཆེན་ནམ་ཀྱིན་ཤར་ཉི་མ་འཆར་དུས་བལྟ་བར་སོང་བས། ཉི་མ་འཆར་ཕྱོགས་འདིར་རྒྱ་ནག་རི་བོ་རྩེ་ལྔ་ཡོད་སྙམ་བི་མ་ལར་མོས་གུས་བྱས་པས་ཉི་མའི་དཀྱིལ་ཟེར་དང་འགྲོགས་པའི་བི་མ་ལ་ཡེ་རེ་རེ་བྱོན་ནས་རང་ལ་ཐིམ་པའི་སྣང་བ་བྱུང་། བི་མའི་བླ་རྣམ་གསོག་སྐབས་དཔེ་རྙིང་ཤོག་སེར་རྒྱལ་པོའི་བླ་དཔེ་འདྲ་བ་ལྡེབ་རིང་སྔར་གྱི་བྲིས་རྙིང་ཕྱེད་ཞིབ་ལ་མང་བ་རྫོགས་པ་ཆེན་པོའི་ཁྲིད་སྐོར་ཞིག་གི་དབུ་ནས་མ་ཚང་བ་པོད་ཆེན་གཅིག་ཀློག་ནས་ཐར་ཐོར་བཏོན་པ་རྨིས། ཡང་ནུབ་གཅིག་བི་མའི་བླ་སྒྲུབ་མཁྱེན་གཏེར་ནང་ནས་ཁྲོམ་སེར་སྐྱ་མང་ཤས་ལ་གཙུག་ལག་ཁང་ཞིག་ཏུ་སྐུ་གསུང་ཐུགས་དབང་གི་བྱིན་རླབས་འདོན་པ་དང་། འཇམ་མགོན་ལེགས་པ་རིན་པོ་ཆེ་ལས་སྔགས་ཆོས་ཤིག་ཞུས་པའི་འཕྲོས་རེ་བདུན་དུས་ཁོང་བྱོན་ནས་འདོན་ཆོག་གསུངས་པ་སོགས་རྨིས། ཁྲོ་རྫོང་མདར་སྡོད་ནུབ་འཇམ་མགོན་ལེགས་པ་རིན་པོ་ཆེར་རོང་ཕུར་དང་རོག་ཕུར་པོད་གཉིས་བཟང་གོས་ནག་པོའི་ཐུམ་ཅན་འབྱོར་པ་དེའི་ནང་ནས་ཕུར་འགྲེལ་འབུམ་ནག་གི་དཔེ་མཇལ་ནས་གསུང་གླེང་མང་དུ་བྱེད་པ་རྨིས། ས་ཁྱི་ཟླ་ཚེས་ནམ་ལང་ཁར་རྨི་ལམ་དུ་གསང་བ་འདུས་པ་སྒྱུ་འཕྲུལ་མི་བསྐྱོད་པ་གང་ཡིན་ཆོག་པའི་སྐུ་མདོག་སྔོ་དྭངས་ཧྲིལ་སྐུ་བྱིས་པ་ལོ་བརྒྱད་ལོན་པའི་ཚད་ཙམ་ཞིག་ཡེ་རེ་རེ་མཇལ་བ་རྨིས། འདི་སྐབས་མདོ་རྒྱུད་མ་འབུམ་ཐེར་ཚར་ཉེ་དང་གསང་སྙིང་རྒྱུད་འཆད་སྐབས་ཡིན། མེ་ཡོས་ཟླ་བ་བདུན་པའི་ཚེས་བཅུ་གཉིས་ལ་ཤར་ཀཿཐོག་ཏུ་ཡོད་སྐབས་རྨི་ལམ་ལ་ཁང་པ་ཞིག་གི་ནང་ཡིག་རྙིང་དང་གསར་པ་ཤིན་ཏུ་མང་པོ་བརྩིགས་པའི་རབ་གསལ་ངོས་ངེད་རང་འདུག་པའི་མདུན་དེར་མི་རྒན་སྣུམ་འབེར་པགས་པའི་དུག་ལོག་ཆེན་པོ་མནབ་པ་འབྲོག་པ་ལྟ་བུ་ཞིག་འདུག་པ་གནུབ་ཆེན་སངས་རྒྱས་ཡེ་ཤེས་རེད་ཟེར་བ་དེ་ལ་མདོ་དགོངས་འདུས་འགྲེལ་པ་ཞུ་དགོས་སྙམ་པས་པོད་རིང་བཞི་བརྒྱ་ཡོད་རྒྱུའི་ངེད་ནས་ལུང་སྤེལ་བྱ་ན། དང་པོ་རང་གིས་ཚར་གཅིག་བཏོན། དེ་ནས་འདོན་རྒྱུ་བྱེད་སྲོལ་འདུག་པས་བཀའ་འགྱུར་ལས་མང་བས་འདོན་ཚོད་མེད་བྱས་པ། མི་རྒན་དེས་པོད་འདི་རྣམས་མདོ་དགོངས་འདུས་ཀྱི་འགྲེལ་པ་ཡིན་པས་ཐམས་ཅད་ཁྱོད་ཀྱིས་ཐོབ་པར་གྱུར་ཅིག་ཟེར་བས། རང་གི་བསམ་པར་གསར་རྙིང་མདོ་སྔགས་ཐམས་ཅད་མདོ་དགོངས་འདུས་སུ་འདུས་ཤིང་བསྟན་པ་ཀུན་གྱི་གསང་བའི་མཛོད་ཆེན་པོ་ཡིན་པས་དེས་གསུངས་པ་འདྲ་སྙམ། དེ་ནས་ཡིག་རྙིང་པོད་བཞི་བཅུ་ཙམ་དང་། པོད་ཁ་ཤས་ལག་ཏུ་བཞག་ནས་གདམས་གཏད་ལྟ་བུ་མཛད་སོང་། དེ་ནས་རྒས་པོ་དེ་མངའ་བདག་མར་པར་གནས་གྱུར་པ་མགུལ་ལྦ་བ་ཆེན་པོ་སྨུག་ཛི་རེ་བ་ཞིག་རེད་འདུག་པས་འདི་མར་པ་རེད་དགྱེས་རྡོར་དངོས་ཡིན་སྙམ་མོས་གུས་བྱས་པས་སེམས་ཉམས་ལ་དགྱེས་རྡོར་དངོས་སུ་སྣང་བ་ལྟར་བྱུང་དབང་ཞུ་དགོས་སྙམ་པས་སྨུག་ཛི་རེ་བ་དེའི་མཆུ་མུར་མུར་འདོན་པ་ལྟ་བུ་ཞིག་མཛད་ཀྱང་སྒྲ་མ་ཐོས། དེ་འདྲ་མང་དུ་རྨིས་མཐར་གཉིད་སད། ཞིབ་ཆ་ནི་དཀོར་ནག་གིས་སྒྲིབ་པས་བརྗེད་འབྱམས་སུ་གྱུར་ཏོ། །མེ་སྤྲེལ་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་འབྲས་ལྗོངས་སྒང་ཐོག་ཏུ་སྡོོད་ནུབ་རྨི་ལམ་དུ་ལྷ་ཁང་ཆུང་ངུ་ཞིག་གི་ནང་དུ་ཕྱིན་པས་ཕུག་ཏུ་སྙན་ཤལ་མང་པོའི་གསེབ་ཞིག་ཏུ་སྔོན་བྱོན་རྙིང་མའི་རིག་འཛིན་ཆེན་པོ་གནུབ་ཆེན་ཡིན་རྒྱུ་དབུ་ཟླུམ་འདྲ་ཞལ་མི་ཚད་གཅིག་འདུག་པ་དེ་ཉིད་མིར་དངོས་སུ་གྱུར་པ་འདྲ་ཞིག་གི་ཕྱག་གཡས་རང་གི་དཔྲལ་བར་སྦྱར་བ་དང་སྐུ་ལུས་འགུལ་བ་སྙམ་བྱུང་བ་དགའ་སྐྲག་གཉིས་ཀ་སྐྱེས། གུ་རུའི་གསོལ་འདེབས་ཤྭ་ལོ་ཀ་གཅིིག་ཀྱང་གསུངས་པ་ནི། རྩ་གསུམ་ཀུན་འདུས་རྒྱལ་དབང་པདྨ་འབྱུང་། །རང་བཞིན་དབྱེར་མེད་ངང་ནས་གསོལ་བ་འདེབས། །ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །ཅེས་སོ། །ཡང་ལོག་གཅིག་ནས་འདྲ་ཞལ་ལྡེར་སྐུ་ཁྲུ་གང་བ་ཞིག་གཏད་བྱུང་བ་ཕག་གྲུ་ཡིན་སྙམ་གསུས་པ་ཆེ་བ། ཤ་བརྒྱག །ཞལ་ངོ་ཆེ་ཞིང་སྒོམ་ཐག་ཅན་ཞབས་པུས་ཕྱེད་སློང་། གཡས་རྭ་དུང་པུས་སྟེང་གཡོན་མཉམ་བཞག་ཐོད་པ་ཅན་དེ་རང་གི་སྐྱེ་བ་གོང་མ་ཞིག་ཡིན་སྙམ་བྱེད་པ། སམྱ་ཀྶཾ། ཞེས་པའི་ཡི་གེ་གཅིག་ཀྱང་འདུག་པ་རྨིས། །མེ་བྱ་ཟླ་བ་གསུམ་པའི་ཚེས་ཉེར་བདུན་ནུབ་ཆོས་དཔེ་ཁང་ཞིག་གི་ནང་མཇལ་འགྲོ་ཟེར་ནས་སོང་བས་གཙུག་ལག་ཁང་རྩག་མཐོ་བ་ཞིག་གི་ནང་ཆོས་བརྩིགས་དཔག་ཏུ། ཡང་དག་པ། སམྱ་ཀྶཾ། མཆན། མེད་པའི་ནང་སྣར་ཐང་སྤར་མ་བཀའ་བསྟན་ལྟ་བུ་པོད་ཁ་མཐོ་བ་དྲས་ཁ་དམར་སྨུག་ཅན་འདུག་པ་བལྟས་པས། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་དང་། དེའི་སྐོར་ཁ་ཤས་འདུག་པ་མཆོག་ལྡན་ནས་ཆོས་དབང་གཏེར་མ་རེད་ཟེར། ཆོས་དབང་ལ་ཡོད་པ་གོ་མ་མྱོང་བྱས། ཡང་པོད་ཁ་ཤས་ཞལ་ཕྱེས་པས་ཉང་གི་གཏེར་མ་ཡིན་རྒྱུར་རྙིང་མའི་སྔགས་གཞུང་གི་འགྲེལ་པ་མང་པོ་འདུག་པ་རྒྱུན་རིང་མཇལ་བ་རྨིས། ། ༈

མེ་སྤྲེལ་ཟླ་ཚེས་ལ་ལྷོ་བྲག་སྨྲ་བོ་ཅོག་མཇལ་འགྲོ་སྐབས་དགོན་གྱི་གཤམ་ཉེར་སླེབས་པ་ན། བླ་མ་མངའ་བདག་ཆེན་པོ་དགེ་བསྙེན་ཆས་དབུ་སྐྲ་ཐོར་ཅོག་ཡོད་པ། གཡས་རྡོ་རྗེ། གཡོན་ཐོད་པ་བསྣམས་པ་སྐུ་ཆེ་ཙམ་མཇལ་ཞིང་མཐར་རང་ལ་ཐིམ་པའི་སྣང་བ་བྱུང་། སྔར་རྫོང་སར་བཞུགས་སྐབས་སྤྲུལ་སྐུ་ཨ་བན་ནས་བསམ་གཏན་གླིང་པའི་བཀའ་བརྒྱད་དྲེགས་འདུལ་ལ་དབང་དཔེ་ཡོད་ཚུལ་གསུངས་པ་དེ་འབྱོར་ན་དབང་ཞིག་བཀའ་དྲིན་བསྐྱང་དགོས། གཏེར་མཛོད་དུ་དབང་དཔེ་དང་དབང་རྒྱུན་མི་འདུག་ཞུས་པས་མདངས་ཕྲན་ནས་གླེགས་བམ་ཞིག་རྙེད་པ་རྨིས་པ་དེ་ལ་བལྟ་བ་ཡིན་འདྲ་གསུངས། མེ་སྤྲེལ་ཟླ་བ་གཉིས་པའི་ཚེས་ཉེར་ལྔ་ལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཡོད་སྐབས་དེ་ནུབ་གཉིད་སྲབ་མོར་ཀུན་མཁྱེན་ཀློང་ཆེན་པ་བྱིས་པ་ལོ་བརྒྱད་ཙམ་དབུ་ཞྭ་རྩེ་སྒྲིལ། ཆོས་གོས་བཙག་ཁ། ཕྱག་གཉིས་ས་གནོན། སྐུའི་སྟོད་ལས་འོད་ཟེར་སྣ་ལྔ་གྱེན་དུ་འཕྲོ་བ་ཞིག་རྒྱུན་རིང་ཙམ་དུ་མཇལ་ལོ། །གཞན་ཡང་ཀློང་ཆེན་པའི་བླ་རྣམ་མཛད་བྱང་དུ་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་ཚུལ་གསུངས་པས་མཚོན། རྣམ་ཐར་ཞལ་གསུང་ལས་ཀྱང་ཀློང་རམ་པས་རྗེས་སུ་བཟུང་ཚུལ་གསུངས་པ་སོགས་དང་། རྡོ་གྲུབ་མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་ལས་ཀློང་སྙིང་ཡང་གསང་བླ་སྒྲུབ་ཐིག་རྒྱའི་དབང་གསན་སྐབས་བླ་མ་ཉིད་ཀུན་མཁྱེན་དངོས་སུ་མཇལ་བའི་གསུང་འཕྲོས་ཀྱང་ཐོས། གོང་ཟླའི་ཚེས་༡༧ལ་གནས་དེར་རྡོར་གླིང་ཀློང་གསལ་དབང་སྒྲུབ་སྐབས་དང་པོ་སྨིན་གཏེར་ལམ་ཙམ་གསལ། དེ་གནས་འགྱུར་གྱིས་རྒྱལ་སྲས་རྡོ་རྗེ་གླིང་པ་ན་བཟའ་སྔོན་པོ་ཕུ་དུང་ཅན། སྐུ་སྨད་ཕྱམ་ཙེ་དཀྲིས་པ། དབུ་ལ་པད་ཞྭ་སྔོན་པོ་མནབ་པས་དཀྱིལ་འཁོར་མང་ཤས་སྤྲུལ་ནས་རང་གཏེར་རྣམས་ཀྱི་དབང་དང་། མཐར་གླེགས་བམ་མང་ཙམ་གྱི་བཀའ་གཏད་མཛད་པའི་སྣང་བ་བྱུང་ངོ་གསུངས། ཕྱིས་དཔེ་རྒྱུན་གསར་རྙེད་རྒྱུད་བཅུ་བདུན་ནས་སྒྲ་ཐལ་འགྱུར་སོགས་རྒྱུད་ཁ་ཤས་ཀྱི་འགྲེལ་པ་བི་མ་ལས་མཛད་པ་རྣམས་ཀྱི་ལུང་ཀཿཐོག་མཁན་ཆེན་ནུས་ལྡན་སོགས་ལ་འཆད་སྤེལ་གནང་སྐབས། གུས་ནས་ཞལ་རྩེད་ཞུ་ཟོལ་གྱིས་ལུང་འདི་ཉེ་བརྒྱུད་ཡིན་རྒྱུ་བྱས་ན་རུང་ངམ་ཞུས་པས། འགྲེལ་པ་འདི་རིགས་ཕལ་ཆེར་ཐེག་མཆོག་མཛོད་སོགས་དང་དོན་གཅིག་པར་འདུག་པས་མཛོད་བདུན་ནི་མང་པོ་ཐོབ། དཔེ་རྒྱུན་ཡོད་དུས་ལུང་རྒྱུན་ཞིག་ཀྱང་མིང་བཏགས་ན་དགའ་སྙམ། མཁྱེན་བརྩེའི་གདན་ས་འདིར་དབང་ཁྲིད་ལུང་གི་རྒྱུན་གསར་སྤེལ་ལ་བཀྲ་ཤིས་ཞལ་དྲོ་རེད་པས་ད་རེས་བཏོན་པ་ཡིན་ཞེས་གསུངས་པ་འདི་ལའང་དོན་གྱི་རྒྱུ་མཚན་གོ་རྒྱུ་ཆེ་བ་ཞིག་ཡོད་འདྲ།། །།

གཉིས་པ་ནི། ལྷ་ཆོས་བདུན་ལྡན་བཀའ་གདམས་རིན་པོ་ཆེ་རྗེས་འབྲེལ་དང་བཅས་པའི་བསྟན་པའི་མངའ་བདག་ཇོ་བོ་ཡབ་སྲས་དང་། རྗེ་བླ་མ་སོགས་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱི་མཛད་སྤྱོད་དང་རྣམ་ཐར་ལ་ལྷག་པར་གུས་པའི་བསྟོད་བསྔགས་བཅས་སྐུ་མཆོད་སོ་སོར་མཆོད་འབུལ་གཟབ་རྒྱས་གནང་བས་མཚོན་མཆོད་སྦྱིན་གྱི་སྒོ་འཕར་རྒྱ་ཆེར་འགྱེད་པ་དང་བསགས་སྦྱོང་ལ་འབད་བརྩོན་བཏུད་མར་གནང་ཞིང་། བཀའ་གདམས་རིན་པོ་ཆེའི་གཞུང་གདམས་མན་ངག་སྤྱི་དང་བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་ལམ་རིམ་སྔ་ཕྱི། བློ་སྦྱོང་རྒྱས་བསྡུས་སྐོར་ལ་ཉམས་བཞེས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་རྩལ་འབྱོངས་པས་སྐུ་ཚེ་དང་ཕྲིན་ལས་ལ་བར་དུ་གཅོད་པའི་མི་དང་མི་མིན་གྱིས་བརྫི་བར་མ་ནུས་ཤིང་ཐུགས་དམ་གྱི་བོགས་འདོན་དུ་གྱུར་ཚུལ་ཞལ་ལས་ཐོས། རྣམ་ཀུན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འདི་ཁོ་ན་རྒྱུད་ལ་འབྱོང་བ་གལ་ཆེ་ཞེས་ནན་དུ་གདམས་པར་མཛད། འཕགས་ཡུལ་ཤིང་རྟ་ཆེན་པོ་གཉིས་ཀྱི་གཞུང་བཀའ་པོད་ལྔའི་འཆད་ཉན་གྱི་སྡེ་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་གསར་དུ་བཙུགས་ཏེ་མདོ་སྨད་མཁས་པའི་འབྱུང་གནས་ལེགས་བཤད་ཆུ་བོ་སྟོང་གི་འཆད་རྩོད་ཀྱི་མགྲིན་རྔ་བར་མེད་སྒྲོགས་པའི་དགེ་འདུན་གྱི་སྡེ་རྣམས་ཀུན་སྤྱོད་འདུལ་བ་དང་མཐུན་པར་བཀས་བཅད། སྔ་ཕྱིར་བཤེས་གཉེན་དམ་པ་དག་ལས་གསང་བདེ་འཇིགས་གསུམ་སོགས་ཀྱི་དབང་དང་བཤད་བཀའ་ཆེད་དུ་གསན་བཞེས་གནང་ཞིང་། ཁྱད་པར་དུ་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྐྱབས་མགོན་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་དང་། བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་སོགས་ཀྱིས་ཐུགས་བརྩེ་ཐུན་མིན་དུ་རྗེས་སུ་བཟུང་ནས་གསུང་གི་བདུད་རྩིས་ཐུགས་རྒྱུད་གཏམས་པ་དང་། བསྟོད་བསྔགས་ཀྱི་མེ་ཏོག་ཆར་དུ་བསྙིལ་ཏེ་མངའ་གསོལ་བས་མཚོན་བཀའ་གདམས་གསར་རྙིང་གི་བསྟན་འཛིན་ཆེས་མང་བས་དངོས་བརྒྱུད་ནས་ཞབས་པད་ལ་བསྙེན་པས་ན་བསྟན་འཛིན་དགེ་བའི་བཤེས་གཉེན་ཆེན་པོར་དོན་གྱིས་གྲུབ་པ་དང་། དེ་དང་འབྲེལ་བའི་གཟིགས་སྣང་ནི། དབུས་ཕེབས་དང་པོའི་སྐབས་ཇོ་བོ་རྗེའི་བླ་མའི་རྣལ་འབྱོར་མཛད་བྱང་དུ་ཇོ་འབྲོམ་ཡབ་སྲས་ཀྱིས་རྗེས་སུ་བཟུང་བའི་ཚུལ་དང་། ཁྱད་པར་དུ་ཤིང་ལུག་ཟླ་༩ཚེས་༡༩ལ་རྭ་སྒྲེང་དུ་གླིང་བསྐོར་ཕྱིན་པས། ཤར་ཤེལ་ལྡིང་གི་གཡུ་ཤུག་སྡོང་པོའི་རྩེར་སྤྱན་གཟིགས་ཕྱག་བཞི་པ་དཀར་པོ་ལ་ཇོ་འབྲོམ། སྐུ་མཆེད་རྣམ་གསུམ་སོགས་བཞུགས་པའི་ཉམས་ཤར་བས། གསོལ་འདེབས་དབང་བླང་སོགས་བྱས། ཡང་འབྲོམ་གྱི་གཟིམ་ཕུག་ཏུ་འབྲོམ་རྗེའི་ཐུགས་ཀར་མི་གཡོ་བ་སོགས་ཐིག་ལེའི་ལྷ་ཚོགས་བཞུགས་པ་ལས་འོད་འཕྲོ་བའི་གསལ་ཉམས་བྱུང་བར་ཡིད་ཆེས་ཀྱིས་མཆོད་པ་དང་གསོལ་འདེབས་སོགས་བྱས་པའི་འཁྲུལ་ཤེས་བྱུང་བ་རང་ཉིད་མོས་པ་ཆེ་བའི་ཡིད་དཔྱོད་ཀྱི་འཁྲུལ་ཆ་ལས་དག་པའི་སྣང་བ་ལྟ་ཅི་ཞིག །ཅེས་གསུངས། །ཚེས་༢༠ལ་ནུབ་ཕྱོགས་ཕ་ཝཾ་རྟ་འབུར་མ་བསྐོར། སྐྲ་སེན་གཏོར། དེའི་རྒྱབ་ཕྱོགས་ཤུག་སྡོང་རྩ་བར་ངལ་གསོ་སྐབས་གོང་བུའི་མདའ་ལྟང་གི་ནམ་མཁའ་སྔོ་དྭངས་ལ་བཀའ་གདམས་བརྒྱུད་པ་གསུམ་གྱི་བླ་མ། ཇོ་འབྲོམ་ཡབ་སྲས། ཡི་དམ་ཆོས་སྐྱོང་བསམ་གྱིས་མི་ཁྱབ་པར་བཞུགས་པ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་པའི་འཇའ་ཐིག་ཕྱག་མཚན་སྣ་ཚོགས་པས་བརྒྱན་པ་ཉི་རྡུལ་ལྟར་འཁྲིགས་པ་བྱུང་ནས་རང་ལ་ཐིམ་མཐར་ཐམས་ཅད་འདུས་ནས་ཇོ་འབྲོམ་ལ་ཐིམ། དེ་ནས་འབྲོམ་ཇོ་བོའི་ཐུགས་ཀར་ཐིམ། དེའི་ཐུགས་ཀར་ཡུམ་ཆེན་མོ། དེའི་ཐུགས་ཀར་ཐིག་ལེ་སེར་པོ་བཀྲག་གསལ་ཅན། མཐར་རང་ལ་ཐིམ་པའི་ཤེས་ཉམས་དང་ལུས་འཕར་གཡོ་བྱེད་ལ་ཁད་པ་བྱུང་ངོ་། །གཞན་ཡང་རྗེ་བླ་མ་ཙོང་ཁ་པ་ལས་འདུས་པ་ཉེ་བརྒྱུད་གསན་པའི་གཟིགས་སྣང་གི་གཤམ་དུ་བླ་མ་རྒྱང་འབོད་ཡོད་པའི་གསུང་མགུར་ཞིག་མཇལ་བ་གཟིགས་འབུལ་གྱིས་དེའི་ལུང་དང་། གསང་འདུས་རྗེ་ལས་ཉེ་བརྒྱུད་ཀྱི་དགོངས་གཏད་བྱིན་རླབས་མཛད་པར་གསོལ་བ་བཏབ་པས། གསང་འདུས་འགྲེལ་པ་བཞི་སྦྲགས་རྗེ་གོང་མའི་ཕྱག་དཔེ་བདག་གི་མགོར་བཞག་སྟེ་དགོངས་གཏད་སྨོན་ལམ་མཛད། གུས་ནས་གསང་འདུས་འགྲེལ་པ་བཞི་སྦྲགས་རྒྱུད་བཤད་འབུལ་སྐབས། སྔར་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་གསང་འདུས་རྒྱུད་བཤད་གནང་བཞེད་ཤིན་ཏུ་ཆེ་ཡང་རྟེན་འབྲེལ་འཕྲོ་ཅན་དུ་སོང་། ད་རེས་རང་རེ་གཉིས་ནས་གདན་ས་འདིར་རྒྱུད་འཆད་ཉན་བྱུང་བ་དགོས་པ་ཆེ། ཕྲན་འཁྲུལ་སྣང་ལ་ཡིད་བརྟོན་ཅི་ཡོད་མ་གཏོགས། རྗེ་བླ་མ་ནི་སྐུ་ཆེ་བ་རི་རབ་ཙམ་དང་། མི་ཚད་ཙམ་ཞལ་མཇལ་ཐེངས་མང་བྱུང་ཚུལ་གསུང་གི་བདུད་རྩི་དངོས་སུ་ཐོས། ས་སྦྲུལ་ཟླ་༡༡ཚེས་སྐོར་ལྷ་ཁང་གཙང་ཁང་དུ་ཐུབ་པ་ཆེན་པོ་ཡོད་པར་ནི་རྡོ་སྐས་ལ་འཛེག །ངོས་ཆོས་གོས་དམར་པོ་གྱོན་ནས་དེ་མདུན་ཕྱག་འཚལ། བཟང་སྤྱོད་ཡན་ལག་བདུན་པ་ཕུལ་ནས། སྒོ་ཁྱམས་སུ་ཕྱིར་འོང་སྐབས་བླ་མ་སྐུ་བོང་མཐོན་པོ་ཆོས་གོས་དམར་པོ་མནབ་པ། དཔོན་གཡོག་གཉིས་ཡར་ཐོན་སོང་བ་ཐུའུ་བཀྭན་རྡོ་རྗེ་འཆང་བློ་བཟང་བསྟན་པའི་དབང་ཕྱུག་རེད་ཟེར་བ་སོགས་རྨིས།། །།

གསུམ་པ་སྙན་བརྒྱུད་ཚད་མ་བཞི་ལྡན་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའང་ཀུན་གཟིགས་མཁྱེན་བརྩེ་གོང་མ་ངོར་ཨེ་ཝཾ་ཐར་པ་རྩེའི་སྤྲུལ་སྐུར་སྐུ་བདག་ཞུས་པ་ནས་བཟུང་སྐུ་གོང་འོག་སྐུ་ཚེ་རིལ་པོར་བཞུགས་སྟན་ཆགས་པའི་གནས་གདན་སའི་གཙོ་བོ་དཔལ་ལྡན་ས་སྐྱའི་རིང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷ་རྩེ་ཉིད་ཡིན་ལ། རྗེ་གོང་མའི་ཐུགས་སྲས་ཀྱི་ཐུ་བོ་གསང་བདག་རྡོ་རྗེ་འཆང་དངོས་འཇམ་པའི་དབྱངས་བློ་གཏེར་དབང་པོ་དང་། འཇམ་མགོན་ངག་དབང་ལེགས་པ་གཙོ་བོར་གྱུར་པའི་ས་ངོར་བསྟན་འཛིན་དམ་པ་རྣམས་ཀྱི་རྗེ་འདི་ཉིད་ཐུན་མིན་ཐུགས་ཀྱི་སྲས་སུ་གྱུར་ཅིང་། བཀའ་སྲོལ་དེ་ལས་རྒྱུན་བཞུགས་པའི་གདམས་པ་ཡོངས་རྫོགས་ནན་བསྐྱར་དུ་གསན་བཞེས་དང་། དེ་དག་གི་བསྐྱེད་བཟླས་རྫོགས་གསུམ་གྱི་རྣལ་འབྱོར་ལ་ཉམས་བཞེས་ཐུགས་དམ་ཆགས་མེད་གནང་བ་དང་བཅས་བླ་མ་དང་ལྷག་པའི་ལྷས་བྱིན་གྱིས་བརླབས་ཤིང་གུར་ཞལ་སོགས་ཆོས་སྐྱོང་བྲན་དུ་ཁོལ་བས་ནུས་པའི་གདིང་ཚད་བརྙེས་པར་ཞལ་གྱིས་བཞེས། རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་བཟུང་ཞིང་འབར་དང་འདུ་བ་གསུམ་གྱི་དྲོད་རྟགས་ཀྱང་མངོན་དུ་མཛད། བསྙེན་སྒྲུབ་དང་དབང་ཆོས་ཀྱི་ཕྱག་ལེན་ས་ངོར་ཚར་གསུམ་སོ་སོའི་ལུགས་བཞིན་ཕྲ་ཞིབ་ཆེར་གནང་བ་སོགས་རྡོ་རྗེ་འཛིན་པའི་མཆོག་ཏུ་གྱུར། གངས་ཅན་བསྟན་པའི་མངའ་བདག་ས་སྐྱ་པ་ཞེས་མཚན་དོན་མཐུན་པར་ས་ངོར་ཚར་གསུམ་ལ་བཞུགས་པའི་རྒྱུད་སྡེ་གོང་འོག་རྣམས་ཀྱི་དབང་བཀའ་བྱིན་རླབས་རྗེས་གནང་བཅས། དེ་དག་གི་རྫོགས་རིམ་གྱི་ཁྲིད་དང་རྒྱུད་ཀྱི་བཤད་པ་རྣམས་དང་། བཀའ་འབུམ་གྱི་ལུང་སོགས་ལན་གྲངས་མང་དུ་འཆད་སྤེལ་གནང་། ཁྱད་པར་དུ་རྒྱ་གཞུང་ཆེན་པོ་རྣམས་གཞིར་བཟུང་རྗེ་བཙུན་གོང་མའི་དགོངས་པ་གསལ་བྱེད་ཀུན་མཁྱེན་གོ་རམ་བསོད་ནམས་སེང་གེའི་ཡིག་ཆ་རྣམས་ལུང་རིགས་ཀྱི་ལམ་ནས་དྲངས་ཏེ་འཆད་ཉན་གྱིས་འཕེལ་རྒྱས་སུ་མཛད་པའི་ཀློག་པ་ཐོས་བསམ་གྱི་སྡེ་དང་། གསང་ཆེན་སྙན་བརྒྱུད་སློབ་བཤད་ཀྱི་གདམས་པ་སྒོམ་སྒྲུབ་ཀྱིས་ཉམས་སུ་ལེན་པའི་སྤོང་བ་བསམ་གཏན་གྱི་སྡེ་བཅས་གསར་འཛུག་མཛད་པས་སྟོད་སྨད་ཀུན་ཏུ་འཆད་ཉན་སྒྲུབ་པའི་རྒྱུན་མང་དུ་འཕེལ་བས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་གྱུར་ཅིང་། གཞན་ཡང་གདན་ས་ཁག་རྣམས་གཙོར་བྱས་གཙུག་ལག་ཁང་དང་། སྐུ་གསུང་ཐུགས་ཀྱི་རྟེན་རྒྱ་ཆེ་གྲངས་མང་གསར་བཞེངས། འཁོན་ལུགས་ཡབ་ཆོས་ཕུར་པའི་སྒྲུབ་མཆོད་རྒྱས་སྤྲོས་ཀྱི་རྒྱུན་འཛུག་པ་སོགས་ཞིབ་པར་གོང་དུ་སྨོས་ཟིན་པ་ལྟར། མདོར་ན་འཇམ་མགོན་ས་སྐྱ་པ་ཡབ་སྲས་ཀྱི་རིང་ལུགས་མཐའ་དག་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཕྱོགས་ཐམས་ཅད་དུ་ཆེས་ཆེར་གསལ་བར་མཛད་ཅིང་། འཁོན་རིགས་དཔལ་ས་སྐྱའི་བདག་ཆེན་ཁྲི་འཛིན་གཞུང་ཟུར་གྱིས་གཙོས་ས་ངོར་སྐྱེས་ཆེན་བརྒྱུད་འཛིན་དང་བཅས་པའི་རིགས་བདག་ཏུ་གྱུར་པ་སོགས་ཀྱིས་བརྩེ་ཆེན་ཡབ་སྲས་བརྒྱུད་པར་བཅས་པའི་ཐུགས་བསྐྱེད་ཕྲིན་ལས་གཅིག་ཏུ་བསྡུས་པའི་རང་གཟུགས་བསྟན་པའི་གསལ་བྱེད་ཆེན་པོར་མངོན་སུམ་དུ་གྲུབ་པ་དང་། དེ་དང་འབྲེལ་བར་ཡེ་ཤེས་དག་པའི་གཟིགས་སྣང་ནི། མང་མཁར་ཀ་ལཱ་ཕུག་ཅེས་པ་སྒྲ་བསྒྱུར་ཕུག་རེད་ཟེར་བ་དེར་ལམ་ཟབ་བཏོན་པས། འབྲོག་མི་ལོ་ཙཱ་ཕུག་ཆེན་ནང་གི་འདྲ་ཞལ་འདྲ་བ། དབུ་ཞྭ་པཎ་ཞུ། ཕྱག་གཉིས་རྡོར་དྲིལ་བསྣོལ་བ། རབ་བྱུང་ཆས་ཅན་ཞིག་རང་གི་མདུན་གྱི་ཐད་དེར་བཞུགས་པ་རེས་རང་དང་གཅིིག་ཏུ་གྱུར། རེས་ཐ་དད་དུ་གྱུར་པའི་ཉམས་ཤིག་བྱུང་གསུངས།། །། རྡོར་གླིང་དུ་ས་ཁྱི་ཟླ་༧ཚེས་སྐོར་གཙང་གཡང་ཆོས་སྤྲུལ་སྐུ་སོགས་ལ་སྡོམ་གསུམ་རབ་དབྱེ་བཤད་ཉེའི་སྐབས། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་དེ་ཉིད་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ་རྒྱ་གར་པཎྜི་ཏའི་ཆས་ལྟ་བུ། ཕྱག་གཉིས་ཆོས་འཆད་ཀྱི་རྒྱ་ཅན། དཔྲལ་བར་འཇམ་དབྱངས་དཀར་པོ། མགྲིན་པར་སྨྲ་སེང་། ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས་དཔའ། ལྟེ་བར་དབྱངས་ཅན་དཀར་མོ། གསང་བར་མི་གཡོ་བ་དཀར་པོ་རྣམས་བཞུགས་པ་ལ་མོས་གུས་བྱས་པས། ལྷ་དེ་རྣམས་ལས་འོད་ཟེར་འཕྲོ་བསྟིམ་སོགས་ཀྱི་ཉམས་ཟ་ཟི་བྱུང་ཡང་ཞག་ཤས་ཡི་གེ་འགོད་རྒྱུ་མ་བྱུང་བས་བརྗེད། ཟླ་༡༠ཚེས་སྒང་ཐོག་ཏུ་སྡོད་པའི་སྐབས་ཤིག་ཉམས་སྣང་ལ་ཆོས་རྗེ་ས་པཎ་གཡས་ཆོས་འཆད་རལ་གླེགས། གཡོན་མཉམ་བཞག་ཚེ་བུམ། ཐུགས་ཀར་ཚེ་དཔག་མེད་དཀར་པོ། དེའི་བདུད་རྩིའི་འོད་ཟེར་ཚེ་བུམ་སྟེང་བབས། དེ་ལས་བདུད་རྩི་རང་ཐོག་འབབས་པ་སོགས་ཀྱི་ཉམས་བྱུང་། །། །དགུང་གྲངས་སུམ་ཅུ་སྐོར་ཡིན་སྙམ་པ་ཞིག་ཏུ་ཆོས་རྗེ་ལས་ཚད་མ་རིག་གཏེར་གསན་པའི་དག་སྣང་གི་ཕྱག་ཐོ་ཞིག་ཀྱང་མཇལ།། །། མེ་བྱ་ཟླ་ཚེས་ནུབ་ངོར་དགོན་ལྟ་བུ་ཞིག་ཏུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་རབ་རིབ་ཞིག་དང་། ཁོང་གི་དབང་བུམ་ཆུ་ཡིན་ཟེར་བ་དངུལ་གྱི་རིལ་བ་སྤྱི་བླུགས་ཞིག་ཏུ་ཆུ་འདུག་པ་རང་གིས་བཏུང་ནས་སྤྱི་བོར་བླུགས་པས་དགའ་བ་ཆེན་པོ་ཐོབ་པར་རྨིས།། །།

དཔལ་མགོན་ཞལ་གྱི་གསོལ་ཕྲིན་མཛད་བྱང་གི་མཚན་དུ་ཀུན་དགའ་ཕྲིན་ལས་རྒྱ་མཚོ་ཞེས་གསུངས་པ་འདིའི་མཚན་སུས་གསོལ་བ་རེད་ཞུས་པས། སྔར་རྨི་ལམ་དུ་ངོར་གྱི་གདན་ས་ནས་ངོར་ཆེན་རྡོ་རྗེ་འཆང་དངོས་ལས་རབ་བྱུང་བསྙེན་རྫོགས་སྒྲུབ་པ་རྨིས་སྐབས་མིང་དེ་གནང་བྱུང་ཞེས་ཞལ་ལས་ཐོས་ཤིང་། ངོར་ཆེན་ལས་བརྒྱུད་པའི་སྡོམ་རྒྱུན་ལ་ཤིན་ཏུ་ཐུགས་རྩིས་ཆེ་བར་གནང་། མེ་བྱ་ཟླ་༤ཚེས་༢༥ལ། ངེད་རང་ངོར་དུ་འབྱོར་ནས་ཁང་པ་ཞིག་གི་ནང་སྡོད་པར་མགོན་པོ་གུར་གྱི་ལྡེར་སྐུ་ཞལ་ངོ་ཤིན་ཏུ་ཆེན་པོ་ཐོག་ཚད་གཅིིག་ཡོད་པ་ཡེ་རེ་རེ་གཤམ་སྒོ་ཆེན་གཅིག་ནས་ཡར་བྱོན་པ་དང་། ཡང་ཆོས་སྐྱོང་སྐུ་ཆུང་བ་འདྲ་མིན་མང་པོ་ཞིག་ཀྱང་ཡོད་པར་རྨིས། ཡང་དེའི་སྔ་ཚེས་གང་ཡིན་བརྗེད། རང་ངོར་དུ་འདུ་ཁང་སྦུག་ཁྲི་གསུམ་གྱི་དབུས་མར་བསྡད་ནས་འཚོགས་པ་དང་ལྷན་དུ་ཞལ་འདོན་བྱས་པ་སྙམ་ཡང་ཞིབ་བཅའ་བརྗེད། ཟླ་བ་བརྒྱད་པའི་ཚེས་སྟོད་ཞིག་ལ་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་ཡིན་རྒྱུའི་བླ་མ་རྒུར་ཉམས་ཅན་ན་བཟའ་ཁ་ནེམས་གསོལ་བ་ཞིག་ལས་ཀྱེ་རྡོར་དབང་དང་། ལམ་འབྲས་ལྟ་ཁྲིད་ནས་རྒྱུད་གསུམ་མདོར་བསྡུས་ཤིག་ཐོབ་པའི་ཉམས་བྱུང་། མེ་བྱ་ཟླ་༨ཚེས་ལ་མང་མཁར་ཐུབ་བསྟན་དགེ་འཕེལ་གྱི་ཚར་ཆེན་རྡོ་རྗེ་འཆང་གི་འདྲ་ཞལ་རིན་པོ་ཆེའི་མདུན་ནས་དད་མོས་དྲག་པོས་གསོལ་བ་བཏབ་པས་ཕཊཿལན་གཉིས་གསུང་སྙམ་བྱེད་པ་དང་ཤེས་པ་རྟོག་མེད་ལུས་འཕར་སྤྲུགས་བྱེད་པ་བྱུང་།

།༈ཡང་མེ་སྤྲེལ་ཟླ༡༢ཚེས་༢༠ལ། ཚར་ཆེན་རྡོ་རྗེ་འཆང་གི་བླ་རྣམ་འདོན་སྐབས་མོས་གུས་ཀྱི་རྐྱེན་ལས་ཚར་ཆེན་རྡོ་རྗེ་འཆང་སྐུ་མདོག་སོགས་ཐུབ་བསྟན་དགེ་འཕེལ་གྱི་འདྲ་ཞལ་རིན་པོ་ཆེ་དང་དབྱིབས་འདྲ་བ་མི་ཚད་གཅིག་ཙམ་ཡོད་སྙམ་ལུང་བསྟན་ཞིག་གནང་། རང་གིས་དབང་བཞི་བླངས་ཏེ་རང་ལ་བསྟིམ་པས་རང་དགྱེས་རྡོར་དུ་གྱུར་པའི་ཐུགས་ཀར་བདག་མེད་ལྷ་མོ་བཅོ་ལྔ་བཞུགས་པའི་སྣང་བ་བན་བུན་བྱུང་ངོ་། །ལྕགས་འབྲུག་ཟླ་༡༠ཚེས་༡༥ནུབ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏར་གུས་གདུང་དྲག་པོ་བྱས་རྐྱེན་གྱིས་ཆོས་རྗེའི་སྐུའི་སྣང་བ་དང་། དབང་བླང་ཞིང་སྔར་བྱུང་གི་རྨི་ལམ་དང་ཆ་འདྲ་བ་དེ་ཉིད་རིག་འཛིན་རྣལ་འབྱོར་སྤྱོད་པ་སྐུ་མདོག་སྔོན་པོ་པུས་མོ་གཡོན་བསྐུམ་ནས་ནམ་མཁར་སྤྱོད་པ་ལག་ན་རལ་གྲི་འཆང་བས་བདག་ལུས་བསྒྲལ་བ་སོགས་ཀྱི་སྣང་བ་བྱུང་མཐར་སད། ཕྱི་ནང་རྣམ་བཟང་གི་ཡི་གེ་པ་བྱས་ནས་བསྟོད་པ་རྩོམ། ཤིང་ལུག་ཟླ་༨ཚེས་༢༠ལ་ཧོར་ཡེ་ཐའི་རྡ་ཆེན་བརྒྱུད་ནས་འོང་སྐབས་ཚེས་༡༩ནུབ་ཕྱོགས་གནམ་སྔོན་དྭངས་པར་ཟླ་བ་མཐོང་བས་རྐྱེན་བྱས། རྗེ་བློ་གཏེར་དབང་པོ་དྲན་པ་དང་རྗེ་དེ་ཉིད་ཟླ་བ་ལ་རྒྱབ་ཡོལ་བྱས་པ་ལྟ་བུའི་གསང་བདག་ཁྲོ་བོའི་སྐུར་གྱུར་པ་ལ་མོས་གུས་དང་དབང་བླང་བྱས། བླ་མ་རང་ལ་ཐིམ་པས་རང་རིག་གསལ་དྭངས་ཀྱི་ཉམས་ཤར་བས། དེའི་ཉིན་གཡའ་མ་སྔོན་པོའི་ཁུག་གི་ཐང་སྒར་དུ་རྗེ་ཉིད་ཀྱི་བླ་རྣམ་ཞིག་བྲིས། ཞེས་གསུངས། མེ་བྱ་ཟླ་ཚེས་༢༩ནུབ་ཡར་ཀླུང་རྩེ་ཐང་བསམ་གཏན་གླིང་དགོན་པ་ཡིན་སྙམ་ཞིག་གི་ནང་ཆོས་རྒྱལ་འཕགས་པའི་གདུང་རུས་དང་བླ་མ་དམ་པའི་དབུ་ཐོད་རེད་ཟེར་བའི་གདུང་རུས་ཚལ་པ་དང་། དབུ་ཐོད་དུམ་བུ་ཆེ་ཙམ་གཉིས་མཇལ་ཁ་ཞུས། བན་རྒན་ཞིག་གིས་གདུང་རུས་དེ་ལས་ཡུངས་དཀར་འབྲུ་ཙམ་ཁ་ཤས་བྱིན། ངོས་རང་གི་ལག་པར་བླང་བས་དུམ་བུ་ཆེ་བ་ཞིག་གོག་བྱུང་བ་ངོས་རང་ནས་ཚག་བྱས། དབུ་ཐོད་དུམ་བུ་ཡང་ཆེ་ཙམ་རྙེད། དེ་ནས་ན་བཟའ་རྙིང་པ་མང་པོ་བརྩེགས་འདུག་པ་དེའང་བླ་མ་དམ་པའི་ན་བཟའ་རེད་ཟེར་བ་དེ་ལས་དངོས་གྲུབ་ཞུ་དགོས་སྙམས། ཞུ་རྒྱུ་དངོས་བྱུང་མིན་བརྗེད་གསུངས། གཞན་ཡང་ལམ་འབྲས་བརྒྱུད་པའི་བླ་མ་འགའ་རེས་རྗེས་སུ་བཟུང་ཚུལ་ཞལ་གསུངས་རྣམ་ཐར་ལས་ཀྱང་འབྱུང་ངོ་། །ཚར་ཆེན་གསོལ་འདེབས་མཇུག །ཅེས་པའང་ཀུན་དགའ་ཕྲིན་ལས་རྒྱ་མཚོ་དོན་གྲུབ་དབང་གི་རྒྱལ་པོས་འདར་གྲོང་ཆེན་སོགས་སྦྱར་བྱང་ཅན་གྱི་གཤམ་དུ། མེ་སྤྲེལ་ཟླ་དགུ་ཕྱི་མའི་ཚེས་༧ལ་མཆོད་སྡོང་མདུན་སྡོད་ནུབ་འཇམ་དཔལ་ཆོས་དབྱིངས་གསུངས་དབང་གི་དབང་གཞན་ལ་བསྐུར་བ་སོགས་དང་། གོང་མིང་སྔར་ཡོད་པ་ལ་དོན་གྲུབ་དབང་གི་རྒྱལ་པོ་ཟེར་བ་སོགས་རྨིས། ས་སྐྱ་བདག་ཆེན་ཨཱ་ཡུ་བཛྲས་ཕུར་པའི་སྨད་ལས་གནང་སྐབས་སྔགས་འཆང་ཆེན་མོ་མདུན་ཐད་བཞུགས་པའི་ཉམས་དང་། འཇམ་དབྱངས་གཟི་འོད་འབར་བར་གསོལ་སྨོན་སྐབས་བྱིན་རླབས་ཀྱི་མཚན་མ་ཕྲན་བུ་བྱུང་བ་བརྗེད་དེ་ཐལ། ཞེས་ཕྱག་ཐོར་འཁོད་འདུག །གཞན་ཡང་འཇམ་མགོན་ལེགས་པ་རིན་པོ་ཆེའི་རྣམ་ཐར་དུ། རྗེ་འདི་ལ་ལམ་འབྲས་སློབ་བཤད་དང་འབྲེལ་ཀྱེ་རྡོར་རྒྱུ་དབང་གྲུབ་འཕྲལ་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལ་གུར་ལྷ་བརྒྱད་ཀྱིས་བསྐོར་བ་ཞལ་གཟིགས་པས། ཁོང་གི་སྤྲུལ་སྐུ་ལ་དབང་ཕུལ་བས་ཐུགས་དགྱེས་པ་ཡིན་འདུག་གསུངས། དེ་སྐབས་རྗེ་འདིས་ཀྱང་ལེགས་པ་རིན་པོ་ཆེ་སྒོ་རུམ་པ་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་རྣམ་འཕྲུལ་དུ་ངེས་ཤེས་འཁྲུངས་པར་ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་ལྗགས་ལུང་གནང་བར་སྒོ་རུམ་པའི་རྣམ་ཐར་མཇུག་ཏུ་ལེགས་པ་རིན་པོ་ཆེས་དེ་ལྟ་བུའི་རྣམ་པར་ཐར་པ་བྱིས་པའི་བློས་བསམ་པར་དཀའ་བ་ཞེས་གསུངས་ཤིང་རྗེ་འདི་ཉིད་ལ་སྤྱན་ཅེར་གྱིས་ཡུན་རིང་དུ་གཟིགས་སོང་བར། ཁོང་ལ་ངེས་ཤེས་སྐྱེས་པ་དེ་བླ་མས་དགོངས་སོང་སྙམ་པ་བྱུང་གསུངས། ཡང་ལེགས་པ་རིན་པོ་ཆེས་མཁྱེན་སྤྲུལ་རིན་པོ་ཆེ་འདི་ངེད་ཀྱི་སློབ་མའི་གཙོ་བོ་ཡིན། བླ་མའང་ཡིན་པས་ལམ་འབྲས་བླ་བརྒྱུད་ཀྱི་ཞལ་ཐང་དུའང་བྲིས་ཡོད། ཞབས་བརྟན་གསོལ་འདེབས་ཤྭ་ལོ་ཀ་གཅིག་རྒྱུན་འདོན་ཞུ་བཞིན་ཡོད། སློབ་ཚོགས་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གསོལ་འདེབས་ཞབས་བརྟན་བསྒྲུབ་པ་ལ་འབད་དགོས་པར་གསུངས་ཤིང་། ཁྱད་པར་དུ་འཇམ་མགོན་ལེགས་པ་རིན་པོ་ཆེས་རང་གི་ཐུགས་སྲས་ཐུ་བོ་སྡེ་གཞུང་མཆོག་སྤྲུལ་ལ་བཀའ་བསླབ་གནང་བར། མཁྱེན་བརྩེའི་སྤྲུལ་སྐུ་རིན་པོ་ཆེ་འདི་བརྟག་མི་དགོས་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཡིན་པས་ཁྱེད་ཀྱིས་ཀྱང་བླ་མར་བརྟེན་དགོས་ཞེས་ཕེབས་པ་ནས་བཟུང་རྗེ་འདི་ཉིད་བླ་མའི་དམ་པར་བཟུང་སྟེ། ཕྱིས་དགུང་གྲངས་མཐོན་པོར་ཕེབས་པ་ན་ཡང་ལི་ཐང་ནས་རྫོང་སར་བར་ལམ་ཐག་རིང་པོར་དབང་ལེན་ལ་ཡང་ཡང་ཕེབས། ལན་གཅིག་སླར་ཕེབས་ཆོས་སུ་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་མཛད་སྐབས་རྗེ་འདི་འཇམ་དཔལ་གཞོན་ནུ་དངོས་ཡིན་པའི་ངེས་ཤེས་བྱུང་ཚུལ་དང་། སློབ་མ་རྣམས་ལ་ཆོས་འཆད་པའི་སྐབས་སུ་ཡང་སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་ཞེས་མཚན་ཉིད་དང་ལྡན་པ་ནི་མཁྱེན་སྤྲུལ་རིན་པོ་ཆེ་ལྟ་བུ་ཡིན་ཞེས་རྒྱུན་དུ་གསུངས་པར་གྲགས། གཞན་ཡང་འཁོར་འདས་དབྱེར་མེད་ལས་འཕྲོས་པའི་ཐུགས་དམ་ཉམས་བཞེས་ཀྱི་བགྲོ་གླེང་ཐུན་མིན་དུ་གནང་བ་སོགས་ཐུགས་ཡིད་གཅིག་འདྲེས་སུ་བཞུགས་པའོ།། །།

བཞི་པ་ནི་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་གསེང་ལམ་འཕགས་ཡུལ་བཀའ་བཞི་བརྒྱུད་པའི་གདམས་ཟབ་མངའ་བདག་མར་པའི་བཀའ་སྲོལ་རྩ་བ་ཡན་ལག་བཅས་ཀྱི་གདམས་ངག་ཆེ་ཕྲ་མཐའ་དག་གསན་བཞེས་གནང་བས་རྣམ་ཀུན་འདིར་སྣང་ཆོས་བརྒྱད་ཀྱི་སྙེམས་རྟོག་བྲལ་ཞིང་། རྣམ་གཡེང་དང་སྙོམས་ལས་ཀྱི་བྱ་བ་ངན་པ་ཤུགས་འབྱུང་དུ་སྤོང་བ་སོགས་སྒྲུབ་བརྒྱུད་གོང་མའི་རྣམ་ཐར་ལྷུར་བཞེས་ཀྱིས། ནང་གི་རྣལ་འབྱོར་འོད་གསལ་ཕྱག་རྒྱ་ཆེན་པོའི་ལྟ་དགོངས་མཐར་སོན་པས་ཉམས་རྟོགས་ཀྱི་གསང་མཛོད་བརྡོལ། རིགས་ཀྱི་བདག་པོ་རྣམས་ལ་དད་མོས་དང་དག་སྣང་ཤིན་ཏུ་ཆེ་བས་མོས་གུས་དང་རྟོགས་པའི་བཀའ་བབས་ཁྱད་པར་ཅན་བརྙེས། མར་མི་དྭགས་གསུམ་ནས་དེང་གི་བར་སྒྲུབ་པ་ཉམས་ལེན་གྱི་ཕྱག་སྲོལ་བར་མ་ཆད་པ་བཞུགས་པའི་བདེ་དགྱེས་སོགས་རྒྱུད་སྡེའི་བསྐྱེད་རྫོགས་དང་། ཁྱད་པར་རས་ཆུང་སྙན་བརྒྱུད་ཀྱི་བྱིན་རླབས་ཁྲིད་བཅས་རྗེ་མཁྱེན་བརྩེ་ནས་ཀཿཐོག་སི་ཏུ་རིན་པོ་ཆེར་བརྒྱུད་པ་དང་། ཀར་འབྲུག་གི་ཆོས་དྲུག་དང་ཕྱག་ཆེན་ཁྲིད་སྐོར་མཁྱེན་བརྩེ་ནས་རྒྱལ་ཚབ་རིན་པོ་ཆེ་ལ་བརྒྱུད་པ། ཆགས་མེད་ཞབས་ཀྱི་ཕྱག་ཆེན་དམར་ཁྲིད་བཅས་ལ་ཐུགས་རྩིས་ཆེར་མཛད་ཅིང་ཉམས་བཞེས་གནང་བར་མངོན། དོན་གཉེར་བ་རྣམས་ལ་གོང་འཁོད་རིགས་དང་། ལམ་མཆོག་རིན་ཆེན་ཕྲེང་བ། ཐར་རྒྱན། ནང་བརྟག་རྒྱུད་གསུམ་སོགས་མོས་པ་དང་མཐུན་པར་རེ་བ་ཡོངས་སུ་བསྐང་ཞིང་། འབྲི་གུང་དགོངས་གཅིག་ལ་མདོ་སྔགས་ཟབ་དོན་དང་འབྲེལ་བའི་གསུང་བཤད་སྩལ་བས་ཐམས་ཅད་ངོ་མཚར་གྱི་གནས་ལ་བཀོད། རྒྱལ་དབང་བཅུ་དྲུག་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེ་མཆོག་དང་། བྱམས་ཆེན་སི་ཏུ་པདྨ་དབང་མཆོག་རྒྱལ་པོ། ཟུར་མང་དྲུང་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆོས་ཀྱི་ཉིན་བྱེད། རྒྱལ་སྲས་འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་བཅས་ཡབ་སྲས་རྣམས་དང་ཐུགས་དགོངས་དབྱེར་མེད་པའི་ཐུགས་བསྐྱེད་ཕྲིན་ལས་ཀྱི་རྒྱུན་གཅིག་འདྲེས་སུ་གྱུར། སྐུ་ཞབས་སི་ཏུ་རིན་པོ་ཆེ་མཆོག་གིས་དེང་སང་ཁམས་བོད་ཀྱི་ལྗོངས་འདིར་ཚད་མའི་སྐྱེས་ཆེན་བློ་གཏད་ཞུ་ཡུལ་རྗེ་འདི་ཉིད་ཁོ་ནར་ངེས་ཞེས་སྡེ་དགེ་ས་སྐྱོང་ལ་ཡང་ནས་ཡང་དུ་བཀའ་གནང་བར་མཛད། སྐུ་ཞབས་རིན་པོ་ཆེ་ཞིང་ཁམས་སུ་གཤེགས་རྗེས་དགོངས་རྫོགས་སོགས་དཔལ་སྤུངས་བསྟན་པ་ལ་དངོས་བརྒྱུད་ནས་བཀའ་དྲིན་ཆེ་བར་བསྐྱངས། ཀར་འབྲུག་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་གཙུག་ནོར་དུ་གྱུར་ཅིང་རིང་ལུགས་འདི་དག་འཛིན་པའི་ཆོས་སྡེ་ཆེ་ཕྲ་མང་པོར་བཤད་སྒྲུབ་ཀྱི་རྒྱུན་སྔར་མེད་གསར་བསྐྲུན་གྱི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱིས་ཁྱབ་པས་ན། མངའ་བདག་མར་པ་བཀའ་བརྒྱུད་ཀྱི་བསྟན་འཛིན་མཁས་གྲུབ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྲུབ་པ་དང་། དག་པའི་གཟིགས་སྣང་ནི། མེ་སྤྲེལ་ཟླ་བ་བཅུ་གཅིག་པའི་ཚེས་གཉིས་ལ་བལ་ཡུལ་དུ་ཏཻ་ལོ་དང་ནཱ་རོའི་སྒྲུབ་ཕུག་ཏུ་ཅུང་ཟད་སྡོད་སྐབས། ནཱ་རོ་པ་སྐུ་མདོག་སྔོ་སྐྱ་ཐོར་ཅོག་རུས་རྒྱན། གཡས་ཐོད་པ། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་འཐོར་བ། ཞབས་ཙོག་པུ་ཕྱེད་སྐྱིལ་ཅན་མཇལ་སྙམ་པར་དབང་བླང་རང་ལ་བསྟིམ་དམིགས་སོགས་བྱས་སོ། །མནྡིའི་རྒྱལ་ས་ནས་རིམ་པར་ཛ་ལནྡྷ་ར་བརྒྱུད་རི་ལིར་བགྲོད་ལམ་ནས་དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་ཏུ་ཛ་ལནྡྷ་ར་ནི་གྲུབ་ཐོབ་ཨོ་རྒྱན་པ་དང་། རྒོད་ཚང་པའི་རྣམ་ཐར་དུ་གསལ་ཞེས་པའི་གནས་ཀང་ར་མནྡ་དིར་གྲགས་པ་དེའི་ཐད་ཙམ་དུ་སླེབས་པ་ཡིན་འདྲ་སེམས་སྐྱིད་དེ་བའི་ངང་ནས་མཁའ་དབྱིངས་སུ་ཀུ་ཀུ་རི་པ་སོགས་གྲུབ་ཆེན་མང་ཤས་བཞུགས་ཡོད་པའི་ཉམས་སྣང་གསལ་པོར་བྱུང་། གྲོ་བོ་ལུང་གི་ལྷ་ཁང་དམར་པོར་མར་པའི་འདྲ་ཞལ་མཇལ་སྐབས་དད་མོས་ཆེན་པོས་གསོལ་འདེབས་དང་། དགྱེས་རྡོར་དབང་བླང་སྔགས་ཀྱི་བཟླས་པའི་སྔགས་འཁོར་སྤྲོ་བསྡུའི་དམིགས་པ་སོགས་བྱས་པས་སྤྱན་ཧྲིག་བྱས་ཤིང་། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བ་མེད་པ་སྟེ། །སེམས་ཉིད་མ་བཅོས་སོ་མ་འདི། །རང་བྱུང་ཡེ་ཤེས་ཕྱག་རྒྱ་ཆེ། །ཞེས་གསུངས་པའི་སྣང་བ་དང་རིག་པ་རྟོག་མེད་དུ་རྒྱང་ཙམ་གནས་པའི་ཉམས་བྱུང་ངོ་།

།རྔོག་སྤྲེལ་གཞུང་གི་མར་པའི་གདུང་འབུམ་འཇལ་སྐབས་སུ། གདུང་འབུམ་ཉིད་དགྱེས་པ་རྡོ་རྗེ་ལྷ་དགུར་གྱུར་པའི་སྔགས་ཨཥྚའི་ཕྲེང་བ་རང་ལ་འཕྲོས་པའི་སྣང་བ་འཆར། མེ་བྱ་ཟླ་༥ཚེས་༡༩ནུབ་ལྷོ་བྲག་མར་པ་ཡིན་རྒྱུའི་མར་པའི་སྐུ་དབྱིབས་དང་ཆས་ལྟ་བུ་ཞིག་གིས་འཕོ་བ་གྲོང་འཇུག་བྱེད་ཐུབ་མིན་བཤད་འདུག །དར་མ་མདོ་སྡེས་བྱས་པ་སྐད་ཟེར། མཐར་ལི་འདྲ་དཀར་པོའི་བླ་སྐུ་ཞིག་འདུག་པ་དར་མ་མདོ་སྡེའི་འདྲ་ཞལ་ཡིན་རྒྱུ་ཞིག་རང་གི་ལག་ན་ཐོགས་པ་རྨིས་ཀྱང་གསལ་པོ་མ་དྲན། གནམ་མཚོ་ཐོག་མར་མཐོང་སྐབས་རང་གི་དད་མོས་རྐྱེན་ལས་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་ཐུགས་གསུང་སྐུའི་དཀྱིལ་འཁོར་དང་བཅས་པ་དཔའ་བོ་མཁའ་འགྲོ་མང་པོས་གར་སྟབས་བྱེད་པའི་འཁྲུལ་ཉམས་རབ་རིབ་བྱུང་བས་རང་གིས་ཀྱང་བདེ་མཆོག་གི་སྔགས་གང་ཤེས་བརྗོད་ཅིང་དེ་དག་དང་སྐལ་བ་མཉམ་པའི་སྨོན་འདུན་ཡང་ཡང་བྱས། རྡོ་རྗེ་གླིང་དུ་ས་ཁྱི་ཟླ་༧ཚེས་༡༩ལ་རྨི་ལམ་དུ་རྫོང་སར་གཟིམ་ཁང་ནང་རྗེ་མི་ལའི་སྐུ་མཆོད་ཉིན་གཅིག་འདོན་རྒྱུ་གང་ཡིན་བརྗེད། མཆོད་པ་དེམ་བསྒྲིགས་རྣམས་བསྡུས། དེའི་ཕྱི་ཉིན་ཡང་ཚོགས་དགོས་པ་འཁྲུལ་འཁོར་གཅིག་བསྐོར་དུས་མཆོད་པ་རྣམ་ལྔ་ཐམས་ཅད་བསྒྲིགས་མ་དགོས་པར་སེར་སྒྲེང་གཤར་བ་ལྟར་དེམ་ཐོག་གཅིག་རྗེས་ཉིས་མཐུད་བྱུང་བར་ངོ་མཚར་སྙམ་བྱེད་པ་རྨིས། གཉིད་སད་དུས་རྗེ་བཙུན་ལ་མོས་གུས་ཆེན་པོས་མཚན་གྱི་གསོལ་འདེབས་བཏོན་པས། གངས་རི་ཏི་སེའི་ངོས་ལ་ཕོ་བྲང་ལྟ་བུའི་ནང་རྗེ་བཙུན་ཉིད་བདེ་མཆོག་ཞལ་ཕྱག་རྒྱས་པའི་སྐུར་གྱུར་པ་ལ་སྙན་བརྒྱུད་ཐོབ་རེའི་གསོལ་བ་བཏབ་པས་དབང་རྒྱས་བསྡུས་དང་གླེགས་བམ་གྱི་སྡོམ་གཏད་རྣམས་སྤྲུལ་པའི་དཀྱིལ་འཁོར་ལྟ་བུར་སྐད་ཅིག་གིས་ཐོབ་པའི་ཉམས་འལ་འོལ་ཞིག་བྱུང་གསུངས། སྟོད་ལུང་མཚུར་ཕུར་འགྲོ་སྐབས་རྒྱབ་རི་བདེ་མཆོག་ཞལ་ཕྱག་ཡོངས་རྫོགས་རི་ཡི་གཏོས་དང་མཉམ་པ་མཐོང་སྙམ་དང་། མདུན་རིའི་མར་རྒྱབ་བྲག་ཀརྨ་པཀྴི་སྐུ་མདོག་སྨུག་པོ་ཤིན་ཏུ་ཆེ་བ་མཐོང་སྙམ་བྱུང་། ས་ཁྱི་ཟླ་༡ཚེས་༡༥ལ་བྲོ་ནད་ཀྱིས་མནར་བཞིན་དཔེ་ཁང་ནས་དཔེ་པོད་གཅིག་ཞལ་ཕྱེས་པས། པཀྴིའི་གསུང་གསང་སྔགས་ཀྱི་རྒྱུད་སྡེའི་སྤྱི་རྣམ་སྐོར་ཞིག་འདུག་པ་ལམ་ཙམ་མཇལ་ནས་ཆུ་ཚོད་གཉིས་ཙམ་སོང་བ་ན། དེས་རྐྱེན་བྱས་པ་ལྟ་བུས་ཉམས་སྣང་ལ་མདུན་མཁར་པཀྴི་དེ་ཉིད་སྐུ་མདོག་དམར་སྨུག་ཨག་ཚོམ་ནག་ཁྱུག་གེ་བ་ཞལ་རས་ཁྲོ་འཛུམ་སྤྱན་ལྟ་སྟངས་ཕྱག་ས་གནོན་ཟིལ་ཅན་གྱི་མདུན་དེར་ཌཱ་ཀི་མ་སྦོམ་ཐུང་ཁ་ཤས་ཡོད་པའི་ཉམས་བྱུང་། ང་རང་ནད་དྲག་པའི་གསོལ་བ་བཏབ་པས། ཌཱ་ཀི་དེ་རྣམས་དང་བླ་མས་ཕྱག་གིས་བྱབས་པ་འདྲ་ཁ་ཤས་བྱས། བླ་མ་དང་ཌཱ་ཀི་དེ་རྣམས་ལས་མེ་ལྕེ་ལྟ་བུ་དམར་ཐར་ཐར་འཕྲོས་ནས་རང་ལུས་བསྲེགས། རང་བླ་མ་པཀྴིའི་སྐུར་གྱུར་པའི་འཁྲུལ་སྣང་ཞིག་བྱུང་བ་ལ་བརྟེན་ནས་བླ་སྒྲུབ་ཞིག་ཡིད་ངོར་གསལ་བཞིན་བྲིས། ས་ཁྱི་ཧོར་ཟླ་༩ཚེས་ལ་ཟབ་མོ་ནང་དོན་བཤད་ལུང་མཆོག་ལྡན་སོགས་ལ་བགྱིས་པའི་ཚེས་བཅུའི་ནུབ་ནམ་སྨད་རྒྱལ་དབང་རང་བྱུང་རྡོ་རྗེ་དྲན་པའི་རྐྱེན་གྱིས་རྗེ་དེ་ཉིད་མི་ཚད་ཙམ་ཞྭ་ནག་ཆོས་གོས་ཕྱག་གཉིས་ཆོས་འཆད་མཛད་པ་ཞིག་ལ་གསུང་འབུམ་དགོངས་གཏད་ཞུ་སྙམ་པ་དང་། ཡིག་པོད་སྐྱ་མ་ཁ་ཤས་ཡོད་སྙམ། རེས་ཤོག་ནག་གསེར་བྲིས་ལྟ་བུ། རེས་ཞལ་ནང་ནས་ཡི་གེ་མང་པོ་ཐོར་ཐོར་བྱུང་བ་རང་ལ་ཐིམ་པའི་ཉམས་ཤར་རོ། །ཟླ་ཚེས་༡༣ནུབ་མཚུར་ཕུར་རྒྱལ་དབང་བཅུ་དྲུག་པ་མཇལ། ངོས་ལ་བྱིན་རྟེན་གནང་རྩིས་ཀྱིས་རྟེན་སྒམ་མང་པོའི་དཀྱིལ་དུ་སྒམ་གཅིག་རང་ནས་ཞལ་ཕྱེས་པས། གནམ་ལྕགས་རྡོ་རྗེ་ཕུར་པ་ཁ་ཤས་དང་། གཟུངས་ཐག་རྡོ་རྗེ་རྙིང་པའི་ལི་མ་ལྟ་བུ་འཕན་ཛར་ལྡན་པ་ཁ་ཤས་འདུག །རྒྱལ་དབང་ནས་ཁྱེད་རང་བྱིན་རྟེན་གང་དགོས་ཁྱེར་གསུངས་ཏེ་རིན་པོ་ཆེ་རང་གཟིགས་ལོང་མེད་པར་སྐུ་འཆགས་མཛད་པ་དང་། སྐུ་ཞབས་སི་ཏུ་གོང་མ་དེའང་རྨིས་ཀྱང་བརྗེད། མེ་བྱ་ཟླ་༢ཚེས་༡༥ཉི་མ་མེ་བཞིའི་འགྲུབ་སྦྱོར་ཉིན་རྩ་གསུམ་སྤྱི་འདུས་ཀྱི་དབང་ཞིག་ཀྱང་བསྐུར། འཇའ་ཚོན་ཚེ་སྒྲུབ་སོགས་ལུང་འདོན་སྐབས་དེའི་ནུབ་གནས་མདོ་ཆགས་མེད་རིན་པོ་ཆེའི་གདན་ས་སྐོར་གྱི་རྨི་ལམ་མང་ཞིག་བྱུང་བ་བརྗེད། ཡང་མནལ་བ་ན་གཉིད་སྲབས་མོའི་ཉམས་སྣང་ལ། ཆགས་མེད་རིན་པོ་ཆེ་དང་པོ་དབུ་ལ་སྒོམ་ཞྭ་མནབ་པ། དར་ཅིག་ནས་ཐང་ཆེ་བ་ཞིག་གི་སྟེང་རང་དང་ཅུང་ཐག་རིང་ཙམ་ན་དགེ་སློང་དབུ་ཟླུམ་བགྲེས་ཉམས་མེད་པ་ཞིག་བཞུགས་འདུག་པ་ཁོང་གི་གསུང་རྣམས་ལུང་ཞུ་དགོས་སྙམ་པ་ཕྱག་དཔེ་ནི་བླ་མ་ཁོང་རང་གསུང་འབྱུང་བའི་གཞི་ཡིན་སྙམ་བྱིན་རླབས་ཞུ་བའི་དམིགས་འདུན་བྱས་པ་དང་། ཕྱག་ན་བཻཌཱུཪྻའི་ཤོག་གུ་ལ་མཐིང་སྐྱ་ཞིག་གིས་བྲིས་པ་ལྡེབ་གཅིག་གནང་ནས་གསུང་ཐམས་ཅད་ཀྱི་རྩ་བ་ཡིན་རྒྱུ་དེ་འདྲ་ཞིག་གཏད་པ་དང་། བླ་མ་འོད་དུ་ཞུ། གླེགས་བམ་ཆོས་རྩིགས་ཆུང་ངུ་ཞིག་ཏུ་གྱུར། དེ་གནས་གྱུར་ཏེ་ཐུགས་ཆེན་འཁོར་བ་དོང་སྤྲུགས་ལྟ་བུ་གཡས་རིལ་བ་སྤྱི་བླུགས་ལྟ་བུའི་ཁྲུས་བུམ་མཆོག་སྦྱིན་གྱིས་འཛིན་པ། གཡོན་སྐྱབས་སྦྱིན་ཐུགས་ཀར་པད་ཕྲེང་འཛིན་པ་ཞིག་ཏུ་གྱུར། དེ་རང་ལ་ཐིམ་པས་རང་ཡང་དེ་འདྲར་གྱུར་པ་དང་ཉམས་སད་དོ།། །།

ལྔ་པ་ནི་མཁས་གྲུབ་ཁྱུང་པོའི་གསེར་ཆོས་ཤངས་པ་བཀའ་བརྒྱུད་སྐོར། ལམ་འདིའི་བཀའ་བབས་འཇམ་མགོན་གུ་ཎའི་ཞབས་ཀྱི་ཐུགས་སྲས་མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་ཞབས་དང་། སྒྲུབ་དཔོན་བླ་མ་ཀརྨ་རང་བྱུང་ཀུན་ཁྱབ་སོགས་ལས་སྨིན་གྲོལ་དང་གདམས་སྐོར་གཞུང་རྙིང་ཡོངས་རྫོགས་ནན་ཏན་ཞིབ་གསན་གྱིས་ཉམས་བཞེས་དང་། རྒྱུད་སྡེ་ལྷ་ལྔ། ལྷ་བཞི་དྲིལ་སྒྲུབ། བླ་མགོན་དབྱེར་མེད་སོགས་ལྗགས་བསྙེན། སྟག་ཚང་སྒྲུབ་སྡེར་ལུགས་འདིའི་ཉམས་ལེན་དང་འཁྲུལ་འཁོར་སོགས་རྒྱུན་འཇགས་གནང་། དོན་གཉེར་ལ་སྨིན་གྲོལ་འཆད་སྤེལ་གྱི་ཐུགས་བསྐྱེད་དང་ཕྲིན་ལས་རྒྱ་ཆེ་བ་སོགས་ཤངས་ཆོས་རིན་ཆེན་བདུན་བརྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་གསལ་བྱེད་དམ་པར་གྲུབ་པ་དང་། ཡེ་ཤེས་དག་པའི་གཟིགས་སྣང་ལ། མེ་སྤྲེལ་ཟླ་༡༠ཚེས་ལ། དུར་ཁྲོད་བསིལ་ཚལ་ཤ་ཝ་རིའི་སྒྲུབ་ཕུག་ཏུ་མཆོད་པ་འདོན་སྐབས། ཤ་ཝ་རི་པ་རི་དྭགས་ཀྱི་རོ་ཕྲག་པར་བཀལ་ནས་གཡས་མདའ། གཡོན་གཞུ་བསྣམས་པ་ཞིག་ལ་གནས་ལྔའི་ལྷ་རྣམས་ཀྱང་རབ་རིབ་ཡོད་སྙམ་རིག་པ་གསལ་དྭངས་བྱིན་རླབས་ཀྱི་ཟིལ་ཅུང་ཟད་བྱུང་བས་ལུས་འཕར་བ་མདུན་དུ་མགོན་པོ་ཚེ་བརྟན་ཡོད་པས་མཐོང་ངོ་། །བླ་སྒྲུབ་ཞིག་རིག་ངོར་ཐོན་པ་དེའི་ཕྱི་རོལ་ལྷ་ཁང་དུ་བྲིས་པ་ལགས་ཞེས་དང་། སྔར་ཞེ་ཆེན་ནས་རྒྱལ་ཚབ་རིན་པོ་ཆེ་ལས་གདམས་མཛོད་ནང་གི་ཤངས་ཆོས་གསན་སྐབས་གཟིམ་ལམ་ངོ་མཚར་ཅན་ཁ་ཤས་བྱུང་ཡང་དེ་སྐབས་ཐོ་མ་འཁོད་པས་ད་ལྟ་བརྗེད། དེ་རིགས་ལ་དོན་ཆེར་ཡོད་ཅེས་གུས་ལ་བཀའ་སྩལ་བ་ཙམ་ལས་ཕྱག་ཐོར་འཁོད་རིགས་མི་སྣང་ལ། བཀའ་སྲོལ་འདིའི་ཤིང་རྟ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྗེས་སུ་བཟུང་ཚུལ་གོང་གསལ་ལྟར་རོ།། །།

དྲུག་པ་ནི་ཕ་གཅིག་དམ་པ་སངས་རྒྱས་ཀྱི་གདམས་ཟབ་ཞི་བྱེད་སྐོར་དང་། མ་གཅིག་ལབ་སྒྲོན་གྱི་བཀའ་སྲོལ་དམ་ཆོས་བདུད་གཅོད་བཅས་ཀྱི་སྨིན་གྲོལ་གདམས་པའི་རྒྱུན་བཞུགས་རིགས་ཞིབ་ཏུ་གསན་བཞེས་ཀྱིས་སྐབས་སུ་བབ་པའི་ཐུགས་དམ་ཉམས་བཞེས་མཐར་ཕྱིན་ཅིང་འཆད་སྤེལ་འཛིན་སྐྱོང་གི་ཕྲིན་ལས་ཀྱང་གཡེལ་མེད་བརྒྱུད་མར་སྐྱོང་བར་མཛད་པ་དང་། གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་གདམས་ཟབ་ཞི་བྱེད་ལམ་ལྔ་སྐོར་དང་། མ་གཅིག་ལབ་སྒྲོན་གྱི་གཅོད་ཡུལ་ལམ་ཁྱེར་ལུགས་སྲོལ་རྣམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་བཅས་ཞིབ་ཏུ་གསན་བསམ་སྒོམ་པའི་ཕ་མཐར་སོན། གདུལ་བྱ་གང་ལ་གང་འོས་ལ་འཆད་སྤེལ་དང་བཅས་པ་བསྟན་པའི་རྒྱུན་ཉམས་མེད་འཛིན་སྐྱོང་གནང་ཞིང་། ཁྱད་པར་དུ་མ་གཅིག་ལབ་སྒྲོན་དང་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་པས་རྗེ་གྲུབ་ཐོབ་ཆེན་པོར་དངོས་སུ་གདམས་པའི་གསང་སྤྱོད་སྙན་བརྒྱུད་ཆེན་མོ་ཞེས་ཉམས་ལེན་བྱིན་རླབས་ཀྱི་རྒྱུན་ཁྱད་པར་འཕགས་པ་ཤིན་ཏུ་གཅེས་སྤྲས་ཀྱིས་ཐུགས་ཉམས་སུ་བསྟར་ཞིང་ཉེར་མཁོའི་ཡིག་ཆ་གསར་སྤེལ་ཅི་རིགས་ཀྱང་གནང་ནས་མོས་ལྡན་དོན་གཉེར་རིགས་ལ་མནོག་ཆོས་ཀྱི་ཚུལ་དུ་སྤེལ་བར་མཛད་ཅིང་། སྣོད་ལྡན་ལ་གཏད་རྒྱ་བཅས་རྫོགས་པར་གདམས་པ་སོགས་ཞི་གཅོད་ཀྱི་བསྟན་པ་འཛིན་པའི་མངའ་བདག་ཆེན་པོར་ངེས་ལ། གཟིགས་སྣང་ནི། སྐུ་གོང་མའི་དམ་པའི་བླ་སྒྲུབ་སྙན་བརྒྱུད་སྙིང་གི་ཐིག་ལེའི་དབང་དཔེ་དགོངས་ཀློང་དུ་གསལ་བ་ལྟར་གཏན་ལ་ཕབ་པའི་མཛད་བྱང་ལས། ཁོ་བོ་པདྨ་ཡེ་ཤེས་རྡོ་རྗེ་རང་ལོ་༦༥མེ་བྱ་ཟླ་༡༢ཚེས་༢༢ལ་དམ་པ་སངས་རྒྱས་དེ་ཉིད་ཀྱི་སྐུའི་སྣང་བརྙན་རབ་རིབ་འཆར་བའི་རྐྱེན་གྱིས་ཡིད་ངོར་ཤར་བ་བཞིན་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དམ་པའི་བླ་སྒྲུབ་དག་སྣང་སྙན་བརྒྱུད་ཀྱི་སྨིན་བྱེད་དུ་ཡིན་པར་རློམས་ནས་འབྲས་ལྗོངས་མཁའ་སྤྱོད་ཌཱ་ཀིའི་ཕོ་བྲང་ངོ་མཚར་སྤྲུལ་པའི་ཞིང་གི་གཙུག་ལག་ཁང་ཆེན་པོའི་འགྲམ་ལོགས་ཀྱི་བ་གམ་དུ་ཤར་མར་བྲིས་པ་སོགས་དང་། དེའི་གཤམ་དུ་ཕྱག་བྲིས་མར། གོང་གི་རྒྱལ་ཟླའི་ཚེས་༢༠སྐོར་འགོས་ལོའི་དེབ་ཐེར་སྔོན་པོ་མཇལ་བའི་ཚེ་ཞི་བྱེད་སྐོར་གྱི་རྣམ་ཐར་ལམ་ཙམ་རེ་བལྟས་སྐབས་དམ་པ་སངས་རྒྱས་སྐུ་མདོག་དམར་སྨུག་དབུ་སྐྲ་ནག་པོ་རལ་པ་རིང་པོའང་མིན་པ་ཐུང་ངུའང་མིན་པའི་ཨར་བད་ཙན་ལྟ་བུ། ཕྱག་གཉིས་རེས་དཔྲལ་བར་ནམ་མཁའ་མཛོད་རྒྱ། རེས་ཌཱ་རུ་ཐོད་པ་བསྣམས་པ་ཞིག་ཡིད་ངོར་ལམ་ཙམ་གསལ་ལོ། །ཞེས་བཀོད་པར་མཛད་འདུག །ཟངས་རི་མཁར་དམར་གྱི་མ་གཅིག་འདྲ་ཞལ་མདུན་བཞུགས་ཞག་གི་རིང་གསུང་ཆོག་གནང་སྐབས་གཟིགས་སྣང་ངོ་མཚར་ཅན་མང་དུ་ཡོད་པར་ངེས་ཀྱང་ཕྱག་ཐོར་འཁོད་པ་བཞུགས་མི་འདུག ། །། བདུན་པ་ནི་གཉིས་མེད་རྒྱུད་རྒྱལ་དཔལ་དུས་ཀྱི་འཁོར་ལོའི་ཟབ་དོན་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་སྐོར་གངས་རིའི་ཁྲོད་ཀྱི་དུས་ཞབས་པ་ཆེན་པོ་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ལ་དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་ཤིང་རྟ་ཇོ་ཞལ་གཉིས་ཀྱི་བཀའ་སྲོལ་སྨིན་གྲོལ་རྒྱུད་བཤད་དང་བཅས་པའི་ཆུ་བོ་ཐམས་ཅད་རྫོགས་པར་འབབ་ཅིང་དེ་ཐམས་ཅད་ཚང་བ་རྗེ་བླ་མ་མཆོག་གི་ཐུགས་མཚོར་བསྐྱིལ་བ་ཉིད་འཆད་སྤེལ་གྱི་ཕྲིན་ལས་རྒྱ་ཆེར་སྐྱོང་ཞིང་། སྟོན་པ་ཆོས་རྒྱལ་ཉེར་ལྔ་ཕྱེད་དུམ་སྐྱོང་བརྒྱུད་འཛིན་བཅས་ཀྱི་གྲ་ཐང་སུམ་ཅུ་སོ་བདུན་ཤིན་ཏུ་ཁྱད་འཕགས་གསར་བཞེངས་དང་། ནག་ཟླའི་དུས་ཆེན་ལ་མཆོད་ཆོག་གཟབ་རྒྱས་མ་ཆགས་པར་གནང་ཞིང་། གུས་པ་ལའང་དེ་བཞིན་གྲུབ་ན་ལེགས་པའི་བཀའ་འཕྲོས་གནང་ཞིང་། རྒྱུད་རྒྱལ་འདིའི་ཟབ་དོན་རྣམས་ལ་གཞན་གྱི་ལད་མོ་ཙམ་མ་ཡིན་པའི་ངེས་ཤེས་ཁྱད་པར་ཅན་ཐུགས་ལ་འཁྲུངས་ཚུལ་ངེས་པ་དོན་གྱི་ཞལ་བཞེས་གནང་ཞིང་། ཞིང་འདིའི་གདུལ་བྱ་རྫོགས་ལ་ཉེ་བ་ནའང་གསུང་ཆོག་ཀུན་གྱི་རྗེས་མར་དུས་ཆེན་དང་ཁེལ་བས་འདི་ཉིད་ཀྱི་མཆོད་ཆོག་གཟབ་རྒྱས་སུ་གནང་བ་དང་། མ་འོངས་པ་ན་རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱི་སྐུར་བཞེངས་པར་ཞལ་གསུང་གསོལ་འདེབས་ཁག་ལས་ཡང་ཡང་གསལ་བ་ལྟར་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་བསྟན་པའི་བདག་པོར་ངེས་པ་སོམ་ཉི་དང་བྲལ་ཞིང་། གཟིགས་སྣང་སྐོར། མེ་སྤྲེལ་ཟླ་༡༡ཚེས་ལ་ལྷ་བབས་གནས་སུ་བསྟན་རིམ་མནན་པ་ཚར་བའི་ནུབ་རྨི་ལམ་དུ་དུས་འཁོར་བློས་བསླངས་ཆེ་བ་ཞིག་གི་ནང་དུ་ཞུགས་པ་དང་སྐུ་འཁོར་གྱི་ཕྱིའི་འདོད་མ་རྣམས་ཧྲིལ་པོ་ལེབ་མོར་བཞུགས་པ་རྣམས་ནས། ནང་འཁོར་འདོད་མ་རྣམས་ཀྱི་སྐུ་གཅིག་གན་རྐྱལ་ཡོད་པར་ཅུང་སྡོད་པ་འདོད་མ་སྔོན་མ་དེའི་བྱེ་བྲག་རེད་ཟེར། དེ་ནས་ནང་འཁོར་གྱི་མདུན་ཕྱོགས་ཞིག་ནས་སྒྲུབ་མཆོད་བཏང་། བདུད་རྩི་ནང་མཆོད་ལ་མི་ཁ་ཤས་འཛོམ་དགོས་གྲྭ་པ་འགའ་ལ་སྐད་བཏང་། དེ་འདྲའི་ངང་གཉིད་སད་དོ། །ས་ཁྱི་ཟླ་ཚེས་༢༠ནུབ་རྡོ་རྗེ་གདན་གྱི་སངས་རྒྱས་ཡེ་ཤེས་ཞབས་ཀྱི་དུས་འཁོར་དཀྱིལ་འཁོར་གྱི་རྡོ་དེ་གནམ་གྲུ་ནང་ཁྱེར་འོང་བ་རེད་ཀྱང་ཟེར། མིས་པང་ནས་ཁུར་བ་རེད་ཀྱང་ཟེར་འབྱོར་འདུག །དེའི་སྟེང་མེ་མཆོད་བླུགས་གྲབ་བྱེད་པ་དང་། ཡང་རྡོ་སྟེགས་ལ་མཁའ་འགྲོའི་དཀྱིལ་འཁོར་ཡོད་པ་ཆུང་ཙམ་ཞིག་གི་སྟེང་མེ་མཆོད་བླུགས་གྲབ་བྱེད་པ་རྨིས། མེ་སྤྲེལ་ཟླ་༡༢ཚེས་༢༣ལ། ལོ་དེའི་རྒྱལ་ཟླའི་ཚེས་ཉེར་གསུམ། །ཀུན་མཁྱེན་དོལ་པོ་སངས་རྒྱས་དྲན། །ཡང་ཡང་གསོལ་བཏབ་སྐུའི་སྣང་བ། །ཆུང་ངུ་ཞིག་ལས་ཆེར་མ་དྲན། །གཉིད་ནི་སད་རེས་དུས་དག་ཏུ། །གསོལ་བཏབ་ནམ་སྨད་ཆ་ཞིག་ལ། །ཁྲི་ནི་མཛེས་པ་ཞིག་གི་སྟེང་། །ཀུན་མཁྱེན་དེ་ཉིད་མི་ཚད་ཙམ། །སྐུ་ཤམ་སེར་པོ་གསོལ་བ་དང་། །རྗེ་ཡི་ཐུགས་དམ་སྐུ་དབྱིབས་འདྲ། །ཡེར་གྱིས་བཞུགས་ལ་གསོལ་བ་བཏབ། །བར་ཆད་ཞི་བའི་སྨོན་ལམ་བྱས། །ཡང་གཅིག་རྒྱ་མི་འདྲ་བ་དང་། །ལྷ་ཁང་གསར་བཟོས་ཚད་བླངས་པ། །ཐག་པ་ལྟ་བུ་ཞིག་གི་ཚད། །ངོས་རེར་འདོམ་པ་སུམ་ཅུ་རེ། །བབས་འདུག་ཟེར་བ་ལ་སོགས་རྨིས། །དམར་ཕྱོགས་ཚེས་ནི་ཉེར་བཞིའི་ནུབ། །འཇམ་དབྱངས་བསྟོད་པ་གང་བློ་དང་། །འགྲེལ་པ་སུམ་ཅུ་སོ་གཉིས་པོ། །རྔོག་ལོས་ཐུགས་གཙིགས་མཛད་པ་དེ། །གཟུགས་སུ་གྱུར་ནས་ཡི་གེ་ནི། །མེ་འོད་ལྟ་བུར་གྱུར་པའི་ནང་། །རང་ཉིད་ཞུགས་པ་ལ་སོགས་པ། །བཤད་དཀའི་རྨི་ལམ་མང་པོ་ཞིག །ནམ་གྱི་རྒྱུན་རིང་རྨིས་པ་དང་། །ཀུན་མཁྱེན་དོལ་པོའི་སྐུ་ལ་ནི། །རིགས་གསུམ་སེམས་དཔའ་བཞུགས་པ་སོགས། །འལ་འོལ་གསལ་བཞིན་བླ་སྒྲུབ་ནི། །འདྲེ་ཡིས་ལག་བསྒུལ་བྲིས་པ་ལགས། །གཞན་ཡང་སྐུ་ཚེའི་སྟོད་དུ་དོལ་པོའི་བླ་རྣམ་གྱི་མཛད་བྱང་ལའང་ཀུན་མཁྱེན་ཉིད་ཀྱིས་རྗེས་སུ་བཟུང་ཚུལ་ཅན་མཇལ་བས་མཚོན། དཔལ་རྩེ་རྡོར་དབྱིངས་སོགས་ཀྱི་རྒྱུད་སྡེའི་དབང་དང་བསྐྱེད་རྫོགས་སྐོར་དེང་སང་རྒྱུན་དཀོན་པས་དེ་དག་འཆད་ཉན་འཛིན་སྤེལ་ཐུགས་ཀྱི་གཡར་དམ་དུ་བཟུང་བས་ན། བུ་དོལ་ཇོ་ཞལ་གྱི་བསྟན་པའི་སྲོག་མཐུད་པར་མཛད་དོ།། །།

བརྒྱད་པ་ནི་གྲུབ་ཐོབ་ཆེན་པོ་ཨོ་རྒྱན་པ་ལ་རྡོ་རྗེ་བཙུན་མོས་དངོས་སུ་སྩལ་བའི་མན་ངག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སྐོར་གཞུང་གདམས་མན་ངག་གི་རྒྱུན་བཞུགས་རིགས་རྫོགས་པར་གསན་ཏེ་འཛིན་སྐྱོང་སྤེལ་བའི་ཐུགས་བསྐྱེད་དང་ཕྲིན་ལས་རྒྱ་ཆེར་བདག་གིར་མཛད་པས་དོན་གྱི་བསྟན་པའི་གསལ་བྱེད་དམ་པར་ངེས་ཤིང་། འདི་སྐོར་ཐུགས་དམ་ཉམས་བཞེས་ཀྱི་མངོན་རྟགས་ཞལ་གཟིགས་ཉམས་སྣང་ཅི་རིགས་བཞུགས་པར་ངེས་ཀྱང་དམིགས་བསལ་གསུང་འཕྲོས་དང་ཕྱག་ཐོར་གནང་བ་དངོས་སུ་མཐོང་ཐོས་ཀྱི་སྐལ་བར་མ་གྱུར་ལ། དེར་མ་ཟད་གཡུང་དྲུང་བོན་གྱི་བསྟན་འཛིན་མདོ་སྨད་ཤར་རྫ་རྟོགས་ལྡན་སློབ་བརྒྱུད་དང་བཅས་པ་ལ་རང་ལུགས་སྨིན་གྲོལ་ཉམས་ཁྲིད་ཀྱི་ཡི་གེ་གསར་དུ་མཛད་པར་བསྐུལ་ཞིང་། བརྒྱུད་འཛིན་ཀུན་ལ་བསྟོད་བསྔགས་ཀྱིས་དབུགས་དབྱུང་གནང་བ་ལས་ནམ་ཡང་ཁྱད་དུ་གསོད་པར་མི་མཛད་དོ། །དེ་དག་ཀྱང་རྣམ་ཐར་རྩ་བར། གོང་མ་འཇམ་མགོན་བླ་མ་དེ། །གྲུབ་མཐའ་ཀུན་ལ་མ་ལྟར་མཛའ། །རང་རང་རྒྱུད་ལུང་མན་ངག་གི། རྣམ་དབྱེ་མ་འདྲེས་སོ་སོར་མཁྱེན། །ཕན་ཚུན་བསྲེ་བསླད་མི་མཛད་ཅིང་། །གང་ལ་གང་འདུལ་ཆོས་སྟོན་པས། །ས་དགེ་ཀར་རྙིང་ཐམས་ཅད་ཀྱིས། །རང་གི་བླ་མ་བཞིན་དུ་འཛིན། །བདག་ནི་དེ་ལྟར་མ་ལགས་ཀྱང་། །བོད་ཡུལ་ཤིང་རྟ་ཆེ་བརྒྱད་པོ། །ཀུན་ལ་དག་སྣང་ཆེར་བསྐྱེད་ཅིང་། །ལོག་རྟོག་སྒྲིབ་པས་མ་གོས་པར། །གཤེ་སྐུར་གྲུབ་མཐའི་ཕྱོགས་འཛིན་སྤངས། །དབང་ཁྲིད་མན་ངག་རྒྱུད་ལུང་རྣམས། །རྒྱུན་བཞུགས་ཐམས་ཅད་འབད་པ་ཆེས། །ཉན་དང་མཉན་པར་འགྱུར་བར་སྨོན། །བསྟན་པ་རིང་དུ་གནས་པ་ཡི། །ལྷག་བསམ་བཟང་པོས་ཐོབ་པ་རྣམས། །ཕྱོགས་རིས་མེད་པར་སྤེལ་བ་དང་། །སྐྱེ་འགྲོ་མཆོག་ཕལ་ཐམས་ཅད་ལ། །ཟུར་ཟ་ཕྲག་དོག་བརྙས་བཅོས་སྤངས། །ཀུན་ལ་ཕན་པའི་བསམ་པ་ནི། །དུང་དང་པད་རྩ་ལྟར་དཀར་བའི། །སེམས་བསྐྱེད་སྨོན་ལམ་བཟང་པོ་བཏབ། །འབྲེལ་པ་ཐམས་ཅད་དོན་ཡོད་བྱས། །དེ་ནི་རྣམ་ཐར་སྙིང་པོ་ཡིན། །ཞེས་གསུངས་པ་ལྟར། གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་འཛིན་སྐྱོང་སྤེལ་བའི་རྣམ་ཐར་ལ་འགྲན་ཟླས་དབེན་པ་རྗེ་བླ་མ་འཇམ་པའི་དབྱངས་སྐུ་གོང་མའི་རྣམ་ཐར་གྱི་གསང་བ་ནི། ཐམས་ཅད་མཁྱེན་གཟིགས་ཡོན་ཏན་རྒྱ་མཚོའི་ཞལ་ནས། ཐོབ་འཇལ་རིགས་པ་ནོར་སོགས་ཀྱི། །དབང་དུ་གྱུར་མིན་སྐྱེས་སྦྱངས་ལས། །བོད་ཡུལ་རྒྱལ་བའི་རིང་ལུགས་པ། །ཀུན་གྱི་ཚོགས་རྗེར་གྱུར་པ་ཡི། །ཚུལ་འདི་ཁོ་ནས་འཇིག་རྟེན་འདིར། །ཐུབ་དབང་གཉིས་པའི་རྣམ་ཐར་འཛིན། །བཤད་བརྒྱུད་འདེགས་པའི་ཀ་ཆེན་བཅུ། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི། །གཞུང་ལུགས་སྨིན་གྲོལ་གདམས་པའི་བཅུད། །གངས་ཅན་ལྗོངས་སུ་བཞུགས་སོ་འཚལ། །གསན་བསམ་སྒོམ་པ་མཐར་ཕྱིན་མཛད། །སྐྱེ་བ་མེད་ལས་སྐྱེ་ཚུལ་དང་། །འཕོ་བ་མེད་ལས་འཕོ་ཚུལ་བཞིན། །སྤངས་རྟོགས་ཀུན་གྱི་མཐར་སོན་ཀྱང་། །གདུལ་བྱ་ཐབས་ཀྱིས་འདུལ་བར་བསྟན། །ཞེས་རྗེས་སུ་བསྔགས་པར་མཛད་པ་ཉིད་དོན་ལ་གནས་སོ།། །།

གཉིས་པ་བཤད་མ་ཐག་པ་དེ་དག་ལས་གཞན་པའི་གཟིགས་སྣང་སྣ་ཚོགས་རིགས་རྗེ་བླ་མ་ཉིད་ཀྱི་ཕྱག་ཐོར་བཏབ་པ་རག་རིམ་རྙེད་པ་རྣམས་བཅོས་བསྒྱུར་མེད་པར་ཕྱོགས་གཅིག་ཏུ་བཀོད་པ་འདི་ལྟར་ཏེ། །ལེགས་ཉེས་བླང་དོར་སྟོན་མཛད་ཅིང་། །འགྲོ་བའི་མུན་སེལ་ཆོས་ཀྱི་རྗེ། །དཔལ་ལྡན་འདྲེན་པ་མཆོག་རྣམས་ཀྱིས། །བདག་ལ་རྟག་ཏུ་ཐུགས་རྗེས་གཟིགས། །བློ་གྲོས་བློ་ངན་ཉོན་མོངས་ཀྱི། །དྲྭ་བའི་སྦུབས་སུ་རབ་འཐུམས་བདག །བཅུ་ཕྲག་དྲུག་ལ་ལྔར་ལྷག་པའི། །མགོ་ཟླའི་ཚེས་ལ་འཕགས་ཡུལ་གྱི། །རྡོ་རྗེ་གདན་མཇལ་ཕྱིན་པའི་ཚེ། །རྒྱལ་གྱི་ཟླ་བའི་ཚེས་ལྔ་པ། །ཉིས་བརྩེགས་སྔ་མའི་དུས་ཀྱི་ཆར། །བྱང་ཆུབ་ཆེན་པོའི་མདུན་ས་རུ། །གསོལ་བཏབ་བགྱིད་སྐབས་དེ་ཉིད་ནི། །ཐུབ་དབང་དངོས་སུ་གྱུར་པ་ཡི། །ཐུགས་ཀར་རྡོ་རྗེ་འཆང་ཆེན་སྔོ། །ཡུམ་མེད་ལོངས་སྐུ་རྡོར་དྲིལ་བསྣམས། །དེ་ཡི་ཐུགས་ཀར་ཀུན་ཏུ་བཟང་། །རྒྱན་མེད་ཡབ་ཡུམ་འཁྲིལ་སྦྱོར་བཞུགས། །ཕྱི་རོལ་འོད་ཟེར་ཕུང་པོའི་ཀློང་། །སངས་རྒྱས་མང་པོ་བཞུགས་པ་ཡི། །ཉམས་ཀྱི་སྣང་བ་རབ་རིབ་བྱུང་། །ཚེས་ལྔ་ཕྱི་མར་ཡང་དེ་འདྲའི། །སྣང་བ་བྱུང་བས་བླ་རྣམ་བྲིས། །མགོན་པོ་ཕྱག་བཞིར་གཏོར་འབུལ་ཞིག །བྱ་དགོས་སྙམ་རུང་དཔེ་མ་འཛོམ། །དེ་ནུབ་ཡེ་ཤེས་མགོན་པོ་ནི། །རྡོ་སྐུ་ནག་པོའི་སྨད་ཆ་ནས། །ཞབས་སོགས་ཆེ་སྦོམ་ལྡན་པ་ཞིག །མཇལ་ཞིང་དེ་ཡི་ཕྱི་ཉིན་ལ། །མཆོད་དཔོན་ལགས་ཀྱིས་བཀའ་འགྱུར་གྱི། །རྒྱུད་འབུམ་ག་པར་དངོས་གྲུབ་འབྱུང་། །རྒྱུད་གཞུང་ཟེར་བར་དྲན་པ་ལ། །རྒྱུད་དཔེ་རྙེད་ན་དེའི་སྟེང་ནས། །ཆོ་ག་བསྡེབས་ཏེ་འདོན་རུང་སྙམ། །དེ་ནུབ་རྒྱུད་རྒྱལ་དེ་ཉིད་ཀྱི། །སྟེང་ནས་ཆོ་ག་བྱ་བ་རྨིས། །དེས་རྐྱེན་གསོལ་སྐོང་བྲི་འདོད་བྱུང་། །ཉུང་ངུ་ཞིག་ནི་ཤར་མར་བྲིས། །མཉན་ཡོད་མཆོད་འབུལ་བྱ་བའི་སྐབས། །སྟེང་གི་ནམ་མཁའ་སྔོ་སངས་ཆེར། །དེ་བཞིན་གཤེགས་པའི་སྐུ་ཆེ་བར། །སངས་རྒྱས་ལ་སོགས་མང་པོས་བསྐོར། །བཞུགས་སྙམ་འལ་འོལ་ཙམ་ཞིག་བྱུང་། །སྒང་ཐོག་འབྱོར་ནས་རྨི་ལམ་དུ། །བྱ་རྒོད་སྤུངས་པའི་རི་བོའི་མདུན། །མཆོད་སྟེགས་མཛེས་པ་ཞིག་གི་ཁར། །སྟོན་པའི་རྡོ་སྐུ་ཆེ་ཙམ་མདུན། །མཆོད་པ་མང་པོ་བཤམས་པ་རྨིས། །ཡང་གཅིག་ནད་མནར་རྨི་ལམ་དུ། །རྫོང་སར་གཟིམ་ཆུང་རྙིང་པ་རུ། །འཁྲུལ་ཞིག་བྱོན་ནས་བདག་ལ་ནི། །ཞལ་གཏུག་ལྗགས་ཕུ་ཞིག་མཛད་ཅིང་། །ཐང་རྒྱལ་གསེར་སྐུ་ཁྲུ་གང་ཙམ། །གཡས་པས་ས་གནོན་གཡོན་མཉམ་བཞག །ཐོད་ཆང་མཐོན་པོར་འཕྱུར་བའི་རྩེར། །ཚོ་བུམ་ཆུང་ངུ་ཡོད་པ་ཞིག །འཇོག་སྣོད་ཐོད་སྒྱེད་དང་བཅས་པ། །སྒྲོས་ལེགས་གསལ་འཚེར་འབར་བ་ཞིག །བསྣམས་པའི་སྐུ་དེ་དེའི་སྟེང་བཞག །ཐོད་བུམ་འགྲིལ་དོགས་ཟུར་དུ་བླང་། །དེ་ནས་ཕྱག་སྟེང་བཞག་པ་སོགས། །མང་པོ་རྨིས་ཀྱང་ཕལ་ཆེར་བརྗེད། །འཕགས་ཡུལ་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་ཉེ་འགྲམ་ཞིག་ནས་མཆོད་འབུལ་སྨོན་ལམ་བྱེད་སྐབས་སུ་གནྡྷོ་ལའི་ཕྱོགས་མཚམས་སྟེང་མཁར་ཐམས་ཅད་དུ་སངས་རྒྱས་བྱང་སེམས་མང་པོ་བཞུགས་པའི་སྣང་བ་བྱུང་། མཉན་ཡོད་གནས་མཇལ་བ་ན་སངས་རྒྱས་སེར་འཇམ་མང་པོ་ཞིག་མཁའ་དབྱིངས་སུ་བཞུགས་སྙམ་པ་དང་། ལྷ་བབས་མཇལ་དུས་དེ་བཞིན་གཤེགས་པ་ཆོས་འཁོར་གྱི་ཕྱག་རྒྱ་ཤིན་ཏུ་ཆེ་བ་མཁའ་དབྱིངས་སུ་བཞུགས་པ་ལས་དབང་བླངས་ཤིང་། མཐར་དྷཱིཿསེར་པོར་གྱུར་ནས་རང་ལ་ཐིམ་པའི་ཤེས་ཉམས་བྱུང་བའང་རང་མཐོང་། མེ་སྤྲེལ་ཟླ་༡༢ཚེས་༥ཉིས་བརྩེགས་ཀྱི་ཕྱི་མར། བྱ་རུང་ཁ་ཤོར་གྱི་མཆོད་རྟེན་བང་རིམ་སྟེང་ནས་གནས་ཆོག་རྒྱས་པ་བཏང་སྐབས་སངས་རྒྱས་བྱང་སེམས་གནས་བརྟན་དགྲ་བཅོམ་མང་པོ་ནམ་མཁར་བཞུགས་སྙམ་བྱུང་། དེའི་དགོང་མོར་བསྐོར་བ་བྱས་པས་མཆོད་རྟེན་དེ་ཉིད་བདེ་གཤེགས་ཞི་ཁྲོ་སྒྲུབ་པ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཕྱི་མཆོད་རྟེན་ལ་ནང་ན་སྒྲིབ་མེད་བཞུགས་པ་འདྲ་ཞིག་ཤར་བས་ཕྱག་དང་སྦྲགས་ན་རག་བསྐང་བཤགས་སྨོན་ལམ་དང་བཅས་པ་བཏོན། རླུང་རིག་དྭངས་ཤིང་བདེ་བ་བྱུང་ངོ་།

།འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་གིས་རྗེས་སུ་བཟུང་ཚུལ་རྣམ་ཐར་ཞལ་གསུང་མ་ལས་གསལ་བ་དང་། ཡང་ཚེས་༡༡ནུབ་རི་ལིའི་ནང་ཉལ་འདུག་སྐབས་བལ་ཡུལ་དུ་ཡོད་པའི་དབྱིག་གཉེན་གདུང་འབུམ་དེ་དྲན་པའི་རྐྱེན་གྱིས། དབྱིག་གཉེན་པཎྜི་ཏའི་ཆས་པཎ་ཞུ་དང་ཕྱག་གཡས་སྐྱབས་སྦྱིན་ཐུགས་ཀ་གཡོན་མཆོག་སྦྱིན། ཞབས་རོལ་སྟབས་འགྱིང་ཉམས་ཅན་ཤར་བ་ལ་མོས་གུས་དང་གསོལ་འདེབས་བྱས། དད་པ་ལ་ལ་གདོན་གྱིས་བྱས་གསུངས་པ་དེ་མིན་ན་ལེགས། ས་ཁྱི་ཟླ་༡ཚེས་ནང་འབྲས་ལྗོངས་སྒང་ཐོག་ཏུ་བྲོ་ནད་རྒྱུན་རིང་མནར་སྐབས། སློབ་དཔོན་ཙནྡྲ་གོ་མི་ཡིན་རྒྱུ་རྒྱན་དྲུག་ཀཿཐོག་ཏུ་ཕུར་བུའི་ཕྱག་བྲིས་ནང་གི་དབྱིབས་དང་སྐུ་ཆས་དེ་ལྟ་བུ་ཞིག་གིས་རྣམ་འཇོམས་ཀྱི་བཀྲུ་བྱབས་ཞིག་མཛད་པའི་འཁྲུལ་ཉམས་བྱུང་བས་ནད་ཁམས་ཅུང་ཟད་དྭངས། ཡང་ཟླ་༢ཚེས་༢༧དགོངས་འདུས་བསྐང་ཆོག་སྐབས་ཤ་ཟ་ཁ་མོ་ཆེ་ཞི་བའི་གཟུགས་ཅན་གྱིས་ངོས་ལ་འཁྱུད་ནས་བྷ་ག་ནས་རྡོ་རྗེ་འཇིབས་ཏེ་ཁྲག་ཆུ་སེར་སོགས་འཐེན་སོང་བའི་སྣང་བ་བྱུང་རྐྱེན་གྱིས་ནད་ཁམས་ལ་ཕན་རྐྱེན་ཆེར་བྱུང་སྙམ། མེ་བྱ་ཟླ་༩ཚེས་༡༡་ནུབ་རྫོང་སར་གཟིམ་ཆུང་དབང་ཁང་དུ་མི་ཕམ་རིན་པོ་ཆེ་རེད་ཟེར་བའི་བླ་མ་ན་ཁྲེབ་ཞིག་འདུག་པ་དེ་ལ་དགའ་སྤྲོ་ལྟ་བུའི་ངང་དེར་སློབ་གཉེར་བ་ཞིག་འདུག་པ་དེ་ལ་བླ་མས་རྩོད་པའི་ཐལ་ངག་ཁ་ཤས་བཏང་འདུག །དེ་ནས་ཉི་ཡོལ་དུ་སོང་སྟེ། ངེད་ནས་ཐལ་འགྱུར་བའི་ལུགས་ཀྱི་ཉན་རང་གིས་བདག་མེད་རྟོགས་མ་རྟོགས་འདི་མི་གོ་འདུག་པས་རྩོད་ངག་ཞིག་གཏོང་ཆོག་པར་ཞུས། རང་ནས་བླ་མ་ལ་ཕྱག་བཙལ། རིག་སྟོང་འཇམ་དཔལ་འདོན་དྲན་ཀྱང་ཚིག་འགོ་གཏན་ནས་མ་དྲན། གཞན་ཞིག་བཏོན། གང་ཞིག་ལྟ་ངན་གྱིས་སོགས་འཇམ་དཔལ་མཆོད་བརྗོད་ནི་བློར་འགྲོ་མི་ཐུབ་སྙམ་ནས་འདོན་མ་སྤོབས་པ་བླ་མ་ཉིད་ཀྱིས་གསུངས། དེ་ནས་ངེད་ཀྱིས་ཐལ་བ་ཁ་ཤས་འཕང་པར་བླ་མས་མང་པོ་ཞིག་གསུངས་ཀྱང་གསུང་མི་གསལ་བ་ལྟ་བུས་ཆེར་གོ་མ་ཐུབ་པ་སོགས་རྨིས། ཚེས་༢༢ནུབ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེའི་ཕྱག་བྲིས་ཤོག་ལྷེ་ཞིག་འབྱོར་བ། ངེད་ཟླ་བ་གསུམ་པའི་ནང་ཞིང་ཁམས་འགྲོ་བ་ཡིན་གསུངས་པས། དེ་ལ་ཕན་བྱེད་ཙཱ་རིའམ། ཨཉྫ་ཕུག་གམ་ཅོང་ཞི་ཕུག་ལ་སྐུ་མཚམས་བཞུགས་དགོས་ཟེར་བ་དང་། གཞན་ཡིག་ཕྲེང་ཁ་ཤས་ནང་ལུང་བསྟན་འགའ་འདུག་ཀྱང་མ་དྲན་བརྗེད་དེ་ཐལ་ལོ། །ས་ཁྱི་ཟླ་༧ཚེས་༢༦ལ་རྨི་ལམ་དུ་ངོས་དང་གསོལ་མཆོད་གཉིས་སོགས་སྡེ་དགེ་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་ཆེན་པོའི་ནང་འབྱོར་ནས་ཡུན་རིང་ཙམ་བསྡད། ངེད་ཀྱི་ཟུར་དེར་ངོར་མཁན་ཆེན་དཔལ་ཆོས་ཀྱི་གདུང་རྟེན་བུམ་པ་མན་ཡོད་པ་ལ། བུམ་པའི་ཁ་སྤང་ལེབས་ཀྱིས་གཅོད་འདུག །འདི་ནང་སྐུ་གདུང་ཧྲིལ་བུ་ཡོད་པ་མཇལ་ཟེར་ཤིང་ལེབ་རྣམས་བསལ། དེའི་འོག་སྙུག་གིས་བསླས་པའི་ཁ་ཆོད་འདུག་པ་བླངས། དེའི་གསེབ་ནས་ལག་པ་རྒྱབ་པས་དྲི་བཟང་ཕུར་མ་མང་པོ་བརླན་ཞད་ཅན་དང་། རིལ་རིལ་ལྟ་བུ་འགའ་འདུག་པ་གཅིག་བླངས་པས་ལ་ཕུག་ལོ་མ་དང་བཅས་པ་ཆུང་ངུ་གཅིག་བྱུང་བ་ཕྱིར་བཞག །ཡང་རིལ་རིལ་མང་པོ་ལག་གིས་མྱོང་འདུག་པ་གདུང་རུས་དང་ཐུགས་འདྲ་མིན་ནམ་སྙམ། ཡང་ཁ་རྒྱབ་ནས་བཞག་པ། དར་ཅིག་ནས་མཆོད་དཔོན་མཆོག་ལྡན་ལྟ་བུས་སྐུ་གདུང་དེ་མར་ཙམ་དྲངས་ནས་བུམ་པ་ཞལ་ཕྱེས་པའི་ནང་དྲི་བཟང་རློན་པ་དྲོད་ཅན་དྲི་ཞིམ་འཐུལ་ཞིང་དེའི་ནང་ནས་སྐུ་གདུང་ཁྲུ་གང་ཙམ་ཞལ་ངོ་བགྲེས་ཉམས་དབུ་སྐྲ་སེ་ཆོབ་སྐྲ་མཐུག་པོ་རང་མེད་པའི་ཅུང་རིང་ཞད། ཞབས་གཉིས་བྱིས་པའི་རྐང་པ་ལྟ་བུ་གཞོན་ཤ་ཆགས་པ། རྒོག་ལོག་མིན་པའི་གསོན་པོ་དངོས་འདྲ་བ། ཞབས་གཉིས་པུས་བསླངས་རྐང་མགོ་ཕྱིར་བསྟན་བྱས་པ་ཡར་བླངས་ནས་ངོས་ཀྱི་རྒྱབ་ཕྱོགས་གཏུག །སྤྱི་བོར་བཞག །དེ་ནས་རང་གི་མདུན་དུ་བླངས་ནས་གསོལ་འདེབས་དབང་ལེན་སྨོན་ལམ་དོས་དྲག་པ་བྱས། སྐུའི་གནས་རྣམས་དང་ཞལ་གཏུག་པས་ལྗགས་དབུགས་འཕྲོ་བ་དང་དྲོད་ཚ་ཆི་ལེ་བར་བཞུགས། ཤིན་ཏུ་མོས་གུས་བྱས་ནས་བུམ་པའི་ནང་ཕྱིར་བཞག །གདུང་རས་ན་བཟའ་ལྟ་བུ་དྲི་བཟང་གི་བརླན་ཅན་འདུག་པ་ལས་ཚལ་བ་ཆེ་ཙམ་ཞུས་ནས་ཁ་གཅོད་སོགས་སྔར་བཞིན་བྱས་པ་ཡ་མཚན་ཅན་ཞིག་རྨིས། ཡང་ཚེ་དབང་རྡོ་རྗེས་གུ་རུ་བླ་མ་ནོར་ལྷ་གསེར་སྐུ་རྙིང་པ་མཐོ་གང་ཙམ། གཡས་རྡོ་རྗེ་རྒྱལ་མཚན། ཡང་ཁ་ཊྭཱྃ་ལྟ་བུ་རིང་པོ་ཞིག་དང་ནེའུ་ལེ་དང་བུམ་གཏེར་སོགས་འཛིན་པ་ཞིག་བྱིན་པ་རྨིས།

ཚར་ཆེན་རིན་པོ་ཆེའི་གསོལ་འདེབས་གསོག་སྐབས། ས་ཁྱི་ཟླ་ཚེས་ནུབ་རྨི་ལམ་ཆབ་ཆོབ་མང་པོ་དང་། སྡེ་དགེའི་སྤར་མ་ཆོས་རྩིགས་མང་པོ་ཡོད་པའི་སར་སླེབས་པ་དང་། ཐུགས་སྒྲུབ་བསམ་ལྷུན་དང་ཐུགས་སྒྲུབ་སྒྲོལ་མ་གཉིས་ཡི་དམ་དགོས་པ་དང་། གུར་མགོན་གྱི་གཞུང་པོད་མེ་འབར་མ་ཡིན་རྒྱུའི་པོད་གཅིག་ཤོག་གུ་ཁ་དོག་སྣ་ཚོགས་ལ་བྲིས་པ་ལྡེབ་ཁ་ཤས་རེ་ཕྱར་ནས་གཞན་ལ་ངོམས་པ་ལྟ་བུས་བཤད་མི་ཤེས་པ་ཞིག་རྨིས་པ་རང་ལ་གཙོ་ཆེ་བ་ཡིན་ནམ། ཟླ་ཚེས་སྐོར་རྨི་ལམ་དུ། རྡོ་རྗེ་འཇིགས་བྱེད་ཞལ་ཐང་གསར་པ་ཆེ་ཆུང་གཉིས་དང་། མཐར་མི་ཕམ་ཐུགས་དམ་ཞལ་ཐང་བགྲེས་པོ་གཙུག་ལག་ཁང་གི་ངོས་ཤིག་ལ་དཔྱངས་ཡོད་པ་དང་། གངས་ཅན་རི་རྩེར་ལན་ཁ་ཤས་ཕྱིན་པས་ལན་གཉིས་པའི་སྐབས་དགོན་པ་འདེབས་ན་ས་དཔྱད་ཅི་འདུག་ལྟ་བར་ཕྱིན་པས་དེ་ཉིན་མི་མང་པོ་མེད། དབེན་པར་འདུག་པས་ཤིང་སྟེགས་ལ་ཅུང་བསྡད་པ་དང་ནམ་མཁའ་སྔོ་དྭངས་ནས་ཕྱག་རྡོར་ཁྲོ་བོ་ཕུར་པ་སོགས་སྟོང་གཟུགས་ལྟ་བུ་འལ་འོལ་ཡོད་སྙམ་བྱེད། ཡང་མེ་བྱ་ཟླ་༢ཚེས་༡༡ནུབ་སྒྲོལ་ལྗང་གསེར་སྐུ་ཁྲུ་གང་པ་བྱིན་ཅན་གཉིས་སྔ་རྗེས་བྱས་ནས་རྨིས་ཀྱང་སེམས་ལ་དད་འདུན་དགའ་ཚོར་ཡོད་པ་ལས་སྐུ་དངོས་ཤོག་གུ་སེར་ཁག་གིས་ཐུམ་པས་མི་མཇལ་འདུག །ཚེས་༣༠ནུབ་སྤྲེའུ་ཞིག་གིས་ངེད་ལ་གནོད་འཚེ་བྱས་པ་རྒྱུན་ལྕག་བྲབ་ཀྱང་ཆེར་མ་ཐུབ། རྡོ་རྗེས་བརྡུངས་པས་ཅུང་ཐུབ་སོང་བ་རྨིས། ས་ཁྱི་ཟླ་༡༢ཚེས་༡ལ་ཉིན་མོ་ཅུང་ཟད་མནལ་བར་གྱུར་པ་ལྟ་བུའི་ངང་བདེ་བ་ཅན་གྱི་ཞིང་ཁམས་ཡིན་རྒྱུའི་ནམ་མཁའ་སྔོ། རི་རྒྱ་ཆེན་པོ་ཞིག་ཏུ་ཡུལ་བཀོད་འཇའ་འོད་འཆར་བ་ལྟ་བུ་སྣ་ཚོགས་པ་དང་། བཞུགས་ཁྲི་འདེགས་པའི་རྨ་བྱ་ཤིན་ཏུ་ཆེ་བ། རི་དིལ་ཆུང་ཙམ་གཉིས་སོགས་ཡོད་པ་ལ་ཧ་ཅང་གསལ་པོ་མིན་པ་ན་བུན་གྱིས་སྒྲིབ་པ་ལྟ་བུ་རབ་རིབ་ཞིག་གི་སྣང་བ་རིང་ཙམ་བྱུང་། ཚེས་༤ནུབ་དགོན་པ་ཆུང་ངུ་ཞིག་རྫོང་སར་དགོན་པ་ཆགས་པའི་རི་ལས་དམའ་ཙམ་དབྱིབས་དེ་འདྲ་བར་ངོས་ཅག་འབྱོར། གྲྭ་པ་གཟན་ཤམ་ཅན་ཁ་ཤས་ནས་དར་བཏང་། མར་གཤམ་དེར་སྡོད་ནས་ངེད་ཞབས་པད་བརྟན་དགོས་ཚུལ་དང་། འདི་ཇོ་བོ་སྨྲྀ་ཏི་ཛྙཱ་ནའི་དགོན་པ་ཡིན། དེའི་རྟེན་ཐམས་ཅད་ཡོད་ས་འདི་ཡིན་ཟེར། ཆོས་ལུགས་གང་ཡིན་ལབ་པས་ཤབ་ཤུབ་མང་པོ་ཟེར་དགེ་ལྡན་ཡིན་རྒྱུ་འདྲ་ཞིག་བཤད། དེ་ནས་ངེད་ཅག་དགོན་པའི་གླིང་བསྐོར་ལ་སོང་བས་མགོན་ཁང་ལྟ་བུ་ཞིག་ཏུ་སླེབས། དེར་གུ་རུ་རིན་པོ་ཆེའི་སྐུ་ཚབ་གསེར་མ་སོགས་རྟེན་མང་པོ་དང་། ལྡེར་སྐུ་མང་པོའི་དབུས་དམ་ཅན་ཆོས་ཀྱི་རྒྱལ་པོ་ཡིན་པའི་ཁྲོ་བོ་ཞལ་གསུམ་པ་མི་ཚད་གཅིག་ཡོད་པ་སོགས་མང་པོ་ཞིག་མཇལ་ངང་གཉིད་སད་དོ། །ཟླ་ཚེས་ནུབ་རྨི་ལམ་དུ་སྡེ་དགེ་ལྷ་སྲས་ངག་དབང་འཇམ་དཔལ་རིན་ཆེན་རེད་ཟེར་བ་རི་ངོས་ཞིག་གི་གཤམ་གྲོང་ཁ་ཤས་ཡོད་པ་ཞིག་གི་ནང་བཞུགས་ཟེར་བ། དགོང་མོ་ས་རུབ་ནས་མཇལ་ཞུས་སོང་བར། ཁང་པ་དཀྱུས་མ་ཞིག་གི་ནང་རྩྭའི་སྤྱིལ་བུ་སྒོ་ཤིན་ཏུ་དོགས་པའི་ནང་། དབུ་སྐྲ་ནག་པོ་ཐོར་ཅོག་ཆུང་ངུ་གཞོན་ཤ་ཅན་སར་གཟིགས་ནས་ལོ་མ་སྔོ་ལྗང་གི་ན་བཟའ་བཞེས་ནས་འདུག་པ། ངེད་ནས་དགའ་དང་གུས་པའི་རྣམ་འགྱུར་བྱས། ཁྱིམ་ཕྲུག་དམར་ཧྲལ་གྱི་ན་བཟའ་བཞེས་འདུག །དེ་འདྲ་ཞིག་ངེད་ལའང་བཀོན། ཁོང་རང་བཞེངས་ནས་ཕྱི་ཁྱམ་ཞིག་ཏུ་སོང་། ངེད་ཀྱང་སོང་། ངོས་ནས་ཕྲུག་ཆད་དེ་ཕུད་ནས་ཁོ་རང་ལ་ཕར་ཕུལ། ང་རང་གཅེར་བུར་སོང་། དད་རྟེན་ཞིག་ཞུ་དགོས་སྙམ་དུམ་བུ་ཞིག་བཅད། ཁོང་ནས་གྲལ་རིམ་དེར་ཡོད་པ་རྣམས་སྨག་ནག་པས་ཞིབ་བཅའ་མ་མཐོང་ཡང་བརྡེག་པ་བྱེད་སྙམ། ལ་དཀར་བསོད་རྒྱལ་དེར་འདུག་པ་ལ་ཕྱག་འབེབས་གནང་། ཁོ་སྨྱོ་འདུག །དེ་ནས་ཁོ་གཅེར་བུར་རྒྱབ་བསྙལ་ལྟ་བུ་མཛད་ནས་བུ་འདི་སྨྱོ་ནས་ནང་འཁྲུགས་ཞིག་བྱེད་པ་འདྲ་ཞེས་གསུངས་པ་དེ་འདྲ་མང་མཐར་གཉིད་སད། ཡང་གནལ་བས་སྔ་མ་དེ་འདྲ་ལ། ད་ལྟ་དེ་ཁོང་དང་ཙི་ཀེ་མཆོག་གླིང་རྣམས་མཁྱེན་བརྩེའི་མདུན་དབང་ཆོས་མང་པོ་ལྷན་ཞུ་འདི་བཞིན་མཛད་གསུངས་སྟངས་ཀ་མང་པོ་དང་། དར་ཅིག་ནས་ཌཱ་དྲིལ་འཁྲོལ་སྔོན་བསྐལ་མ་གསུངས། ངེད་ནས་འདི་གྲུབ་ཐོབ་རེད་སྙམ། དད་མོས་བྱས་པས་ཡེ་ཤེས་ཕེབས་པའི་ཉམས་བྱུང་། མོས་གུས་ཚད་མེད་སྐྱེས། ཁོང་ལ་ཡེ་ཤེས་རྒྱ་མཚོ་མཚན་ཟེར་བ་སོགས་རྨིས། དེའི་ཕྱི་ཉིན་ལྕགས་ཐག་གྲུབ་ཆེན་འདས་སྐད་ཐོས་ཁོང་མཇལ་ན་སྙམ་ཡང་མ་བྱུང་བས་བྱིན་གྱིས་བརླབས་པ་འདྲ་མིན་ནམ་སྙམ། དབུས་ཕེབས་སྔོན་མའི་སྐབས་ཡིན་འདྲ། ཤིང་གླང་ཟླ་༧ཚེས༡༥ལ་ཨ་ཙ་དགོན་ཞོལ་དུ་སྡོད་པའི་རྨི་ལམ་དུ། ལྷ་ཁང་ཡིད་དུ་འོང་བ་ཞིག་གི་ནང་དུ་ཁྲི་ཆེན་པོའི་སྟེང་གོས་འབོལ་ཤིན་ཏུ་མཐོ་བ་ཞིག་འདུག །བླ་མ་འཇམ་རྒྱལ་ཡིན་ནམ་སྙམ་པ་ངེས་ཏིག་མ་བྱུང་།

རྒྱུད་སྡེའི་དབང་ཆེན་ཞིག་བསྐུར་བ་ཐུན་མོང་རིག་པའི་དབང་ལྔ་བུམ་དབང་རྫོགས་སྐབས་རྡོ་རྗེ་སློབ་དཔོན་གྱི་དབང་མཇུག་ཆོས་འཆད་པའི་རྗེས་གནང་སྐབས་དུང་དཀར་ཆེན་པོ་ཞིག་འདུག །ངོས་ནས་བུས། དེ་ནས་ངོས་རང་ཁྲི་སྟེང་སོང་ནས་ཆོས་འཆད་རྒྱ་བཅས་བསྡད་ཀྱང་ཁྲི་ཧ་ཅང་མཐོ་དྲག་པས་ཅུང་འཇིགས། དབང་ལྷ་བསྟན་པ་སོགས་གསུངས་མཐར་ཁྲི་ལས་བབས། དབང་འོག་མ་གསུམ་སོ་སོའི་མཐར་རྗེས་གནང་བཅས་ཐོབ་པ་རྨིས། དེ་རྗེས་ཐོ་རངས་ཁར་རི་བྲག་ཞིག་ཏུ་དགོན་པ་ཞིག་གི་ནང་རྟེན་མཇལ་བྱས་མཐར་ཁང་པ་ཆུང་ངུ་ཞིག་ཏུ་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ཞྭ་ནག་གསོལ་བཞིན་བཞུགས་པའི་སྐུ་པང་དུ་རྟེན་སྒམ་ཞིག་ཞལ་ཕྱེས་འདུག་པ་ངེད་ལ་བྱིན་རྟེན་གནང་དགོས་ཞུས་པས། རྒྱལ་པོ་ཀ་ནི་ཥྐའི་རྟེན་སྐལ་དེ་བཞིན་གཤེགས་པའི་རིང་བསྲེལ་ཡིན་ཞེས་གསེར་སྒྲོམ་ཞིག་ནས་སྒོ་ང་ཙམ་པའི་དཀྱིལ་རིང་བསྲེལ་གཅིག་འདུག་པ་ཡང་བསྐྱར་བསྟན་བྱུང་བ་ཁོག་གིས་འཇིམ་པ་འདི་ཀླུ་སྒྲུབ་ཕྱག་བཟོ་ཡིན་གསུངས། རིང་བསྲེལ་ཡང་གསུམ་ཙམ་འདུག །འཇིམ་པ་དེ་ལ་རིང་བསྲེལ་གྱི་ཤུལ་ཁུང་བུ་མང་པོ་སྣང་། ངེད་ལ་གནང་དགོས་ཞུས་པས་ཀརྨ་དུས་གསུམ་མཁྱེན་པའི་ན་བཟའ་རེད་ཅེས་གོས་ཆེན་མི་ཤ་ཁ་ནག་ལྗིབ་བེ་བ་ཞིག་ཕྱག་གྲིས་ཆེ་ཙམ་གཏུབ་ནས་གནང་བྱུང་བས་བྱིན་རླབས་ཀྱི་ཟིལ་དང་མོས་གུས་ཚད་མེད་འབར། རིང་བསྲེལ་འདི་གནང་རིན་མེད། ཤཱཀ་ཐུབ་རིང་བསྲེལ་མིན་ཀྱང་འཕེལ་མ་གཞན་ཞིག་སྦྱིན་རྒྱུ་ཡོད་ཅེས་གསུངས་མཐར་མནལ་སད་དོ། །ཚེས་༡༩བྱང་ལྷ་རི་མགོ་ཀླུ་སྒྲུབ་ཚང་རྩར་སྡོད་ནུབ། ལྷོ་རྒྱུད་གཡོ་རུ་ཁྲ་འབྲུག་ཏུ་འབྱོར། དེར་སྔོན་མེད་པའི་ལྷ་ཁང་ཤིན་ཏུ་སྤུས་ལེགས་གནམ་རྒྱན་སོགས་སྔར་གྱི་རྒྱན་བཞི་སིའུ་ཤ་སྟག་ཁ་གསར་འདུག །གསེར་སྐུ་ཁྲུ་གང་ཙམ་ཞི་ཁྲོ་ཤིན་ཏུ་མང་བ་ཞིག་ཏུ་ཕྱིན། སྔོན་མ་ང་རང་འོང་སྐབས་ཞིབ་བཅའ་མ་མཇལ་བའི་ལྷ་ཁང་དེ་དང་། ཡང་ཀུན་རིག་ལྷ་ཁང་ཞེས་པ་ཞིག་ཟུར་དུ་འདུག །ལྷ་ཁང་སྔོན་མ་དེར་མཆོད་རྟེན་ལྟ་བུ་བུམ་སྒོའི་ཁར་ཀློང་ཆེན་པའི་ཐུགས་དམ་རྟེན་སྒྲོལ་མ་ཁུ་ཚུར་ཙམ་ཤིན་ཏུ་བྱོན་ལེགས་དང་། དེའི་སྟེང་བལ་པོ་བྷ་རོའི་ཐུགས་དམ་རྟེན་ཛམ་དཀར་འབྲུག་ཞོན་རྒྱ་གར་ལི་མ་བཟོ་བྱད་ལྟ་བས་ཆོག་མི་ཤེས་པ་འདུག །དེ་ལག་ཏུ་བླངས་བྱིན་རླབས་ཞུས། ཡང་བཅུ་གཅིག་ཞལ་ཞིག་གི་དབུ་རྒྱན་ཁར་ཀློང་ཆེན་པའི་གདུང་ལས་བྱོན་པའི་བཅུ་གཅིག་ཞལ་གྲང་གསེར་བྱུགས་པ་ཞལ་བ་སྒྲིགས་ལུགས་རིམ་གསུམ་བྱས་པ་ཡང་ཡང་མཇལ། ལྷ་ཁང་ཁག་གཉིས་ཀའི་ལྷ་རྣམས་ལ་གསེར་ཆབ་ཐིག་བདུན་སྦྱངས་ནས་འབུལ་གྲབས་བྱས། ཀུན་རིག་ལྷ་ཁང་དུ་ཚོགས་པ་ཞིག་འདུག་པ་ཀྱེ་རྡོར་འཚོགས་ནས་ཕྱི་རོལ་ངོར་པའི་ལུགས་ལྟར་སིལ་སྙན་སྐད་ཆེན་ཞིག་བརྡུང་ནས་བྱོན་བྱུང་བ་སིལ་སྙན་མིང་ལ་གར་གྱི་ཚིག་འགོ་ཞིག་ཟེར་ཡང་བརྗེད། ལྷ་ཁང་ནང་དེར་ཕྱིན་པ་ཙམ་ལས་ཞིབ་བཅའ་མ་དྲན། སྦུག་དེར་མགོན་ཁང་ཞིག་ཡོད་སྙམ། དེ་ནས་དཀོར་གཉེར་དཔོན་རེད་ཟེར་བའི་བནྡེ་ཞིག་གིས་ཁྱེད་རང་མཆོད་མཇལ་སྐབས་ཁོང་མེད་པས་རྟེན་འདི་རྣམས་ཨི་མཇལ་ཟེར་རེ་རེ་ནས་དྲིས་བྱུངཡང་ཞིབ་ཆ་མ་དྲན། མཐར་རྫ་སའི་ཐབ་ཀ་ཞིག་གྲུ་མོ་ནང་ཁྱེར། དེ་ནང་སོལ་མེ་དམར་ཧུ་རེ་སྤར་ནས་འདི་གཉན་ལོའི་གསོལ་ཐབ་ཡིན་ཅེས་ས་ཁར་འཕང་བྱུང་བ་ཐབ་དེ་སྒིས་ལོག་རྒྱབ་ཀྱང་སྟེང་འོག་ཀུན་ནས་མེ་འབར་བ་མེ་ཕྱིར་ཡང་མ་བོ། མཐར་མེ་འབར་བཞིན་དུ་ཡར་ཁྱེར་སོང་མཐར་མནལ་སད། ཟླ་༧ཚེས་༡༠ལ་ཀོང་པོ་ཇུ་ཆེ་མདོར་སྡོད་པའི་ཐོ་རངས་ཁང་པ་ཉམས་དགའ་བ་ཞིག་ཏུ་རྒྱལ་ཚབ་རིན་པོ་ཆེ་བཞུགས་སྟན་མཐོ་བ་ཞིག་གི་ཁར་བཞུགས་ནས་སེམས་བསྐྱེད་སྡོམ་པ་འབོག་ཆོག་གནང་ཤོམ་གྱིས་ང་ཅག་འདུས་པ་ཁ་ཤས་ལ་རིན་པོ་ཆེའི་ཞལ་ནས་མཎྜལ་ཕུལ་གསོལ་བ་ཐོབ་གསུངས་བྱུང་བ། ཕྱག་དང་མཎྜལ་གསོལ་བ་བཏབ། ལྕེ་བཙུན་སྙིང་ཐིག་གི་ཐུན་གྱི་སྔོན་འགྲོའི་གསོལ་འདེབས་ལ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་གསོལ་བཏབ་མཐར། རིན་པོ་ཆེས་ཁྲུས་ལྟ་བུ་ཞིག་ཕྱག་དྲིལ་དཀྲོལ་ནས་གསུངས། སྤྱན་བསྙུང་བ་ལྟ་བུ་གཡས་བཙུམ་གཡོན་གཟིགས་འགའ་མཛད། ཞལ་ཉམས་ཤིན་ཏུ་རྒྱས། དེ་ནས་སྤྱན་ཧུ་རེ་གཟིགས་ནས་དབྱངས་གསལ་རྟེན་སྙིང་ལན་མང་གསུངས་མཐར་མནལ་སད། ཚེས་༡༢ནུབ་ཐོ་རངས་མནལ་ལམ་དུ་དགོན་པ་ལྟ་བུའི་ཁང་པ་ཞིག་ཏུ་སྐྱབས་རྗེ་ཀཿསི་རྡོ་རྗེ་འཆང་རེད་ཟེར་ཞལ་རས་ནི་མི་འདྲ།

དབུ་སྐྲ་སེ་ཆོབ། ཞལ་ཟླུམ་པོ་གཞོན་ཤ་ཆགས་པ་སྐུ་གཟུགས་སྒེག་པ་ཞིག་ལ་མཁའ་འགྲོ་སྙིང་ཐིག་གི་དབང་ཉིན་བཞི་ཙམ་གནང་བའི་ཉིན་རྗེས་མར་ངོས་རང་གི་གཟབ་སྤྲོད་ལྟ་བུའི་ཐོན་ཞུ་མཛོད་ཀྱི་རྒྱབ་འཕན་ཡོད་པ་གྱོན་ནས་དབང་ཁང་དེར་ཕྱིན་པ་དང་། བླ་མ་ཉིད་བཞེངས་བྱུང་བ་ཞྭ་ཕུད་ཙམ་བྱས་དབུ་གཏུགས་གནང་རྗེས་བླ་མའི་ཁྲིའི་གཡོན་ཁྲི་སྟན་མཐོ་བ་ཞིག་ཏུ་སྡོད་ནས་དབང་ཕལ་ཆེར་ཆོག་རོགས་ཁ་ཤས་འདུག་པ་མཉམ་གསུངས་དང་། གཅོད་མཁའ་འགྲོའི་གད་རྒྱངས་འདྲ་ཞིག་ཀྱང་གསུངས། རིག་པའི་དབང་གསུམ་ཞེས་པའི་རྗེས་གཏུམ་མོའི་མེ་དབང་འདྲ་ཞིག་ཀྱང་གནང་། མཁའ་འགྲོ་སྙིང་ཐིག་གི་དབང་གཞུང་སྔར་ཡོད་འདི་འདྲ་ཞིག་ནི་མ་རེད། མཐར་དབང་རྫོགས་ནས་དབང་གི་དཀྱིལ་ཐང་རྣམས་བསྒྲིལ་བའི་ཁྲེས་པོ་ཞིག་ཁྱེར་ཤོག་བྱས་ནས་ཐེག་ལ་ཁད་པ་ཞིག་ལ་མནལ་སད་པས་བྲག་དཀར་ལྷ་ཆུའི་གནས་ཀྱི་བྱིན་རླབས་ཞིག་ཡིན་ནམ་སྙམ་པ་འདུག །ལྕགས་རྟ་ཧོར་ཟླ་༩ཚེས་༢༧ནུབ་ངོས་རང་ཕུ་མར་ཡོད་པ་མཆོད་ཁང་ནང་གྲུབ་བརྒྱའི་ཞལ་ཐང་རྙིང་པ་བྱིན་ལྡན་བཤམས་འདུག །ཐང་ཀ་གཅིག་གསར་དུ་བཞེངས་པ་ཡིན་རྒྱུ་ཞིག་གི་གསེར་ཐང་ཞིག་འདུག་པ་གཙོ་བོ་རྒྱལ་བ་བྱམས་པ་བཞེངས་སྐུ་དང་། འཁོར་ལྷ་མོ་བཞེངས་པ་ཁ་ཤས་འདུག །ངོས་ནས་སྒྲོལ་མ། ལྷ་མོ་ཙུནྡེ། རྨ་བྱའི་སྨད་ཁེབས་མནབ་པ་ཞིག་འདུག་པ་རྨ་བྱ་ཆེན་མོ་གཡས་ནོར་བུ་བསྣམས་པ། ནོར་རྒྱུན་མ་རྣམས་རེད་ཟེར་འདུག །དེ་ནས་མཆོད་ཁང་བང་པང་ཨརྒ་གས་སྲུབ་ཆེན་པོ་ཞིག་འདུག་པ་ཡང་ལས་དགོས་ཟེར་གྲི་རྩེས་བཀོག་འདུག་པས་ཀ་བ་བཞི་མིག་གཅིག་ལིང་གིས་བཀོག་ནས་རྒྱ་མཐོང་འདྲ་བ་ཞིག་རེད་ཟེར། དེ་ནང་ནས་མར་བལྟས་པས་བསོད་ནམས་དབང་རྒྱལ་དེ་སྨིན་མཚམས་ཁྲོ་གཉེར་ཡོད་པ་ཞིག་ཡར་འགྲོ་ཕྱིར་འགྲོ་བྱེད་འདུག །ཡང་ཐང་ཀ་རྙིང་པ་གོང་ཤམ་ཅན་གཅིག་འདུག་པས་གཙོ་བོ་གང་ཡིན་བརྗེད། མདུན་ཀློང་ཆེན་པ། གཡོན་མཁྱེན་བརྩེ། གཡས་བིཪྺ་པ། གོང་གཡས་མཁས་གྲུབ་རྒྱ་མཚོ། གཡོན་བརྗེད། དེ་རྣམས་ཁ་བྱང་འདུག །ཚེ་ཐང་ཡིན་པ་འདྲའང་འདུག །ཀློང་ཆེན་བིཪྺ་རྣམས་ཅུང་ཁྲོ་ཉམས་སྐུ་མདོག་སྔོ་སངས་ཅན་ཞིག་རེད། སྔར་གྱི་རྨི་ལམ་ཕུའི་ས་ཕྱོགས་འདྲ་བ་དེར་དཔྱད་དགོས། མེ་སྤྲེལ་ཟླ་༡༡་ཚེས་༡༤ལ་རག་སོར་དུ་སྡོད་ནུབ་དབོན་པོ་སྟོད་མཁན་པོ་མཁྱེན་རབ་ཀྱི་གཟིམ་ཁང་ཡིན་རྒྱུ། མཁྱེན་རབ་ཀྱང་བཞུགས་ཁང་ཚོན་ཁྲ་ཅན་སྐྱོན་མེད་ཞིག་ཏུ་འབྱོར། དེའི་ནང་ལི་སྐུ་གསེར་མ་ལས་བཟོས་པའི་བདུད་རྩི་ཁྲོ་མཁར་ལྟ་བུ་བར་ལམ་ཞིག་ཏུ་པདྨའི་འཁོར་ལོ་ཡོད་པ་འཕྲུལ་བཟོས་བྱས་པ་ལྟ་བུ་ངོ་མཚར་བ་ལུས་ཚད་ཙམ་དང་། ཡང་ལི་དཀར་ལས་འཇིགས་བྱེད་ཞལ་དགུ་ཡུམ་ཅན་ལུས་ཚད་གཅིག་དང་། ཡང་དེ་ལས་ཆུང་ཙམ་བཟོ་ཁྱད་ངོ་མཚར་བ་དང་། གཞན་ཡང་སྐུ་མང་པོའི་ནང་ནས་ངེད་ལ་གཅིག་སྦྱིན་གྲབ་འདུག །ཆེ་བ་འདི་ནི་སྦྱིན་མི་འོང་སྙམ། རྡོ་སྐུ་ལེབ་མོ་སོར་བཞི་ཙམ་པ་ཞིག་འདི་ཁྱེར་བྱས་ནས་དྲི་རྡུལ་ཆུས་བཀྲུས་པས་སྐུ་གང་ཡིན་མི་འདུག །སོ་ཕག་རྒྱ་གར་གྱི་བྷི་ལ་སས་བཟོས་པ་འདྲ་བ་ཞིག་འདུག་པས་ཡིད་མ་རངས། ཁྲོ་མཁར་དེ་ལ་ཞིབ་ཏུ་བརྟགས་པས་ནང་དུ་ཐུགས་ཆེན་བཞེངས་སྐུ་ཕྱག་མང་ཙམ་གཡས་པ་གཅིག་མཆོག་སྦྱིན་བྱས་པ། གཞན་རྣམས་བརྗེད། དེའི་ཕྱི་དང་སྤྱི་གཙུག་ཏུ་ལྷ་ཁ་ཤས་བརྗོད་མི་ཤེས་པ་ལྟ་བུ་འདུག་པས་ངེད་ལ་འདི་སྦྱིན་དགོས་བྱས། འབུལ་ཆོག་ཟེར་བ་ད་ལྟ་ཁུར་གྲབ་ཀྱི་སྒམ་སོགས་བཟོ་དགོས་བྱས་པས་ཟླ་བ་བཅུ་གཅིག་ནང་བསྐྱལ་འོང་ད་ལྟ་མ་བསྣམས་ན་མཁན་པོས་ཟེར་བ་སོགས་རྨིས། དེའི་སྔ་ནུབ་ཞེ་ཆེན་རབ་འབྱམས་སོགས་བླ་སྤྲུལ་མང་ཤས་ལ་རྒྱ་ཅན་ཉེར་ལྔ་རིན་གཏེར་དུ་ཡོད་པ་མི་དགོས་ཟེར། གཞན་ཚང་མའི་དབང་བཏོན། རིན་གཏེར་དུ་ཡོད་པའི་དྭངས་མ་བཅུད་འདྲེན། གྲོ་ལོད་ལས་བྱང་འདོན་བཞིན་ངང་གཉིད་སད། མེ་སྤྲེལ་ཟླ་༡༡ཚེས་༡༦བྷིར་ཁཉྩི་ར་ཚེ་ལུ་ན་སྐབས་ཞི་བྱེད་རྨ་བྱ་ཆེན་མོའི་བཟླས་ཐུན་སྐབས་མངའ་རིའི་རིག་འཛིན་ལེགས་ལྡན། བྱང་བདག་མཆོག་གླིང་གསུམ་གཤིབས་ཏེ་བསྒྲུབ་བྱའི་སྤྱི་བོའི་ཐད་ཡོད་པའི་སྣང་བ་བྱུང་འཕྲལ་གསོལ་འདེབས་བྲིས། ཧོར་ཟླ་༨ཚེས་༡༣ནུབ་ས་ཆ་གང་ཡིན་མ་འཚལ་བའི་ལུང་སྟོང་ཞིག་ཏུ་མཆོད་རྟེན་ལྟ་བུའི་འབུམ་བའམ་ལྷ་ཁང་གང་ཡིན་ངོས་མ་འབྱེད་པའི་ཆེན་པོ་ཞིག་ལ་བསྐོར་ནས་བང་རིམ་སྟེང་ཤོད་ནས་ཕར་ཕྱིན་པས་ལྷོ་སྟོད་དུ་གནས་སྒོ་འབྱེད་རྒྱུ་ཡོད་པ་རེད་ཟེར། དེ་ནས་བར་སྒོ་ལྟ་བུ་ཞིག་ལ་བསལ་ནས་བལྟས་པས་ནང་ན་མི་མང་པོ་ཞིག་ཀྱང་འདུག །དེ་ནས་མར་ཕྱིན་ཤར་ལྷོ་ནས་སྒོ་བསལ་བས་ནང་ཁྱོན་ཆེ་བར་འགྲོ་ས་འདུག །མང་པོ་ཤོང་བར་གདའ་ཟེར་བ་སོགས་རྨིས་ཀྱང་ཕལ་ཆེར་བརྗེད། ཡང་གཉིད་སད་པས་སྔ་མ་དེའི་འཕྲོས་ལྟ་བུའི་སྒོ་གཉིས་གསུམ་ཞིག་ཕྱེས་ནས་ཌཱ་ཀི་བཅུ་གསུམ་རེས་སྐད་གདངས་བསྒྲིགས་ནས་གླུ་ལེན་པ་སོགས་རྨིས་པ་ནི། རྡོ་རྗེ་གླིང་དབྱར་ལྟས་སྐྱེད་ཚལ་དུ་སོང་བས་དེ་ཉིན་གཞས་དང་གླུ་གར་མང་པོ་བྱེད་ཀྱིན་སྣང་བའི་སེམས་རྨིས་ཡིན་ནམ། གང་ལྟར་ཡང་པདྨ་བཀོད་གནས་སྒོ་འབྱེད་པའི་ལྟས་འདྲ་མིན་ནམ་སྙམ། ཟླ་༨ཚེས་༢༩ནུབ་ཟིལ་ཁྲོམ་སྦས་སྡེ་འབྱེད་པ་ཡིན་ཟེར་ངོས་རང་དཔོན་སློབ་ཁ་ཤས་བྲག་རི་དཀར་པོའི་གཡོན་ཟུར་རྫ་ཤུར་ཞིག་ནས་འཛེག་པ་དང་། ཡང་དེ་རྒྱབ་རྫ་ལུང་ཞིག་ནས་འགྲོ་བ་སོགས་རྨིས། ཚེས་༢༡ནུབ་པད་སྡོང་ཞིག་གི་སྟེང་སློབ་དཔོན་རིན་པོ་ཆེ་ཟ་ཧོར་མ་ཡུམ་མཚོ་རྒྱལ་གྱིས་འཁྲིལ་བ་ཁྲུ་གང་ཙམ་པ་ཞིག་རང་གི་མདུན་ཐད་ཉེ་བར་མཇལ་སྙམ་ལ་མཆོག་གི་དངོས་གྲུབ་ཞུས་པ་དང་། ཁྱད་པར་ཚེ་གེགས་སེལ་བའི་སྨོན་ལམ་དྲག་པོ་བཏབ། སྦྱོར་མཚམས་ནས་བདུད་རྩི་འབབ་པ་སྤྱི་བོར་ཟག་པའི་ཉམས་བྱུང་། མེ་བྱ་ཟླ་ཚེས་ལ་འབྲས་ལྗོངས་སྒང་ཐོག་ཏུ་འཇའ་ཚོན་ཆོས་སྐོར་དབང་ལུང་འདོན་པའི་དཀོན་སྤྱིའི་དྲག་པོའི་དབང་སྒྲུབ་སྐབས་རིག་པ་ངར་ཐོན་ཏེ་སྐུའི་གསལ་སྣང་ཤིན་ཏུ་ཐོན་ལ་ལྟོས་ཆེ་བ་ནམ་མཁའི་ཁམས་གང་བ་ལས་སྤྲུལ་པ་མང་དུ་འཕྲོ་བ། ལྷ་སྲིན་ཐམས་ཅད་དམ་ལ་བཏགས་ནས་སྲོག་སྙིང་རྣམས་དམར་ནར་གྱིས་དྲངས་ཏེ་གདན་ལ་བསྟིམ་པའི་ཉམས་བྱུང་ཞིང་། དངོས་སུ་དམ་བསྒྲགས་བྱ་དགོས་པ་འདྲ་ཡང་ཉམས་གཡས་ཆུང་དུ་བཏང་ནས་མ་བྱས། ཧོར་ཟླ་༨ཚེས་༡རྡོ་རྗེ་གླིང་དུ་སྔགས་གྲྭ་རྣམས་དང་། ཐར་མཁན་བསོད་ནམས་རྒྱ་མཚོ། འབྲས་ལྗོངས་ལྷ་ཡུམ་སོགས་དགུ་བཅུ་ལྷག་ཙམ་ལ་བྱང་གཏེར་དྲག་མཐིང་གི་དབང་འདོན་པའི་སྟ་གོན་ནུབ་རྫོང་སར་གཟིམ་བསྐྱིལ་ཇ་ཁང་དུ་རྒྱལ་འགོང་ཞིག་ཡོད་པ་དེ་འདུལ་དགོས་ཟེར་ནས་ཐུགས་སྒྲུབ་དྲག་པོའི་ང་རྒྱལ་བརྟན་པོས་མེ་དམིགས་བྱས་ནས་འདུལ་ཐུབ་པ་རྨིས། མེ་བྱ་ཧོར་ཟླ་༡༠ཚེས་༤ནུབ་རྨི་ལམ་དུ་འཇིགས་སྐྲག་ཞིག་གིས་རྐྱེན་བྱས། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ཞེས་པའི་ཤྭ་ལོ་ཀ་དང་། རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །དྲག་པོ་ཡེ་ཤེས་རབ་འབར་ལ། །ཞེས་པའི་གསོལ་འདེབས་སྐད་ཆེན་པོས་ཚར་ཁ་ཤས་བཏོན་པ་དང་། མོས་གུས་དྲག་ཏུ་སྐྱེས་པའི་རྐྱེན་གྱིས་གུ་རུ་དྲག་པོ་ཡེ་ཤེས་རབ་འབར་ཞལ་གསུམ་ཕྱག་དྲུག་པ་བྱིས་པ་ལོ་ལྔའི་ཚད་ཙམ་དང་པོ་ལྡེར་སྐུ་ཡིན་པ་ལྟ་བུ་སྐབས་རེར་ཕྱི་ནང་སྒྲིབ་མེད་དངོས་ལྟ་བུ་མིག་གིས་དངོས་སུ་བལྟར་ཡོད་པ་ཅན་དུ་འཆར་བ་ལ་གསོལ་འདེབས་དབང་བླང་བྱས་པ་རྨིས། སད་ནས་ཀྱང་དངོས་རྨིས་གང་ཡིན་མ་འབྱེད་པ་ཞིག་བྱུང་། ས་ཁྱི་ཟླ་༡༠ཚེས་ནང་ཞིག་ཏུ་རོང་གི་རི་མགོ་སེ་ལ་ལྟ་བུ་ནས་ངེད་ཅག་རྟ་དྲེལ་བཅས་ལ་གཟར་པོ་ཞིག་ལ་འཛེག་ནས་རི་སྐེད་སྒང་ཕར་རྒྱབ་སྦྲ་གུར་ཁ་ཤས་ཕུབ་པ་བྲག་འདྲེའི་སྒར་པ་ཡིན་སྙམ་གྱི། བཀྲ་རྣམ་དང་གྲྭ་པ་གཅིག་རྣམས་སྔོན་དུ་རྒྱང་ཆད་ནས་སོང་། འདྲེ་སྒར་དེ་ནས་རླུང་འཚུབས་ལྟ་བུ་དང་མི་ཁ་ཤས་སྔོན་རྒྱུག་རྗེས་དེད་དང་། ངོས་ལའང་གནོད་འཚེ་བྱེད་ཤོམ་ལ་རང་གཤིན་རྗེ་ཚེ་བདག་གི་གསལ་སྣང་ཆེ་བརྗིད་ལྡན་པས་འདྲེ་དེ་རྣམས་ཞལ་གསུམ་དུ་བསྟབ་པ་ཡང་ཡང་བྱས་པས་འཇམ་སོང་བ་རྨིས། ཟླ་༡༠ཚེས་༡ནུབ་ངེད་རང་རི་རྩེ་ཞིག་ལ་རྟ་ཞོན་ནས་སོང་། དེ་ནས་གསེར་ཐེབ་གྱོན་བཞིན་མཐུར་གཟར་པོ་ལ་ལོ་ཆུང་དུས་སོང་བ་ལྟར་བྱས་ནས་རི་གཤམ་དུ་སླེབས་པ་དང་མཁའ་འགྲོའི་ཚོགས་གཞོང་རེད་ཟེར་བའི་བྲག་སྔོན་པོ་རུ་དྲའི་ཁོག་པ་གཞོང་པ་དང་། དེ་ལ་མགོ་ཡོད་པ། དེའི་ནང་སོང་ནས་གཞན་ལའང་དེ་ཚུལ་བཤད། དེ་ནས་ཕར་ཙམ་ནས་སྔོན་ལྟ་བུའི་བང་རིམ་བཞི་ཡོད་པའི་ངོས་གཅིག་ལ་གཏེར་རྟགས་ལྟ་བུ་འདུག་པ་རྡོས་བསྣུན་ནས་ཁྲོལ་གྱིས་ཞིག་པའི་ནང་དཔེ་ཆ་རས་ལྗང་གུའི་དྲིལ་ཆས་ཅན་མང་ཙམ་དང་། ཕུག་པ་དེ་ཇེ་ཆེར་གྱུར་པ། རྡོ་རྗེ་ཕག་མོའི་ལི་སྐུ་ལྟ་བུ་ཁྲུ་གང་ལྷག་ཙམ་དང་། གཞན་མཆོད་ཆ་སོགས་མང་པོ་ཡོད་པ་རྨིས་ཀྱང་ཞིབ་ཆ་བརྗེད་དོ། །གུར་དཀར་ཕུག་ཏུ་འགྲོ་སྐབས་ཆེ་མཆོག་གི་བྲག་རི་དེ་བཀའ་བརྒྱད་ཞལ་ཕྱག་རྒྱས་པ་སྐུ་ཤིན་ཏུ་ཆེ་བ་ནམ་མཁའི་གཟུགས་ཅན་ཞིག་མཇལ་སྙམ། ཉང་གི་གཏེར་གནས་ལྷོ་བྲག་སྲིན་མོ་སྦར་རྗེས་གུ་རུའི་སྒྲུབ་ཕུག་ཏུ་ཡུམ་བཀའི་ཚོགས་ཀྱི་སྤྱན་འདྲེན་ལ་ཉེ་སྐབས་ཉམས་ཅུང་ཟད་འབར་ནས་གར་འཁྲབ་སྙིང་འདོད་པ་བྱུང་ཡང་མི་མང་བས་ཉམས་འགོག་པར་བྱས་སོ། །མེ་སྤྲེེལ་ཟླ་༣ཚེས་ལ་རྡོར་བྲག་ཏུ་འབྱོར་ཉེར་ཀོ་གྲུ་དང་གཟིངས་དོན་ཁར། དགོན་པའི་རྒྱབ་ལོགས་བྲག་རིའི་སྟེང་མཁར་རིག་འཛིན་ལེགས་ལྡན་རྗེ་སྔགས་འཆང་ཆས་ཐོར་ཅོག་ཕུར་པ་དང་ཐོད་པ་བསྣམས་པ། གཞན་ཡང་རིག་འཛིན་མང་ཙམ་བཞུགས་སྙམ་བྱུང་། ནམ་མཁའ་ལ་སྤྲིན་འཇའ་ཡང་འདུག །མེ་བྱ་ཟླ་༡ཚེས་༡༩ལ་འབྲས་ལྗོངས་བྲག་དཀར་བཀྲ་ཤིས་སྡིངས་སུ་ཕྱིན། རྒྱལ་དབང་ཀརྨ་པ་བཅུ་དྲུག་པའི་གསེར་ཞལ་ཡང་ཡང་མཇལ། མཐོང་གྲོལ་ཅོད་པན་རིན་པོ་ཆེ་ཐེངས་ལྔ་རྒྱང་མཇལ་མདུན་ཐད་ནས་ཤིན་ཏུ་གསལ་པོར་ཞུས། དད་མོས་དྲག་ཏུ་བསྐྱེད། ཡན་ལག་བདུན་པ་དང་མཎྜལ་འདོན། ཞབས་བརྟན་བྲིས། སྔར་མཚུར་ཕུར་མཇལ་སྐབས་ཀྱི་སྣང་ཉམས་འདྲ་བ་ཞིག་ཀྱང་བྱུང་། བྱིན་འབེབས་གཏེར་བུམ་དང་གཞི་བདག་གཏེར་བུམ་ལ་ཕྱག་ནས་ཐུགས་སྨོན་ཞུས། ས་མིག་དགོངས་བབས་སར་གསས་མཁར་བརྩིགས་ནས་ཚེས་བཅུ་དྲུག་ལ་གཞི་བདག་བུམ་པ་ཐོག་འོག་འཇོག །ཚེས་བཅུ་བདུན་ལ་དཀྱིལ་འཁོར་གཏེར་བུམ་འཇོག་པའི་བཅའ་གཞི་བསྒྲིགས་སྐབས་གསོལ་འདེབས་མགུར་མ་བྲི་སྐབས་ལྷ་བཙུན་ཆེན་པོར་ཐུག་པ་དང་། དད་སློབ་ལི་ཐང་དགེ་མ་ནས་དར་དང་དངུལ་ཏོག་རྟགས་བརྒྱད་རི་མོ་ཡོད་པ། མཎྜལ་ཟངས་བཟོས་རྫས་བརྒྱད་རི་མོ་ཡོད་པ་སོགས་བྱུང་བས་རྟེན་འབྲེལ་བཟང་བས་དངུལ་ཏོག་བླང་། གཞན་རྣམས་ཕར་བྱིན། དངུལ་ཏོག་དེ་རྒྱལ་སྲས་རིན་པོ་ཆེར་སྨོན་ལམ་དང་སྦྲེལ་བཀྲ་ཤིས་ཁ་བཏགས་ཀྱིས་ལྕིབས་ཏེ་ཕུལ།

གཏེར་བུམ་བཞག་ནས་དཀོན་སྤྱི་དང་འབྲེལ་བྱིན་འབེབས་བརྟན་བཞུགས་བྱས། ཚེས་བཅུ་བདུན་ཕྱི་མའི་ཞོག་པར་དར་བཙུག་ནས་གསས་མཁར་བསྟོད་པ་དང་བཀྲ་ཤིས་བརྗོད། གྱམ་ལ་ཞུགས་ཏེ་མར་ཙམ་ཕྱིན། མཆོད་རྟེན་ལྟ་བུ་ཆུང་ངུ་མང་ཙམ་བསྒྲིགས་པར་ཕྱིན་པ་ན་ནམ་མཁར་ལྷ་བཙུན་ཆེན་པོ་ཧེ་རུ་ཀའི་ཆས་གཡས་རྐང་གླིང་། གཡོན་ཐོད་ཆང་། སྐུ་ཆེ་བ། འཁོར་དུ་ཌཱ་ཀི་མང་པོ་གར་སྟབས་མཛད་པ་རབ་རིབ་མཇལ་སྙམ་བྱུང་། པདྨ་ཡང་རྩེར་ཚེས་ཉེར་ལྔ་ལ་མཁའ་སྤྱོད་རིན་པོ་ཆེ་དབུས་དཔོན་སློབ་ཉེར་གཅིག་ཙམ་གྱིས་རིག་འཛིན་སྲོག་སྒྲུབ་ཀྱི་སུན་བཟློག་བརྟན་བཞུགས་སྤྲོས་བཅས་ཀྱི་བྱིན་འབེབས་སྐབས་ཡིན་སྙམ། ལྷ་བཙུན་ཆེན་པོ་གཡས་མཆོག་སྦྱིན་ཚེ་བུམ། གཡོན་ཐོད་ཆང་ཧེ་རུ་ཀའི་ཆས་ཅན་གྱི་ཚེ་བུམ་རང་གི་མགོ་ཐོག་བཞག་པ་སོགས་བྱུང་ཡང་དེ་རིང་ཚེས་༣༠བར་ཡི་གེར་འགོད་རྒྱུ་མ་བྱུང་བས་ཞིབ་ཆ་བརྗེད། ཚེས་༢༥ནུབ་ཀུན་མཁྱེན་ཀློང་ཆེན་པའི་གདུང་འབུམ་ཡིན་རྒྱུའི་མཆོད་རྟེན་མང་པོའི་ནང་ནས་གཅིག་གཉིས་ཧྲལ་ཡོ་ནང་སྐུ་གདུང་དམར་ཧྲི་ལ་ཉལ་སྟབས་ཡོད་པའི་སྒལ་ཚིགས་གཞུང་ནས་འཇའ་ཚོན་སྣ་ལྔ་ཡོད་པ་འདྲ་ཞིག་རེས་དུམ་བུར་འཐོར་བ། རེས་གཅིག་པ་ལྟ་བུ་ལ་ཞིག་གསོས་བྱེད་པ་རྨིས་པས། ཚེས་༢༦ལ་གསང་ཆོས་མར་ཞབས་རྗེས་སྒང་དུ་ཕ་ཝཾ་རང་བྱོན་ཅན་དང་། དེའི་སྒང་ཁར་པད་གླིང་གི་དགོན་ཤུལ་ཡོད་སྐད་ཟེར་བ་དེ་ལ་བལྟའམ་སྙམ། མེ་སྤྲེལ་ཟླ་༢ཚེས་༢༠གཡོན་རུ་གཏེར་སྲས་འཇམ་དབྱངས་བསོད་ནམས་ལ་ཐིག་རྒྱའི་དབང་གི་སྐབས་བསྙེན་པའི་ནང་སླེབས་པ་དང་། བི་མ་ལར་མོས་གུས་དྲན་པའི་རྐྱེན་གྱིས་ལྷ་བཙུན་ནམ་མཁའ་འཇིགས་མེད་སྐུ་ན་ཁྲེབ། རལ་ཅོག །ན་བཟའ་ཕུ་དུང་གཟན་ཤམ་ཡེ་མི་གསལ་བ་གཡས་ཆོས་འཆད། གཡོན་མཉམ་བཞག་ཐོད་ཆང་ཅན། སྐུ་ལས་སྟོང་གཟུགས་གྱི་ཌཱ་ཀི་སྔོ་སྐྱ་རིབ་བེ་མང་དུ་སྤྲོ་བ་ལ་གསོལ་འདེབས་དབང་བླངས་དང་དགྱེས་པའི་དབུགས་དབྱུང་བཅས་རང་ལ་ཐིམ་པའི་ཤེས་ཉམས་བྱུང་ངོ་། །ཧོར་ཟླ་༡༠ཚེས་༣༠ནུབ་ནམ་སྨད་རྨི་ཉམས་འདྲེས་མར་གཏེར་ཆེན་མཆོག་གླིང་གུ་རུའི་ཆས་ཞུགས་མཛད་ནས་ཕེབས། བཞེངས་བཞིན་དུ་བྱབས་ཁྲུས་ཤིག་དང་ཚེ་དབང་བསྐུར་དགོས་ཀྱི་སྒྱུ་འཕྲུལ་ཚེ་དཀར་གྱི་དཀྱིལ་འཁོར་སྤྲུལ་ནས། ཐོག་མར་བུམ་པ་ལྔའི་དབང་དང་། དེ་ནས་ལྷར་བསྐྱེད་བུམ་པ་དང་སྐུ་གསུང་ཐུགས་དབང་། གསང་ཤེར་སྐབས་དཔའ་བོ་ཡབ་ཡུམ་མི་ཚད་ཆེ་ཙམ་གར་སྟབས་མཛད་པ་དང་། དབང་བཞི་པ་མེ་ལོང་ཤེལ་རྡོ་རྨ་བྱའི་སྒྲོ་རྣམས་ཀྱིས་བརྡ་དང་ཚིག་གི་ངོ་སྤྲོད། མཐའ་བཀྲ་ཤིས་ཤྭ་ལོ་ཀ་ཁ་ཤས་ཡོད་ཀྱང་ལས་ངན་སྡིག་སྒྲིབ་ཆེ་བས་བརྗེད་དེ་ཐལ། ཧོར་ཟླ་༡༠ཚེས་༡ལ་པདྨ་ཡང་རྩེའི་མཁའ་སྤྱོད་རིན་པོ་ཆེ་དབུས་དཔོན་སློབ་བཅུ་བདུན་སྐོར་གྱིས་རིག་འཛིན་སྲོག་སྒྲུབ་སྒོ་ནས་སུན་བཟློག་ཞབས་བརྟན་འབུལ་སྐབས། དང་པོར་ནམ་མཁའ་ནས་སྔགས་ཆས་ཅན་གྱིས་དྲག་པོའི་འཆམས་སྟབས་བྱས་པའི་ཉམས་བྱུང་། དེ་ཕྱིན་ཅིའང་མ་གསལ། བུམ་པ་ལྔ་འདུག་པ་སྔ་དགོང་གི་རྨིས་ལྟས་དེ་ལ་བལྟ་བ་ཡིན་ནམ་སྙམ། ཟླ་༡༡ཚེས་༡༩ནུབ་གཏེར་སྟོན་ལས་རབ་གླིང་པ་དང་མཇལ། བདུད་རྩི་སྨན་སྒྲུབ་བྱ་རྩིས་ཀྱིས་ཨ་རུ་སོགས་སྨན་སྣ་ཉུང་ཙམ་འདུ་བྱས། གཏེར་སྟོན་ཉིད་སྟག་ཞིག་ཏུ་བརྫུས་ནས་ངོས་ཁང་པ་ཞིག་ནང་མནལ་ནས་ཡོད་པའི་སྟེང་ནས་མནན་ཏེ། དང་པོ་སྐྲག་སྔངས་ཕུད་མཐར་འདྲིས་བྲོད་བྱས་ཏེ་དགའ་བའི་རྣམ་འགྱུར་སྟོན། ངེད་ཡར་ལངས་ནས་སྟག་དེ་རྡོ་རྗེ་གཞོན་ནུའི་སྐུར་བསྐྱེད་པས་རྡོ་རྗེ་གཞོན་ནུར་གྱུར་པ་སོགས་མཚར་པོ་མང་ཞིག་རྨིས། ལས་གླིང་ཕུར་པ་ཡང་སྙིང་སྤུ་གྲིའི་ཐུན་བཟུང་ཕྲིན་ལས་ལ་བརྟེན་ཚོགས་འབུམ་ཐེར་བསགས་སྐབས་གཏེར་སྟོན་ཉིད་མཇལ་སྙམ་བྱུང་ཡང་ཡི་གེར་མ་འཁོད་པས་ད་ལྟ་མ་དྲན། ཟླ་༡༠ཚེས་༡༧ལ་རྡོ་གྲུབ་སྤྲུལ་སྐུ་རིན་པོ་ཆེས་ཀློང་སྙིང་ཡུམ་བཀའི་སུན་བཟློག་བརྟན་བཞུགས་སྐབས། རབ་གསལ་ཕྱེས་པའི་ནམ་མཁར་འཇིགས་མེད་གླིང་པ་སོགས་བླ་མ་ཁ་ཤས་དང་། སྔགས་པ་དབུ་སྐྲ་ནག་པོ་ཐོར་ཅོག་ཅན་ཞལ་རས་ཟླུམ་པོ་ཨག་ཚོམ་ཅུང་ཟད་ཡོད་པ་གསལ་བ་ཞིག་བཞུགས་པ་ངོས་མ་འབྱེད་དེ་འདྲའི་ཉམས་བྱུང་། ཟླ་༣ཚེས་སྐོར་ཞིག་ལ་མཁྱེན་བརྩེ་རྡོ་རྗེ་འཆང་ཕྱག་གཡས་ཚེ་བུམ་བསྣམས་པ་རབ་བྱུང་ཆས་ཅན་གྱིས་ཐང་རྒྱལ་ཚེ་དབང་གནང་ནས་ལོ་གྲངས་ཁ་ཤས་བར་སྐྱོན་མེད་པའི་དབུགས་དབྱུང་སྩལ་བ་ཞིག་ཀྱང་བྱུང་། སྔར་རྫོང་སར་དུ་མཁྱེན་བརྩེ་རིན་པོ་ཆེའི་སྐྱེས་ཕྲེང་ཞལ་ཐང་བཞེངས་སྐབས་ཐང་རྒྱལ་དང་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་གི་ཚེ་བུམ་ལས་བདུད་རྩི་འཕྱུར་བ་རྗེ་བླ་མའི་ཕྱག་གི་ཚེ་བུམ་དུ་བབས་པའི་ཞལ་བཀོད་གནང་འདུག་པའང་གཟིགས་སྣང་ཞིག་ཡིན་སྙམ། ཟླ་༩ཚེས་༡༤ནུབ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཇལ། ཕྱག་རྡོར་རྡོ་རྗེ་བེ་ཅོན་གྱི་འབེབ་གཞི་ཤོག་སེར་ལྡེབ་ཁ་ཤས་འདུག་པ། འཇམ་མགོན་ཕྱག་བྲིས་ནི་མ་རེད། རྗེ་ཉིད་ཀྱི་གཏེར་ཆོས་མིན་འདྲ་སྙམ། གཏེར་སྟོན་གཞན་ཞིག་གི་གཏེར་ཆོས་ཡིན་སྙམ་དང་། ཡང་ཤོག་སེར་དམ་རྫས་རྙིང་ཧྲུལ་ཞིག་ཀྱང་ལག་ཏུ་རྙེད་པས་དགའ་ཚོར་དང་། ཀོང་ཆེན་པ་རེས་དངོས། རེས་ཀརྨའི་ཐུགས་སྲས་ཡིན་རྒྱུ་ངེས་མེད་དུ་བྱུང་བ་རྨིས། ས་ཁྱི་ཟླ་༦ཚེས་༡ནུབ་དགོན་གནས་ངོ་མི་འཚལ་བ་ཞིག་གི་འདུ་ཁང་ནང་དུ་ངེད་ནས་ཁྲོམ་སེར་སྐྱ་སུམ་བརྒྱ་ཙམ་ལ་དབང་ཞིག་བསྐུར། ངོས་རང་ནས་གསེར་གྭ་ཆུང་ཞིག་མགོ་ལ་བཞག །དེ་ནས་གྲུབ་ཐོབ་བརྒྱད་བཅུ་དང་འབྲེལ་བའི་ཆོ་ག་ཞིག་བཏང་ནས་ཚོགས་ཀྱི་སྐབས་ཡིན་རྒྱུ་ཞིག་ལ་ངོས་ནས་རྡོར་དྲིལ་ཆུང་ངུ་བཟུང་སྟེ་ཚོགས་གར་རྒྱུན་རིང་འཁྲབ་མཐར་བཀྲ་ཤིས་ཞབས་བྲོ་དགའ་བ་འཁྱིལ་པ་ཞེས་པའི་འགོར་གར་གྱི་བཤད་པ་ལྟ་བུ་མང་ཙམ་ངོས་རང་གིས་བྱེད་པ་དང་ཞབས་བྲོ་འཁྲབ་རྒྱུ་མ་བྱུང་བ་སོགས་རྨིས། ཤིང་སྤྲེལ་ས་ག་ཟླ་བར་བཀའ་བརྒྱད་བདེར་འདུས་ཀྱི་སྨན་སྒྲུབ་རྒྱས་སྤྲོས་གནང་སྐབས་སྒྲུབ་དཀྱིལ་སྟེང་ནས་བཀའ་བབས་རིག་འཛིན་བརྒྱད་ཀྱིས་རྡོ་རྗེ་གར་སྟབས་བསྒྱུར་བའི་གཟིགས་སྣང་ཆེས་གསལ་བར་བྱུང་ཚུལ་གསུངས་ཤིང་། རྒྱ་ཅན་ཉེར་ལྔའི་ཐུགས་དམ་ཕྱག་དཔེའི་གསེབ་ཏུ་ཚེ་ཡུམ་ཙཎྜ་ལཱིས་རྗེས་སུ་བཟུང་ཚུལ་གྱི་ཕྱག་བྲིས་ཀྱང་མཇལ། དགུང་གྲངས་༥༡ཕེབས་པ་ཆུ་སྟག་ཟླ་ཚེས་སྐོར་རྒྱུད་ལུགས་འཇམ་དཔལ་གྱི་བཅུད་ལེན་བདུད་རྩི་རིལ་བུ་སྒྲུབ་པའི་བཟླས་ཐུན་གནང་སྐབས་སྒྲུབ་དཀྱིལ་སྟེང་ནས་གཟིགས་སྣང་དུ་འཇམ་དཔལ་ཡབ་ཡུམ་འཁོར་དབྱངས་ཅན་རིགས་བཞི་བཅས་ཤིན་ཏུ་གསལ་བའི་ངང་། ཡུམ་བཞིར་རིམ་བཞིན་མཉམ་པར་སྦྱོར་བས་བདེ་བའི་ཡེ་ཤེས་ཀྱི་ཉམས་ཁྱད་པར་ཅན་རེ་རེ་སྐྱེས་པའི་གསལ་སྣང་ཡུན་རིང་ཤར་ནས་སད་པ་ན་ཆོག་རོགས་ཞབས་ཕྱི་ནས་བསྙུན་ཁམས་བཞེས་པར་དོགས་ནས་གྲིབ་བསང་སོགས་བྱས་འདུག་ཚུལ་ཕྱག་བྲིས་མཇལ། གཞན་ཡང་དཔལ་སྤྲུལ་སེམས་དཔའ་ཆེན་པོ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལས་ཀློང་སྙིང་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཉེ་བརྒྱུད་གསན་ཚུལ་སོགས་རྣམ་ཐར་ཞལ་གསུང་དུའང་གསལ་བ་ལྟར་རོ།། །།

གསུམ་པ་ཞར་བྱུང་ཟབ་མོ་གཏེར་གྱི་བཀའ་བབས་བཞུགས་ཚུལ་ས་བོན་ཙམ་སྨོས་ན། སྤྱིར་རྗེ་བླ་མ་མཆོག་འདིའི་རྣམ་ཐར་མཛད་སྤྱོད་ཐམས་ཅད་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་དང་རྣམ་དབྱེར་མེད་པ་ཀུན་ལ་ཐུན་མོང་དུ་གྱུར་པ་བཞིན། རྗེ་མཁྱེན་བརྩེའི་ཐུན་མིན་གྱི་གསང་མཛོད་མཐའ་དག་ལ་དབང་བསྒྱུར་བར་སོམ་ཉི་དང་བྲལ་ཡང་བསྟན་འགྲོའི་བསོད་ནམས་ཀྱི་སྐལ་བས་ཕོངས་པས་དེ་རིགས་བཏང་སྙོམས་སུ་བཞག་ནས་རྒྱ་ཆེར་སྣང་བར་མ་མཛད་མོད། འོན་ཀྱང་ཕྱོགས་ཙམ་མཚོན་བྱེད་གསང་བ་ཟབ་མོའི་ཆ་ཤས་འགའ་ཞིག་མཐོང་ཐོས་སུ་གྱུར་པ་ནི། སྤྱིར་ཤོག་སེར་གྱི་རིགས་ལ་གཟིགས་པ་ཙམ་གྱིས་དེར་བསྟན་ཆོས་བཀའ་གང་བཞུགས་ཐུགས་ལ་གསལ་བ་དང་། བརྡ་བསྒྱུར་རྒྱས་འབྲིང་བསྡུས་གསུམ་གྱི་བབས་ཚུལ། རྟེན་འབྲེལ་གྱི་གནད་གསང་སོགས་ཐོགས་མེད་དུ་མཁྱེན་པས་ཟབ་གཏེར་གྱི་མངའ་བདག་ཆེན་པོར་ངེས་ཤིང་། གནས་ཁྱད་པར་ཅན་དུ་ཕེབས་པའམ། ཐོལ་བྱུང་གིས་རི་བྲག་མཚོ་སོགས་ལ་ཟབ་གཏེར་གང་ཡོད་གཟིགས་པ་དང་། གཏེར་རྟགས་ངོས་འཛིན་མང་དུ་མཛད། རྗེ་ཉིད་ཀྱི་སྐུའི་གཅུང་སྤྲུལ་སྐུ་འཆི་མེད་ལ་སྨན་ཤོད་མུ་ནཾ་རྡོ་རྗེ་བྲག་དམར་གྱི་གནས་ནས་གཏེར་འདོན་དགོས་པའི་ཁ་བྱང་སྩལ་བ་དང་། གུས་པ་ལའང་རྫོང་སར་རྒྱབ་རི་བཀྲ་ཤིས་དིལ་ལྟག་ཏུ་གཏེར་འདོན་རྒྱུ་ཡོད་པའི་ཁ་བྱང་སྩལ་བ་དང་། གོ་འཇོའི་ཕྱོགས་སུ་མཁའ་འགྲོའི་རིགས་ཅན་བུ་མོ་གཅིག་ལ་བརྡ་ཡིག་ཤོག་ལྡེབ་མང་པོ་བྲི་རྒྱུ་ཡོད་པ་ཕྲན་ལ་ལྡེབ་ཁ་ཤས་བྱིན་པ་ཁྱོད་ལ་སྤྲོད་དགོས་འདྲ་ཡང་མེད་པ་བྱེད་ཚར་སོང་ཞེས་གསུངས་པ་དང་། གཏེར་སྟོན་བསོད་རྒྱལ་ཡིན་སྙམ་པས་གཏེར་ཤོག་གླེགས་བམ་གཅིག་གནང་བྱུང་བ་ཁྱོད་ལ་འབེབས་རྒྱུའི་གསལ་སྣང་བྱུང་ན་སྤྲད་ཆོག་གསུངས་ཀྱང་། སླད་ནས་རང་གིས་ཞུ་བསྐུལ་མ་བྱུང་ལ་རྗེ་བླ་མས་ཀྱང་རྗེས་ནས་གང་ཡང་མ་གསུངས། དེ་ཙམ་ལས་ཐུན་མོང་གདུལ་བྱའི་སྣང་ངོར་དམིགས་བསལ་དུ་དངོས་གཏེར་བཞེས་ཚུལ་མ་གནང་ཞིང་། དག་སྣང་དང་དགོངས་གཏེར་གྱི་རིགས་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། མེ་སྤྲེལ་ནག་ཟླའི་ཚེས་ཉེར་དྲུག་ལ་བྲག་དམར་མགྲིན་བཟང་དུ་ཐུགས་ཆེན་སེམས་ཉིད་ངལ་གསོའི་ཚོགས་ཕུལ་སྐབས། མཁྱེན་བརྩེ་རིན་པོ་ཆེའི་སྐུའི་གསལ་སྣང་ལ་སེམས་ཉིད་ངལ་གསོའི་དཀྱིལ་འཁོར་སྤྲུལ་ནས་སྟ་གོན་སྐྱེ་མཆེད་བྱིན་རླབས་ཡོད་པ། དངོས་གཞི་ཕྱི་ནང་གི་འཇུག་པ། རིག་དབང་། བུམ་དབང་། གསང་དབང་ལ་ཡུམ་བཞི་དང་སྦྱོར་བ། ཤེར་དབང་། བཞི་པའི་དབང་། གཏོར་དབང་བཅས་ཡུད་ཙམ་གྱིས་ཐོབ་པའི་སྣང་ཉམས་ཟ་ཟི་བྱུང་ཡང་ཞག་ཤས་བར་ཐོ་རྒྱབ་རྒྱུ་མ་བྱུང་བས། གསལ་པོར་མ་དྲན། ཞེས་རྗེ་མཁྱེན་བརྩེའི་ས་གཏེར་གཙོ་བོ་ཐུགས་ཆེན་སེམས་ཉིད་ངལ་གསོའི་ལས་བྱང་གི་ལུང་ཙམ་ལས་མི་བཞུགས་པར་རྗེ་བླ་མས་སྨིན་བྱེད་ཀྱི་རྒྱུན་ཉེ་བརྒྱུད་དུ་གསན་པར་མཛད་ནའང་བདག་ཅག་གི་སྐལ་བར་མ་གྱུར་པས་ཆེས་ཤིན་ཏུ་ཕོངས་ཤིང་འགྱོད་པའི་གནས་སོ། །ཀཿཐོག་མཁན་ཚུལ་ཁྲིམས་ཉི་མས་ཆེད་དུ་ནན་ཞུས་ངོར་གནང་བའི་གུ་རུའི་བླ་སྒྲུབ་རྩ་གསུམ་སྤྱི་དྲིལ་ཅན་དབང་དང་བཅས་པ་འདི་ནི་སྐུ་གོང་མའི་རྡོ་རྗེའི་དོ་ཧ་སྐོར་གྱི་ཐོག་མ་དེར། ནང་རྡོ་རྗེའི་ཕུང་ཁམས་ལ་བརྟེན་ནས་རྩ་བ་གསུམ་སྒྲུབ་ཚུལ་ཚིགས་བཅད་དེའི་སྒྲུབ་ཐབས་ཡིན་པར་གསུངས་ཤིང་། མཛད་བྱང་དུའང་རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་གི་རྣམ་ཐར་རྗེས་སུ་དྲན་པའི་དད་མོས་ཀྱི་གསོས་ཙམ་དུ་བླ་སྒྲུབ་འོད་གསལ་སྙིང་ཐིག་ཏུ་གྲགས་པ་འདིའང་མཁས་གྲུབ་རྒྱ་མཚོའི་སྤྱི་རྗེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་བྱིན་རླབས་ཀྱི་སྣང་བ་ལས་རང་ཤར་བའི་ཚུལ་གྱིས་རྗེ་དེ་ཉིད་ཀྱི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ་རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་སོགས་འགོད་པར་མཛད། ཕྱག་དཔེའི་ཁྲོད་དུ་འཇམ་དཔལ་བཤེས་གཉེན་གྱི་སྙིང་ཐིག་སྒྲོན་མ་བདུན་པའི་ཆོས་སྐོར་ཡིན་སྙམ་འཇམ་དཔལ་གྱི་རྒྱུད་ཕབ་འཕྲོ་བཞུགས་པ་མཇུག་སྐྱོང་བའི་ཕབ་བྱང་དུ། ཅེས་འཇམ་དཔལ་ཡེ་ཤེས་སྙིང་པོའི་རྒྱུད་ལེའུ་ལྔ་པ་འདི་པདྨ་འོད་གསལ་མདོ་སྔགས་གླིང་པའི་དགོངས་པའི་གཏེར་ལས་བྱུང་བ་འབེབ་འཕྲོ་ལུས་པའི་དཔེ་ཉིད་ནམ་མཇལ་རེས་བྲི་རྒྱུ་ཡོད་སྙམ་ངང་ལེ་ལོའི་གཞན་དབང་དུ་གྱུར་པ་ས་གླང་སྣྲོན་ཟླ་བའི་ཚེས་༢༦ལ་དཔེ་མཐོང་བ་ན་རང་སློབ་དད་ལྡན་བློ་གྲོས་མཆོག་ལྡན་གྱིས་བྲི་བར་བསྐུལ་ངོར་ཟླ་བ་དེའི་ཚེས་༢༧ལ་རིག་གསང་ནས་ཐོན་པ་བཞིན་ཡི་གེར་བཀོད་པ་ངེས་དོན་འཇམ་དཔལ་རྫོགས་པ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་པའི་རྟེན་འབྲེལ་མཆོག་ཏུ་གྱུར་ཅིག །མངྒ་ལཾ། ཤུ་བྷཾ། །དེ་བཞིན་དུ་རྒྱུད་དང་སྒྲུབ་ཐབས་དབང་བཅས་མཐར་དབྱུང་བའི་རིགས་དང་། ཡང་གཏེར་མཁའ་འགྲོ་གསང་འདུས་ཀྱི་བདུད་རྩིའི་རྟོགས་བརྗོད། སྙན་བརྒྱུད་དམ་པའི་བླ་སྒྲུབ་ཀྱི་དབང་ཆོག

།སྙན་བརྒྱུད་རྟ་མགྲིན་གྱི་རྟ་སྐད་ཐེངས་གསུམ་གྱི་དགོངས་པ་རྡོ་རྗེའི་ཚིག་རྐང་། གནས་ལྔ་རིགས་པ་མཁན་རྣམ་བཟང་ནས་ཞུས་ངོར་སྙན་བརྒྱུད་ཡང་དག་ཟབ་ཏིག་གི་གར་དང་། སྙན་བརྒྱུད་ཕུར་པའི་བསྒྲལ་འཆམས་དང་རྩ་ཚིག་སོགས། མཆོད་གར་མདོར་བསྡུས་བཅས། སྙན་བརྒྱུད་ཡང་ཕུར་སྦྲགས་མའི་རྫོགས་རིམ་ཁྱད་འཕགས་གུས་ལ་སྩལ་བ། རྗེ་གོང་མའི་དག་སྣང་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཁོངས་སུ་གཏོགས་པ་གྲུབ་པའི་རྒྱལ་མོའི་ཚེ་སྒྲུབ་བཅས། ཁྱད་པར་དུ་རྗེ་གོང་མར་བཀའ་བབས་ཀྱི་གསང་བ་ཟབ་མོ་ཀུན་ལས་ངོ་མཚར་དང་ཆེ་བ་དུ་མས་འཕགས་པ་རྒྱལ་པོ་ཨིནྡྲ་བྷཱུ་ཏིའམ། བྲམ་ཟེ་ཆེན་པོ་མདའ་བསྣུན་དངོས་ལས་རྡོ་རྗེ་ཐེག་པའི་ཐབས་ལམ་ཟབ་མོ་བཞི་ཚན་བཞི་བཅུ་ཅན་གསན་ཏེ་བཀའ་བབ་པར་གསུངས་པའི་ལོ་རྒྱུས་ཙམ་ལས་ཆོས་ཚན་གཏན་ལ་ཕབ་མ་གྲུབ་པ། རྗེ་བླ་མས་དེའི་དུམ་བུ་ཞིག་སྣང་བར་མཛད་པའི་ཕབ་བྱང་དུ། ཨེ་མ་ཤིན་ཏུ་གསང་བ་ཡི། །རྒྱ་ཆེའི་དུམ་བུ་བཞི་བཅུ་པ། །མདའ་བསྣུན་བདག་གི་གསང་བའི་ཚིག །སྤྲུལ་པའི་རིག་འཛིན་ལ་གཏད་པ། །མངོན་དུ་སྣང་བའི་སྐལ་མེད་ཀྱང་། །དུམ་བུ་གཅིག་གི་བྱེ་བྲག་ནི། །ཡེ་ཤེས་རྡོ་རྗེའི་སྙིང་ལ་སྣང་། །འདི་ཡི་ས་བོན་རབ་འཕྲོས་པས། །རིག་འཛིན་གྲུབ་པར་མངོན་སྣང་འགྱུར། །ས་མ་ཡ། རྒྱ་རྒྱ་རྒྱ། ཞེས་པའང་ཁོ་བོ་པདྨ་ཡེ་ཤེས་རྡོ་རྗེ་འཆི་མེད་འཕགས་མའི་བསྙེན་སྒྲུབ་ཀྱི་སྐབས་ཆུ་སྦྲུལ་དབོ་ཟླའི་ཚེས་༨ལ་རིག་ངོར་སྣང་བ་དང་། མདའ་བསྣུན་པའི་སྐུ་འལ་འོལ་མཇལ་བ་དང་བྲིས་པའོ། །ཞེས་སྣང་བར་མཛད་པ་ཆེས་ཤིན་ཏུ་ངོ་མཚར་བའི་གནས་སུ་ངེས་ཤིང་། འདི་རིགས་ཀྱང་རང་བཞིན་རྟེན་འབྲེལ་ཤུགས་འབྱུང་ལྟ་བུར་སྣང་བར་མཛད་པ་སྟེ། གཞན་དུ་ན་རྗེ་གོང་མའི་ཟབ་གཏེར་ཕབ་འཕྲོ་ཐམས་ཅད་མཇུག་སྐྱོང་གནང་ཆོག་ཡོད་ངེས་ཀྱང་། དེ་འདྲའི་འཕྲོས་ཞུས་ཚེ་གདུལ་བྱའི་གང་ཟག་གིས་ཉམས་སུ་ལེན་ནུས་ན་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེའི་གཏེར་ཁ་ཆོས་ཚན་རེ་རེ་ཡང་བསྐྱེད་རྫོགས་ལས་ཚོགས་དང་བཅས་པ་ཁ་ཚང་དོན་འདྲིལ་ཤ་སྟག་མི་ཚེ་གཅིག་གི་ཉམས་ལེན་ཚང་བར་ཡོད། བདག་འདྲའི་རྣམ་རྟོག་ཡིག་གཟུགས་སུ་བྲིས་ཀྱང་ཕན་གནོད་གང་བྱེད་མི་ཤེས་གསུངས་ཏེ་ཆེད་གཉེར་བྲི་སྤེལ་མི་མཛད་པར་འདུག །སྔར་དུས་སྐུ་མདུན་དུ་རྡོ་ལྟ་བུ་མདོག་ལྗང་ཁུ་ནོར་བུའི་དབྱིབས་ཅན་ཞིག་འདུག་པ་བླ་མ་རིན་འབྱུང་གི་སྐུ་ཞིག་གིས་གཟུངས་སུ་ཕུལ་མཛད་པ་དེ་མཁྱེན་བརྩེའི་གཏེར་མ་གནོད་སྦྱིན་གང་བཟང་གི་བླ་རྡོ་སྡེ་དགེ་ལྷུན་གྲུབ་སྟེང་དུ་བླ་མ་ནོར་ལྷའི་སྐུའི་ནང་རྟེན་དུ་གནང་བ་ཕྱིས་སྐུ་རྟེན་ཉམས་ཆགས་སོང་བས་བླ་རྡོ་དེ་ཡིན་སྙམ་རང་གི་ལག་ཏུ་སོན་པ་ཡིན་གསུངས། སྐུ་གོང་མར་གཉན་ཆེན་ཐང་ལྷས་ཕུལ་བའི་གུ་རུའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་མཁྱེན་བརྩེ་སྐུ་གཤེགས་པའི་སྔ་ལོ་ནས་གཏེར་སྲུང་གིས་བདག་བྱས་པ་རེད་ཅེས་མེད་སོང་ཚུལ་རྣམ་ཐར་དུ་འཇམ་མགོན་རིན་པོ་ཆེས་གསུངས་པ། རྗེ་བླ་མས་རྫོང་སར་ནས་རྟེན་བྱིན་མང་ཞིག་བསྡུ་མཛད་སྐབས་སྒྲོམ་དེ་ཕྱག་ཁར་བསྣམས་ནས་གུས་ལ་ཞལ་རྩེད་ཚུལ་དུ་འདི་ཕྲན་གྱི་གཏེར་མ་རེད་ཅེས་གསུངས་ཤིང་། ཞུ་མཁན་སུ་བྱུང་ལ་གནང་ཡང་རྫོགས་རྒྱུ་མེད་པ་དེ་སླར་གཏེར་སྲུང་གིས་ཕུལ་བར་ངེས་པས་མཚོན། རྗེ་གོང་མའི་ཟབ་གཏེར་ཆོས་དང་རྫས་ལ་རྫོགས་པར་དབང་བསྒྱུར་ངེས་པ་སོམ་ཉི་དང་བྲལ་བར་རྟོགས་ནུས་སོ། །མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབས་པའི་བཀའ་བབས་ཁྱད་འཕགས་བཞུགས་པའང་རྗེ་ཉིད་ཀྱི་བླ་སྒྲུབ་སྙིང་ཐིག་གསལ་སྒྲོན་དེ་ཚིག་རིས་སོགས་གང་ཅིར་དགོངས་གཏེར་དུ་ངེས་སྙམ་ཐབས་མཁས་ཀྱི་ཞུ་བསྐུལ་ལྟ་བུས་འདི་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་བླ་སྒྲུབ་བྱས་ན་རུང་ངམ་ཞུས་པས། རྒྱུ་མཚན་ཅིའི་ཕྱིར་གསུངས། སྐུ་ཧེ་རུ་ཀའི་ཆས་དང་མཚན་ཡེ་ཤེས་རྡོ་རྗེ་ཞེས་གཅིག་ཏུ་འདུག་ལགས་ན་ཞུས་པས། ངོས་ལ་པདྨ་སྙིང་ཐིག་ཅེས་པའི་ཆོས་ཚན་མང་ཙམ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབས་ཏེ་ཡིད་ངོར་གསལ་བ། དེ་སྐབས་བླ་སྒྲུབ་འདི་ཞུ་མཁན་བྱུང་བས་བྲིས་པ་མདོ་མཁྱེན་བརྩེའི་བླ་སྒྲུབ་ཕྲན་ལ་ཁ་བསྒྱུར་བ་འདྲ་ཞིག་རེད་གསུངས། དེས་ན་བླ་སྒྲུབ་དགོངས་གཏེར་དུ་ངེས་ཤིང་སྨིན་བྱེད་ཚོགས་མཆོད་ཟིན་བྲིས་སོགས་བཞུགས་ལ། རྗེ་བླ་མའི་གསང་མཚན་པདྨ་ཡེ་ཤེས་རྡོ་རྗེ་ཞེས་རྡོ་གྲུབ་ཐམས་ཅད་མཁྱེན་པ་ལས་ཀློང་སྙིང་རིགས་འདུས་ཀྱི་དབང་གསན་སྐབས་མཚན་དུ་བྱུང་ཞེས་རྟེན་འབྲེལ་དགོས་པ་ཆེན་པོའི་གནས་སུ་མཛད་པ་དང་། མདོ་མཁྱེན་བརྩེའི་ཆོས་སྐོར་གཅོད་འཛིན་པ་རང་གྲོལ་ཙམ་ལས་གཞན་ཕལ་ཆེར་ཚིག་བརྒྱུད་མི་འདུག་ཀྱང་དོན་བརྒྱུད་ལྟ་བུ་སྔར་མདོ་རིན་པོ་ཆེ་ལས་ཆོས་སྐོར་ཚང་བའི་གཏད་རྒྱ་ཞིག་གསན་པ་ཡིན་གསུངས། ཕྱིས་སུ་རྗེའི་མནལ་ལམ་དུ་རྒྱམ་རྡོ་ཐི་ཡིན་རྒྱུའི་ལུང་པ་ཕུ་གངས་རི་གཤམ་དུ་མཚོ། དེའི་གཞུག་ཆུ་ཆེན་པོ་འབབ་ཅིང་ཁ་ལྷོར་བལྟ་བ་ཞིག་གི་མདའ་ནས་སྟོན་འཁོར་ཁ་ཤས་ཆིབས་ཐོག་ནས་གྱེན་དུ་ཕེབས་པ་ན། སྔགས་པ་རལ་པ་ནག་ཉི་ལེ་བ། གླེགས་བམ་མང་པོ་བསྣམས་པ་ཞིག་མར་ཕེབས་བྱུང་བ་དེ་ཉིད་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་རེད་འདུག་པས་རྗེ་བླ་མ་ཉིད་ལ་གཏད་རྒྱ་དབང་བསྐུར་མཛད་དེ་གླེགས་བམ་རྣམས་གནང་བ། རྗེའི་གཡོན་ཕྱོགས་དེར་གུས་པ་བསྡད་འདུག་པ་ལ་གཏད་པ་རྨིས་གསུངས་པས་གུས་སྐལ་བ་བཟང་བས་དེ་བཞིན་བྱིན་རླབས་དགོངས་གཏད་གནང་གྲུབ་ཞུས་པར་ཞལ་བཞེས་ཀྱི་དབུགས་དབྱུང་ཐོབ་པ་དང་། གཅོད་འཛིན་པ་རང་གྲོལ་གྱི་ཁྲིད་ཡིག་རྣམ་གསུམ་གྱི་སྒོ་ནས་ཀྱང་དགོངས་པའི་གཏད་རྒྱ་བྱིན་རླབས་རྫོགས་པར་ཐོབ་པའི་སྐལ་བ་བཟང་པོར་གྱུར།

གཞན་འདི་སྐོར་ཆོས་བཀའ་རིགས་གཏན་ལ་ཕབ་པ་དང་གཞན་ལ་སྤེལ་བ་སོགས་བཞུགས་མིན་ཞིབ་ཏུ་མ་ངེས། གཞན་ཡང་གུས་ནས་ཆེད་དུ་རྗེ་བླ་མ་ཉིད་ཀྱི་གཏེར་བྱོན་གུ་རུའི་བླ་སྒྲུབ་ཀྱི་དབང་ལུང་གནང་གྲུབ་ཞུས་པ་ལྟར་བཀའ་དྲིན་སྩལ་སྐབས་དབང་བཤད་དུ། ཀུན་གཟིགས་སི་ཏུ་རྡོ་རྗེ་འཆང་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ལ་ཐུགས་མྱ་ངན་གྱིས་ནོན་ཏེ་གསོལ་བ་ཡང་ཡང་བཏབ་པའི་བྱིན་རླབས་ལས་བྱུང་བའི་བླ་མ་སྒྲུབ་པའི་སྐོར་ཞེས་ཕེབས་པར་མཛད་པས། དེ་ཉིད་ཀྱི་འདས་རྗེས་ཚུལ་དུ་བཀའ་བབས་པའི་གུ་རུ་རིན་པོ་ཆེ་རིགས་གསུམ་སེམས་དཔའ་དང་འབྲེལ་བའི་བླ་སྒྲུབ་སྨིན་བྱེད་ཁྲིད་བཅས་བཞུགས། གཏེར་སྟོན་དྲི་མེད་འོད་ཟེར་རམ་པདྨ་གླིང་པ་དགོངས་པ་རྫོགས་སྐབས་གདུང་མཆོད་དང་ཞུགས་འབུལ་སོགས་གནང་སྐབས་གཏེར་སྟོན་ཟངས་མདོག་དཔལ་རིར་ཕེབས་པའི་གཟིགས་སྣང་དང་འབྲེལ་འདས་རྗེས་རྩ་བ་རྡོ་རྗེའི་ཚིག་རྐང་དང་། དེ་ལས་འཕྲོས་པའི་བླ་སྒྲུབ་དབང་དང་བཅས་གཏེར་སྲས་བདེ་ཆེན་རྣམ་རྒྱལ་སྐུ་མཆེད་ལ་སྨིན་གྲོལ་ཕྱག་བྲིས་བཅས་སྩལ་བའང་བཞུགས། ཤ་ཝ་རི་དང་ཚར་ཆེན་བླ་སྒྲུབ་སྐོར་གོང་དུ་གསལ་ཞིང་། གུ་རུའི་ཐུགས་སྒྲུབ་རྒྱས་ཙམ་ཞིག་དང་། ས་ར་ཧའི་བླ་སྒྲུབ། ཆོས་རྗེ་ས་པཎ་གྱི་བླ་སྒྲུབ་ཕྱི་ནང་གསང་བ་བཅས་བཞུགས། སོ་སོའི་ལོ་རྒྱུས་དམིགས་བསལ་མ་ངེས། རྫོགས་ཆེན་མཆོག་སྤྲུལ་དྲུག་པའི་ཐུགས་དམ་རྟེན་ཁྱེའུ་རིག་འཛིན་ཆེན་པོའི་གཏེར་ཁ་གུ་རུའི་སྐུ་ཚབ་གདན་མེད་མ་ཞེས་པའི་སྐུ་ལས་གསལ་བའི་བརྡ་རིས་ཕབ་པ་གུ་རུ་དྲག་པོའི་སྒྲུབ་སྐོར་གུས་པར་སྩལ་བ་དང་། སྒྲུབ་ཐབས་སྨིན་བྱེད་ལས་སྦྱོར་བཅས། འཁྲུལ་ཞིག་དཔའ་བོ་རྡོ་རྗེའི་ཞུ་བསྐུལ་གྱི་རྐྱེན་ལས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་དྲུང་ནས་ཡི་གེར་སྣང་བར་མཛད་པ་སེང་གདོང་མའི་སྒྲུབ་སྐོར་དབང་དང་རྫོགས་རིམ་ལས་ཚོགས་སོགས་ཆ་ཚང་བར་བཞུགས་པ། བཀའ་གཏེར་སེང་གདོང་རིགས་རྣམས་ཀྱི་བྱིན་རླབས་གཅིག་ཏུ་དྲིལ་ཞིང་ཁྱད་པར་བི་མ་ལའི་སྙན་བརྒྱུད་གསུངས་པ་ལ་དཔག་ན་རྩ་བའི་ལོ་རྒྱུས་དམིགས་བསལ་བཞུགས་ཚོད་ཀྱང་ཕྱག་བྲིས་འཁོད་པ་མ་མཇལ། ཞར་བྱུང་ལྟ་བུར་ས་ཁྱི་ཟླ་༤ཚེས་༣ལ་རྡོ་རྗེ་གླིང་དུ་སོང་། རྒྱལ་པོ་ཀོ་ཊི་མེ་ཤུལ་ཅན་དུ་སྡོད་པའི་ཚེས་ལྔའི་ནུབ་རྨི་ལམ་དུ། རི་སྒང་ཞིག་ཏུ་དགོན་པ་གཅིག་ཡོད་པའི་ཞབས་ཕྱོགས་ལམ་བརྒྱུད་སོང་བས། གྲྭ་ཁང་ཞིག་གི་ནང་དཔལ་སྤུངས་སྐུ་ཞབས་སི་ཏུ་གོང་མ་རེད་ཟེར་བའི་དཔོན་སློབ་མང་པོ་ཞིག་གིས་མངོན་རྟོགས་ཚིག་ལྷུག་ཅན་མང་པོ་གསུངས་པ་ཐོས། དར་ཅིག་ནས་རང་ཡང་ཚོགས་གྲལ་དེར་སླེབས། ཁོང་རྣམས་སེང་གདོང་དཀར་མོའི་སྒྲུབ་མཆོད་གསུངས་པ་ཡིན་ཟེར། སྐུ་ཞབས་རིན་པོ་ཆེ་དངོས་ནི་མིན་པ་འདྲ། ཡིན་རྒྱུའི་བླ་མ་ལོ་ཉུང་ཅན་གཅིག་འདུག །སེང་གདོང་དབང་ཐོབ་དགོས་སྙམ་ཞུས་པས་དབང་ཆུང་ངུ་ཞིག་གནང་སོང་བ་སྔར་ངེད་རང་གིས་བྲིས་པའི་སེང་གདོང་དེའི་སྐོར་ལས་འཕྲོས་པ་ཞིག་རེད་འདུག་སྙམ། འདི་ལ་དཀྱིལ་ཆོག་དང་སྒྲུབ་ཐབས་དབང་ཆེན་ཞིག་ཡོད་རྒྱུར་སྒྲུབ་ཐབས་ཕྲིན་ལས་དེ་ལ་དངོས་གྲུབ་རྒྱ་མཚོ་ཟེར་དགོས་བསམ། སེང་གདོང་དབང་དང་འབྲེལ་བའི་སྒྲུབ་ཕྲིན་ཆེ་བ་དེ་ལ་འཁོར་དབྱིངས་ཕྱུག་ཁྲོ་མོ་རྣམ་དགུ་སོགས་ཀྱང་ཡོད་པ་དེ་འདྲ་ཞིག་གི་ངང་གཉིད་སད། ཡང་མནལ་བ་ན་སྔར་གྱི་འཕྲོས་དེ་རྨིས་ནས་རྒྱ་གར་ལྷོ་ནུབ་དུར་ཁྲོད་རྔམས་པ་སྒྲ་སྒྲོགས་ཤིང་སེ་བའི་ཕུང་པོའི་རྩར་སེང་གདོང་མའི་སྒྲུབ་སྐོར་གཏེར་དུ་ཡོད་པ་དེ་ཉིད་འདོན་དགོས་ཟེར་བ་བྱུང་། རྒྱས་པར་བརྗེད་ནས་ཐལ། ཞེས་གསུངས། གཞན་ཡང་དཔལ་མགོན་ཞལ་བཞི་པ་དང་། སྙིང་ཐིག་མ་བུའི་བཀའ་སྲུང་གཡུ་སྒྲོན་མ་བཅས་ཀྱི་རྗེས་གནང་ཡི་གེ། ལྷ་མོའི་རྒྱུན་བཟླས་དང་ཞིང་སྐྱོང་གི་རྒྱུན་བསྙེན་སོགས་ཐོལ་བྱུང་དུ་གསུངས་པའི་རྡོ་རྗེའི་ཚིག་རྐང་རིགས་དང་། རྫོགས་རིམ་སྐོར་སོགས་ཕྱོགས་འདིར་གཏོགས་པ་ཕྲན་ཚེགས་མང་ཙམ་བཞུགས། དེར་མ་ཟད་གཏེར་སྟོན་རིགས་གཞན་ལའང་མཐུན་སྦྱོར་གནང་ཚུལ་ནི། ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ཉིད་གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ་དུ་གྱུར་པས་དུས་སྐབས་དེར་བྱོན་པའི་གཏེར་སྟོན་ཆེ་ཕྲ་ཀུན་གྱིས་ཞབས་པད་ལ་བཏུད་ནས། སོ་སོར་བཀའ་སློབ་དང་མཐུན་སྦྱོར་གྱིས་དབུ་འདོན་གནང་བ་དང་མཐུན་པར། རྗེ་བླ་མ་འདིས་ཀྱང་གཏེར་སྟོན་དྲི་མེད་པདྨ་གླིང་པའི་སྲས་བདེ་ཆེན་རྣམ་རྒྱལ་ལ་ཟབ་གཏེར་བྱུང་ཚུལ་བཀའ་སློབ་ཞུས་པར་གཏེར་སྟོན་ཚད་ལྡན་ཡིན་པའི་ངེས་རྙེད་དང་། ད་ལྟའི་སྐབས་འདིར་ཟབ་གཏེར་གྱི་སྟོན་པ་ཞིག་ལ་ལས་རབ་གླིང་པ་འདི་ལས་ལྷག་མི་འདུག་པས་དེའི་མདུན་ཕེབས་ན་སྨོན་ལམ་ལས་འཕྲོ་གཅིག་པར་འདུག་པས་ལེགས་ཞེས་ཕེབས་པ་ལྟར་དངས་ལེན་ཞུས་པས་ཆོས་ནོར་རྫས་ཀྱི་གཏེར་ཁ་རྒྱ་ཆེར་ཕྱག་ཏུ་སོན་ཅིང་ཐོག་མའི་རྟེན་འབྲེལ་ལེགས་ཚོགས་སུ་གྱུར། འབྲི་གཏེར་འོད་གསལ་རྡོ་རྗེ་ལ་སྐུ་ཚེའི་བར་ཆད་སེལ་བའི་ཞབས་བརྟན་བསྒྲུབ་པར་བཀས་གནང་ཞིང་ཟབ་གཏེར་གྱི་སྨིན་གྲོལ་གསན་པ་དང་། ཆོས་སྐོར་འབེབས་ཐབས་མཐུན་སྦྱོར་བཀའ་བསླབ་སོགས་གནང་ཞིང་རྟེན་འབྲེལ་ལེགས་ཚོགས་སུ་གྱུར་པས་གཏེར་སྟོན་གྱི་ཆོས་དང་ཕྲིན་ལས་འཕེལ་བའི་བདག་རྐྱེན་བཀའ་དྲིན་ཆེས་ཆེ་བར་གྱུར། ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་སྐུ་མཆེད་གཏེར་སྟོན་སྤྲུལ་སྐུ་དོན་ཁོ་ལའང་དེ་བཞིན་མཐུན་སྦྱོར་དང་། ཁྱད་པར་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་དབང་དང་འབྲེལ་བར་སྐུ་ཚབ་དངོས་གྲུབ་དཔལ་འབར་གྱིས་བྱིན་རླབས་མཛད།

རྗེ་བླ་མར་སྔ་ཕྱིར་སྐྱབས་ཞུས་སོགས་ལན་མང་དང་། བརྟན་བཞུགས་ཕུལ་སྐབས་གཏེར་སྟོན་ནས་རྗེ་བླ་མ་དང་སྐུ་ཚབ་དབྱེར་མེད་པ་གུ་རུ་རིན་པོ་ཆེ་དངོས་སུ་ཡུན་རིང་མཇལ་བ་དང་། དུས་འཁོར་གྱི་དབང་སྐབས་རྡོ་རྗེ་ཤུགས་བབས་པ་སོགས་བྱུང་ཞིང་རྫས་དང་ཆོས་གཏེར་མང་དག་ཕྱག་ཏུ་སོན། སྐུའི་གཅུང་སྤྲུལ་སྐུ་འཆི་མེད་ལའང་མཐུན་སྦྱོར་ཐུགས་བསྐྱེད་ཀྱི་མཐུ་ལས་གནས་གཏེར་རིགས་གསར་འབྱེད། དབང་ཆོས་འཆད་སྤེལ། མདོ་ཁམས་གནས་ཆེན་ཉེར་ལྔའི་བྱེ་བྲག་ཝརྟིའི་གནས་ཞལ་གསར་འབྱེད་དང་། གནས་དེར་བཤད་སྒྲུབ་ཀྱི་སྡེ་འཛུག་པ། བསྟན་འགྲོར་སྨན་པའི་ཕྲིན་ལས་རྣམ་བཞི་སོགས་ཆེས་ཆེར་འཕེལ་རྒྱས་སུ་གྱུར། བདུད་འཇོམས་མཆོག་སྤྲུལ་འཇིགས་བྲལ་ཡེ་ཤེས་རྡོ་རྗེར་ཟབ་གསང་ཐུན་མིན་གྱི་མངའ་བདག་ཆེན་པོར་ངེས་པའི་བདེན་ཚིག་ཞབས་བརྟན་ཆེདའབུལ་གནང་བ་སོགས་རྟེན་འབྱུང་ལེགས་ཚོགས་ཁྱད་པར་འཕགས་པའི་བདག་རྐྱེན་དུ་གྱུར། གོ་འཇོ་ར་ཁྲིད་གཏེར་སྟོན་ནས་ཀྱང་ཆོས་སྐོར་གཟིགས་འབུལ་སྐབས་བསྟན་འགྲོའི་ཞབས་རིམ་བསྒྲུབ་དགོས་ཀྱི་བཀའ་བསླབ་དང་འབྲེལ་གཏེར་སྟོན་སྐུ་ཚེ་བརྟན་ཅིང་ཟབ་ཆོས་འཕེལ་རྒྱས་འབྱུང་བའི་སྨོན་ཚིག་ལྗགས་རྩོམ་ཕྱག་རྟགས་ཀྱིས་སྤྲས་པ་གནང་། གཞན་ཡང་འདི་གྲས་ཆེ་ཕྲ་འགའ་རེ་ཡོད་པ་དང་། རྒྱ་རོང་མཁའ་འགྲོ་ཞེས་རང་གྲོལ་གྱི་རྣལ་འབྱོར་མ་དང་རྗེ་བླ་མ་ལྷན་རྒྱས་པས་རྫོང་སར་དགོན་གྱི་ཕུ་རྒྱ་རྒན་ཁྱུང་སྟག་གནས་ཞལ་གསར་འབྱེད་དང་གནས་ཡིག་གཏན་འབེབས་སྐབས། གནས་དེའི་སྒྲུབ་ཕུག་ནས་ཛྷི་ཀྵིཾ་སྨུག་པོའི་ཕུར་པ་ཁྱད་འཕགས་གཏེར་དུ་བཞེས་ཤིང་དེ་ལས་ཕུར་པའི་ཆོས་སྐོར་ཉུང་ཙམ་མཁའ་འགྲོས་གཏན་ལ་ཕབ་འདུག །མཁའ་འགྲོ་འདིས་གནས་དེར་རྗེའི་ཞབས་བརྟན་ཚོགས་དང་མེ་མཆོད་ཡུན་རིང་གནང་སྐབས་རྗེ་བླ་མ་མཆོག་ཡེ་ཤེས་ཀྱི་སྐུ་ལ་དཔའ་བོ་མཁའ་འགྲོས་བསྐོར་བ་ཚོགས་ཀྱི་འདུ་བར་ཕེབས་པའི་དག་སྣང་ཡང་ཡང་བྱུང་ཚུལ་བཤད། གུ་རུས་རྗེས་བཟུང་ལས་འཕྲོའི་གཏེར་བརྒྱུད་ལ་དབང་བའི་གྲལ་དུ་མ་མཆིས་པ་སོ་སྐྱེ་འཆིང་བ་ཀུན་ལྡན་དུ་ངེས་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་ཀྱང་། རྗེ་བཙུན་བླ་མ་འཇམ་པའི་དབྱངས་སྐུ་གོང་འོག་གི་ཐུགས་རྗེ་བྱིན་རླབས་ཁོ་ནའི་མཐུ་ལ་བརྟེན་ནས། བླུན་རྨོངས་བདག་ལའང་དུས་དང་རྐྱེན་གྱིས་དགོངས་གཏེར་ལྟ་བུ་ཐར་ཐོར་ཤར་བ་བྲི་རྒྱུ་རེད་སོང་བ་རྣམས་རྒྱུ་མཚན་བཅས་གཟིགས་འབུལ་ཞུས་མ་ཐག་ཐུགས་ལ་ངེས་ཤེས་ཟབ་མོ་འདྲོངས་ཟིན་པའི་གསུང་གིས་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་ཐུགས་ཀྱི་བྱིན་རླབས་འཕོས་པའི་རྟེན་འབྲེལ་ལས་བྱུང་བར་དབུགས་དབྱུང་བཅས་ཐམས་ཅད་གསན་བཞེས་གནང་བ་དང་། ཤིང་སྤྲེལ་སྤྲེལ་ཟླའི་ཚེས་བཅུར་སྒྲུབ་གནས་ཀྱི་རྒྱལ་པོ་ཛཾ་ནང་པདྨ་ཤེལ་ཕུག་གི་མདུན་དུ་རྩ་གསུམ་ཚོགས་འབུམ་ཐེར། བོད་དུ་མཆིམས་ཕུ། ཁམས་སུ་ཛཾ་ནང་པདྨ་ཤེལ་ཕུག་གཉིས་གུ་རུ་རིན་པོ་ཆེའི་སྒྲུབ་གནས་ཀུན་གྱི་རྒྱལ་པོ་ཡིན་ཅིང་། སྒྲུབ་ཕུག་འདིར་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔ་རང་བྱོན་དུ་བཞུགས་པས་ལྷ་ཁང་བཞེངས་སྐབས་ཀ་བ་དང་གདུང་མས་རང་བྱོན་ལ་སྐྱོན་མ་ཕོག་པ་དགོས་ཞེས་ཐམས་ཅད་མཁྱེན་གཟིགས་མཉྫུའི་ཞབས་དངོས་ཀྱིས་ཀ་གདུང་བཞག་ཡུལ་ཕྱག་རྟགས་གནང་བ་ཡིན་ཚུལ་སོགས་རྒྱུ་མཚན་དུ་མ་དང་བཅས་སྒྲུབ་ཕུག་དངོས་སུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོགས་སྒྲུབ་བདུད་རྩི་སྨན་སྒྲུབ་བཅས། གཟིམས་བསྐྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་། སྙན་བརྒྱུད་ཡང་དག་གི་བདུད་རྩིའི་སྒྲུབ་པ་དང་འབྲེལ་བའི་སྒྲུབ་ཆེན། མཁའ་འགྲོ་གསང་འདུས་ཀྱི་སྒྲུབ་མཆོད་ལན་མང་བདུད་རྩིའི་སྒྲུབ་པ་དང་འབྲེལ་བ། ཚོགས་འབུམ་སོགས་ལན་དུ་མིའི་ཚོགས་གྲལ་དུ་རྗེ་བླ་མ་མཆོག་ཉིད་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པས་རྟེན་འབྲེལ་མཐུན་སྦྱོར་དབུགས་དབྱུང་མཛད། རིན་གཏེར་ཡོངས་རྫོགས་དང་རྩ་གསུམ་འོད་གསལ་སྙིང་ཐིག་སོགས་རྗེ་གོང་མའི་བཀའ་བབས་བདུན་གྱི་གསང་མཛོད་རྣམས་ཀྱི་དབང་ཁྲིད་ལུང་བཅས་བྱིན་རླབས་དགོངས་པའི་གཏད་རྒྱ་ཐུན་མིན་ཡང་ཡང་དུ་གནང་བའི་དམིགས་མེད་ཐུགས་རྗེ་ཆེན་པོའི་ཉེར་ལེན་ཁོ་ན་ལ་བརྟེན་ནས་ཀུན་གཟིགས་གོང་མའི་གསང་མཛོད་ཀྱི་ཆ་ཤས་འགའ་ཞིག་ཐོག་མར་རྗེ་བླ་མ་ཉིད་ཀྱི་གཟིགས་སྣང་དུ་བརྡ་རིས་གསལ་ཞིང་ཆོས་སྐོར་དེར་བཞུགས་ཀྱི་ཞལ་བཀོད་གནང་བ་ཐེ་ཚོམ་དོགས་སེལ་དང་ཡིད་ཆེས་ཀྱི་དཔང་པོར་བཀོད་ནས་གུས་ཕྲན་ནས་ཞབས་ཏོག་ཏུ་རློམས་ཏེ་ཕབ་སྤེལ་ཞུས་པའང་ཞར་བྱུང་ས་བོན་ཙམ་སྟེ། མདོར་ན་རང་གི་དད་མོས་ཤུགས་ཞན་པ་དང་རིག་རྩལ་བརྟུལ་ཞུགས་གཏད་མེད་དུ་སྐྱོང་མ་ནུས་པས་ནོངས་པ་ལས། རང་བས་སྐལ་བ་བཟང་ཙམ་ཡིན་ན་གཏེར་ཆེན་མཆོག་གླིང་དང་འཇམ་དབྱངས་བླ་མ་ཡབ་སྲས་ཞལ་རྒྱས་པ་ལྟ་བུར་འབྱུང་སྙམ་པའི་ངེས་ཤེས་འདྲོངས་ཤིང་། སྤྱིར་འདི་དག་དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔས་ཕལ་པའི་ས་རྡོ་གསེར་དུ་བསྒྱུར་བ་དང་ཆོས་མཚུངས་པར་རིག་འཛིན་བླ་མ་མཆོག་གི་ཡེ་ཤེས་འདོད་དགུའི་རྩལ་གྱི་ཆེ་བས་བྱིན་གྱིས་བརླབས་པའི་ཚུལ་བཤད་པ་ལས། བདག་ལྟ་དགོངས་མཐོན་པོ་དང་སྐལ་པ་རབ་ཀྱིས་ཟབ་ཆོས་དེ་དག་ལ་དབང་བའི་ཆེ་བརྗོད་སྨྲས་པ་མིན་པས་དཔྱོད་ལྡན་དག་གིས་རྒྱུ་མཚན་མཁྱེན་པར་གསོལ། རྫས་གཏེར་རིགས་དམིགས་བསལ་དུ། རག་ཆབ་ནས་སྔགས་རྒན་གཅིག་གིས་ཞིང་ཁ་ནས་ཕྲ་མན་ལས་མགོན་པོ་གུར་གྱི་སྐུ་རྙེད་པ་སྐུ་མདུན་གཟིགས་ཕུལ་བས་རྟེན་དེ་ཁོང་གི་ཕྱག་ཏུ་འབྱོར་དགོས་རྒྱུ་ཡིན་ཚུལ་རྟེན་ཚབ་གཞན་ཞིག་དང་གནང་སྦྱིན་བཅས་བཞེས། གཟིམ་ཆུང་སྦུག་མར་མཛོད་ཚེ་དཔལ་སྔ་ཆར་མཆོད་པ་འབུལ་དུ་འགྲོ་སྐབས་སྒོའི་སྟེང་ན་ལི་སྨུག་གི་རྡོ་རྗེ་ཤིན་ཏུ་ཁྱད་འཕགས་མཐོང་བ་དེ་འཕྲལ་གཟིགས་ཕུལ་བས་ཞལ་རྩེད་བཅས་ཐུགས་བདག་གནང་། དབུས་ཕེབས་རྗེས་མར་ལམ་ཁ་ནས་ཚོང་པ་འདྲ་ཞིག་གིས་སྐུ་རྒྱུ་ལི་ལྟ་བུ་ཤིན་ཏུ་རྙིང་ཉམས་ཅན་རལ་གྲི་བེ་ཅོན་མདའ་གཞུ་དབྱུག་པ་སོགས་མཐོ་རེའི་ཚད་ལྷག་ཡོད་པ་རྣམས་ཕུལ་བ་དེ་ཚེ་དགྱེས་ཉམས་ཆེར་མ་གནང་ཡང་། འབུལ་མཁན་འགྲོ་ཚར་རྗེས་ངའི་འཇམ་དཔལ་ཞི་དྲག་གི་ཕྱག་མཚན་ད་རེས་འབྱོར་བྱུང་གསུངས་ནས་རྩ་བ་ཆེ་ཆེ་ལྟར་མཛད་པས་མཚོན་སྐུ་དང་ཕྱག་མཚན་ཆེས་མང་བ་དངོས་བརྒྱུད་ནས་བཞེས་ཤིང་། །གནས་ཞལ་དངོས་སུ་སྣང་བར་མཛད་པ་ཁྱུང་སྟག་གནས་དང་། རྫོང་སར་བཀྲ་ཤིས་ལྷ་རྩེའི་གདན་ས་ཡང་སྔར་ནས་འཇམ་དཔལ་གཤིན་རྗེའི་གནས་ཡིན་པའི་གཟིགས་སྣང་བྱུང་བས་གནས་ཡིག་བྲི་དགོས་པར་གུས་ལ་བཀའ་གནང་ཞིང་། ལྷ་སྲིན་དམ་བསྒྲགས་དང་གནས་ལམ་གསར་བཏོད་གནང་། གཞན་ཡང་སྡེ་དགེ་ཁྲོ་རི་ཟིལ་ཁྲོམ་གྱི་སྦས་གནས་སྒོ་མཎྜལ་སྟེང་གི་ཕ་ཝཾ་གུར་འདྲ་བརྒྱུད་སྦས་གནས་སུ་འགྲོ་ལམ་གྱི་ལུང་བྱང་དང་། དཔའ་འོག་དབང་ཆེན་བྲག །སྡེ་དགེ་དང་ལྷ་ཐོག་བར་དུ་ཡོད་པའི་ཤ་རི་གསང་ཆེན། ནང་ཆེན་གཟེ་རྒྱལ། ཁྱུང་པོའི་སྤུ་རྒྱལ་གངས་རི། ཡར་འབྲོག་སྟག་ལུང་། འབྲས་མོ་ལྗོངས་ཀྱི་གནས་ཀྱི་ཆ་ཤས། བལ་ཡུལ་ཡང་ལེ་ཤོད་ཀྱི་གནས་ཡིག་མདོ་བྱང་རྣམས་བཞུགས། འདི་དག་ས་བོན་ཙམ་སྟེ་ཀུན་གཟིགས་གོང་མ་དང་རྣམ་དབྱེར་མེད་པའི་ཡེ་ཤེས་དག་པའི་གཟིགས་པ་འབྱམས་ཀླས་ཤིང་ཐུན་མིན་བཀའ་བབས་བདུན་ལ་རྫོགས་པར་དབང་བསྒྱུར་བར་ངེས་ཀྱང་། ཇི་སྐད་དུ། རེས་འགའ་མི་འབྱིན་གཏེར་རྙིང་བསྟན་པ་སྐྱོང་། །ཞེས་པ་དང་ཆོས་མཚུངས་པར་གསར་རྙིང་བཀའ་གཏེར་གྱི་ཆོས་སྒོ་རབ་འབྱམས་གདུལ་བྱ་གང་ལ་གང་འདུལ་དུ་འཆད་སྤེལ་གནང་བ་ཉིད་གཙོ་བོར་མཛད་པ་ལས། རྗེ་ཉིད་ཀྱི་གསུང་དང་དགོངས་ཀློང་ལས་བྱུང་བའི་ཟབ་ཆོས་སྐོར་སྤེལ་གྲུབ་པར་གསོལ་བ་བཏབ་ཚེ། བདག་ལྟ་བུའི་འཁྲུལ་སྣང་ལ་ཡིད་བརྟོན་ཅི་ཡོད། རང་གཞན་གྱི་རྒྱུད་ལ་ཕན་གནོད་གང་གི་རྒྱུར་འགྱུར་མི་ཤེས། དཔེར་ན་སྔ་དུས་ཀུན་གཟིགས་སི་ཏུ་རྡོ་རྗེ་འཆང་ལ་ཀཿདམ་པ་བདེ་གཤེགས་ཀྱིས་རྗེས་སུ་བཟུང་བའི་གཟིགས་སྣང་དང་། ཀཿཐོག་པའི་ཆོས་མང་པོའི་ཉེ་བརྒྱུད་བྱུང་བའི་ལོ་རྒྱུས་ཕྱག་བྲིས་མཁན་ཆེན་བླ་མ་སྟོབས་ལྡན་གྱིས་གཟིིགས་ནས་དེ་རིགས་སྤེལ་མཛད་རྒྱུ་དང་། གཟིགས་སྣང་ལོ་རྒྱུས་མཛད་འཕྲོ་ལུས་པ་མཐར་བཏོན་ཐུབ་པའི་ཞུ་ནན་ཕུལ་བའི་ལན་དུ། ཕྲན་ལག་པ་འདུག་མ་ཐུབ་པས་བྲིས་པ་དེ་རིགས་ལ་དགོས་པ་མེད། མི་རེས་འཁྲུལ་སྣང་འདི་འདྲ་མང་པོ་བྲིས་ན་བདག་ཅག་གི་རྩ་བའི་བླ་མ་མཁྱེན་བརྩེ་རིན་པོ་ཆེའི་དག་སྣང་ཉེ་བརྒྱུད་ཀྱི་ཆེ་བ་ཉམས་བྱེད་དང་། དེའི་ལད་མོ་ཟློས་ཀྱང་མེ་ཁྱེར་གྱིས་ཉི་མ་ལ་འགྲན་པ་ལྟར་མཁས་གྲུབ་རྣམས་ཐུགས་ཁྲེལ་གྱི་གཞི་ལས་མ་འདས་ལུགས་བཀའ་གནང་སོང་བ་ངེས་པར་དོན་ལ་གནས་པ་ཡིན་གསུངས་ཏེ། དེ་རིགས་གཡས་ཆུང་ཁོ་ནར་མཛད་པ་དང་། ཐུགས་ཤིན་ཏུ་སྒམ་པས་གུས་ནས་ཀྱང་ཆེད་དུ་བཀའ་འདྲི་སོགས་ཞིབ་ཆ་ཞུ་མ་སྤོབས། གཞན་ཞལ་ལུང་དངོས་དང་ཕྱག་ཐོར་འཁོད་པ་རྒྱ་ཆེར་མ་བཞུགས་པས་རེ་ཞིག་དེ་ཙམ་མོ།། །།

ད་ནི་ལམ་རྟགས་ཀྱི་ཡོན་ཏན་བརྙེས་ཚུལ་ཁྱད་པར་ཅན་ཅུང་ཞིག་བརྗོད་ན། ཤེར་ཕྱིན་བརྒྱད་སྟོང་པ་ལས། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་དང་གང་དུ་ཀུན་ཆུབ་པར་བྱེད་པ་དང་། སྦྱིན་པར་བྱེད་པ་དེ་དང་དེ་ཉིད་སེམས་ལ་ཀུན་ཆུབ་པར་བྱེད་པ་དང་སྦྱིན་པར་བྱེད་པ་དེ་དང་དེ་ཉིད་སེམས་ལ་ཀུན་ཆུབ་པར་བྱེད་ཅིང་སྦྱིན་པར་བྱེད་དོ། །བདག་གི་ཆོས་འདི་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་སྦྱིན་པར་བྱ་སྟེ། ཆོས་བསྟན་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ཆོས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་ཆོས་ཀྱི་སྦྱིན་པ་དེ་ཡང་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བྱེད་དེ། །རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ཡང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །ཞེས་པས་མཚོན་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་རྟགས་མཚན་གྱི་ཡོན་ཏན་རྣམས་ཐེག་པ་ཆེན་པོའི་མདོ་སྡེ་དག་ལས་འབྱུང་བ་ལྟར་བཞུགས་ཤིང་། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་གྱི་ཡོན་ཏན་སྣང་སྲིད་དག་པ་རབ་འབྱམས་ལྷའི་འཁོར་ལོར་ཤར་ཞིང་། མཐར་འབྲས་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་མི་སློབ་པའི་ས་མངོན་དུ་མཛད་ཚུལ་ཞིབ་པར་ནང་གསང་གི་རྟོགས་བརྗོད་ཀྱི་དངོས་ཤུགས་ལས་འབྱུང་ཞིང་། སྐབས་འདིར་ཉེ་རྒྱུའི་སྤྱོད་པ་ལ་ཇི་ལྟར་འཇུག་པར་མཛད་པའི་ཚུལ་ཅུང་ཟད་བརྗོད་ན། དེའང་འདིའི་དངོས་དོན་ནི་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་རྫོགས་རིམ་ནས་མཐུན་པར་གསུངས་པའི་མཐར་འབྲས་ཀྱི་ས་མངོན་དུ་བྱེད་པའི་སྔོན་དུ་ལྷ་དང་བླ་མས་ལུང་བསྟན་པའི་དངོས་རིག་གི་ཕྱག་རྒྱ་དང་ལྷན་ཅིག་ཉེ་རྒྱུའི་སྤྱོད་པས་འགྲོ་ཀུན་ཧེ་རུ་ཀ་རྡོ་རྗེའི་རིགས་སུ་སྒྲུབ་པས་ཚོམ་བུ་དང་བཅས་པ་གྲོལ་བར་བྱེད་དགོས་ཚུལ་གསུངས་པའི་ས་མཚམས་སུ་སླེབས་པ་སྟེ། རྗེ་གོང་མའི་རྡོ་རྗེའི་དོ་ཧའི་ཚུལ་དུ་ལུང་བསྟན་གྱི་ཚིག །ཤར་ཕྱོགས་ཌཱ་ཀི་འདུ་བའི་པི་ཝཾ་གི་སྙན་འགྱུར། །ལྷོ་མོན་སྙུག་མའི་ཚལ་གྱི་ཁུ་བྱུག་གིས་བླངས་ནས། དབྱར་སྐྱེས་མྱུ་གུ་འདྲེན་པའི་སྐྱོ་གྲོགས་ལ་ཕེབས་དང་། །ཉམས་དགའི་པདྨོ་རྒྱས་པའི་ངོ་མཚར་ཞིག་ཡོད་དོ། །ཞེས་སོགས་མ་འོངས་འབྱུང་འགྱུར་སྟོན་པའི་གསུང་དངོས་དང་། ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཁྲི་ཡབ་སྲས་ལ་སྒྲུབ་ཐབས་ཀུན་བཏུས་ཀྱི་བཀའ་དབང་གནང་བའི་ཐོག་མར་སྨིན་གྲོལ་སྒོ་འབྱེད་དཀར་པོ་རྣམ་གསུམ་གྱི་རྗེས་གནང་ཉིན་ན་བཟའ་སྐུ་འཇུག་དཀར་པོ་བཞེས། སྐུ་མཚམས་ལས་བཞེངས་མ་ཐག་ཡིན་པས་དབུ་སྐྲ་ཡང་རིང་པོར་སྐྱེས་འདུག །གུས་ནས་སྔགས་ཀྱི་སྤྱོད་པས་ན་བཟའ་དཀར་ཆས་བཞེས་ན་རྟེན་འབྲེལ་ཆེ་ཚུལ་ཞུས་པའི་གསུང་འཕྲོས་སུ། རྗེ་བླ་མ་ཉིད་ཀྱི་ཡེ་ཤེས་དག་པའི་སྣང་ངོར་ཤྲཱི་ཧེ་རུ་ཀ་ནམ་མཁའ་འཇིགས་མེད་ཞབས་ཀྱིས་ཐུགས་བརྩེ་བས་སྐྱོང་ཚུལ་གྱིས་དབུ་ལ་ཕྱག་གིས་ཡང་ཡང་བྱུགས་ཤིང་། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་གནས་ཡུལ་ངེས་མེད་དུ་ཕེབས་པའི་དུས་ལ་བབས་ཚུལ་གྱི་ལུང་བསྟན་བྱུང་བའི་ཉིན་དེར། གུ་རུ་ཧེ་རུ་ཀའི་ཆས་ཅན་སྐུ་ལི་མ་ཆུང་ངུ་གཉིས་ཕྱག་ཏུ་སོན་པ་སོགས་རྟེན་འབྲེལ་ལེགས་འགྲིགས་བྱུང་ཚུལ་གུས་རྨོངས་ལ་བཀའ་སྩལ་བ་དང་། གུས་ནས་ཀྱང་ཧེ་རུ་ཀའི་ཆས་དང་སྤྱོད་པ་ལ་དགོས་པ་ཆེ་བས་དགོངས་སྤྱོད་དེ་ལ་བསྐུལ་བའི་མགུར་ཞིག་ཕུལ་བ་དེ་ལ་དགྱེས་ཚུལ་གྱིས་ཡང་ནས་ཡང་དུ་གཟིགས་པ་དང་། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་ཀྱང་ལུང་བསྟན་དང་སྔོན་གནས་རྗེས་དྲན་མངའ་ཚུལ་ལམ་ཙམ་གསུངས་པས་མཚོན་ལྷག་པའི་ལྷ་དང་རིག་འཛིན་བླ་མ་རྣམས་ཀྱིས་སྔགས་ཀྱི་སྤྱོད་པ་ལ་བསྐུལ་བའི་གཟིགས་སྣང་དང་ལུང་བསྟན་སྔ་ཕྱི་ལན་དུ་མར་བྱུང་ཞིང་། ནང་དུ་ལམ་རྟགས་ཀྱི་རྩ་རླུང་ཐིག་ལེའི་ཁམས་འདུས་པའི་རྟགས་སུ་དགུང་གྲངས་བཞི་བཅུའི་སྐོར་ནས་ཕྱི་རོལ་ཀུན་གྱི་མཐུན་སྣང་དུ་སྐུ་འཕར་གཡོ་ལྟ་བུའི་མཇུག་ནས་གསུང་འབྱོན་མི་ཐུབ་པ་ཡུན་རིང་ཐུང་སྣ་ཚོགས་ཀྱིས་ཉིན་རེར་ཡང་ལན་མང་འཕར་ལྡང་གི་བསྙུན་ཁམས་བཞེས་ཚུལ་བསྟན་ཅིང་། ལར་རྗེ་འདི་ས་ལམ་མཐོན་པོར་གཤེགས་པའི་རྟགས་མཚན་བསྙུན་ཁམས་ལྕི་བའི་ཚེ་ན་ཕྱག་ཆབ་ཀྱང་དྭངས་སུ་སོང་བ་དང་། དེ་དག་ཤིན་ཏུ་འཁྲུགས་སྐབས་སྐུ་ཁམས་གསལ་དྭངས་སུ་བཞུགས་པ་རླུང་མཁྲིས་བད་ཀན་སོགས་ཀྱི་རྟགས་གོ་ལྡོག་ལྟ་བུར་འབྱུང་ཞིང་། སྐུ་ཁམས་ཤིན་ཏུ་འཁྲུགས་སྐབས་གསོལ་སྨན་སོགས་ཇི་ཙམ་ཕུལ་རུང་ཕན་སྐྱེད་མེད་པར་གློ་བུར་སྔ་ཕྱི་དྲོའི་ཡུད་རེ་ཙམ་གྱི་སྟོད་སྨད་ལ་མཚན་དཀྱིལ་གསལ་དྭངས་སུ་ཕེབས་པ་ལྟ་བུ་མདོར་ན་སྨན་པ་སོགས་ཐུན་མོང་གི་དཔྱོད་ཡུལ་ལས་འདས་ཤིང་ཤིན་ཏུ་ངོ་མཚར་བའི་གནས་སུ་བཞུགས་ལ། སྐབས་དེར་གསོ་དཔྱད་པ་རྣམས་ཀྱིས་གྲིབ་རླུང་སོགས་ངོས་འཛིན་སྣ་ཚོགས་པས་དེར་མཐུན་སྨན་དཔྱད་དང་ཞབས་བརྟན་རྒྱ་གང་ཆེའི་རིགས་བསྒྲུབས་ནའང་ཕན་སྐྱེད་ཆེར་མེད་པའི་ཚུལ་བསྟན་པ་སོགས་ཉེ་རྒྱུའི་སྤྱོད་པ་བསྐྱང་བའི་དུས་ལ་ངེས་པར་བབས་པའི་རྟགས་མཚན་མངོན་དུ་གྱུར་པ་སྟེ། རྗེ་ཉིད་ཀྱི་གསུང་འཕྲོས་ལས་ཀྱང་ཁོ་བོའི་ནད་འདི་ལམ་བསྒོམས་པའི་ལག་རྗེས་ནི་ག་ལ་ཡིན། དེ་ནི་རང་རྒྱུད་ཉམས་ལེན་གྱིས་དབུལ་བས་འོང་དོན་མེད། ཚེ་སྔ་མའི་ལས་ལྷག་འདྲ་གང་ཡིན་ན་རྩ་རླུང་ཐིག་ལེའི་ཁམས་འདུས་པའི་རྣམ་པ་འདྲ་ཞིག་བྱུང་བ་རེད་ཅེས་ཕེབས་པ་ལ་བརྟགས་ན་ངེས་ཤེས་ལྷགས་པར་སྐྱེ་བའི་གནས་སོ།

།དེ་ལྟ་ནའང་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་སྐུ་ཚེའི་རྟེན་འབྲེལ་གྱི་དགོས་པ་ཙམ་ཡིན་ཚུལ་དང་། དེར་མ་ཟད་བསྟན་པའི་མིག་ལྟོས་གང་ཅིར་དེ་རིགས་ལ་དགོས་པའང་མེད་ཅེས་བཏང་སྙོམས་སུ་འཇོག་པར་མཛད་པ་ན། དགོས་དོན་རྒྱུ་མཚན་ཤེས་པའི་སློབ་འབངས་ཀུན་དང་། ཁྱད་པར་དུ་འཇམ་མགོན་རྣམ་གཉིས་ཀྱི་ཐུགས་སྲས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཆེན་པོ་བྱམས་མགོན་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་མཆོག་གི་ཞལ་སྔ་ནས། ཁོ་བོས་སྔ་ཕྱིར་འཇམ་མགོན་བླ་མ་མཆོག་གི་སྐུ་ཕྱྭར་བརྟགས་པ་བྱ་དགོས་ཡང་ཡང་བྱུང་བ་ཀུན་ལ་ཞབས་བརྟན་བསྒྲུབ་བྱ་གཙོ་བོར་རྗེ་ཉིད་ཀྱི་དགོངས་ཉམས་གང་ཡོད་འཐུས་ཤོར་མེད་པ་བསྒྲུབ་གལ་ཆེ་ཚུལ་བརྗོད་པ་རྣམས་ཚུལ་འདི་ལ་བསམ་པ་ཡིན། ཅུང་ཟད་ཕྱིས་སྐྱོན་ལས་མི་སྣང་ཡང་ད་རེས་རྟེན་འབྲེལ་ལེགས་འགྲིགས་འབྱུང་ཐབས་ཤིན་ཏུ་གལ་ཆེ་ཚུལ་གྱི་བཀའ་ཡིག་དང་། རྒྱལ་སྲས་འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེས་ཀྱང་གསང་སྤྱོད་དང་བཞེས་མཛད་ན་རྟེན་འབྲེལ་དུས་ལས་ཡོལ་མི་འདུག་ཅིང་། འཇམ་མགོ