DKYD-KABUM-05-CA-005

From Khyentse Lineage - A Tsadra Foundation Project
Wylie title
Location mdo mkhyen brtse bka' 'bum
Volume 5, Text 5, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
ཡི་དམ་པདྨ་དབང་ཆེན་གྱི༔ རྒྱུན་ཁྱེར་ཁམས་གསུམ་དབང་སྡུད་བཞུགས༔ དབང་ཆེན་ཁྲོ་བོ་རྒྱལ་ལ་འདུད༔ ཡི་དམ་པདྨ་དབང་ཆེན་གྱི༔ རྒྱུན་ཁྱེར་ཁམས་གསུམ་དབང་སྡུད་ནི༔ རང་རིག་མ་བཅོས་དོན་གྱི་ལྷ༔ ཧེ་རུ་ཀ་ལ་སྐྱབས་སུ་མཆི༔ ཁམས་གསུམ་འཁོར་བ་ཡོངས་བསྒྲལ་ཕྱིར༔ བླ་མེད་བྱང་ཆུབ་སེམས་མཆོག་བསྐྱེདཿ ཧྲཱིཿ རང་རིག་མ་བཅོས་སོ་མའི་ངང༔ ཆུ་ལས་ཆུ་བུར་རྡོལ་བ་བཞིན༔ པདྨ་འོད་ཀྱི་གཞལ་ཡ་ཁང༔ རྒྱན་དང་བཀོད་པ་ལྷུན་རྫོགས་དབུས༔ པདྨ་ཉི་ཟླ་བམ་ཆེན་སྟེང༔ པདྨ་དབང་ཆེན་རྟ་མགྲིན་རྒྱལ༔ སྐུ་དམོག་བྱུ་རུ་སྣུམ་བསྐུས་ལྟར༔ ཞལ་གཅིག་ཞི་ཁྲོ་ཆགས་པའི་ཉམས༔ སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས༔ དབུ་སྐྲ་སྨར་སྨིན་དམར་སེར་འབར༔ སྤྱི་བོར་རྟ་མགོ་ལྗང་ཞུར་ནི༔ རྔོག་མ་ལེབ་རྒན་མེ་སྟག་འཕྲོཿ མཚེར་སྐད་སྒྲ་ཡིས་ཞིང་ཁམས་བསྐུལཿ ཕྱག་གཡས་དབྱུང་ཏོ་ནམ་མཁར་ཕྱརཿ གཡོན་པས་སྡིག་མཛུབ་ཞགས་པ་བསྣམས༔ ཞབས་གཉིས་ཁྲོ་བོའི་དོར་སྟབས་བགྲདཿ དུར་ཁྲོད་རོལ་པའི་ཆས་བརྒྱད་གསོལ༔ ཡེ་ཤེས་བསྐལ་མེ་འབར་བའི་ཀློང༔ ཁམས་གསུམ་དབང་སྡུད་དྲག་པོའི་སྐུཿ ཡེ་ཤེས་ལྷ་དག་འདུ་འབྲལ་མེདཿ དམ་ཡེ་དབྱེར་མེད་ཡེ་རྫོགས་ངངཿ སྙིང་ཀར་ཡེ་ཤེས་སེམས་དཔའ་ནི༔ སྣང་མཐའ་སྐྱིལ་ཀླུང་མཉམ་བཞག་ཅན༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ ཧྲཱི༔མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཀྱིས་འཁོར་འདས་སྣོད་བཅུད་བསྡུས༔ བྱིན་རླབས་གཟི་འོད་འབར་བར་གྱུར༔ ཨོཾ་པདྨ་ཀྲོ་ཏ་ཧྱ་བྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ སྒོ་གསུམ་ལྷ་སྔགས་ཆོས་ཉིད་ངང༔ བརྒྱ་སྟོང་ཁྲི་འབུམ་སྐབས་དང་བསྟུན༔ ཡེ་ཤེས་སེམས་དཔར་སེམས་བཟུང་ནས༔ འཁོར་འདས་ཀུན་གྱི་ཚེ་བཅུད་བསྡུསཿ བཀྲག་མདངས་གཟི་བརྗིད་རབ་ཏུ་རྒྱསཿ འཆི་མེད་རིག་འཛིན་འགྲུབ་པར་དམིགས༔ ཧྲཱིཿ བགྲངས་ཤིང་དམིགས་གནད་ལྡན་བར་བྱ༔ ཡི་དམ་གཅིག་ཆོག་ནོར་བུའི་ལུགས༔ ཞལ་མཐོང་བྱིན་རླབས་དངོས་གྲུབ་མྱུརཿ ཚེ་འདིར་རྫུ་འཕྲུལ་ཐོགས་མེད་འགྲུབ༔ ཕྱི་མར་འོད་སྐུར་གྲོལ་བར་ངེས༔ ཀློང་བྱང་མཁའ་འགྲོའི་བརྡ་རིས་ལས༔ བརྟུལ་ཞུགས་ཨ་ཙར་དམར་པོ་ཡིས༔ ལྷ་ལྕམ་ཌཱཀྐིའི་ཕྱག་ཆ་རུཿ ཕབ་འདི་བསྟན་འགྲོའི་དཔལ་དུ་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཨི་ཐི་རྒྱཿ ཡི་གེ་འདུ་བྱེད་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་བཀྲ་ཤིས་བྱིན་ཆགས་པར་གྱུར་ཅིགཿ