ཡུལ་ལྷ་སྦུང་གཡང་རྫོང་གི་བསང་མཆོད་དམ་ཚིག་རྗེས་དྲན།

From Khyentse Lineage - A Tsadra Foundation Project
DKYD-KABUM-07-JA-028
Wylie title yul lha sbung g.yang rdzong gi bsang mchod dam tshig rjes dran
Location mdo mkhyen brtse bka' 'bum
Volume 7, Text 28, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Colophon

།གཤེགས་གསོལ་རྗེས་ཆོག་སྤྱི་ལྟར་བྱ། །ཞེས་པ་འདི་ཡང་དྲིན་ལྡན་མགོན། །རིགས་བདག་བླ་མའི་བྱིན་བརླབས་པའི། གཞོན་ནུ་ནིརྨ་ཀ་མཆོག་དང༌། །མི་དབང་སྔགས་ཀྱི་རྣལ་འབྱོར་པས། །གསུང་སྣང་པི་ཝང་གླིང་བུའི་སྒྲས། རྣལ་འབྱོར་རིག་པའི་རི་དྭགས་བསླུས། །ཐོལ་བྱུང་ཤར་བཞིན་ཐོགས་མེད་དུ། །རྣལ་འབྱོར་འཇའ་ལུས་རྡོ་རྗེ་ཡིས། །ཡར་ཚེས་དགེ་བའི་དུས་དེར་སྨྲས། །བསྟན་འགྲོའི་གསོས་སུ་འགྱུར་བར་ཤོག །དགེའོ། །དགེའོ། །དགེའོ། །

/gshegs gsol rjes chog spyi ltar bya/_/zhes pa 'di yang drin ldan mgon/_/rigs bdag bla ma'i byin brlabs pa'i/_gzhon nu nirma ka mchog dang /_/mi dbang sngags kyi rnal 'byor pas/_/gsung snang pi wang gling bu'i sgras/_rnal 'byor rig pa'i ri dwags bslus/_/thol byung shar bzhin thogs med du/_/rnal 'byor 'ja' lus rdo rje yis/_/yar tshes dge ba'i dus der smras/_/bstan 'gro'i gsos su 'gyur bar shog_/dge'o/_/dge'o/_/dge'o/_/

[edit]
༄༅། །ཡུལ་ལྷ་སྦུང་གཡང་རྫོང་གི་བསང་མཆོད་དམ་ཚིག་རྗེས་དྲན་བཞུགས། «ཚེ་དབང་རིག་འཛིན་འཆི་མེད་རྡོ་རྗེའི་སྐུར། །སྙིགས་དུས་འགྲོ་བ་ལས་ངན་སྐྱོབ་པའི་མགོན། །སྣང་སྲིད་དྲེགས་པའི་སྲོག་སྙིང་མངའ་བརྙེས་པའི། །པདྨ་ཐོད་ཕྲེང་བདག་གི་བླ་མར་འདུད། །དེ་ལ་འདིར་མདོ་སྨད་རྒྱ་མོ་རོ་གི་ཆར་སྦས་ཡུལ་གསེར་ལྗོངས་ཀྱི་ཟོ་དོར་འཁོན་ཐང་གཡུ་ཐོག་འབར་བའི་བསང་མཆོད་བྱེད་པར་འདོད་ན། ཕྱེ་མར། འབྲུ་སྣ། སྤོས་སྨན། དར་ཟབ་རིན་ཆེན། ཤིང་རྩི་བསྲེགས་པའི་དུད་པ་དང༌། གསེར་སྐྱེམས་གཡུ་སྐྱེམས་མེ་ཏོག་སྣ་ཚོགས་བཀྲམ། བདག་ཉིད་པདྨ་ཐོད་ཕྲེང་ང་རྒྱལ་ལ་གནས་པས། »རཾ་ཡཾ་ཁཾ་«ལན་གསུམ། »བསང་དང་གསེར་སྐྱེམས་མཆོད་པའི་རྫས་ཀྱིས་མ་དག་པའི་དྲི་མ་བསྲེགས་གཏོར་བཀྲུས། སླར་ཡང་བསང་མཆོད་འདོད་ཡོན་ལྔ་ལྡན་གྱི་སྤྲིན་ཕུང་འཕྲོ་ཞིང་འཁོན་གྲིབ་ཉེས་སྐྱོན་སྦྱང་བའི་མཐུ་ལྡན་མཆོད་ཡུལ་དགྱེས་སྐོང་གི་ལོངས་སྤྱོད་ཀྱི་གཏེར་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། །ཀྱེ་ཡུམ་ཆེན་འབྱུང་བ་ལྔ་ཡི་རང་མདངས་ལས། །བརྟན་པ་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔ། །གཡོ་བ་བཅུད་ཀྱི་ཕུང་ཁམས་སྐྱེ་མཆེད་དྲུག །དེ་ལས་སྲིད་ཞིའི་དཔལ་ཡོན་བླ་མེད་པའི། །མཆོག་གསུམ་རྩ་གསུམ་བསྲུང་མ་ཟོ་དོར་བཅས། །ཐུགས་དམ་དགྱེས་སྐོང་ཡིད་བཞིན་རིན་ཆེན་གཏེར། །འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན་ཕུང་གིས། །ས་དང་བར་སྣང་ནམ་མཁའ་ཁྱོན་གང་གྱུར། །སྥ་ར་ཎ་དྷུཔྤེ་པཱུ་ཙ་ཁཾ། ཧྲཱིཿ བརྗོད་བྲལ་འདུས་མ་བྱས་པའི་ཀློང་ཡངས་ལས། །སྒྱུ་མ་མིག་འཕྲུལ་རྣམ་པར་སྤྲུལ་པ་ཡིས། །བསང་དང་གསེར་སྐྱེམས་མཆོད་ཡུལ་དགྱེས་སྐོང་རྫས། །ཀུན་བཟང་མཆོད་སྤྲིན་འདོད་དགུའི་གཏེར་ཆེན་པོ། །མི་ཟད་ནམ་མཁའ་མཛོད་དུ་བྱིན་བརླབས་ཏེ། །གཏན་གྱི་སྐྱབས་གནས་དཀོན་མཆོག་རྣམ་གསུམ་དང༌། །པདྨ་ཀཱ་ར་རྗེ་འབངས་གྲོགས་གསུམ་སོགས། །བཀའ་གཏེར་སྒྲུབ་བརྒྱུད་བླ་མའི་ཚོགས་རྣམས་དང༌། །ཁྱད་པར་སུམ་ལྡན་རྡོ་རྗེ་སློབ་དཔོན་བཅས། །བསང་ངོ་གསོལ་ལོ་གསེར་སྐྱེམས་མཆོད་པ་འབུལ། །མོད་སྒྱུ་སེམས་གསུམ་སྒྱུ་འཕྲུལ་ཞི་དང་ཁྲོ། །བསྒྲུབ་པ་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་ལྷ། །རྡོ་རྗེ་གཞོན་ནུ་ལ་སོགས་ཡི་དམ་ཚོགས། །བསང་ངོ་གསོལ་ལི་གསེར་སྐྱེམས་མཆོད་པ་འབུལ། །རྡོ་རྗེ་ཕག་མོ་སེང་ཧ་མུ་ཁ་མ། །སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་དང༌། །ཀརྨ་ཡེ་ཤེས་དམ་ཚིག་ཤ་ཟ་མོ། །བསང་ངོ་གསོལ༴ །སྔགས་ཀྱི་སྲུང་མ་གཟའ་དམ་ཚེ་རིང་མ། །མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དང༌། །བཙན་རྒོད་བསྙོ་ཁ་བསྟན་སྲུང་རྒྱ་མཚོ་ལྷ། །བསང་ངོ༴ །ཁྱད་པར་འཛམ་གླིང་གཞི་བདག་བསྟན་མའི་ཚོགས། །དཀར་ཕྱོགས་སྐྱོང་བའི་མཐུ་ལྡན་དྲེགས་པའི་སྡེ། །ཕ་མ་ཞང་དང་སྲོག་སྐྱོབ་དགྲ་ལྷའི་ཚོགས། །བསང་ངོ་༴ །བྱེ་བྲག་སློབ་དཔོན་པདྨ་ཐོད་ཕྲེང་དང༌། །ལོ་ཆེན་བཻ་རོ་གཡུ་སྒྲ་སྙིང་པོ་ཡིས། །དམ་ནོད་འཛམ་གླིང་སྐྱེས་བུའི་བཀའ་སྡོད་ཚེ། །ཡུལ་ལྷ་ཆེན་པོ་གཡུ་ཐོག་འབར་བ་རྩལ། །དམར་ནག་ཁྲོ་གཏུམ་འཇིགས་པའི་ཆ་ལུགས་ཅན། །དར་ཁྲའི་ཐོད་བཅིངས་དར་གོས་སྟག་ཐུལ་ཅན། །གཡས་པས་སྦྲུལ་ཞགས་གཡོན་པས་གཏེར་བུམ་འཛིན། །སྦྲུལ་གྱི་སྐ་རགས་རིན་ཆེན་དུ་མས་བརྒྱན། །ཆིབས་སུ་གཏུམ་ཆེན་དོམ་ནག་སྨྱོན་པ་དང༌། །རེས་འགར་རླུང་གི་ཤུགས་ལྡན་རྟ་དམར་ཞོན། །ཡུམ་མཆོག་ལྷ་སྨན་དཀར་མོ་མཛེས་ལྡན་མང༌། །རིན་ཆེན་རྒྱན་དང་སྲོག་ཞུ་དར་གོས་སོགས། །དྷེ་ཝའི་ཆས་བརྒྱན་མེ་ལོང་བུམ་པ་བསྣམས། །སྲས་པོ་ཁྱུང་མཆོག་གཡུ་ཁྲབ་དམག་དཔོན་ཆས། །སྲས་མོ་དམ་ལྡན་སྨན་བཙུན་མཆེད་གཉིས་དང༌། །ནང་བློན་ཆེན་པོ་སྟག་ཞུ་དོམ་སྙིང་བ། །ཕྱི་བློན་དམག་དཔོན་བདུད་ཕོ་ཨ་གྷོ་ར། །གསང་བའི་མཛོད་འཛིན་གནོད་སྦྱིན་ཁྲོན་པ་ཞེས། །ཞང་པོ་ལྷ་བཙན་མེས་པོ་གཡུང་དྲུང་ལྷ། །རྗེ་བོ་མགར་བ་ཐོག་བདུད་ལག་ནག་སོགས། །ཁྲག་འཐུང་དཔའ་བོའི་བཀའ་ལས་མ་འདའ་བར། །འདིར་བྱོན་བདག་ལ་བརྩེ་བས་རབ་ཏུ་དགོངས། །དགྱེས་པའི་རྟགས་དང་འཛུམ་པའི་ཞལ་སྟོན་ལ། །འདོད་ཡོན་ལྔ་ལྡན་དྲི་ཞིམ་བསང་མཆོད་སྤྲིན། །རོ་བརྒྱ་ལྡན་པའི་བདུད་རྩི་གསེར་སྐྱེམས་ཕུད། །ཡིད་སྤྲུལ་མཆོད་པའི་བྱེ་བྲག་བླ་མེད་པ། །བཞེས་ལ་ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །མཐུ་ལྡན་ལྷ་ཆེན་གཡུ་ཐོག་འབར་བ་བསང༌། །བཙུན་མོ་སྲས་དང་བློན་འཁོར་བཅས་པ་བསང༌། །བཀའ་སྡོད་ཡུལ་ལྷ་གཞི་བདག་ཚོགས་བཅས་བསང༌། །བསང་ངོ་གསོལ་ལོ་གསེར་སྐྱེམས་མཆོད་པ་འབུལ། །འགལ་འཁྲུལ་ཉམས་ཆགས་ཉེས་ལྟུང་སྒྲིབ་པའི་ཚོགས། །དམེ་མུག་ནལ་དང་མཛེ་ཡུག་དམ་ཉམས་འཁོན། །ཕྱི་ནང་སྣོད་བཅུད་རྒྱུ་རྐྱེན་ལོག་པ་ཡིས། །གྲིབ་དང་མི་གཙང་ཚོགས་རྣམས་བསང་གྱུར་ཅིག །བཀྲག་མདངས་གཟི་བྱིན་བསྐྱེད་ལ་དབུ་འཕང་བསྟོད། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་བརྡུང༌། །གསུམ་ལྡན་རྡོ་རྗེ་སློབ་དཔོན་སྐུ་ཚེ་བསྲིངས། །ཆོས་ལྡན་རྒྱལ་པོའི་མངའ་ཐང་རིགས་རྒྱུད་སྤེལ། །ཆོས་བཞིན་བསྒྲུབ་པའི་འགལ་རྐྱེན་བར་ཆད་སེལ། །སྐྱེ་འགྲོ་སྤྱི་དང་བྱེ་བྲག་མངའ་འབངས་སྡེ། །དབང་ཐང་འབྱོར་པ་ལོངས་སྤྱོད་རྒྱས་པར་མཛོད། །རྣལ་འབྱོར་བདག་གི་འདོད་པའི་དོན་རྣམས་ཀུན། །བུམ་བཟང་དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་མོ་གསོལ་བ་བཏབ་པ་བཞིན། །འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང༌། །རྣམ་བཞིའི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ས་འོག་ས་སྟེང་ས་བླར་གནས་པའི་བཅུད། །ལྷ་ཀླུ་གནོད་སྦྱིན་མིའམ་ཅི་དང་ནི། །དྲི་ཟ་གྲུལ་བུམ་འཛམ་གླིང་ཟས་ནོར་གཡང༌། །དངོས་གྲུབ་བཅུད་བསྡུས་ཁུ་ཡེ་སིདྡྷི་ཧོ། །པུཥྟིཾ་ཀུ་རུ་ཨ་ཡུར་ཎྱཻ་བྷྲཱུྃཿ ཝ་ཤཾ་ཀུ་རུ་སརྦ་ལོ་ཀ་ཡེ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག «།གཤེགས་གསོལ་རྗེས་ཆོག་སྤྱི་ལྟར་བྱ། །ཞེས་པ་འདི་ཡང་དྲིན་ལྡན་མགོན། །རིགས་བདག་བླ་མའི་བྱིན་བརླབས་པའི། གཞོན་ནུ་ནིརྨ་ཀ་མཆོག་དང༌། །མི་དབང་སྔགས་ཀྱི་རྣལ་འབྱོར་པས། །གསུང་སྣང་པི་ཝང་གླིང་བུའི་སྒྲས། རྣལ་འབྱོར་རིག་པའི་རི་དྭགས་བསླུས། །ཐོལ་བྱུང་ཤར་བཞིན་ཐོགས་མེད་དུ། །རྣལ་འབྱོར་འཇའ་ལུས་རྡོ་རྗེ་ཡིས། །ཡར་ཚེས་དགེ་བའི་དུས་དེར་སྨྲས། །བསྟན་འགྲོའི་གསོས་སུ་འགྱུར་བར་ཤོག །དགེའོ། །དགེའོ། །དགེའོ། །