འཕྲིན་བཅོལཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-07-JA-085
Wylie title 'phrin bcol
Location mdo mkhyen brtse bka' 'bum
Volume 7, Text 85, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Exhortations to Act - phrin bcol  ·  Protector Rituals - gsol mchod  ·  Torma-offering Rituals - gtor chog
[edit]
༄༅། །འཕྲིན་བཅོལ་ནིཿ ཀྱེཿ ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་གརཿ སྤྲུལ་སྐུའི་རྣམ་རོལ་གཏུམ་རྔམས་དྲག་པོའི་སྐུརཿ ཡོངས་བཞེངས་བསྟན་སྲུང་དམ་ཅན་རྒྱ་མཚོ་དངཿ འཛམ་གླིང་དབང་སྒྱུར་དྲེགས་པའི་ཚོགས་རྣམས་ཀུནཿ རྒྱལ་བའི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལཿ དབང་རྟགས་མགོར་བཞག་བདུད་རྩི་ལྕེར་བླུད་ཅིང༔ བསྟན་པ་སྲུང་བར་བྲོ་བོར་དམ་བཅས་བཞིནཿ བསླུ་མེད་དཀོན་མཆོག་གསུམ་གྱི་བསྟན་པ་སྲུངསཿ མདོ་སྔགས་ཟབ་གསང་ཆོས་ཀྱི་འབྱུང་གནས་ཆེ༔ མངའ་བདག་དྲིན་ཅན་བླ་མའི་སྐུ་ཚེ་སྲིངསཿ མཛད་ཕྲིན་འགྲོ་དོན་ཕྱོགས་བཅུར་རྒྱས་པར་མཛོདཿ ཁྱད་པར་ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ གདམས་པའི་གཉེར་ལོངས་བརྒྱུད་འཛིན་རྒྱས་པ་དང༔ ཉམས་ལེན་རིག་འཛིན་ཕོ་མོར་མེལ་ཚེ་གྱིསཿ དད་གུས་སྦྱིན་བདག་ཚེ་བསོད་ལོངས་སྤྱོད་སྤེལཿ འཛམ་གླིང་སེམས་ཅན་བདེ་སྐྱིད་ཆོས་འཕེལ་མཛོདཿ བདག་ཅག་དམ་ལྡན་རྣལ་འབྱོར་སྒྲུབ་པ་པོཿ བརྟུལ་ཞུགས་སྦྱོར་སྒྲོལ་སྣང་བ་གཏད་མེད་དུཿ འཇའ་ལུས་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ཚུགསཿ ས་དང་ལམ་གྱི་བར་ཆད་ཀུན་སོལ་ལཿ མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོདཿ ལོག་ལྟ་ལས་ངན་དམ་ཉམས་དགྲ་དང་བགེགསཿ ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ལཿ ཞི་རྒྱས་དབང་དང་མངོན་སྤྱོད་དྲག་པོའི་ལས༔ འབད་མེད་ལྷུན་གྲུབ་བདེ་སྐྱིད་ལྡན་པར་མཛོདཿ ཀྱཻཿ སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམཿ བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམཿ ཆོས་སྐྱོང་དམ་ཅན་གཉེར་འཛིན་ལས་མཛད་གསུམཿ མ་གཡེལ་མ་གཡེལ་བདག་ལ་དགོངས་སུ་གསོལཿ སྟོང་གསུམ་འཇིག་རྟེན་ཁམས་ལ་དབང་སྒྱུར་བའིཿ དཔལ་མགོན་མ་མོ་གཟའ་བདུད་རཱ་ཧུ་ལཿ སྐྱེ་རྒྱུད་བདག་པོ་འདོད་ཁམས་དབང་སྒྱུར་ཞིང༔ སྲས་མཆོག་མཐུ་ལྡན་སྲས་འཁོར་སྤྲུལ་བ་བཅསཿ གཉན་ཆེན་ལ་སོགས་འཛམ་གླིང་ཟོ་དོར་གཉནཿ མཆོད་ཅིངསྒྲུབ་པའི་རིག་འཛིན་རྣལ་འབྱོར་པསཿ ཕྲིན་ལས་གཉན་པོ་དྲག་ཏུ་བཅོལ་བ་ནིཿ དེང་དུས་ལྔ་ཕྲག་ཐ་མའི་འགྲོ་བ་རྣམསཿ ཉོན་མོངས་དུག་ལྔ་གདུག་སེམས་ཆུ་ལྟར་ཁོལཿ སྐྱེ་འགྲོ་སྡུག་བསྔལ་དྲག་པོར་སྦྱོར་བའི་ཚེཿ བསམ་བཞིན་རྒྱལ་བ་དྲེགས་པའི་སྐུར་བཞེངས་པ༔ ཁྱེད་ཅག་གདུག་པ་འདུལ་བར་ཞལ་བཞེས་ལྟརཿ ཙོ་ར་གདུག་པའི་སེམས་ལྡན་དགྲ་སྡེའི་དཔུང༔ བསྟན་ལ་འཚེ་ཞིང་སེམས་ཅན་བདེ་སྐྱིད་འཕྲོགཿ སྟོང་ཉིད་བྱང་ཆུབ་སེམས་ལྡན་རྒྱུད་དཀྲུགས་ཤིངཿ དཀོན་མཆོག་དད་བཀུར་ཆོས་ལྡན་འཕྲོག་བཅོམ་བྱེདཿ འགྲོ་བ་ཉེས་མེད་སྡུག་བསྔལ་དྲག་པོར་སྦྱོརཿ རྒྱལ་བསེན་འབྱུང་པོའི་ཚོགས་ཀྱི་རྒྱབ་སྐྱོར་ཞིངཿ གསང་སྔགས་ཆོས་ལ་ཡ་ག་སྒྲོགས་པའི་རྒྱུར༔ འགྱུར་འདི་ཡེ་ཤེས་སྤྱན་གྱིས་མི་གཟིགས་སམཿ དེ་ཕྱིར་རང་རྒྱུད་དྲེགས་པའི་སྐུར་བཞེངས་པ༔ རྟག་ཏུ་སྙིང་རྗེ་ཁྲོས་པའི་ཞེ་སྡང་ལྡནཿ རྔམ་ཞིང་དཔའ་བའི་ལས་ལ་མ་ཞུམ་པརཿ བསྟན་ལ་སྡང་ཞིང་རྣལ་འབྱོར་བདག་རྒྱུད་དཀྲུགསཿ བུ་སློབ་ཡོན་བདག་བསྲུང་བྱར་གྱུར་ཀུན་ལཿ འཚེ་བའི་སྡང་བྱེད་དགྲ་དང་གནོད་བྱེད་བགེགསཿ ཁྱད་པར་བསམ་ངན་སྦྱོར་རྩུབ་རྐུ་འཕྲོག་བཅོམཿ མཚོན་ཆའི་འཕྲུལ་འཁོར་དམག་ཇག་འགྱེད་པ་ལཿ བཀའ་ཡི་ཆད་པ་དྲག་པོས་ཚར་ཆོད་ལཿ འདུན་ཤིག་ནང་འཁྲུགས་མི་འདོད་ཆར་ལྟར་ཕོབཿ རང་དགྲ་རང་སློག་རང་མཚོན་རང་ལ་རྡེགསཿ འདོད་དོན་ཤོག་སྐྱ་རླུང་གིས་གཏོར་བ་བཞིན༔ ལས་མྱུར་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོདཿ མདོར་ན་བདག་གིས་བསྲུང་བྱར་གྱུར་པ་ཀུནཿ མཐུ་ལྡན་སྲུང་མའི་ཚོགས་ལ་གཉེར་དུ་གཏདཿ འབྱུང་བཞི་དགྲ་ཇག་ཆོམ་རྐུན་གནོད་པ་སྲུངསཿ རྣལ་འབྱོར་དམ་ཆོས་སྒྲུབ་པའི་བར་ཆད་སོལཿ རྒྱལ་དབང་པདྨའི་རིང་ལུགས་སྔ་འགྱུར་སྡེའིཿ བསྟན་པ་ཕྱོགས་དུས་ཀུན་ཏུ་འཕེལ་རྒྱས་ཞིང༔ རྫོགས་ལྡན་གསར་བའི་བཀྲ་ཤིས་དགའ་སྟོན་སྩོལཿ ཆོས་དབྱིངས་ཀློང་ལས་ཡེ་ཤེས་ལྔ་ལྡན་རྩལཿ གདུག་པའི་གཤེད་དུ་དུག་ལྔ་རབ་འཁྲུགས་ཤིང༔ རྣོ་མྱུར་ཕ་ལམ་མཚོན་ཆའི་འཁྲུལ་འཁོར་སྒྱུརཿ མཐུ་ལྡན་དྲེགས་པའི་ཚོགས་ཀྱིས་བཀྲ་ཤིས་ཤོགཿ དྲེགས་བྱེད་ཚོགས་ཀྱི་ལས་བསྐུལ་ཕྲིན་བཅོལ་འདིཿ དུས་བབ་ལྷ་ལྕམ་ཌཱཀཱིས་རྒྱུད་བསྐུལ་བཞིནཿ ཐོད་ཕྲེང་རིག་པ་ཡེ་ཤེས་ཀློང་སྒྲོམ་ནསཿ ཐོལ་བྱུང་མཁའ་འགྲོ་གསང་བའི་བརྡ་སྐད་སྒྲོགསཿ ཡི་གེ་པ་ནི་ཆོས་ཀྱི་བདག་པོ་སྟེཿ ཐོགས་བཅས་དགྲ་བོའི་ཀླད་ཁྲག་འགེམས་པ་ཡི༔ ཞོ་འཐུང་རུས་པའི་དགྲ་སྟྭར་འགྱུར་བར་ཤོགཿ

ཨཱྂཿ གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང༔ འདོད་པའི་དངོས་གྲུབ་སྟེར་བར་མཛད་པ་ཡིཿ ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིསཿ བདག་གི་བསམ་དོན་མ་ལུས་འགྲུབ་པར་མཛོདཿ སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུཿ ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལཿ མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པའིཿ ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོདཿ སྐྱབས་མཆོག་རིན་ཆེན་གསུམ་གྱི་བདེན་པ་དངཿ རྩ་གསུམ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང༔ ཆོས་ཉིད་རྣམ་དག་བདེན་པའི་བྱིན་རླབས་ཀྱིསཿ བདག་གིས་ཕྲིན་ལས་གང་བརྩམ་འགྲུབ་པར་མཛོདཿ སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དངཿ བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༔ བསྟན་འཛིན་བུ་སློབ་བཤད་སྒྲུབ་རྒྱས་པ་དངཿ བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོགཿ རྒྱལ་བ་ཀུན་ཀྱི་ཉེ་ལམ་གཅིག་པུ་རུཿ རྒྱལ་བས་ཡོངས་བསྔགས་ཐག་མཆོག་རྫོགས་པ་ཆེཿ རྒྱ་དབང་པདྨའི་རིང་ལུགས་རྙིང་མ་བའིཿ རྒྱལ་བསྟན་ཕྱོགས་བརྒྱར་རྒྱས་པའི་བཀྲ་ཤིས་ཤོགཿ སྔ་འགྱུར་བསྟན་པ་རྒྱ་མཚོའི་འཁོར་ལོས་སྒྱུརཿ འགྲོ་ལ་ཐེག་མཆོག་སྒྲ་སྒྲོགས་རྫོགས་ཆེན་པཿ དོན་ཀུན་གྲུབ་པ་དཔལ་ལྡན་བླ་མ་ཡིཿ བསྟན་པ་འཕེལ་རྒྱས་ཡུན་རིང་གནས་གྱུར་ཅིག༔ དེ་ལྟར་འཕྲིན་བཅོལ་མཆོད་གཏོར་གཤེགསཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བཀའ་དང་གཏེར་གྱི་སྲུང་མའི་ཚོགསཿ ཡོངས་རྫོགས་མཆོད་པའི་རིམ་པ་འདི༔ དྲི་མ་མེད་པའི་གསུང་གི་རྒྱུན་༔ ཁྲག་འཐུང་རྡོ་རྗེས་བརྗོད་པའི་ཚིག༔ དམ་ལྡན་རིག་པའི་ཡེ་ཤེས་ཀྱིས༔ བྲིས་འདི་ཤིན་ཏུ་ལས་མྱུར་ཞིང༔ དམ་ཅན་སྲུང་མའི་བླ་ཆགས་པསཿ ཁྱབ་གདལ་སྤེལ་བར་མ་བྱེད་ཅིགཿ ལམ་མྱུར་ཞལ་དྲོ་གཞུང་བཟང་ཞིངཿ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོགཿ

༈ འདོད་དོན་གསོལ་ཞིང་ཕྲིན་ལས་བཅོལ་བ་ནིཿ སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་ལ་བདེ་སྐྱིད་འབྱུང་བ། རྣལ་འབྱོར་པ་བདག་ཅག་སྒྲུབ་པ་པོས། ཞི་བའི་ལས་དང༌། རྒྱས་པའི་ལས་དང༌། དབང་གི་ལས་དང༌། དྲག་པོའི་ལས་དང༌། ལས་རབ་འབྱམས་གང་བརྩམས་པ་ཐམས་ཅད་ཐོགས་པ་མེད་ཅིང་མྱུར་བ་ཉིད་དུ་འགྲུབ་པའི་སྡོང་གྲོགས་དང་ཕྲིན་ལས་འགྲུབ་བར་མཛད་དུ་གསོལ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པའི་ནད་གདོན་འགལ་རྐྱེན་བར་ཆད། ཆག་ཆེ་ཉམ་ང། ལོ་ཀག་ཟླ་གཤེད་ལ་སོགས་མི་འདོད་པའི་ཉེ་བར་འཚེ་བ། མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་ཞིང་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། མཐོ་རིས་ཀྱི་ཡོན་ཏན་བདུན་དང༌། སྡེ་བཞིའི་དཔལ་ཕུན་སུམ་་ཚོགས་པ་ལ། རང་དབང་བསྒྱུར་ནས་རྟག་ཏུ་དགེ་བ་བཅུའི་ཆོས་ཡང་དག་པ་ལ་སྤྱོད་པས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དབུགས་འབྱིན་པའི་ཕྲིན་ལས་དམ་པ་རྒྱ་ཆེན་པོ་ཡོངས་སུ་འགྲུབ་བར་མཛད་དུ་གསོལ། །དགེའོ། །དགེའོ། །དགེའོ། །