ཡང་གསང་ཐུགས་ཀྱི་ཐིག་ལེ་ལསཿ མཁའ་འགྲོའི་གསང་སྒྲུབ་པདྨའི་རྒྱ་ཅནཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-05-CA-009
Wylie title yang gsang thugs kyi thig le las mkha' 'gro'i gsang sgrub pad+ma'i rgya can
Location mdo mkhyen brtse bka' 'bum
Volume 5, Text 9, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Cycle ཡང་གསང་མཁའ་འགྲོའི་ཐུགས་ཐིག་ (yang gsang mkha' 'gro'i thugs thig)
Deity rdo rje rnal 'byor ma
Colophon

དྲི་མ་མེད་པའི་གསུང་གི་བདུད་རྩིའི་རྒྱུནཿ བཅོས་སླད་མེད་བར་དགའ་རབ་རྡོ་རྗེས་སྨྲས༔ ཡི་གེའི་འདུ་བྱེད་དྷརྨཱ་ཨ་ཤྭའི་སྤྲུལཿ རྡོ་རྗེ་འཛིན་པ་རིག་པའི་ཡེ་ཤེས་ཀྱིསཿ བགྱིས་པའི་ཆོས་འདི་ཟབ་པའི་མཐར་ཐུག་གོཿ ཿཤུ་བྷཾཿ ཿ

dri ma med pa'i gsung gi bdud rtsi'i rgyun: bcos slad med par dga' rab rdo rjes smras: yi ge'i 'du byed d+harma a shwa'i sprul: rdo rje 'dzin pa rig pa'i ye shes kyis: bgyis pa'i chos 'di zab pa'i mthar thug go: shu b+haM

[edit]
༄༅། །ཡང་གསང་ཐུགས་ཀྱི་ཐིག་ལེ་ལསཿ མཁའ་འགྲོའི་གསང་སྒྲུབ་པདྨའི་རྒྱ་ཅན་བཞུགསཿ གུ་ཧྱཿ

༄༅། «།སྟོང་ཆེན་ཡུམ་ལ་ཕྱག་འཚལ་ལོཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་གིཿ ཉམས་ལེན་གཅིག་དྲིལ་མན་ངག་ཆོསཿ བཅུད་དྲིལ་གནད་ཀྱི་གདམས་པ་མཆོགཿ ཡི་དམ་རྡོ་རྗེ་རྣལ་འབྱོར་མའིཿ སྒྲུབ་ཐབས་མཁའ་འགྲོ་རྒྱ་མཚོ་ནིཿ སྤྲོས་བཅས་དཔའ་མོའི་ཐོད་པ་མཆོགཿ དུམ་གཅིག་པདྨ་རཀྟས་གཏམསཿ མྱོང་གྲོལ་ཤུ་ཀྲའི་ཕབ་ཀྱིས་བྲནཿ སྤྲོས་མེད་སྙིང་ཁར་ཤེས་རབ་མཚལཿ ཐིག་ལེ་བྱུག་པ་སྒྲུབ་རྫས་སོཿ གཏོར་ཚོགས་སྤྲོས་པ་དང་བསྟུན་ཏེཿ རང་ལུས་བདུད་རྩི་དྲི་ཆུས་བཀྲུསཿ དམ་ཉམས་ལག་ནས་མ་བྱུང་པའིཿ ཨ་མྲྀ་ཏ་ཡིས་ཆག་ཆག་གདབཿ བདུད་རྩི་ལྔ་ལ་ལོངས་སྤྱོད་ཅིངཿ རིག་ལྡན་མ་དང་དཔའ་བོས་བསྟེནཿ དྲི་མ་ལྔ་ནི་བདུད་རྩི་སྟེཿ གཙང་དམེའི་འཛིན་ཞེན་བྲལ་བར་བླངསཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ »ངོ་བོ་རང་བཞིན་ཐུགས་རྗེའི་རྩལཿ སྐུ་གསུམ་རྩ་གསུམ་ཀུན་འདུས་དཔལཿ རང་རིག་དོན་གྱི་ཕག་མོ་ལཿ འདུ་འབྲལ་མེད་པར་སྐྱབས་སུ་མཆིཿ «གཉིས་པ་སེམས་མཆོག་བསྐྱེད་པ་ནིཿ» མ་རིག་འཁྲུལ་སྣང་སད་པའི་ཚེཿ སངས་རྒྱས་སེམས་ཅན་གཉིས་སུ་མེདཿ འདི་དོན་མ་རྟོགས་མཁའ་ཁྱབ་འགྲོཿ རང་ངོ་ཤེས་པར་སེམས་མཆོག་བསྐྱེདཿ «གསུམ་པ་ཡན་ལག་བདུན་པ་ནིཿ» ཀུན་བཟང་ཡུམ་ཆེན་རྣལ་འབྱོར་མརཿ བརྡ་དོན་རྫོགས་པའི་གུས་ཕྱག་འཚལཿ བདེ་བ་ཆེན་པོའི་དགྱེས་མཆོད་འབུལཿ ཡེ་བསྲུངས་ཆེན་པོའི་ངང་དུ་བཤགསཿ དགའ་བཞིའི་མཛད་ལ་རྗེས་ཡི་རངཿ སྣང་བཞིའི་ཆོས་འཁོར་བསྐོར་བར་བསྐུལཿ འགྲོ་དྲུག་སྒྲོལ་ཕྱིར་བཞུགས་གསོལ་འདེབསཿ སེམས་ཅན་སངས་རྒྱས་ཐོབ་ཕྱིར་བསྔོཿ« བཞི་པ་གསོལ་བ་གདབ་པ་ནི། »ཨེ་མ་ཧོཿ ཀུན་བཟང་ཡབ་ཡུམ་དྲི་མེད་ཡུམ་ཆེན་མོཿ རིགས་ལྔ་སྟངས་དཔྱལ་དགའ་རབ་གསང་ཡེ་མཿ ཤྲཱི་སེང་མུ་ཁ་པད་འབྱུང་མནྡྷ་རཿ ཧེ་རུ་ཀ་དཔལ་ནམ་མཁའི་དབྱིངས་ཕྱུག་མཿ རྡོ་རྗེ་རྣལ་འབྱོར་རིགས་བཞིའི་མཁའ་འགྲོ་དངཿ ཀུན་འདུས་རྩ་བའི་བླ་མར་གསོལ་བ་འདེབསཿ བག་ཆགས་སྒྱུ་མ་ལུས་ཀྱི་གྲོང་ཁྱེར་འདིཿ བདེ་ཆེན་འོད་སྐུར་འགྲུབ་པར་བྱིན་གྱིས་རློབསཿ འཁྲུལ་སྣང་བྲག་ཆ་ཐ་མལ་སྒྲ་ཚིག་འདིཿ དཔའ་བོ་མཁའ་འགྲོའི་རང་སྒྲ་འགགས་མེད་ཤོགཿ དངོས་མེད་འགྱུར་བ་སེམས་ཀྱི་ཆོ་འཕྲུལ་འདིཿ ཡེ་ཤེས་ལྔ་ལྡན་ཆོས་སྐུ་ཐོབ་པར་ཤོགཿ སྒྱུ་ལུས་རྨི་ལམ་གཏུམ་མོའི་རྣལ་འབྱོར་འབྱོངསཿ སྦྱོར་སྒྲོལ་མཐར་ཕྱིན་ཁྲེགས་ཆོད་ཐོད་རྒལ་གྱིསཿ སྣང་བཞི་མཐར་ཕྱིན་འཕོ་བ་ཆེན་པོར་འགྲུབཿ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅནཿ འཁོར་བ་དོང་སྤྲུགས་འགྲོ་དོན་ནུས་བྱིན་རློབསཿ «ལྔ་པ་མཚམས་གཅོད་པ་ནིཿ »ཧཱུྃཿསྣང་སྲིད་ཡུམ་ལྔའི་རང་བཞིན་ཏེཿ གཟུགས་སྣང་རྡོ་རྗེའི་རྣལ་འབྱོར་མཿ སྒྲར་གྲགས་ཨ་ར་ལི་ཡི་སྒྲཿ དྲན་རྟོག་ཡེ་ཤེས་ལྔ་ཉིད་དེཿ ཡེ་ནས་ཆོས་སྐུའི་རང་གདངས་ལཿ བགེགས་དང་བར་ཆོད་མིང་ཡང་མེདཿ ཁྱབ་གདལ་ཆེན་པོར་མཚམས་བཅད་དོཿ བཛྲ་རཀྵརཀྵ་ཧོཿ «དྲུག་པ་བྱིན་འབེབས་པ་ནིཿ» ཧཱུྃཿ ཆོས་ཀྱི་དབྱིངས་དང་ལོངས་སྤྱོད་རྫོགསཿ གཏུམ་དྲག་རབ་འབར་མེ་དབུང་འཁྱིལཿ ཡང་དག་ཞིང་གི་གནས་མཆོག་ནསཿ རྩ་བ་གསུམ་དང་རྣལ་འབྱོར་མསཿ བྱིན་ཆེན་ཕོབ་ལ་བརྡ་རྟགས་སྟོནཿ འཇིགས་མེད་སྐུ་དང་འགགས་མེད་གསུངཿ འཕོ་མེད་ཐུགས་དང་ཡོན་ཏན་ནསཿ ཕྲིན་ལས་ལྷུན་གྲུབ་བྱིན་ཕོབ་ཅིགཿ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ ཧཱུྃ་ཧཱུྃ་ཧཱུྃཿ «བདུན་པ་བྱིན་གྱིས་བརླབ་པ་ནིཿ »ཨོཾ་ཨཱཿཧཱུྃཿ སྣང་སྲིད་འདོད་ཡོན་ལྷ་མིའི་དཔལ་འབྱོར་དངཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགསཿ ཀུན་བཟང་བདེ་བ་ཆེན་པོའི་མཆོད་སྤྲིན་སྤྲུལཿ སརྦ་པཱུ་ཙ་མེ་གྷ་སྥ་ར་ཎ་ཁཾ་སྭཱ་ཧཱཿ «སྔོན་དུ་འགྲོ་བའི་རིམ་པའོཿ དངོས་གཞི་བསྐྱེད་རྫོགས་དབྱེར་མེད་ནིཿ ཐོར་མར་རླུང་རོ་ལན་གསུམ་བསལ། སྒོ་གསུམ་བག་ཆགས་སྦྱངས་བར་བསམཿ »སྤྱི་བོར་བླ་མ་ཀུན་བཟང་ཡབ་ཡུམ་གསལཿ སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པསཿ ལུས་ཀྱི་ནང་ཁེངས་དབང་བཞི་ཡོངས་སུ་རྫོགསཿ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་དམིགས་ལ། «དངོས་གཞིའི་དང་པོ་ལྷ་བསྐྱེད་ནིཿ »ཨཿ སྟོང་ཉིད་སྤྲོས་དང་བྲལ་བ་ནམ་མཁའི་གཤིསཿ ལྟར་ཡལཿ མཁའ་ལ་འཇའ་ཚོན་ཤར་བ་ཇི་བཞིན་དུཿ འོག་མིན་གཏུམ་དྲག་རོལ་པའི་གཞལ་ཡས་ཁངཿ ངོ་མཚར་བཀོད་པ་ཡོངས་རྫོགས་སྒྱུ་མའི་འཕྲུལཿ འདོད་ཡོན་མཆོད་སྤྲིན་ཕྱི་ནང་ཡོངས་རྫོགས་དབུསཿ པདྨ་ཉི་ལ་བམ་ཆེན་བསྣོལ་བའི་ཁྲིརཿ རང་ཉིད་སྐད་ཅིག་རྡོ་རྗེ་རྣལ་འབྱོར་མཿ འོད་ལུས་མཐིང་གསལ་གཟི་བརྗིད་འོད་ཟེར་འབརཿ ཞལ་གཅིག་ཞི་ཆགས་ཁྲོ་མོའི་ཉམས་གསུམ་ལྡནཿ སྐུ་གསུམ་སྤྱན་མཛེས་ཞལ་གདངས་ལྗགས་འདྲིལ་བཿ སྤྱི་གཙུག་ཕག་ཞལ་ནམ་མཁའི་མཐོངས་སུ་གཟིགསཿ ཕྱག་ཟུང་གཡས་པས་རྡོ་རྗེའི་གྲི་གུག་ཕྱརཿ གཡོན་པས་ཐོད་ཁྲག་ལྕང་ལོ་དང་བཅས་པཿ ཐུགས་ཀར་འཛིན་ཅིང་གྲུ་མོར་ཧེ་རུ་ཀཿ རྩེ་གསུམ་མི་མགོ་གསུམ་བརྩེགས་དང་འཁྱུད་དོཿ ཞབས་གཉིས་གཡས་བསྐུམ་རྟིང་པ་བྷ་གར་གཏདཿ གཡོན་བརྐྱང་བཾ་ཆེན་རོ་ཡི་སྙིངཿ མ་ཡིག་ལྡེབ་ལྔ་པའི་གྲིབ་ཕྱོགས་གཏན་ཆད་ཡོད། འགྲོ་སེརཿ ནུབ་ཏུ་པདྨ་མཁའ་འགྲོའི་གཙོ་མོ་དམརཿ བྱང་དུ་ཀརྨ་མཁའ་འགྲོ་ལྗང་གསལ་མདོགཿ སོ་སོར་རྒྱན་དང་ཆ་ལུགས་གཙོ་མོར་མཐུནཿ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་དང་བཅས་ཏེཿ པད་ཉི་རོ་ཡི་གདན་ལ་གར་སྟབས་འགྱིང་ཿ མཐའ་འཁོར་དཔའ་མོ་མཁའ་འགྲོ་བྱེ་བ་འབུམཿ ཡེ་ཤེས་ལྷ་ཚོགས་ཉི་ཟེར་རྡུལ་འཁྲིགས་བཞིནཿ མ་བསྐྱེད་ཡེ་རྫོགས་དཀྱིལ་འཁོར་ཆེན་པོར་གསལཿ «ཡེ་ནས་ལྷ་ཡི་རང་བཞིན་ལཿ སྐྱེད་དང་བསྐྱེད་བྱ་མི་དམིགས་ཀྱངཿ སྣང་ཆའི་རྟེན་འབྲེལ་བསླུ་མེད་ཕྱིརཿ གསལ་བརྟན་སྤྲོས་པ་བྲལ་བར་བསྒོམཿ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནིཿ »ཧཱུྃཿ ལྷུན་གྲུབ་འདུས་མ་བྱས་པའི་ཀློང་ཡངས་ནསཿ བདེ་སྟོང་སངས་རྒྱས་རིག་འཛིན་མཁའ་འགྲོའི་ཚོགསཿ ཆོས་ཉིད་ཀུན་བཟང་བྷ་གའི་དབྱིངས་རུམ་ནསཿ བདེ་ཆེན་ཡེ་ཤེས་རྡོ་རྗེ་རྣལ་འབྱོར་མཿ འཁྲུལ་རྟོགས་དབྱིངས་སུ་སྒྲོལ་ཕྱིར་སྤྱན་འདྲེན་ནོཿ ལྷན་སྐྱེས་ཟག་པ་མེད་པར་བྱིན་ཕོབ་ལཿ སྟོང་ཆེན་འདུས་མ་བྱས་པར་རྟགས་སྟོན་ཅིགཿ ཛྙཱ་ན་བཛྲ་ཌཱཀྐི་ནི་སརྦ་ས་མ་ཡ་ཧྲིཾ་ཧྲིཾ་ཨཾ་ཝེ་ཤ་ཡ་ཕེཾ་ཕེཾཿ ཨེ་ཨ་ར་ལི་ཛ་ཛཿ «གསུམ་པ་བཞུགས་སུ་གསོལ་བ་ནིཿ» ཧཱུྃཿ རང་ལས་སྤྲུལ་པའི་ཡེ་ཤེས་ལྷཿ འདུས་མ་བྱས་པ་ཡུམ་གྱི་ཀློངཿ མཚོ་ལ་ཁ་ཆར་འདྲེས་པ་བཞིནཿ གཉིས་མེད་བརྟན་པར་བཞུགས་སུ་གསོལཿ ས་མ་ཡཱཿ ཏིཥྛ་ལྷནཿ «ལྔ་པ་བརྡ་ཕྱག་འཚལ་བ་ནིཿ» རང་ལས་སྤྲུལ་པ་སྒྱུ་མའི་སྐུཿ དཔའ་བོའི་ཚོགས་ཀྱིས་བརྡ་ཕྱག་འཚལཿ ཡེ་ཤེས་ཆེན་པོའི་གར་བསྒྱུར་བའིཿ མཁའ་འགྲོའི་དགྱེས་པ་བསྐྱེད་གྱུར་ཅིགཿ ཨ་ཏི་པཱུ་ཧོཿ ན་མོ་ན་མ་ཧོཿ «དྲུག་པ་ཕྱི་ནང་གསང་མཆོད་ནིཿ »བདག་ཉིད་རྡོ་རྗེ་རྣལ་འབྱོར་མཆོད་པའི་ཕྱིརཿ ཕྱི་སྣོད་གླིང་བཞིས་བརྒྱན་གྱུར་མཆོད་ཚོགས་དངཿ དབང་པོ་དྲུག་ལ་འཆར་བའི་འདོད་ཡོན་སྤྲིནཿ མཛེས་སྡུག་ལང་ཚོས་བརྒྱན་ལྡན་བདེ་བའི་རོལཿ གཟུང་འཛིན་བསྒྲལ་བའི་རུས་པ་ཤ་ཁྲག་དངཿ སྲིད་ཞིའི་དཔལ་ཡོན་བླང་དོར་བྲལ་བ་རུཿ ཟག་པ་མེད་པའི་ཤ་ལྔ་བདུད་རྩི་ལྔཿ བཟང་ངན་བླང་དོར་བྲལ་བར་མཆོད་པ་འབུལཿ གཉིས་མེད་དགྱེས་པ་ཆེན་པོར་བཞེས་སུ་གསོལཿ ཨོཾ་བཛྲ་རཱུ་པ་ཤབྟ་གྷནྡྷེ་ར་ས་སྤརྴེ་སརྦ་མ་ཧཱ་པཉྩ་ཏ་ན་ག་ན་པཱུ་ཙ་ཨཱཿཧཱུྃཿ« བདུན་པ་བསྟོད་པ་བྱ་བ་ནིཿ »ཧཱུྃཿ བདག་མེད་ཤེས་རབ་ཀུན་བཟང་ཡུམ་ཆེན་མོཿ ངང་ལས་མ་གཡོས་འཕོ་མེད་རྡོ་རྗེའི་སྐུཿ གཞོམ་གཞིག་བྲལ་བའི་རྩལ་སྣང་རྣལ་འབྱོར་མཿ བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་མ་ལ་བསྟོདཿ ཀུན་གཞིའི་ཁམས་ལ་ལས་རླུང་གཡོས་པའི་འཕྲུལཿ ལུགས་ལྡོག་དགའ་བཞིའི་ཡེ་ཤེས་ལྷན་སྐྱེས་རྩལཿ སྦྱོར་བའི་གཞིར་སྣང་ཆེན་པོར་རྩལ་རྫོགས་པའིཿ དངོས་གྲུབ་ཀུན་འབྱུང་མ་ལ་ཕྱག་འཚལ་བསྟོདཿ ཡེ་ཤེས་བཞི་ཡི་རང་རྩལ་རྫོགས་པའི་གརཿ ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་ཅིངཿ སྐྱེ་གནས་བཞི་ཡི་བག་ཆགས་ཡོངས་སྦྱོང་བའིཿ རིགས་བཞིའི་གཙོ་མོ་མཁའ་འགྲོ་བཞི་ལ་བསྟོདཿ གཙོ་མོའི་སྒྱུ་འཕྲུལ་ཡེ་ཤེས་རོལ་བའི་གརཿ ཉི་མ་ལས་ནི་འོད་ཟེར་ཇི་བཞིན་དུཿ རྩལ་སྣང་འགྲོ་ཁམས་བདེ་ལ་འགོད་མཛད་པའིཿ དཔའ་བོ་ཌཱཀྐི་འཁོར་ཚོགས་རྒྱ་མཚོར་བསྟོདཿ «བརྒྱད་པ་ཐུགས་དམ་བསྐུལ་བ་ནིཿ »ཧཱུྃཿ ཡེ་ཤེས་ཌཱཀྐིའི་ལྷ་ཚོགས་བདག་ལ་དགོངསཿ ཁྱོད་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱངཿ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་སྤྲུལ་པཿ རྣལ་འབྱོར་གདུང་བས་གསོལ་བ་བཏབ་པའི་འབྲསཿ དེ་ཕྱིར་ཐུགས་རྗེའི་རྩལ་གྱིས་ཤུགས་ཕྱུངས་ལཿ བདག་རྒྱུད་བློ་ཡི་ཞེན་པ་རང་གྲོལ་ནསཿ རགས་པའི་སྒྱུ་ལུས་དྭངས་མའི་དབྱིངས་སུ་ཐིམཿ འཕོ་བ་ཆེན་པོ་རྡོ་རྗེའི་སྐུར་སྨིན་ནསཿ དགའ་སྡུག་རེ་དོགས་ཆགས་སྡང་དབྱིངས་སུ་ཡལཿ ཟག་པ་བག་ཆགས་བཅས་པ་ཀུན་ཟད་ནསཿ བཅུ་དྲུག་དགའ་སྟེར་འཕོ་མེད་ཆོས་སྐུའི་ཀློངཿ ཁྱོད་དང་དབྱེར་མེད་འདྲེས་པར་མི་མཛད་དམཿ ཐུགས་དམ་གནད་ནས་བསྐུལ་བ་འདིར་གསོན་ལཿ ཞལ་བཞེས་དུས་ལ་བབས་སོ་ས་བ་ཡཱཿ སྒྲུབ་པའི་འབྲས་བུ་དུས་འདིར་སྨིན་པར་མཛོདཿ« དེ་ནས་བཟླས་པ་བྱ་བ་ནིཿ» བདག་ཉིད་མཁའ་འགྲོའི་ཐུགས་ཀ་རུཿ བཟང་མོ་ཐལ་སྦྱར་སྐྱིལ་ཀྲུང་བཞུགསཿ ཐུགས་ཀར་ཉི་སྟེང་དགའ་འཁྱིལ་དབུསཿ ཨཱཿཡིག་མཐིང་ཀའི་མཐའི་བསྐོར་དུཿ སྔགས་ཀྱི་ཕྲེང་བས་བསྐོར་བ་ལཿ མ་ཡེངས་ཤེས་པ་རྩེ་གཅིག་གཏདཿ ཨོཾ་ཛྙཱ་ཌཱཀྐི་ནི་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་སརྦ་སིདྡྷི་ཧཱུྃཿ «གསང་བའི་ཡང་སྙིང་འདི་ལ་འབདཿ བསྐྱེད་རིམ་ལྷ་ལ་བཟླས་པ་སྔགསཿ རྫོགས་རིམ་བུམ་ཆེན་རླུང་དང་སྦྲགཿ གཏུམ་མོ་ཡེ་ཤེས་མེ་སྦར་བསཿ སྤྱི་བོར་བླ་མའི་ཐུགས་རྒྱུད་བསྐུལཿ སྦྱོར་མཚམས་བདུད་རྩིའི་རྒྱུན་བབས་པསཿ རྩ་གནས་དཔའ་བོ་རྣལ་འབྱོར་མཿ མཆོད་ཅིང་བདེ་བ་ཆེན་པོས་མཉེསཿ དགའ་བཞིའི་ཡེ་ཤེས་ཉམས་ཀྱི་ངངཿ »སླར་ཡང་ཐུགས་ཀའི་འོད་ཟེར་གྱིསཿ སྐུ་གསུམ་ཞིང་གི་རྒྱལ་བ་མཆོདཿ བྱིན་རླབས་དངོས་གྲུབ་ནུས་མཐུ་བསྡུསཿ འགྲོ་དྲུག་སྡུག་བསྔལ་ཡོངས་གསལ་ནསཿ ཀུན་ཀྱང་ཡུམ་ལྔའི་ཞིང་དུ་བཀོདཿ «བདེ་ཆེན་ཡེ་ཤེས་ངང་ནས་བཟླཿ མཚན་མའི་བསྙེན་པ་རྟགས་ཐོན་དངཿ གྲངས་ཀྱི་བསྙེན་པ་འབུམ་ཕྲག་ལྔཿ འབུམ་གཅིག་ཉོན་མོངས་སྒྲིབ་པ་སྦྱོངཿ འབུམ་གཉིས་ཤེས་རབ་ཡོངས་དག་འགྱུརཿ འབུམ་གསུམ་མཁའ་འགྲོའི་ཞལ་མཐོང་ཞིངཿ འབུམ་བཞི་ལས་བཞི་ལྷུན་གྱི་གྲུབཿ འབུམ་ལྔས་མཆོག་གི་རིག་འཛིན་འགྲུབཿ མོས་པའི་སྤྱོད་པས་ཉིས་འགྱུར་ཏེཿ གསུམ་འགྱུར་མ་འགྲུབ་ང་ཡིས་བསླུསཿ གཉིས་པ་སྒྲུབ་པའི་རིམ་པ་ནིཿ» གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིསཿ རིགས་བཞིའི་འཁོར་ཚོགས་ཡོངས་བསྐུལ་ནསཿ སོ་སོར་ཐུགས་ཀའི་ས་བོན་མཐརཿ རང་རང་སྔགས་ཀྱི་འོད་ཟེར་གྱིསཿ རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངསཿ བྱིན་རླབས་དངོས་གྲུབ་དྭངས་བཅུད་ཀུནཿ ཚུར་འདུས་གཙོ་འཁོར་གཟི་བརྗིད་རྒྱསཿ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཅིངཿ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་དམིགསཿ ཨོཾ་ཛྙཱ་ན་ཌཱཀྐི་ནི་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཌཱཀྐི་ནི་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿ སརྦ་སིདྡྷི་སྡུས་སྡུས་ན་ན་ཁ་དྷི་སྭཱ་ཧཱཿ «རྫོགས་རིམ་གཏུམ་མོ»་«ཉིད་དང་སྦྱརཿ འབུམ་ཕྲག་གཅིག་གིས་དངོས་གྲུབ་ཐོབཿ མཁའ་འགྲོའི་ཐུགས་ཀློང་དབྱེར་མེད་འདྲེསཿ ལས་བཞི་ལྷུན་གྲུབ་མྱ་ངན་འདའ༔ མཁའ་འགྲོ་འབུམ་གྱི་སྟོང་སྲོག་དབངཿ ལོངས་སྐུའི་ཞིང་དུ་དབང་བསྐུར་ནཿ སྲིད་པ་གསུམ་ལ་ལྟ་ཅི་སྨོསཿ དེ་ཕྱིར་གསང་བའི་མན་ངག་གོཿ ལས་སྦྱོར་སྒྲུབ་པའི་རིམ་པ་ནིཿ »གཙོ་མོའི་ཐུགས་ཀའི་འོད་ཟེར་གྱིསཿ རྩ་གནས་དཔའ་བོ་མཁའ་འགྲོ་བསྐུལཿ འོད་འཕྲོས་རིགས་བཞིའི་འཁོར་ཚོགས་ལཿ ཕོག་པས་གུས་འདུད་གཟི་བརྗིད་རྒྱསཿ ལས་མཐུན་འོད་ཟེར་འཕྲོས་པ་ཡིསཿ རབ་འབྱམས་ཕྲིན་ལས་མྱུར་འགྲུབ་དམིགསཿ ཨོཾ་ཛྙཱ་ན་ཌཱཀྐི་ནི་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཤཱིནྟཾ་པུཥྟིཾ་པུཥྟིཾ་ཝ་ཤཾ་མ་ར་ཡ་སརྦ་སིདྡྷི་ཧཱུྃ་ཛཿ «འབུམ་ཕྲག་གཅིག་གིས་ལས་འགྲུབ་ཅིངཿ རབ་འབྱམས་ཕྲིན་ལས་ཐོགས་པ་མེདཿ དམིགས་པའི་ལྡེ་ཁ་བསྒྱུར་བ་སྟེཿ ལས་སྦྱོར་ཁ་བསྒྱུར་ཞལ་ལས་ཤེསཿ ཡང་གསང་བླ་ན་མེད་པ་ཡིཿ མཁའ་འགྲོའི་ཐུགས་ཀྱི་སྒྲུབ་པའོཿ ཐུན་མཐར་དབྱངས་གསལ་རྟེན་སྙིང་བརྗོདཿ མཆོད་ཅིང་བསྟོད་པའི་རིམ་པ་ནིཿ »ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་འཁོར་བཅས་ལཿ ཁྱད་པར་མཆོད་པ་གཟུགས་སྒྲ་དྲི་རོ་རེགཿ མ་ཧཱ་བ་ལིང་པཉྩ་རཀྟ་དངཿ སྦྱོར་སྒྲོལ་བདེ་བ་ཆེན་པོའི་མཆོད་པ་འབུལཿ བཞེས་ལ་བླ་མེད་མཆོག་གི་དངོས་གྲུབ་སྩོལཿ བཛྲ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་དྱ་ཤབྟ་མ་ཧཱ་པཉྩ་རཀྟ་བ་ལིངྟ་པཱུ་ཙ་ཧོཿ ཧཱུྃཿ བདེ་སྟོང་དབྱེར་མེད་ཀུན་བཟང་ཡུམ་ཆེན་མོཿ ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་རྣལ་འབྱོར་མཿ དྲག་གཏུམ་སྐུར་བཞེངས་རྒྱལ་ཀུན་བསྐྱེད་པའི་ཡུམཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ «དེ་ནས་རྗེས་ཀྱི་རིམ་པ་ལཿ ཐུགས་དམ་གནད་ནས་བསྐུལ་བ་ནིཿ» ཧཱུྃཿ ཆོས་ཀྱི་དབྱིངས་ལས་རང་བཞིན་སྤྲུལ་པའི་ལྷཿ ཞི་ཆགས་ཁྲོ་མོའི་རྣམ་རོལ་བསམ་ཡས་གརཿ ལྷག་པའི་ལྷ་མཆོག་རྡོ་རྗེ་རྣལ་འབྱོར་མཿ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡཱཿ བདག་ནི་རྩེ་གཅིག་ཡི་དམ་ཁྱོད་སྒྲུབ་ཅིངཿ སྲོག་གི་ཕྱིར་ཡང་མི་གཏོང་དམ་བཅའ་བཟུང་ཿ ཁྱོད་ཀྱང་ཐུགས་དམ་དུས་ལ་མི་དགོངས་སམཿ རེ་ཞིང་ལྟོས་སོ་ཡེ་ཤེས་ལྷ་ཡི་ལྷཿ ཐུགས་མཆོག་གསང་བ་དམ་པའི་སྒོ་ཕྱེས་ལཿ བདག་བྱིན་རློབས་པའི་ཐུགས་རྗེས་ཤུགས་ཕྱུང་ནསཿ དགྱེས་པའི་ཞལ་སྟོན་རྡོ་རྗེའི་གསུང་སྒྲོགས་ཤིངཿ བསྒྲུབས་པའི་འབྲས་བུ་དུས་འདིར་མཆིས་པར་མཛོདཿ« དངོས་གྲུབ་ལེན་པ་ནིཿ »ཧཱུྃཿ དགོངས་ཤིག་ཡི་དམ་རྡོ་རྗེ་རྣལ་འབྱོར་མཿ ཁྱོད་སྒྲུབ་ཕྲིན་ལས་གཞུང་བཞིན་བགྱིས་པ་ལཿ བསྒྲུབས་པའི་འབྲས་བུ་སྨིན་པའི་དུས་ལ་བབཿ རྡོ་རྗེ་གསང་བའི་དམ་ལས་མ་འགལ་ཞིངཿ གསང་གསུམ་དགྱེས་པ་ཆེན་པོ་རབ་བསྐངས་ནཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིཿ དབང་དང་བྱིན་རླབས་མཆོག་དང་ཐུན་མོང་གིཿ དངོས་གྲུབ་རྣམ་གཉིས་དེང་འདིར་སྩལ་དུ་གསོལཿ «རྩ་སྔགས་ཤམ་བུརཿ» ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ «ནོངས་པ་བཤགས་པ་ནིཿ »ཧོཿ ཡེ་ནས་ལྷ་དང་གཉིས་སུ་མེད་པ་ལཿ ཉམས་དང་བཤགས་པར་བྱ་བ་མི་དམིགས་ཀྱངཿ གཉིས་འཛིན་དབང་གིས་བག་མེད་འགལ་འཁྲུལ་ཉམསཿ མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱིཿ «ཡི་གེ་བརྒྱ་པ་ལན་བདུན་དངཿ དྲི་མེད་ཤེལ་ཕྲེང་བཤགས་པ་བརྗོདཿ ཉེར་བསྡུ་ལྷར་ལྡང་ནིཿ »ཧཱུྃཿ རྟེན་ཉིད་བརྟེན་པར་སྤྲུལ་པ་སྤྲུལ་གཞིར་བསྡུཿ སྤྲུལ་གཞིའི་མཁའ་འགྲོ་ནམ་མཁའི་འཇའ་ལྟར་ཡལཿ སླར་ཡང་རྣལ་འབྱོར་སྔོན་མོ་གྲི་ཐོད་ཅནཿ སྣང་ལ་རང་བཞིན་མེད་པར་ཝལ་གྱིས་གསལཿ གཟུགས་སྣང་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་སྐུཿ སྒྲ་གྲགས་ཐམས་ཅད་ཆོས་ཉིད་སྟོང་པའི་སྒྲཿ དྲན་རྟོག་ཐམས་ཅད་ཀུན་བཟང་ཡུམ་ཆེན་ཀློངཿ སྨྲ་བསམ་བརྗོད་བ་བྲལ་བའི་ཀློང་དུ་ཨཿ དགེ་བ་རྫོགས་བྱང་བསྔོ་བ་ནིཿ བདག་གི་དུས་གསུམ་དགེ་ཚོགས་རྒྱ་མཚོ་དངཿ ལམ་འདིར་འབད་པའི་འབྲས་བུ་མི་ཟད་གཏེརཿ དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས་པའིཿ སྡུག་བསྔལ་སེམས་ཅན་བྱང་ཆུབ་ཐོབ་ཕྱིར་བསྔོཿ« སྨོན་ལམ་རྣམ་དག་ནིཿ »མཁའ་འགྲོ་བསྒྲུབས་པའི་བྱིན་རླབས་ནུས་མཐུ་ཡིསཿ སྐྱེ་དང་ཚེ་རབས་གང་དང་གང་སྐྱེས་པའིཿ བཟང་ངན་བར་མས་འབྲེལ་བའི་འགྲོ་བ་ཀུནཿ རྫོགས་སངས་རྒྱས་པའི་འབྲས་བུ་ཐོབ་པར་ཤོགཿ གསང་སྔགས་སྨིན་གྲོལ་ཆོས་དང་ཐབས་ཀྱིས་བསྡུསཿ ཤ་ཁྲག་དད་དང་ཡང་གསང་ལམ་ཞུགས་རྣམསཿ ཚེ་འདིར་རིག་འཛིན་གྲལ་དུ་འཁོད་པར་ཤོགཿ བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུཿ གནས་ངན་སྡུག་བསྔལ་དྲག་པོས་གཟིར་བའི་སརཿ འགྲོ་བའི་དོན་དུ་ལུས་དང་སྲོག་གཏོང་ཞིངཿ འཁོར་བ་མ་སྟོངས་བར་དུ་གནས་པར་ཤོགཿ« བཀྲ་ཤིས་བརྗོད་པ་ནིཿ »བསླུ་མེད་སྐྱབས་གནས་དཀོན་མཆོག་རྣམ་པ་གསུམཿ ཀུན་བཟང་རྡོ་རྗེ་འཆང་དངོས་དྲི་མ་མེདཿ དགའ་རབ་ཤྲཱི་སེང་པད་འབྱུང་བི་མ་ལཿ རྣམ་གསུམ་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོགཿ མངོན་རྫོགས་རྒྱལ་པོ་ཁྲག་འཐུང་རིགས་ལྔ་དངཿ གཏུམ་དྲག་རབ་ཁྲོས་ཁྲོ་བོ་འཆོལ་བའི་ཚོགསཿ འཇིགས་རུང་འཁོར་འདས་ཟས་སུ་ཟ་བྱེད་པའིཿ ཡི་དམ་ཞི་ཁྲོའི་ལྷ་ཚོགས་བཀྲ་ཤིས་ཤོགཿ བཟང་མོ་རིགས་ཀྱི་ཡུམ་ལྔ་ནམ་ཞལ་མཿ རྡོ་རྗེ་རྣལ་འབྱོར་བདུད་འདུལ་གསང་ཡེ་ཡུམཿ རིགས་བཞི་ལས་མཛད་སྤྲུལ་དང་ཡང་སྤྲུལ་ཚོགསཿ ཡེ་ཤེས་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་ཤོགཿ «ཨེ་མཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་ཟབ་པའི་གནདཿ བཅུད་ཀྱི་སྙིང་པོ་མཁའ་འགྲོའི་གསང་སྒྲུབ་འདིཿ དཔའ་བོ་མཁའ་འགྲོ་རྣམས་ཀྱི་བླ་རྡོ་སྟེཿ ཉམས་བླངས་སྐུ་གསུམ་རྒྱལ་སར་དབུགས་དབྱུང་ཞིངཿ སྡུག་བསྔལ་སེམས་ཅན་འདྲེན་པའི་དེད་དཔོན་འགྱུརཿ སྦྱོར་བ་ལྷན་སྐྱེས་བདེ་ཆེན་ཡེ་ཤེས་དངཿ ཐོད་རྒལ་འོད་གསལ་སྣང་ཞིང་འཁོར་འདས་གནདཿ བར་དོར་མ་པང་བུ་འཇུག་གདམས་པ་གསུམཿ འདི་ཡི་ལམ་གནད་གྲོལ་བར་འགྱུར་རོ་བུཿ ང་ཉིད་དྲི་མ་མེད་པའི་སྙིང་བཅུད་དེཿ དགའ་རབ་པད་འབྱུང་ཐུགས་ཀྱི་ཀློང་དུ་སྦསཿ ལྔ་བདོར་འགྲོ་དོན་དུས་ལ་བབས་པའི་ཚེཿ སྐལ་ལྡན་ལས་ཅན་ཡབ་ཡུམ་གསུམ་ལ་གཏདཿ ལམ་འདིའི་བསྙེན་སྒྲུབ་མཐའ་རུ་ཕྱིན་པ་ནཿ ཡང་གསང་ཐུགས་ཐིག་དཀའ་བའི་གནད་རྣམས་ཀུནཿ མཁའ་ལ་ཉི་ཤར་བཞིན་དུ་རྟོགས་པར་ངེསཿ དེ་ཕྱིར་སྲོག་ལས་གཅེས་པར་ཟུངས་ཤིག་ཨངཿ བཀའ་འདི་མ་གཟའ་གཉིས་དང་འབར་མ་གསུམཿ སྤུ་གྲི་མཆེད་གསུམ་སྲོག་བདུད་ཁྱོད་ལ་གཏདཿ དྲེགས་པའི་བདག་པོས་མེལ་ཚེ་སྲི་ཞུ་གྱིསཿ ལས་ཀྱི་གཉེར་འཛིན་སིང་ཧ་མུ་ཁར་གཏདཿ རིགས་ལྡན་མ་གཏོགས་གཞན་ལག་ཤོར་བ་ནཿ རྡོ་རྗེ་དམྱལ་བ་ཆེན་པོར་ཨ་ལ་ལཿ དེ་ཕྱིར་གསང་སྒོ་དམ་ན་དངོས་གྲུབ་ཐོབཿ འདི་ཡི་ཆ་ལག་གསང་བ་གཅིག་བརྒྱུད་དོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ན་ར་ཀནཿ གུ་ཧྱཿ ཁ་ཐཾཿ དྲི་མ་མེད་པའི་གསུང་གི་བདུད་རྩིའི་རྒྱུནཿ བཅོས་སླད་མེད་བར་དགའ་རབ་རྡོ་རྗེས་སྨྲས༔ ཡི་གེའི་འདུ་བྱེད་དྷརྨཱ་ཨ་ཤྭའི་སྤྲུལཿ རྡོ་རྗེ་འཛིན་པ་རིག་པའི་ཡེ་ཤེས་ཀྱིསཿ བགྱིས་པའི་ཆོས་འདི་ཟབ་པའི་མཐར་ཐུག་གོཿ ཿཤུ་བྷཾཿ ཿ