མ་མོའི་མཁའ་འགྲོའི་སྐུ་ལ་འདུདཿ བལ་མོ་མཆོད་པའི་རིམ་པཿ

From Khyentse Lineage - A Tsadra Foundation Project
Wylie title ma mo'i mkha' 'gro'i sku la 'dud bal mo mchod pa'i rim pa
Location mdo mkhyen brtse bka' 'bum
Volume 7, Text 64, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
Colophon

མ་གཅིག་བལ་མོ་ནག་མོ་ཡི། །གསོལ་མཆོད་ཕྲིན་ལས་ལྷུན་འགྲུབ་འདི། །དཔའ་བོ་ཡེ་ཤེས་རྡོ་རྗེ་ཡིས། །ཐོལ་བྱུང་ཤར་བཞིན་ཐོགས་མེད་སྤེལ།། །།

ma gcig bal mo nag mo yi/_/gsol mchod phrin las lhun 'grub 'di/_/dpa' bo ye shes rdo rje yis/_/thol byung shar bzhin thogs med spel//_//

[edit]
༈ྂཿ མ་མོའི་མཁའ་འགྲོའི་སྐུ་ལ་འདུདཿ བལ་མོ་མཆོད་པའི་རིམ་པ་ནིཿ དམར་གཏོར་ཤ་ཁྲག་བརྒྱན་པ་དངཿ ཕུད་བཤམ་གསུར་ཆེན་དུད་པ་གཏོངཿ རང་ཉིདལྷ་ཡི་ང་རྒྱལ་གྱིསཿ རྃ་ཡྃ་ཁྃཿ ལན་གསུམཿ གཏོར་མཆོད་གསུར་གྱི་མ་དག་ཉེས་སྐྱོན་སྦྱང༌། །ཤ་ཁྲག་གསུར་ཆེན་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བྷྱོཿ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན། །རྒྱ་བལ་གཉིས་ཀྱི་ས་མཚམས་ནས། །མ་གཅིག་བལ་མོ་ནག་མོ་ཁྱོད། །གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །ཁྲག་མཚོ་མེ་རླུང་འཁྱིལ་མའི་དབུས། །བཞུགས་ལ་དགྱེས་པའི་ཞལ་བཟང་སྟོན། །ཁྱོད་ལ་མཉེས་པའི་དམ་རྫས་ནི། །དར་ནག་སྐུ་དང་སྔགས་བྱང་གསུང༌། །ཕུར་བུ་ཐུགས་ཀྱི་རྟེན་རྫས་སོགས། །མ་ཚང་མེད་པའི་ཐུགས་དམ་བསྐང༌། །བྷ་ལིང་གཏོར་མ་ཤ་ཁྲག་བརྒྱན། །ཁྲག་ཆང་ལ་སོགས་བཏུང་བའི་ཕུད། །གསུར་ཆེན་དྲག་པོའི་དུད་སྤྲིན་སོགས། །མཆོད་པའི་རྫས་ཀྱིས་ཐུགས་དམ་བསྐང༌། །གཞན་ཡང་སྤྱན་གཟིགས་དཀོར་ནོར་དང༌། །ཕྱི་སྣོད་ནང་བཅུད་འཇིག་རྟེན་གྱི། །དབང་པོ་དྲུག་ལ་འཆར་བའི་རྫས། །མ་ཚང་མེད་པས་ཐུགས་དམ་བསྐང༌། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །མ་ཁྱོད་ཐུགས་དང་འགལ་གྱུར་པའི། །ཉམས་ཆགས་འགལ་འཁྲུལ་ཅི་བགྱིས་ཀུན། །བཟོད་གསོལ་ཚངས་པར་སྩལ་དུ་གསོལ། །བསྟན་པ་སྲུང་བའི་མཐུ་རྩལཅན། །རྣལ་འབྱོར་གྲོགས་མོ་སྙིང་ཉེ་མ། །དམ་ཉམས་སྲོག་གི་ཤན་པ་མོ། །མ་གཅིག་བལ་མོ་ཁྱོད་ལ་བསྟོད། །མ་གཅིག་བལ་མོ་ནག་མོ་ཁྱོད། །བོས་པའི་དུས་སུ་སྙན་མ་སྲ། །གཡབ་པའི་དུས་སུ་སྤྱན་མ་རྡུལ། །བརྟེན་པའི་དུས་སུ་རྒྱང་མ་རིང༌། །བསྒྲུབ་པའི་དུས་སུ་འཕྲག་མ་དོག །མངག་པའི་དུས་སུ་བང་མ་བུལ། །རྦད་པའི་དུས་སུ་མཐུ་མ་ཆུང༌། །རྟགས་དང་མཚན་མ་མྱུར་དུ་སྟོན། །དམ་རྫས་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །མ་གཅིག་བལ་མོ་ནག་མོ་ཡི། །གསོལ་མཆོད་ཕྲིན་ལས་ལྷུན་འགྲུབ་འདི། །དཔའ་བོ་ཡེ་ཤེས་རྡོ་རྗེ་ཡིས། །ཐོལ་བྱུང་ཤར་བཞིན་ཐོགས་མེད་སྤེལ།། །།