ཡང་གསང་མཁའ་འགྲོ་ཐུགས་ཐིག་ལསཿ སྔགས་ཀྱི་བསྲུང་མའི་གསང་སྒྲུབ།

From Khyentse Lineage - A Tsadra Foundation Project
Wylie title yang gsang mkha' 'gro thugs thig las sngags kyi bsrung ma'i gsang sgrub
Location mdo mkhyen brtse bka' 'bum
Volume 5, Text 40, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Cycle ཡང་གསང་མཁའ་འགྲོ་ཐུགས་ཐིག་ (yang gsang mkha' 'gro'i thugs thig)
Deity e ka dzA TI
Colophon

འདི་ཉིད་ཤིན་ཏུ་བཀའ་ཟབ་ཅིང་གཉན་བས་སྔོན་ཆད་རྒྱུན་དུ་གནས་པ་ལས་བུ་དཔེར་མ་ཕབ་ཅིང་ཡོངས་སུ་གྲགས་པའི་ཕྱིརཿ ས་ཁམས་སྟག་གི་ལོ་ནས་བརྡའ་རྟགས་ཤར་ཡང་ལོ་བདུན་གསང་རྒྱ་བཏབ་ཅིངཿ ས་ཕོ་བྱི་བའི་ལོར་འབོས་པར་བརྩམས་ཀྱང་འཚུབ་སློང་སྣ་ཚོགས་ཀྱིས་མཐར་ཆགས་སུ་མ་ནུས་ཤིངཿ སླར་ཡང་ལོ་བདུན་གསང་རྒྱས་བཏབ་སྟེ་ཤིང་ཁམས་རྟ་ཡི་ལོར་ཆོས་བདག་ཌཱཀྐི་མས་ནན་དུ་བསྐུལ་བ་ལ་བརྟེན་ཤུད་བུ་དཔལ་གྱི་སེངྒེང་དེའི་སྤྲུལ་པའང་གཞུང་འདི་ཉིད་ཀྱི་ཆོས་བདག་ཡིན་པར་ཤེས་པས། ཐབས་རྟེན་འབྲེལ་ཇི་བཞིན་འགྲིགས་པའི་ཚེཿ གཉེར་འཛིན་དུང་སྐྱོང་མའི་བརྡས་བཀྲོལ་བ་ལྟར་ཁྲག་འཐུང་ལས་ཀྱི་དཔའ་བོས་དག་པར་ཕབ་པའི་ཡི་གེ་པ་ནི་ཡིད་ལྷུང་སྨྱོན་པས་བགྱིས་པའོཿ ཤ་ཟ་ཌཱཀྐི་མས་བགྱིས་པ་ཞེས་པའང་འདུག །།

'di nyid shin tu bka' zab cing gnyan bas sngon chad rgyun du gnas pa las bu dper ma phab cing yongs su grags pa'i phyiraH_sa khams stag gi lo nas brda' rtags shar yang lo bdun gsang rgya btab cingaH_sa pho byi ba'i lor 'bos par brtsams kyang 'tshub slong sna tshogs kyis mthar chags su ma nus shingaH_slar yang lo bdun gsang rgyas btab ste shing khams rta yi lor chos bdag DAk+ki mas nan du bskul ba la brten shud bu dpal gyi seng+geng de'i sprul pa'ang gzhung 'di nyid kyi chos bdag yin par shes pas/_thabs rten 'brel ji bzhin 'grigs pa'i tsheH_gnyer 'dzin dung skyong ma'i brdas bkrol ba ltar khrag 'thung las kyi dpa' bos dag par phab pa'i yi ge pa ni yid lhung smyon pas bgyis pa'oH_sha za DAk+ki mas bgyis pa zhes pa'ang 'dug_//

[edit]
༄༅། །ཡང་གསང་མཁའ་འགྲོ་ཐུགས་ཐིག་ལསཿ སྔགས་ཀྱི་བསྲུང་མའི་གསང་སྒྲུབ་བཞུགས་སོ།།

༄༅། «།དབྱིངས་བཞུགས་ཀུན་ཏུ་བཟང་མོར་འདུདཿ བདག་འདྲ་པདྨ་འབྱུང་གནས་ཀྱིསཿ ལས་ཅན་སྙིང་གི་བུའི་ཆེད་དུཿ ཕྱི་ལྟར་སྔགས་ཀྱི་སྲུང་མ་ལཿ ནང་ལྟར་ཡེ་ཤེས་ཌཱཀྐི་མཿ གསང་བར་དབང་ཕྱུག་ཀུན་བཟང་མོཿ འདི་ཉིད་ཡི་དམ་ལྟར་སྒྲུབ་པའིཿ མན་ངག་མཁའ་འགྲོའི་སྙིང་བཅུད་ལྟརཿ དེ་ཡང་གནས་དབེན་སྒྲུབ་རྫས་སྐུུ་གཟུགས་སོགས་བྱས་དཀྱིལ་འཁོར་དབུས་སུ་བཞགཿ སྒྲུབ་གཏོར་མཆོད་གཏོར་སྨན་རཀ་གཞན་ཡང་ཕྱི་ནང་མཆོད་པ་སོགས་དགོས་པའི་ཡོ་བྱད་ཀུན་འདུ་བྱསཿ སྒྲུབ་པ་པོའི་མདུན་དུ་ཐོད་ཊཾ་རྡོར་དྲིལ་རྐང་གླིང་ནང་མཆོད་རྣམས་བཀོད་ལཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ »ན་མོཿ ཆོས་དབྱིངས་མ་བཅོས་ཀུན་བཟང་ཡུམ་ཆེན་མོཿ རང་བཞིན་མ་འགགས་ཡེ་ཤེས་ཌཱཀྐི་མཿ ཐུགས་རྗེའི་རོལ་རྩལ་ཁྲོས་མའི་རྒྱལ་མོ་ལཿ འདི་བཟུང་བྱང་ཆུབ་བར་དུ་སྐྱབས་སུ་མཆིཿ« སེམས་བསྐྱེད་ནིཿ» ཧོཿ མཐའ་མེད་འཁོར་བ་སྡུག་བསྔལ་སྨག་རུམ་ལསཿ བསྒྲལ་ནས་ཡང་དག་ལམ་དུ་འཛུད་པའི་ཕྱིརཿ རྩ་གསུམ་ཀུན་འདུས་ཡུམ་ཆེན་ཁྱོད་བསྒྲུབས་ནསཿ ཕྲིན་ལས་རྣམ་བཞིའི་སྒྲོལ་བར་སེམས་བསྐྱེད་དོཿ« གསུམ་པ་ཡན་ལག་བརྒྱད་པ་ནིཿ »རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ« སོགས། བཞི་ས་བགེགས་ལ་བཀའ་བསྒོ་བ་ནིཿ» ཧཱུཾཿ གསང་སྔགས་བླ་མེད་དཀྱིལ་འཁོར་ཟབ་མོ་འདིརཿ མི་དབང་གླག་ལྟ་བར་དུ་གཅོད་པ་ཡིཿ བགེགས་དང་ལོག་འདྲེན་བར་ཆད་འབྱུང་པོའི་ཚོགསཿ གཏོར་མ་ཁྱེར་ལ་རྒྱ་མཚོའི་ཕ་མཐར་དེངསཿ གལ་ཏེ་མི་འགྲོ་གནོད་ཅིང་འཆེ་བྱེད་ནཿ ཐུགས་ལས་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་དང་ཿ རྡོ་རྗེའི་མེ་ཆར་དྲག་པོས་བརླག་པར་འགྱུརཿ «ཧཱུཾ་བཞིའི་སྔགས་དང་དྲག་པོས་གཟིར་ཞིང་ཡུང་ཐུན་བརྡེགཿ ལྔ་པ་བསྲུང་འཁོར་སྒོམ་པ་ནིཿ »ཧཱུཾ་སྟེང་འོག་ཕྱོགས་མཚམས་རྡོ་རྗེ་རིན་ཆེན་དང་ཿ པདྨ་རྒྱ་གྲམ་མེ་ཡི་གུར་ཁཾ་འཁྲིགསཿ ཡེ་ནས་ཆོས་དབྱིངས་གདལ་བ་ཆེན་པོ་ལཿ བགེགས་དང་ལོག་འདྲེན་ཞེས་བྱའི་མིང་ཡང་མེདཿ བདེ་ཆེན་ཡེ་ཤེས་ཆེན་པོར་མཚམས་བཅད་དོཿ «དྲུག་པ་བྱིན་འབེབ་པ་ནིཿ» ཧཱུྃཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནསཿ མེ་རི་འབར་དང་འོག་མིན་གསང་ཆེན་རོལཿ བདེ་ཆེན་རབ་འབར་དུར་ཁྲོད་བརྒྱད་སོགས་ནསཿ རྩ་གསུམ་དཔའ་བོ་མཁའ་འགྲོ་རྒྱ་མཚོ་ཡིཿ དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པཿ སྐལ་ལྡན་མོས་པའི་བུ་ལ་སྩལ་དུ་གསོལཿ ཕྱི་སྣོད་ནང་བཅུད་བྱིན་ཆེན་དབབ་ཏུ་གསོལཿ དག་པར་བསྒྱུར་ལ་ལུས་ངག་ཡིད་གསུམ་པོཿ བདེ་བ་སྤོར་བ་ནུས་མཐུ་བསྐྱེད་པ་དང་ཿ ཆོས་སྐུའི་དགོངས་པ་རྟོགས་པར་བྱིན་ཆེན་ཕོབཿ གུ་རུ་དེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ ཧཱུྃ་ཧཱུྃ་ཧཱུྃཿ «ཞེས་བྱིན་དབབ་ཅིང་བདུན་པ་མཆོད་པ་བྱིན་རླབས་ནིཿ» རང་གི་ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པསཿ མཆོད་རྫས་དངོས་པོ་མ་དག་བསྲེགས་གཏོར་བཀྲུསཿ སླར་ཡང་འདོད་དོན་ལྔ་ལྡན་མཆོད་པའི་རྫསཿ ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལཿ རྣམ་པ་མཆོད་རྫས་བྱེ་བྲག་བསམ་མི་ཁྱབཿ ཀུན་བཟང་རྣམ་འཕྲུལ་དཔག་མེད་མཆོད་སྤྲིན་གྱུརཿ ཨོཾ་བཛྲ་ཨརྒྷཾ་«ནས་»ཤབྟ་པཱུཙྪ་ཧོཿ སརྦ་པཉྩ་རཀྟ་བྷ་ལིངྟ་ཨ་ཧཱུྃཿ «ཞེས་མཆོད་པ་བྱིན་གྱིས་བརླབ་པ་སྟེ་སྔོན་འགྲོའི་རིམ་པའོཿ གཉིས་པ་དངོས་གཞིའི་དང་པོ་རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་ནིཿ »ཧཱུྃཿ དེ་བཞིན་ཉིད་དབྱིངས་སྤྲོས་དང་བྲལ་བ་ལསཿ ཀུན་སྣང་སྙིང་རྗེས་འགྲོ་ལ་ཁྱབ་པར་སྒོམཿ རྒྱུ་རྐྱེན་ལས་འདས་དུར་ཁྲོད་གཞལ་ཡས་ཁང་ཿ ཐོད་མཁར་གྲུུ་གསུམ་རྒྱ་ཁྱོན་ཚད་ལས་འདསཿ ལྷ་བརྒྱད་ཀ་བ་ཀླུ་བརྒྱད་གདུང་དུ་བྲིསཿ གཟའ་བརྒྱད་ཕྱམ་དང་རྒྱུ་སྐར་དྲལ་ཟིབ་མཚནཿ གཞན་ཡང་མི་མགོ་སྙིང་གི་ཕྲེང་བ་དང་ཿ བྱ་གཅན་སྲིན་པོའི་མགོ་དང་གཡང་གཞི་སོགསཿ དྲག་པོའི་གཞལ་ཡས་མཚན་ཉིད་ཡོངས་རྫོགས་པའིཿ ཕྱི་རོལ་བསྲུང་བའི་གུར་ཁང་རིམ་ལྔས་བསྐོརཿ གཞལ་ཡས་དབུས་སུ་རཀྟའི་རྒྱ་མཚོའི་ནང་ཿ ཨེ་དབྱིངས་ཆོས་འབྱུང་དམར་པོ་ཟུར་དྲུག་དབུསཿ པདྨ་ཉི་ཟླ་བམ་ཆེན་བསྣོལ་བའི་སྟེང་ཿ སྐྱེ་མེད་རྡོ་རྗེ་ཨ་ཡིག་ཡོངས་གྱུར་ལསཿ རང་ཉིད་སྐད་ཅིག་ཡུམ་ཆེན་ཁྲོས་མའི་རྒྱལཿ ཆོས་ཉིད་འགྱུར་མེད་མཐིང་ནག་ནམ་མཁའི་མདོགཿ ཡེ་ཤེས་སྤྱན་གཅིག་དུས་གསུམ་ས་ལེར་གཟིགསཿ ཚེམ་གཅིག་ཆགས་སྡང་གཟུང་འཛིན་རྩ་བ་གཅོདཿ ཕྱག་གཡས་ཙིཏྟ་རིན་ཆེན་གཏེར་སྒྲོམ་དང་ཿ གཡོན་པས་ཆགས་པའི་དུང་དམར་ཞལ་དུ་གསོལཿ ཞབས་གཉིས་གྱད་ཀྱི་དོར་སྟབས་བཞེངས་ཚུལ་ཅནཿ མི་མགོ་སྙིང་ཕྲེང་དོ་ཤལ་རུས་བརྒྱན་གསོལཿ ནུ་འབུར་ལང་ཚོ་དར་ཞིང་གཟི་འོད་འབརཿ བྷ་ག་རྒྱས་ཤིང་ཆགས་པའི་རྦ་ཀློང་འཁྲུགས༔ རྩ་གནས་ཕུང་ཁམ་སྐྱེ་མཆེད་དབང་ཡུལ་རྣམསཿ གནས་དང་གནས་ཡུལ་དང་ཉེ་ཡུལ་སོགསཿ དཔའ་བོ་མཁའ་འགྲོ་ཏིལ་གོང་གང་བཞིན་བཞུགསཿ ཟུར་དྲུག་བཀའ་སྡོད་ཨེ་ཀ་ཙ་ཊཱི་མཿ སྨུག་ནག་སྤྱན་གཅིག་ཚེམ་གཅིག་ནུ་མ་གཅིགཿ ཞབས་གཅིག་དམ་སྲིའི་སྙིང་གི་དཀྱིལ་དུ་གནོནཿ ཕྱག་གཡས་ཞིང་དབྱུག་ནམ་མཁའི་དབྱིངས་སུ་འཕྱརཿ གཡོན་པས་མི་སྙིང་དྲོན་མོ་ཞལ་དུ་གསོལཿ གཡས་གཞིའི་སྟོད་གཡོག་གཟིག་ཤམ་སྨད་དཀྲིས་ཅནཿ མེ་རླུང་དམར་ནག་འཁྲུགས་པའི་ཀློང་དཀྱིལ་ནཿ རབ་ཁྲོས་དྲག་པོ་སྐུ་མདོག་ཕྱག་མཚན་དང་ཿ རྣམ་འགྱུར་ཆ་ལུགས་གཅིག་ལས་ཐ་དད་མེདཿ གཞན་ཡང་ཡེ་ཤེས་ལས་ལས་གྲུབ་པ་ཡིཿ མ་མོ་མཁའ་འགྲོ་བྱེ་བ་བསམ་ཡས་བསྐོརཿ ཕྱི་རོལ་བཀའ་སྡོད་ཤ་ཟའི་དམག་ཚོགས་དང་ཿ དབང་ཕྱུག་ཉེར་བརྒྱད་དམ་ཅན་རྒྱ་མཚོའི་ཚོགསཿ མཁའ་ལ་སྤྲིན་ཕུང་གཏིབས་པ་ཇི་བཞིན་གནསཿ གཙོ་མོའི་སྤྱི་བོར་ཟླ་བར་ཨོཾ་དཀར་པོཿ མགྲིན་པར་པདྨར་ཨཱཿདམར་སྙིང་ཀ་རུཿ ཉི་མའི་སྟེང་དུ་ཧཱུྃ་མཐིང་མཚན་པར་བསྒོམཿ དེ་ལས་འོད་ཟེར་སྣ་ཚོགས་ཕྱུག་པོར་འཕྲོསཿ མཁའ་ཁྱབ་ཞིང་ཁམས་རྒྱ་མཚོར་བཞུགས་པ་ཡིཿ སངས་རྒྱས་བྱང་སེམས་རྩ་གསུམ་ཞི་ཁྲོ་དང་ཿ ཁྱད་པར་བསིལ་བ་ཚལ་གྱི་དུར་ཁྲོད་ནསཿ སྔགས་ཀྱི་སྲུང་མ་མ་མོ་ཁྲོས་མའི་རྒྱལཿ འཁོར་དང་བཅས་པ་མ་ལུས་ཐམས་ཅད་ཀུནཿ སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལཿ «ཞེས་བསྐྱེད་ཅིང་གཉིས་པ་སྤྱན་འདྲེན་པ་ནི་གུལ་གུམ་དང་ཤ་ཆེན་སྦྱར་སྤོས་བསྲེགས་ལཿ »ཧཱུཾཿ འོག་མིན་ཆོས་དབྱིངས་དབུས་མཐའ་བྲལ་བ་ནསཿ བདེ་གཤེགས་སངས་རྒྱས་བྱང་སེམས་རིག་འཛིན་ཚོགསཿ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནསཿ འབར་བ་ཡེ་ཤེས་ཁྲོ་རྒྱལ་ལྷ་ཚོགས་དང་ཿ བདེ་ཆེན་རབ་འབར་དུར་ཁྲོད་ཆེན་པོ་ནསཿ མ་ཅིག་དབྱིངས་ཀྱི་རྗེ་མོ་ཌཱཀྐིའི་ཚོགསཿ བསིལ་བ་ཚལ་སོགས་རང་བཞིན་གནས་མཆོག་ནསཿ སྔགས་བསྲུང་མ་མོ་མཁའ་འགྲོ་ཁྲོས་མོའི་རྒྱལཿ འཁོར་དང་སྤྲུལ་པ་ཡང་སྤྲུལ་བཅས་པ་ཀུནཿ སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ཉིད་ལཿ སྐྱིན་ཐང་འཐོར་རླུང་དྲག་པོས་བསྐྱོད་པ་བཞིནཿ གནས་ཆོག་འདི་རུ་སྤྱན་འདྲེན་གཤེགས་སུ་གསོལཿ དབང་དང་བྱིན་རླབས་དངོས་གྲུབ་ཆར་ཆེན་ཕོབཿ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བ་དང་ཿ དགའ་བཞིའི་ཡེ་ཤེས་རྩལ་ཆེན་རྫོགས་སུ་གསོལཿ གུ་རུ་དེ་ཝ་ཌཱཀྐི་ནི་མ་མ་ཏྲག་རཀྴ་ཁ་མུ་ཏྲ་སརྦ་ས་མ་ཡ་ཛ་ཛཿ «ཅེས་གདུང་བ་དྲག་པོས་བོས་ཤིང་རོལ་མོ་དྲག་ཏུ་འཁྲོལཿ གསུམ་པ་བཞུགས་གསོལ་ཞིང་བརྡའ་ཕྱག་འཚལ་བ་ནིཿ »ཧཱུཾཿ དཀྱིལ་འཁོར་ལྷ་ཚོགས་དམ་ཡེ་དབྱེར་མེད་པརཿ ཆུ་ལ་ཆུ་བཞག་བཞིན་དུ་དགྱེས་པར་བཞུགསཿ ལྷག་མཐོང་ལྟ་བ་མཇལ་བའི་བརྡའ་ཕྱག་གརཿ སྤང་བླང་མེད་པའི་ངང་ནས་འཚལ་བར་བགྱིཿ ས་མ་ཡ་ཏིཥྛ་ལྷནཿ ཨ་ཏི་པཱུ་ཧོཿ པྲ་ཏི་ཙྪ་ཧོཿ« བཞི་པ་ཕྱི་ཡི་མཆོད་པ་འབུལ་བ་ནིཿ »ཧཱུཾཿ མཁའ་འགྲོའི་རྗེ་མོ་སྔགས་སྲུང་འཁོར་བཅས་ལཿ འདོད་དོན་ཕྱི་ཡི་མཆོད་པ་འབུལ་བ་ནིཿ རྟགས་བརྒྱད་རྒྱལ་སྲིད་བདུན་དང་རིན་ཆེན་ནོརཿ ཁྲག་གི་ཨརྒྷཾ་དུག་ཆུས་ཞབས་བསིལ་དང་ཿ དབང་ལྔའི་མེ་ཏོག་ཤ་ཆེན་གསུར་དུད་སྦྱརཿ ཞུན་ཆེན་སྣང་གསལ་མཁྲིས་པའི་དྲི་ཆབ་བཤམསཿ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔ་འཁྲོལཿ གཞན་ཡང་དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་ལ་འབུལཿ ཨོཾ་བཛྲ་ཨརྒྷཾ་«ནས་»ཤབྟ་སརྦ་པཱུ་ཙ་ཨ་ཧཱུཾཿ «ལྔ་པ་ནང་མཆོད་འབུལ་བ་ནིཿ »ཧཱུཾཿ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བའིཿ རང་བྱུང་ལྷུན་གྲུབ་བདུད་རྩི་ཨ་མྲྀ་ཏཿ རྒྱུ་གཉིས་རྐྱེན་བཞི་སྦྱར་བ་དབང་གི་རྫསཿ བཅུད་ལྡན་རཀྟ་དམར་གྱི་མཆོད་པ་དང་ཿ རྩི་བཅུད་འབྲུ་དྲུག་ཤ་སྣ་སྟོང་སྦྱར་བའིཿ དམ་རྫས་རྒྱན་ལྡན་གཏོར་ཆེན་བྷ་ལིང་ཏཿ གཞན་ཡང་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་ཿ རོ་མངར་རེག་འཇམ་ལ་སོགས་ནང་མཆོད་རྫསཿ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་འབུལཿ སརྦ་པཉྩ་རཀྟ་བྷ་ལིངྟ་ཁ་ཧཱིཿ རུ་པ་ཤབྟ་གྷནྡྷེ་ར་ས་སྤརྴེ་པཱུ་ཛ་ཨ་ཧཱུཾཿ «དྲུག་པ་གསང་བའི་མཆོད་པ་འབུལ་བ་ནིཿ »ཧཱུཾཿ ཞིང་བཅུ་ཉམས་པ་བདུན་ལྡན་དགྲ་དང་བགེགསཿ ངན་སོང་གསུམ་སོགས་ཐུགས་རྗེའི་མཐུས་སྒྲོལ་ཞིང་ཿ ཐབས་ཆོག་བདེ་ཆེན་ཧེ་རུ་ཀ་དཔལ་དང་ཿ བདེ་སྟོང་ཆགས་པ་ཆེན་པོར་རབ་བསྐུལ་བསཿ སྦྱར་བའི་དགའ་བཞིའི་ཡེ་ཤེས་གསང་མཆོད་དོཿ འབུལ་ལོ་བདེ་ཆེན་ཡེ་ཤེས་མཆོག་ཐོབ་ཤོགཿ མཧཱ་ར་ག་ཏ་ན་ག་ཎ་ཝ་ར་ཁ་ཧཱིཿ «བདུན་པ་བསྟོད་པ་བྱ་བ་ནིཿ» ཧཱུཾཿ ཆོས་སྐུའི་ཞིང་ན་བདག་མེད་ཀུན་བཟང་མོཿ ལོངས་སྤྱོད་རྫོགས་སྐུ་བཛྲ་ཝཱ་ར་ཧིཿ ཐུགས་རྗེའི་སྤྲུལ་བསྒྱུར་སྔགས་སྲུང་རལ་གཅིག་མཿ མ་མོ་མཁའ་འགྲོའི་གཙོ་མོ་ཁྱོད་ལ་བསྟོདཿ སྐུ་ཡི་འོད་ཀྱི་ཁམས་གསུམ་དབང་དུ་སྡུདཿ གསུང་གི་ང་རོས་གདུག་པ་མ་ལུས་འདུལཿ ཐུགས་ནི་ཆོས་དབྱིངས་བད་ཆེན་པོའི་ངངཿ སྔགས་ཀྱི་སྲུང་མའི་གསང་བ་གསུམ་ལ་འདུདཿ ཁྱོད་ཐུགས་ཆགས་པ་ཆེན་པོའི་ཡེ་ཤེས་ཀྱིསཿ རྩ་རླུང་ཁམས་ཀྱི་བདེ་བ་སྐྱེད་མཛད་ཅིང་ཿ འདོད་ལྡན་དཔའ་བོར་བདེ་ཆེན་མཆོག་སྟེར་བའིཿ བཅུ་དྲུག་ལམ་གྱི་ཕོ་ཉ་ཁྱོད་ལ་བསྟོདཿ གཞན་ཡང་ཨེ་ཀ་ཙ་ཏྲི་སྤུན་བདུན་དང་ཿ ཡེ་ཤེས་ལས་དང་འཇིག་རྟེན་ཌཱཀྐི་མཿ མ་མོ་མཁའ་འགྲོ་བྱེ་བ་འབུམ་སྡེ་སྟེཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ «བརྒྱད་པ་བསྙེན་ཅིང་སྒྲུབ་པའི་རིམ་པ་ནིཿ» རང་ཉིད་ཁྲོས་མ་ནག་མོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་རྣལ་འབྱོར་མ་གྲི་གུག་དང་ཐོད་ཁྲག་འཛིན་པ་གསལ་བའི་ཐུགས་ཀར་དགའ་བ་འཁྱིལ་བའི་དབུས་སུ་ཏིང་འཛིན་སེམས་དཔའ་ཧཱུྃ་གི་མཐའ་བསྐོར་དུ་རྩ་བའི་སྔགས་ཕྲེང་དམར་པོ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་དང་བཅས་པ་ལ་མཉེས་པའི་མཆོད་པ་འབུལཿ བྱིན་ནུས་དང་དངོས་གྲུབ་བསྡུསཿ ཡང་འཕྲོས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སྦྱངསཿ བཀྲག་མདངས་གཟི་བྱིན་བསྡུསཿ འོད་ཟེར་ཐམས་ཅད་ཚུར་འདུས་ཐུགས་སྲོག་ལ་ཐིམ་པས་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་འབྱམས་ཀླས་པར་«བསམ་ལཿ »བཛྲ་ཨོཾ་བཛྲ་བྷ་ར་ཧི་མ་མ་ཏྲག་རཀྴ་ཁ་མུ་ཏྲ་རུ་ལུ་རུ་ལུ་སརྦ་སིདྡྷི་ཕ་ལ་ཧཱུྃཿ« བསྙེན་སྒྲུབ་ཆིག་དྲིལ་ཡང་གསང་སྙིང་པོ་འདིཿ དམིགས་གནད་ལྡན་པས་ཆུ་བོའི་རྒྱུན་བཞིན་བཟླསཿ འདི་ཡི་མན་ངག་ཐུགས་ཀྱི་ཡང་སྙིང་སྟེཿ མ་ཡེངས་རྩེ་གཅིག་ཏིང་འཛིན་ལྡན་པ་ཡིསཿ འབུམ་གཅིག་བཟླས་པས་བརྩེ་བས་ནུ་བཞིན་སྐྱོངསཿ འབུམ་གཉིས་བཟླས་པས་དངོས་གྲུབ་ཐོབ་འགྱུར་ཞིངཿ འབུམ་གསུམ་བཟླས་པས་ཞལ་མཐོང་ལུང་སྟོན་འགྱུརཿ འབུམ་བཞི་བཟླས་པས་ཕྲིན་ལས་ཐོགས་མེད་ཅིངཿ འབུམ་ལྔ་བཟླས་བས་མ་མོ་མཁའ་འགྲོ་ཡིསཿ སྡོང་གྲོགས་ལ་དབང་བདེ་ཆེན་མཆོག་ཐོབ་འགྱུརཿ འདི་ཉིད་སྒྲུབ་ཅིང་ཉམས་ལེན་གང་ཟག་ལཿ གཟུགས་ཅན་གཟུགས་མེད་བར་ཆད་མི་འབྱུང་ཞིང་ཿ ཁམས་གསུམ་དབང་སྡུས་སྲིད་གསུམ་ཟིལ་གནོན་ཅིང་ཿ མཁའ་འགྲོ་གྲོགས་འགྱུར་སྡེ་བརྒྱད་བྲན་དུ་བཀོལཿ ལུས་ལ་བདེ་དྲོད་འབར་ཞིང་ངག་ནུས་བསྐྱེདཿ ཉམས་རྟོགས་རྩལ་འབར་ཆོས་སྐུ་མངོན་དུ་འགྱུརཿ དགྲ་བགེགས་སྒྲོལ་བའི་ནུས་མཐུ་ཐོག་ལྟར་མྱུརཿ མཐར་ཐུག་ཀུན་བཟང་ཡུམ་དང་གཉིས་མེད་གྲོལཿ ཤིན་ཏུ་ཟབ་པའི་མན་ངག་ས་མ་ཏེཿ ཡས་ཚོགས་ཁ་བསྒྱུར་རིམ་པ་གཞུང་ལྟར་རོཿ ཐུན་མཐར་མཆོད་ཅིང་བསྟོད་ལ་ནོངས་པ་བཤགསཿ རྗེས་ལ་འདོད་དོན་ཚོགས་ཀྱི་རིམ་པ་ནིཿ ཞལ་ཟས་ཤ་ཆང་བཟའ་བཏུང་གང་འབྱོར་བཤམསཿ དང་པོ་བྱིན་གྱིས་རླབས་པ་འདི་ལྟར་སྟེཿ »ཧཱུྃཿ བདག་ཉིད་ལྷ་ཡི་ཐུགས་ཀ་ནསཿ ཡི་གེ་ཡཾ་ཁཾ་འཕྲོས་པསཿ ཚོགས་ཀྱི་མ་དག་བསྲེག་གཏོར་བཀྲུསཿ སླར་ཡང་ཡི་གེ་འབྲུ་གསུམ་ལསཿ ཡེ་ཤེས་བདུད་རྩིའི་ངོ་བོར་བསྒྱུརཿ རཾ་ཡཾ་ཁཾཿ «ལན་གསུམ། »ཨོཾ་ཨཱཿཧཱུྃཿ «གཉིས་པ་སྤྱན་འདྲེན་པ་ནིཿ »ཧཱུཾཿ རྩ་བ་གསུམ་གྱི་ལྷ་ཚོགས་དང་ཿ མ་ཅིག་དཔལ་ལྡན་སྔགས་སྲུང་མཿ འཁོར་དང་བཅས་པ་མ་ལུས་ཀུནཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ བཛྲ་ས་མ་ཡ་ཛཿཛཿ «དང་པོ་ཕུད་ཀྱིས་མཆོད་ཅིང་ཿ »ཧཱུཾཿ སྔགས་སྲུང་ཁྲོས་མའི་རྒྱ་མཚོ་ལཿ འདོད་ཡོན་བདུད་རྩིའི་ཚོགས་ཀྱི་མཆོདཿ དགྱེས་པ་ཆེན་པོས་རབ་བཞེས་ལཿ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལཿ གྷ་ན་ཙཀྲ་པཱུ་ཛ་ཧོཿ «བར་པ་མཆོད་ཅིང་བཤགས་པ་ནིཿ »ཧཱུྃཿ ཁྲོས་མའི་རྒྱ་མཚོའི་ལྷ་ཚོགས་ལཿ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱིས་བསྐང་ཿ ཐོག་མེད་ནས་བཟུང་ད་ལྟ་ཡནཿ སྒོ་གསུམ་མ་རིག་དབང་གྱུར་པའིཿ སྐུ་གསུང་ཐུགས་དང་འགལ་བའི་ལསཿ བག་མེད་སྤྱོད་པ་རྩིང་པ་ཡིསཿ ཚོར་དང་མ་ཚོར་ཅི་མཆིས་པཿ བཤགས་སོ་ཚངས་པར་སྩལ་དུ་གསོལཿ« ཡི་གེ་བརྒྱ་བ་བརྗོདཿ ཐ་མ་བསྒྲལ་མཆོད་རིམ་པ་ནིཿ ཚོགས་ཟན་རུ་པ་མདུན་དུ་བཀོདཿ དམར་གྱི་རཀྟ་བྲན་བྱས་ལཿ »ཨེ་ལས་གྲུ་གསུམ་མཐིང་ནག་རབ་འཇིགས་དབུསཿ རྣྲྀ་ཏྲི་ལས་བྱུང་དགྲ་བགེགས་དངོས་སུ་གྱུརཿ ན་མོཿ དཀོན་མཆོག་རྣམ་གསུམ་རྩ་བརྒྱུད་བླ་མ་དང་ཿ ཡི་དམ་ཞི་ཆགས་ཁྲོ་མོ་དཀྱིལ་འཁོར་ཚོགསཿ མཁའ་འགྲོ་མ་ཚོགས་དམ་ཅན་སྲུང་མར་བཅསཿ ཁྱད་པར་དཔལ་ལྡན་སྔགས་སྲུང་ཁྲོས་མའི་རྒྱལཿ ཨེ་ཀ་ཙ་ཏྲི་སྤུན་དྲུག་བྲན་གཡོག་དང་ཿ མ་མོ་མཁའ་འགྲོ་བཀའ་སྡོད་དབང་ཕྱུག་བཅསཿ བདེན་པའི་མཐུ་ཡིས་གཟུགས་ཅན་དམ་ཉམས་དགྲཿ གཟུགས་མེད་བགེགས་དཔུང་ལོག་པར་འདྲེན་པའི་ཚོགསཿ གང་དུ་གནས་ཀྱང་ལིངྒ་འདི་ལ་ཁུགཿ ཆོས་ཉིད་ཆོས་ཅན་བདེན་པས་མ་ཤོར་ཅིགཿ རྣྲྀ་ཏྲི་ཨ་ཀརྴ་ཡ་ཛཿཛཿ «ལན་མང་ལྡབ་ཅིང་ཿ »འགུགས་འཆང་སྡོམ་མྱོས་ཕྱག་རྒྱའི་ཕོ་ཉ་བཞིསཿ ལྕགས་ཀྱུའི་སྙིང་ཟུངས་ཞགས་པས་སྐེ་ནས་ཆིངསཿ ལྕགས་སྒྲོགས་ཡན་ལག་སྡོམ་ལ་དྲིལ་བུའི་མྱོསཿ སྐྱོབ་པའི་ལྷ་དང་ཕྲོལ་ལ་བདུད་དང་སྤྲོདཿ མདངས་ཕྲཽག་དྲན་པ་སྨྱོ་ཞིང་བརྒྱལ་དུ་ཆུགཿ བཛྲ་ཨཾ་ཀུ༴ བཛྲ་པ་ཤ༴ བཛྲ་སྥོ་ཊཱ༴ བཛྲ་གྷནྡྷེ༴ བཛྲ་པྲ་ཝེ༴ བཛྲ་ཨ་བཻ་ཤ་ཡ་ཨཿ «དེ་ནས་བསྒྲལ་ནས་ཚེ་ཁྲུས་ཀྱི་དགོངས་པ་ལྡན་པས་ཕུར་བུ་གདབ་ལཿ »ཧཱུྃཿ མ་མོ་ཆེན་མོ་ཀཱི་ལ་ཡཿ སྐུ་སྨད་དབལ་ཕུར་ཟུར་གསུམ་དབལཿ དགྲ་གདོན་སྙིང་ག་དཀྱིལ་དུ་གདབཿ ཚེ་བསོད་བསྡུས་ལ་རྣམ་ཤེས་སྤོརཿ མ་མ་ཏྲཀ་རཀྴ་ཁ་མུ་ཏྲ་རུ་ལུ་རུ་ལུ་ཀཱི་ལི་ཀཱི་ལ་ཡ་རྣྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་ཕཊཿ« ཅེས་དམིགས་གནད་དང་ལྡན་པར་བྱཿ སྒྲོལ་གྲིས་གཏུབ་ཅིང་ཿ »ཧོཿ ཉམས་པ་བདུན་ལྡན་དགྲ་དང་བགེགསཿ སྤུ་གྲི་རྣོན་པོའི་དབལ་ལ་སྐྱོནཿ སྲོག་རྩ་གཅོད་ཅིང་ལུས་སེམས་ཕྲོལཿ མགོ་ལུས་དུམ་བུར་སྟོང་དུ་གཏུབཿ རྣྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་རྦད་རྦདཿ «རྡོ་རྗེའི་ཐོ་བས་བརྡུང་ཞིང་ཿ »ཧཱུཾཿ བདེ་ཆེན་ཡུམ་གྱི་པདྨ་རུཿ ཆགས་ཆེན་ཡབ་ཀྱི་རྡོ་རྗེས་བརྡུང་ཿ དགྲ་གདོན་ཚོགས་བརྒྱད་རྡུལ་དུ་རློགསཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངསཿ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾཿཨཱཿ« བསྟབས་པ་ནིཿ »ཧཱུཾཿ དགྲ་གདོན་བསྒྲལ་བའི་ཤ་ཁྲག་རུསཿ དབང་ལྔ་དོན་སྙིང་ནང་རོལ་བཅསཿ ཁྲོས་མ་འཁོར་བཅས་ཞལ་དུ་འབུལཿ དུག་ལྔ་དབྱིངས་སུ་བསྒྲལ་དུ་གསོལ༔ མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧིཿ «ཚོགས་ལ་རོལ་ཞིང་གླུ་གར་བསྒྱུརཿ ཐ་མ་ལྷག་མ་བསྔོ་བ་ནིཿ བྱིན་གྱིས་རླབས་ཤིང་ཤུགས་གླུ་ལེནཿ »ཧཱུཾཿ གནས་ཡུལ་སྐྱོང་མཛད་དབང་ཕྱུག་རྣམསཿ མ་མོ་མཁའ་འགྲོ་བྲན་གཡོག་བཅསཿ བདུད་རྩིའི་ལྷག་གཏོར་འདི་བཞེས་ལཿ བཅོལ་པའི་ལས་ཀུན་ཐོགས་མེད་སྒྲུབསཿ ཨུཥྩི་ཊ་བྷ་ལིངྟ་ཁཱའ་ཧིཿ« ཅེས་ཏོརཿ མཇུག་ཏུ་ལས་ལ་བསྐུལ་བནིཿ དམར་གཏོར་ཤ་ཁྲག་བརྒྱན་པར་བཤམསཿ »ཧཱུཾ་བྷྱོཿ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་ཿ གདུག་པ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་ལྷཿ བདུད་འདུལ་ཁྲོས་མའི་རྒྱལ་མོ་སྔགས་སྲུང་མཿ ཨེ་ཀ་ཙ་ཏྲི་སྤུན་དྲུག་འཁོར་ཚོགས་བཅསཿ ཐུགས་དམ་བསྐུལ་ལོ་དྲག་པོའི་ལས་ལ་བཞེངསཿ སྙིགས་མ་རྩོད་ལྡན་དུས་ཀྱི་ཐ་མ་འདིརཿ ལོག་ལྟའི་དགྲ་གདོན་འབྱུང་པོ་ཁ་དར་ཞིང་ཿ སྔ་འགྱུར་བསྟན་པ་ཉམས་ལ་ཉེ་བའི་དུསཿ ཁྱོད་ཉིད་སྔར་གྱི་ཞལ་བཞེས་མི་དགོངས་སམཿ གཡེལ་བ་མ་མཛད་དྲག་པོའི་ཕྲིན་ལས་སྒྲུབསཿ ཁྱད་པར་དམིགས་པའི་ཡུལ་དུ་གྱུར་པ་འདིསཿ སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་སྨདཿ འཕགས་ཚོགས་སུན་ཕྱུང་དགེ་འདུན་འདུས་སྡེ་དཀྲུགསཿ བླ་མར་སྡང་ཞིང་སྔགས་ལ་ལོག་པར་བལྟསཿ བྱང་ཆུབ་སྒྲུབ་ལ་བར་བཅད་ཉེས་མེད་མནརཿ རྣལ་འབྱོར་བདག་ལ་དོ་བརྡོ་ཕོད་དུ་བཙུགསཿ འདི་ཉིད་ཡན་པར་ཤོར་ན་དམ་ཚིག་ཉམསཿ དེ་ཕྱིར་ཐུགས་དམ་གཡེལ་བ་མ་མཛད་པརཿ ཨ་བྷི་ཙརྱའི་དུས་ལ་བབ་གྱུར་པསཿ གནག་པའི་ལས་འདི་མྱུར་དུ་འགྲུབ་པ་དང་ཿ སྡང་བྱེད་དམ་ཉམས་དགྲ་བོའི་སྲོག་དབུགས་ཕྲོལཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་ཤ་ཁྲག་རོལཿ མི་རབས་བདུན་རྒྱུད་རྩད་ནས་གཅོད་པར་མཛོདཿ བགེགས་དཔུང་ལོག་འདྲེན་རྒྱལ་བསེན་ཐལ་བར་རློགཿ སྡེ་བརྒྱད་འབྱུང་པོའི་ཟ་ཁ་དགྲ་ལ་གཏོདཿ ཕ་རོལ་བན་བོན་བྱད་ཕུར་རྦོད་གཏོང་དང་ཿ ཐན་ལྟས་བཀྲ་མི་ཤིས་པའི་དངོས་པོ་བཟློགཿ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱཿ མངོན་སྤྱོད་ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ «ཅེས་བསྐུལཿ ཆད་ཐོ་བསྒྲགས་པ་ནིཿ» ཧཱུཾཿ སྔོན་འདས་བར་དང་ཐ་མ་དུས་ཀྱི་ཚེཿ འོག་མིན་གནས་དག་བསིལ་ཚལ་ཨ་སུ་རརཿ ཁས་བླངས་དམ་བཅས་མཐུ་ལྡན་བསྲུང་མའི་ཚོགསཿ སྤུ་གྲི་མཆེད་གསུམ་སྨྱོ་ཁ་ནག་པོར་བཅསཿ བྷི་ལིང་གཏོར་མ་ལོངས་ལ་ཕྲིན་ལས་སྒྲུབསཿ ས་མ་ཡ་བཱ་ལིངྟ་ཁཱ་ཧིཿ« བསྐུལ་གཏོར་དགྲ་ཕྱོགས་སུ་བརྡེགས་ཤིང་ཿ »བྷྱོཿ མ་མོ་ཆེན་མོར་སྔགས་སྲུང་མཿ བསྐུལ་བ་ཡིན་ནོ་མཐུ་མ་ཆུང་ཿ རྦད་པ་ཡིན་ནོ་རྩལ་མ་ཞནཿ མངག་པ་ཡིན་ནོ་བང་མ་བུལཿ ཨེ་ཀ་ཙ་ཏྲི་སྤུན་དྲུག་དང་ཿ བྲན་གཡོག་མ་མོ་མཁའ་འགྲོའི་ཚོགསཿ ཤ་ཟ་འཇིག་རྟེན་དབང་ཕྱུག་མཿ སྡེ་བརྒྱད་དྲེགས་པའི་དམག་ཚོགས་བཅསཿ དེ་རིང་སྡང་བའི་དགྲ་ལ་ཡཿ དེ་རིང་གནོད་པའི་བགེགས་ལ་ཡཿ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོདཿ བགེགས་དཔུང་ཐལ་བའི་རྡུལ་དུ་རློགཿ འཇིགས་པ་བརྒྱད་དང་བཅུ་དྲུག་སོགསཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའིཿ བཀྲ་མི་ཤིས་པའི་དངོས་པོ་ཀུནཿ གདུག་པའི་དགྲ་བགེགས་སྟེང་དུ་བསྒྱུརཿ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིཿ ཟ་ཁ་དགྲ་བོའི་ཡུལ་དུ་དྲོངསཿ བྱུར་དང་སྐལ་པ་ངན་པ་ཀུནཿ དྲག་པོ་དམར་གྱི་གཏོར་མས་བཟློགཿ ཆོས་ཉིད་སྐྱེ་མེད་ཀློང་དུ་བསྟིམསཿ ཆོས་ཅན་བདེན་པ་མངོན་གྱུར་ཤོགཿ མ་མ་ཏྲག་རཀྴ་ཁ་མུ་ཏྲ་རུ་ལུ་རུ་ལུ་མ་ར་ཡ་རྦད་རྦདཿ བྷྱོ་ཟློགཿ བྷྱོ་ཟློགཿ« ཅེས་བརྗོད་དམོད་བཅོལ་དྲག་ཏུ་བྱཿ ལས་ཀུན་འགྲུབ་པར་ཐེ་ཚོམ་མེདཿ བསྟན་མ་སྐྱོང་བའི་རིམ་པ་ནིཿ» བྷྱོཿ བོད་ཁམས་སྐྱོང་བའི་མཐུ་ལྡན་སྡེཿ བསྟན་མ་བཅུ་གཉིས་བྲན་གཡོག་བཅསཿ བརྒྱན་པའི་གཏོར་མ་འདི་བཞེས་ལཿ ཐ་ཚིག་བཞིན་དུ་ཕྲིན་ལས་སྒྲུབཿ མ་མ་ཧྲིང་ཧྲིང་བཱ་ལིངྟ་ཁཱ་ཧིཿ «རྟ་བྲོ་དམ་སྲི་མནན་པ་ནིཿ ཏིང་འཛིན་དམིགས་པས་འགུགས་གཞུགས་བྱཿ» ཧཱུཾཿ རིམ་པ་དགུ་ཡི་ས་འོག་ཏུཿ ལས་ཀྱི་གཤིན་རྗེ་ནག་པོའི་ཁརཿ རྗེས་འབྲང་རྒབ་འདྲེ་དམ་སྲི་གཏདཿ སྐལ་པ་ཞིག་ཀྱང་མ་བཏང་ཅིགཿ ཆོས་ཉིད་བདེན་པས་མི་བསླུའོཿ རྣྲྀ་ཏྲི་སྟྭཾ་བྷ་ཡ་ནནཿ ཧཱུཾ་ཧཱུཾ་ཨཱཿ «རྗེས་ཀྱི་རིམ་པ་འདི་ལྟར་སྟེཿ མཆོད་ཅིང་བསྟོད་ནས་བཟླས་པ་བྱཿ དངོས་གྲུབ་ལེན་པའི་དམིགས་གནད་བཅསཿ »ཧཱུྃཿ བྱིན་རླབས་རྩ་བ་བཀའ་རྒྱུད་བླ་མ་དང་ཿ དངོས་གྲུབ་ཀུན་འབྱུང་ཡི་དམ་རྒྱལ་བའི་ལྷཿ གནས་གསུམ་དཔའ་བོ་མཁའ་འགྲོ་ཡོངས་རྫོགས་བཅསཿ ཁྱད་པར་དཔལ་ལྡན་སྔགས་སྲུང་ཡུམ་ཆེན་མོའིཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིཿ དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལཿ འཇིགས་བརྒྱད་ཞི་ཞིང་འབྱོར་བ་དྲུག་རྒྱས་ཤིང་ཿ མོས་བཞི་དབང་འདུས་དགྲ་བགེགས་ཚར་གཅོད་སོགསཿ ལས་བཞི་ལྷུན་གྲུབ་མཆོག་དང་ཐུན་མོང་གིཿ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལཿ «རྩ་སྔགས་ཤམ་བུར། »ཀཱ་ཡ་ཝཱཀྐ་ཙིཏྟ་ཤནྟིཾ་པུཥྟིཾ་ཝ་ཤཾ་མ་ར་ཡ་སརྦ་སིདྡྷི་ཕ་ལ་ཧོཿ «སྒྲུབ་རྫས་གནས་ལྔར་གཏུག་ཅིང་བདུད་རྩི་མྱོང་ཿ དམ་རྫས་གཞན་ལ་མི་འཆོར་གལ་ཆེའོཿ ལྷ་ལ་ནོང་བཤགས་བཟོད་གསོལ་འབུལ་བ་ནིཿ »བདག་ནི་ཉོན་མོངས་ལེ་ལོའི་དབང་གྱུར་ཏེཿ ཏིང་འཛིན་མ་གསལ་བཟླས་གྲངས་ཉུང་བ་དང་ཿ ཆོ་ག་ལྷག་ཆད་མཆོད་གཏོར་འབག་བཙོག་ཉམསཿ བག་མེད་ཉམས་ཆགས་འགལ་འཁྲུལ་ཅི་བགྱིས་བཤགསཿ «ཡི་གེ་བརྒྱ་བ་བརྒྱའམ་ཉེར་གཅིག་བཟླཿ རྟེན་དང་བརྟེན་བར་བཅས་པའི་བསྡུ་རིམ་ནིཿ» ཧཱུྃཿ སྣང་སྲིད་འོད་ཞུ་གཞལ་ཡས་ཁང་ལྷན་ཐིམཿ རྟེན་ཉིད་བརྟེན་པ་དེ་ཡང་གཙོ་བོར་བསྡུཿ དེ་ཡང་ཐུགས་སྲོག་ལ་ཐིམ་མི་དམིགས་ངངཿ གདོད་མའི་གཞི་དབྱིངས་ཀ་དག་བརྗོད་བྲལ་ངངཿ «ལྷར་ལྡང་བ་ནིཿ» སླར་ཡང་རྒྱལ་ཀུན་གསང་གསུམ་གཅིག་བསྡུས་པཿ ཧཱུྃ་ཡིག་མཐིང་ནག་ཡེ་ཤེས་མེ་འབར་བཿ དྲག་པོའི་རང་སྒྲ་སྒྲོགས་ཤིང་གཟི་བརྗིད་འབརཿ སྣང་སྟོང་སྒྱུ་མ་ཆུ་ཟླ་ལྟ་བུར་གསལཿ «དགེ་བ་བསྔོ་བ་ནིཿ »འདིར་འབད་དགེ་བས་མཚོན་དང་དུས་གསུམ་གྱིཿ ཟག་བཅས་ཟག་མེད་རྣམ་དཀར་བསགས་པའི་མཐུསཿ མར་གྱུར་འགྲོ་རྣམས་སྡུག་བསྔལ་མཚོ་སྒྲོལ་ནསཿ བླ་མེད་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོཿ «སྨོན་ལམ་ནིཿ »ཇི་ལྟར་བསྐྱེད་རྫོགས་སྔགས་བཟླས་བགྱིས་པའི་མཐུསཿ དཔལ་ལྡན་བླ་མའི་ཐུགས་དགོངས་རབ་རྫོགས་ཤིངཿ གསང་ཆེན་ལམ་བཟང་འབྲས་བུ་མངོན་གྱུར་ནསཿ མ་མོ་མཁའ་འགྲོའི་སྟོང་སྲོག་ལ་དབང་ཞིངཿ ཟབ་གསང་བསྟན་པའི་སྒྲོན་མེར་བདག་གྱུར་ནསཿ འགྲོ་ཀུན་འདྲེན་པའི་དེད་དཔོན་བྱེད་པར་ཤོགཿ« བཀྲ་ཤིས་གང་རྒྱས་ཀྱི་མཐའ་བརྒྱན་པར་བྱའོཿ ཀུན་ཏུ་བཟང་མོ་རྡོ་རྗེ་ཕག་མོ་ཉིདཿ སྤྲུལ་པའི་སྐུར་བསྟན་སྔགས་ཀྱི་སྲུང་མ་ཡིཿ གསང་བ་ཡི་དམ་ལྟར་དུ་སྒྲུབ་པའི་ཐབསཿ གུད་དུ་སྦས་པའི་ཁྱད་ཆོས་ཟབ་མོ་འདིཿ གཞན་ན་མེད་དེ་ཡིད་བཞིན་ནོར་ལས་དཀོནཿ པདྨ་བདག་གི་ཁྱད་ཆོས་ཟབ་མོ་སྟེཿ མནྡྷ་ར་བའི་སྙིང་གི་དཀྱིལ་དུ་ཆོང་ཿ མ་འོང་ལྔ་བརྒྱའི་ཐ་མར་ཐུག་པའི་ཚེཿ འབྱུང་པོའི་གདུག་རྩུབ་སྡང་ཞིང་སྡེ་བརྒྱད་འཁྲུགསཿ རྒྱལ་བསེན་མོ་གདོན་ཁ་དར་བོད་ཁམ་ཕུངཿ དམུ་རྒོད་དགྲ་ཡི་གནོད་པས་ཆོས་བྱེད་མནརཿ ཚུལ་བཞིན་སྒྲུབ་པར་བྱེད་རྣམས་ཀུན་ཀྱིས་བརྙསཿ ཆོས་བརྒྱད་ཟོག་པོའི་ས་སྟེང་གང་བའི་དུསཿ སྣང་སྲིད་སྟོང་སྲོག་ཀུན་ལ་དབང་བསྐུར་བའིཿ ང་སྤྲུལ་ཁྲག་འཐུང་བདེ་བའི་རྡོ་རྗེ་དང་ཿ འཕྲད་ནས་བསྟན་པའི་སྲོག་ཤིང་འགྱུར་བར་ཤོགཿ བཀའ་འདི་དད་དམ་མོས་གུས་ལྡན་པ་ཡིཿ སྐལ་ལྡན་སྙིང་གི་བུ་ལས་ཤོར་ར་རེཿ ས་མ་ཡཱཿ གུ་ཧྱཿ ཁ་ཐཾཿ གསང་རྒྱཿ སྦས་རྒྱཿ དམ་ཚིག་གཉན་པོ་སྲོག་གི་རྒྱཿ འདི་ཉིད་ཤིན་ཏུ་བཀའ་ཟབ་ཅིང་གཉན་བས་སྔོན་ཆད་རྒྱུན་དུ་གནས་པ་ལས་བུ་དཔེར་མ་ཕབ་ཅིང་ཡོངས་སུ་གྲགས་པའི་ཕྱིརཿ ས་ཁམས་སྟག་གི་ལོ་ནས་བརྡའ་རྟགས་ཤར་ཡང་ལོ་བདུན་གསང་རྒྱ་བཏབ་ཅིངཿ ས་ཕོ་བྱི་བའི་ལོར་འབོས་པར་བརྩམས་ཀྱང་འཚུབ་སློང་སྣ་ཚོགས་ཀྱིས་མཐར་ཆགས་སུ་མ་ནུས་ཤིངཿ སླར་ཡང་ལོ་བདུན་གསང་རྒྱས་བཏབ་སྟེ་ཤིང་ཁམས་རྟ་ཡི་ལོར་ཆོས་བདག་ཌཱཀྐི་མས་ནན་དུ་བསྐུལ་བ་ལ་བརྟེན་ཤུད་བུ་དཔལ་གྱི་སེངྒེང་དེའི་སྤྲུལ་པའང་གཞུང་འདི་ཉིད་ཀྱི་ཆོས་བདག་ཡིན་པར་ཤེས་པས། ཐབས་རྟེན་འབྲེལ་ཇི་བཞིན་འགྲིགས་པའི་ཚེཿ གཉེར་འཛིན་དུང་སྐྱོང་མའི་བརྡས་བཀྲོལ་བ་ལྟར་ཁྲག་འཐུང་ལས་ཀྱི་དཔའ་བོས་དག་པར་ཕབ་པའི་ཡི་གེ་པ་ནི་ཡིད་ལྷུང་སྨྱོན་པས་བགྱིས་པའོཿ ཤ་ཟ་ཌཱཀྐི་མས་བགྱིས་པ་ཞེས་པའང་འདུག །།