འཛམ་གླིང་གེ་སར་སྐྱེས་བུ་དོན་གྲུབ་ཀྱི༔ རྒྱུན་བསང་བསྟན་དགྲ་ཚར་གཅོད༔

From Khyentse Lineage - A Tsadra Foundation Project
DKYD-KABUM-07-JA-003
Wylie title 'dzam gling ge sar skyes bu don grub kyi rgyun bsang bstan dgra tshar gcod
Location mdo mkhyen brtse bka' 'bum
Volume 7, Text 3, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Daily Practice - rgyun khyer  ·  Smoke Offerings - bsangs mchod - lha bsang
Deity ge sar
[edit]
འཛམ་གླིང་གེ་སར་སྐྱེས་བུ་དོན་གྲུབ་ཀྱི༔ རྒྱུན་བསང་བསྟན་དགྲ་ཚར་གཅོད་བཞུགས༔«྅྅྅པདྨ་ཁྲག་འཐུང་སྐུ་ལ་འདུད༔ ཐོད་ཕྲེང་ལས་མཁན་རྒྱལ་ཚབ་རྗེཿ སྐྱེས་བུ་ནོར་བུ་དགྲ་འདུལ་གྱི༔ རྒྱུན་བསང་བསྟན་དགྲ་ཚར་གཅོད་ནི༔ ཤིང་སྣ་བསང་རྩི་མེར་བསྲེགས་ཤིང༔ རྒྱུན་ལྡན་ཆབ་ཀྱིས་བྲན་བྱས་ལ༔ »རཾ་ཡཾ་ཁཾ༔ «བསང་གི་མ་དག་ཉེས་པའི་སྐྱོན་ཀུན་བསྲེགས་གཏོར་བཀྲུས་ལ་ནུས་ལྡན་གྱི་དུད་པ་འདོད་ཡོན་ལྔ་ཡི་འོད་ཟེར་འཕྲོ་བར་གྱུརཿ» ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཀྱེ་ཀྱེ༔ རྔ་ཡབ་གླིང་ནས་པདྨ་ཐོད་འཕྲེང་གི༔ སྤྲུལ་བསྒྱུར་སྔ་འགྱུར་བསྟན་པའི་སྲོག་འཛིན་རྗེ༔ འཛམ་གླིང་དབང་བསྒྱུར་གེ་སར་སྐྱེས་བུ་མཆོག༔ མཐུ་ལྡན་དྲེགས་པའི་གཙུག་ན་ལྷང་ངེ་བ༔ བཙུན་མོ་བཞི་དང་སྲས་བློན་སུམ་ཅུ་གཉིས༔ བཀའ་འཁོར་སྣང་སྲིད་དྲེགས་པའི་ཚོགས་དང་བཅས། ཐུགས་རྗེ་གློག་ལྟར་མྱུར་ཕྱིར་གཤེགས་སུ་གསོལ༔ དུང་དུང་ལྷང་ལྷང་ས་མ་ཡཱ་ཛ༔ ཁྱེད་ཐུགས་དགྱེས་པ་བསྐྱེད་ཕྱིར་གུས་ཕྱག་འཚལ༔ གཙང་ཕྱེ་དཀར་གསུམ་མངར་གསུམ་འབྲུ་སྨན་སྤོས༔ རྩི་བཅུད་འབྲུ་བཅུད་སྦྱར་བའི་ཞལ་ཟས་དང༔ ཤིང་སྣ་བསྲེགས་པའི་དུད་སྤྲིན་ནམ་མཁའ་གང༔ མི་གཙང་གྲིབ་འཁོན་མནོལ་བཙོག་རྨུགས་འཐིབ་ཀུན༔ སྦྱོང་བྱེད་ནུས་ལྡན་དྲི་ཞིམ་བསང་དུད་འཁྲིགས༔ འོད་ཟེར་ལྔ་ལྡན་གཟུགས་སྒྲ་དྲི་རོ་རེག༔ བདུད་རྩི་སྨན་དང་འདོད་དགུའི་ལོངས་སྤྱོད་གཏེར༔ དགོས་འདོད་ཀུན་འབྱུང་མཆོད་པའི་བྱེ་བྲག་གིས༔ བཀའ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་བསང༔ རྩ་གསུམ་ཀུན་འདུས་མཐུ་ལྡན་དྲེགས་པའི་རྗེ༔ གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་བསང༔ མཁའ་འགྲོའི་གསང་གོས་དགྲ་བླའི་བེར་སྨུག་བསང༔ མགུལ་གའུ་རིན་ཆེན་ནོར་བུ་འོད་འབར་བསང༔ མཁའ་འགྲོའི་བླ་རྡོ་སྣ་ཚོགས་ནོར་རྒྱན་བསང༔ བྱིན་རླབས་རྨོག་དཀར་རྒྱལ་བའི་དོན་འགྲུབ་བསང༔ རྡོ་རྗེའི་གོ་ཁྲབ་སིལ་མ་ཐོག་རྡུག་བསང༔ སྐུ་ཆིང་གྲུབ་པའི་རྒྱལ་མོའི་ཚེ་མདུད་བསང༔ འཇའ་རིས་སག་ལྷྭམ་སྡེ་བརྒྱད་ཟིལ་གནོན་བསང༔ དགྲ་ལྷའི་ལྷ་རྟེན་མདའ་མོ་སུམ་ཅུ་བསང༔ དགྲ་སྲོག་གཅོད་པའི་ལེབ་ཆེན་སུམ་ཅུ་བསང༔ ཤ་ཟ་ཁྲག་འཐུང་ལྕགས་མདའ་སུམ་ཅུ་བསང༔ མི་སྐད་གོ་བའི་ལྷ་མདའ་བདུན་པོ་བསང༔ སྟག་དོང་འཁྱིལ་བ་དགྲ་བླའི་རྫོང་ཆེན་བསང༔ གཟིག་ཤུབ་འབར་བ་ཝེར་མའི་བླ་གནས་བསང༔ རྭ་རྒོད་འཁྱིལ་བ་གཟའ་བདུད་རང་འཁོར་བསང༔ མ་མོའི་བླ་མཚོན་རྡོ་རྗེའི་བྲག་ཆོད་བསང༔ བརྩེ་གྲོགས་བླ་རྡོ་ཤེལ་གྱི་གྲི་ཆུང་བསང༔ ལྷ་ཡི་བླ་མཚོན་གནམ་ལྕགས་ཐོག་མདའ་བསང༔ གཉེན་གྱི་བླ་མདུང་ཁམས་གསུམ་དགྲ་འདུལ་བསང༔ ཀླུ་ཡི་བླ་ཞགས་སྦལ་སྦྲུལ་འདོམ་དགུ་བསང༔ དམ་ཅན་བླ་རྡོ་ཀླད་ཁྲག་དཀྲུགས་བྱེད་བསང༔ སྐུ་ལ་འཁོར་བའི་དགྲ་བླ་ཝེར་མ་བསང༔ གསེར་སྒ་ཨ་འཇོག་ཡོབ་ཆེན་བལ་སྟན་དང༔ གཡུ་སྲབ་གློ་ལེན་གོང་སྨེད་ལྕག་ཚན་བསང༔ རྫུ་འཕྲུལ་རླུང་གཤོག་མཛད་བ་རྟ་ཡི་ལྷ༔ རྐྱང་རྒོད་གཡེལ་བ་ཝེར་མའི་དམག་ཚོགས་བསང༔ ཁྱུང་འབྲུག་སྟག་སེང་ཁྲ་གླག་སྤྱང་གསུམ་བསང༔ ལྷ་གཉན་ཀླུ་དང་སྡེ་བརྒྱད་དམག་ཚོགས་བསང༔ དགྱེས་སྡེ་ལྷ་གཉན་གནོད་སྦྱིན་ཀླུ་མོ་བསང༔ སྲས་མཆོག་གཟི་འོད་དུང་ཆུང་མཆེད་གཉིས་བསང༔ བཀའ་བློན་དཔའ་ཐུལ་གྲུབ་ཆེན་སུམ་ཅུ་བསང༔ འཛམ་གླིང་བཀའ་འཁོར་དྲེགས་པའི་དམག་ཚོགས་བསང༔ ཕོ་ལྷ་མོ་ལྷ་དགྲ་ལྷ་སྲོག་ལྷ་དང༔ ཞང་ལྷ་ཝེར་མ་དགྲ་འདུལ་ཚོགས་བཅས་བསང༔ དྲི་ཞིམ་ནུས་ལྡན་བསང་གི་དུད་པ་ཡིས༔ བྱིང་རྨུག་འཐིབ་དང་མི་གཙང་དག་གྱུར་ཅིག༔ འོད་ཟེར་འདོད་དགུའི་ལོངས་སྤྱོད་ཆར་འབེབས་ལས༔ དགྲ་བླ་ལྷ་འཁོར་དགྱེས་པ་བསྐྱེད་གྱུར་ཅིག༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་ནུས་རྒྱས༔ བག་དྲོ་ཉམས་དགའ་བཀྲག་མདངས་གཟི་བརྗིད་བསྐྱེད༔ ཚེ་བསོད་དཔལ་འབྱོར་མཐུ་སྟོབས་ནུས་པ་སྤེལ༔ སྲ་བའི་གོ་གྱོན་རྣོ་བའི་མཚོན་རྩེ་ཕྱུངས༔ མགྱོགས་པའི་རྟ་ཞོན་དཔའ་བའི་ངར་བསྐྱེད་ལ༔ བསམ་ངན་སྦྱོར་རྩུབ་དོ་བདོ་ཕོད་བཙུགས་པའི༔ དགྲ་སྲོག་ཆོད་ལ་དགྲ་སྙིང་དྲོད་མོ་ལོངས༔ དགྲ་ཤ་ཟས་ཟོ་དགྲ་ཁྲག་སྐོམ་དུ་འཐུང༔ བདུན་རྒྱུད་འཁོར་དང་སྡེ་རིས་ཕུངས་སུ་ཆུག༔ དགྲ་ནོར་ལོངས་སྤྱོད་ཚེ་བསོད་གནད་དུ་ལོངས༔ དགྲ་ཕམ་བདག་རྒྱལ་ཕ་རོལ་བྲན་དུ་ཁོལ༔ ཀུན་ཀྱི་གཙུག་ན་གཟི་བརྗིད་ལྷང་ངེ་བ༔ ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གནོན་དཔལ༔ ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་བདེ་ལེགས་སྩོལ༔ ཀི་བསྭོ་ཆའོ་ལྷ་རྒྱལ་གཡང་ཁུ་ཡེཿ «གསེར་སྐྱེམས་ནི༔ »རྃ་ཡྃ་ཁྃ༔ གསེར་སྐྱེམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃཿ «ལན་གསུམ༔ »འབྲུ་བཅུད་རྩི་བཅུད་རྒྱ་ཇ་ངད་ལྡན་འདིཿ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ ཟག་མེད་ཡེ་ཤེས་བདུད་རྩི་དངོས་གྲུབ་གཏེར༔ རོ་མཆོག་བརྒྱ་ལྡན་སྐུ་གསུང་ཐུགས་བདེ་བའི༔ ནུས་བཅུད་ཕུན་སུམ་ཚོགས་པའི་གཏེར་ཆེན་འདིས༔ གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་མཆོད༔ གོ་མཚོན་སྐུ་ཆས་དགྲ་བླ་ཝེར་མ་མཆོད༔ རྫུ་འཕྲུལ་རླུང་གཤོག་རྐྱང་རྒོད་འཕེལ་བ་མཆོད༔ ལྷ་གཉན་ཀླུ་ཡི་དམག་ཚོགས་འཁོར་བཅས་མཆོད༔ བཙུན་མོ་སྲས་དང་བཀའ་འཁོར་གྲུབ་ཆེན་མཆོད༔ དྲེགས་པ་སྡེ་བརྒྱད་ལས་མཁན་དམག་ཚོགས་མཆོད༔ དགྱེས་པར་བཞེས་ལ་ཐུགས་དམ་གཉན་པོ་བསྐངས༔ བཀྲག་མདངས་གཟི་བྱིན་བསྐྱེད་ལ་སྟོབས་རྩལ་ཕྱུངས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ བདག་ལ་སྡང་བར་བྱེད་པའི་དགྲ་དཔུང་ཆོམས༔ དམིགས་པའི་ཡུལ་གྱུར་ལས་ངན་སྡིག་པོ་ཆེ༔ སྲོག་ཆོད་དབུགས་ཕྲོལ་ཚེ་བསོད་དཔའ་རྟགས་ལོངས༔ གནོད་བྱེད་བགེགས་དཔུང་ཐལ་བའི་རྡུལ་དུ་རློག༔ ལྷ་ཀླུ་མི་ཡི་གཙུག་གི་རྒྱན་གཅིག་པུར༔ གཞན་སྡེ་ཕམ་ཞིང་རང་ཉིད་རྒྱལ་བ་ཡི༔ ཕྲིན་ལས་ཐོགས་མེད་མྱུར་དུ་འགྲུབ་པར་མཛོད༔ «ཞེས་མཆོད་དོ༔ དྲེགས་པའི་སྲོག་བདག་ཕྲིན་ལས་ཕོ་ཉ་བ༔ ལས་ལ་དབང་བསྐུར་གེ་སར་སྐྱེས་བུ་ཡི༔ བསང་དང་གསེར་སྐྱེམས་བསྟན་དགྲ་ཚར་གཅོད་འདི༔ ཡུམ་ཆེན་ཏཱ་རེ་ལྷ་མོས་བརྡ་བཀྲོལ་ལྟར༔ ཁྲག་འཐུང་དཔའ་བོ་ཨ་ཙར་དམར་པོ་ཡིས༔ དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས༔ ཕབས་བཞིན་ཤིན་ཏུ་བྱིན་རླབས་ཚན་ཁ་མྱུར༔ རང་ལས་གཞན་པའི་ལག་ཏུ་ཤོར་ར་རེཿ དགྲ་དཔུང་འཇོམས་པའི་རྡོ་རྗེའི་ཐོ་བ་སྟེ༔ རང་མཚོན་མི་ལག་མ་ཤོར་དམ་པར་ཟུངས༔ ས་མ་ཡཱ༔ རྒྱ༔གུ་ཧྱ༔ཤུུ་བྷཾ༔ ཡི་གེ་འདུ་བྱེད་རིག་པའི་ཡེ་ཤེས་བགྱིས༔ ཞལ་དྲོ་བྱིན་ཆགས་དགེ་ལེགས་བཀྲ་ཤིས་འཕེལ༔ ལྷ་ལྕམ་འཕགས་པའི་རྣམ་འཕྲུལ་གྱིས་ཇི་ལྟར་བྱུང་བའི་སྐབས་དབྱེ་བ་ལྟར༔ གཏེར་ཆེན་རིན་པོ་ཆེས་ཕག་ལོ་གསར་ཤར་ཟླ་བ་དང་པོའི་ཚེས་གསུམ་ལ་གནང་བའོ༔  »༈ ཕྱེ་མར་མཆོད་རྫས་སོགས་བསང་ཕོར་གྱི་ནང་དུ་བདུད་རྩི་ཅན་གྱི་ཤིང་གསུམ་ཧ་ཅང་མི་མང་ཧ་ཅང་མི་ཉུང་བ་དང༌། འོམ་ཀུམ་བསྲེགས་ཤིང་ཆབ་ཀྱིས་བྲན་ལ་བཞག །དུ་བ་ལེགས་པར་འཐུལ་ཞིང་འབར་སྐྱེན་ན་ལེགས། རླུང་རྟ་དར་དོན་འགྲུབ་པ་ལ་ཚེགས་མེད་ཤིན་ཏུ་འབར་དཀའ་ན་དོན་མི་འགྲུབ། དུད་པ་གྱེན་དུུ་དྲངས་ཐ་ལེར་འགྲོ་ན་རླུང་རྟ་དར་བའི་རྟགས། གཡས་སུ་འཁྱིལ་ཞིང་ཕྱུར་ཕྱུར་འགྲོ་ན་ཕོ་ལྷ་དར། གཡོན་དུ་འཁྱིལ་ཞིང་དལ་ལ་མཛེས་ན་ཕུག་ལྷ་ལྷ་མོ་དགྱེས། ཁ་དོག་དཀར་ན་ལྷ་ལ་མནོལ་བག་མེད་པས་ངོ་སོ་མཐོ། སྔོན་པོ་མཐིང་འོད་འཚེར་ནའང་བཟང༌། སྔོ་དམར་བྱུང་ན་ལྷ་འཁྲུགས་པའི་ངོ༌། དབྱིབས་བཀྲ་ཤིས་རྫས་དང་དཔག་བསམ་ཤིང༌། སྤྲིན་རས་འབྲུག་ལྟ་བུ་བཟང༌། འཚུབ་པོ་ཧུར་ཆོད་ཆེ་བ། གནམ་རྡོ་ལྷུང་བ་དང༌། རྦབ་འདྲིལ་བ་དང་རྩེ་ནག་པོ་དང༌། བ་གླང་མགོ་དང་སྲིན་པོའི་གདོང་ལྟ་བུ་སོགས་ཡིད་དུ་མི་འོང་བ་བཀྲ་མི་ཤིས་པ་སོགས་ངན། དྲི་ཞིམ་གཙང་ལ་དབྱིབས་ཡིད་དུ་འོང་ན་དོན་འགྲུབ་བོ། །དེ་ལས་ལྡོག་ན་མི་དགེ། དང་པོ་ངན་ཕྱིས་སུ་བཟང་དུུ་སོང་ན་རིམ་གྲོ་འགྱུར་ཏེ། དང་པོ་བཟང་ཕྱིས་སུ་ངན་དུ་སོང་ན་བར་ཆད་ཆེ་བས་གཟབ། དུ་བ་ལྷ་གཞི་དང༌། རྣལ་འབྱོར་ལའང་འཁྱིལ་ཞིང་གྱེན་དུ་སོང་ན་ལྷས་མགོན་པས་བཟང༌། སྤོས་ཀྱི་དུད་པའང་འདི་དང་སྡེ་ཚན་གཅིག་ཏུ་བརྟག །གཞི་མ་ལེགས་ན་ཁང་གཞི་གནས་མལ་དགེ་བུག་རལ་ཟག་གསུམ་ངན། ཁ་ཏོག་དཀར་ཞིང་འཐུགས་ན་བཟང༌། དེ་ལ་སོགས་ཞིབ་པར་དཔྱོད། ༈ བསང་ལ་བཟང་ངན་བརྟགས་ཐབས་ནི། དུད་པ་འབར་བ་ཐལ་བ་གསུམ། བརྟགས་ལ་དང་པོ་དུད་པ་ནི། །དཀར་པོ་མདུང་བཙུགས་འདྲ་བ་བཟང༌། །བཀྲ་ཤིས་ནད་མེད་གོད་ཁ་ཆད། །དུད་པ་ཁམ་ནག་ཐུར་སོང་ན། །ནད་པ་མི་ཤི་ཕན་པ་དཀའ། །དུ་བ་ཁམ་ནག་འོག་དང་ནུབ། །སོང་ན་གོད་ཁ་འངནད་པ་འཆི། །སད་སེར་འོང་བས་ངན་པར་བཤད། །དུད་པ་ནག་ན་ནད་པ་འཆི། །སྔོ་ན་ཡམས་ནད་ལོ་མི་ལེགས། །འབར་ལྷས་སྟེང་འབར་ཚང་རིས་ཀྱི། །ལྷ་ཡི་ལྟས་ཡིན་བཟང་བར་བཤད། །ཤར་འབར་ལྷར་ལྟས་བཟང་བར་བཤད། །ལྷོ་འབར་མི་གཡང་འཕེལ་བས་བཟང༌། །ནུབ་ནས་དུད་ཁ་པྱེ་བས་ངན། །བྱང་ནས་དགྲ་སྒོ་ཕྱེ་བས་ངན། །འོག་འབར་འཁོར་གཡོག་ནོར་ལ་ངན། །ཐལ་བ་དཀར་པོ་བཟང་བ་དང༌། །དམར་ན་གོད་འོང་གཞོན་མར་ངན། །ནོར་ལྷ་བཏོན་ན་བཟང་བ་ཡིན། །ཉི་ནག་ཆེ་ཆུང་བསང་སོལ་དང༌། །མེ་དུད་ཆེན་པོ་བཏང་བས་ན། །ལྷ་ཕྲན་མེ་མཆེད་སྣང་བས་སྐྲག །ཉེས་པ་འབྱུང་ཞེས་བཤད་པ་འདུག །ཚེས་གཅིག་སྟག་གི་ཉི་མ་ལ། །རྨ་ངོ་གྲིབ་ངོ་གཉན་རིགས་འཁྲུགས། །ཚེས་དྲུག་བཅུ་དྲུག་ཉེར་དྲུག་ལ། །རི་མགོ་བསང་བྱས་ཞིང་གི་ལྷ། །མི་དགའ་ལོ་མི་ལེགས་པར་བཤད། །དེ་མིན་བསང་གི་བཀྲ་ཤིས་ཤིང༌། །ཆར་ཆུ་དུས་འབེབས་ལོ་ལེགས་ལ། །མི་ཕྱུག་ནད་ཞི་གོད་ཁ་མཆེད། །ཅི་བསམ་ཐོགས་མེད་འགྲུབ་པའོ། །རྒྱུན་བསང་དགག་བྱའི་དགོས་པ་མེད་ཞེས་གསུངས་སོ། །