གསོད་བྱེད་མེ་ཡི་སྤུ་གྲི་ཡིཿ གཏོར་འབུལ་ཡེ་ཤེས་མེ་ལྕེཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-04-NGA-026
Wylie title gsod byed me yi spu gri yi gtor 'bul ye shes me lce
Location mdo mkhyen brtse bka' 'bum
Volume 4, Text 26, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Torma-offering Rituals - gtor chog
Cycle གསོད་བྱེད་མེ་ཡི་སྤུ་གྲི་ (gsod byed me yi spu gri)
Parent Cycle ཟབ་གསང་པདྨ་ཐུགས་ཐིག་ (zab gsang pad+ma thugs thig)
Deity khro rgyal khyung chen
Colophon

བདག་འདྲ་ཁྲག་འཐུང་དཔའ་བོས་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིས་བྲིས་པའོ།། །།

bdag 'dra khrag 'thung dpa' bos brda ris las dag par phab pa'i yi ge 'du byed rig pa'i ye shes kyis bris pa'o//

[edit]
༄༅། །གསོད་བྱེད་མེ་ཡི་སྤུ་གྲི་ཡིཿ གཏོར་འབུལ་ཡེ་ཤེས་མེ་ལྕེ་བཞུགསཿ

༄༅། «།ཐུན་མཚམས་གཏོར་མ་འབུལ་བ་ནིཿ བཱ་ལིང་ཤ་ཁྲག་རྒྱན་ལྡན་བཤམསཿ སྨན་དང་རཀྟས་བྲན་བྱས་ལཿ »རང་ཉིད་ཁྲོ་རྒྱལ་ཐུགས་ཀ་ནསཿ ཡེ་ཤེས་མེ་རླུང་ཆུ་འཕྲོས་པསཿ གཏོར་མའི་བག་ཆགས་བསྲེགས་གཏོར་བཀྲུསཿ སླར་ཡང་ཡི་གེ་གསུམ་དུ་སྒྱུརཿ འོད་ཞུ་ཡེ་ཤེས་བདུད་རྩི་ལཿ ཤ་ལྔ་ལ་སོགས་དམ་ཚིག་གིཿ བཅུད་ལྡན་དམ་རྫས་བཱ་ལིངྟཿ འཛད་མེད་ནམ་མཁའ་མཛོད་དུ་གྱུརཿ རཾ་ཡཾ་ཁཾཿ« ལན་གསུམཿ» ཨོཾ་ཨཱཿཧཱུྃཿ «གསུམཿ» ཨོཾ་མ་ཧཱ་པཉྩ་བྷ་ལིངྟ་རཀྟ་ཨཱཿཧཱུྃཿ ཧཱུྃཿ འོག་མིན་གཏུམ་དྲག་རོལ་བའི་ཞིང་ཁམས་དངཿ ལྷོ་ནུབ་ཟངས་མདོག་དཔལ་རིའི་རྩེ་མོ་ནསཿ ཡེ་ཤེས་ཁྲོ་རྒྱལ་བྱ་ཁྱུང་ག་རུ་ཊཿ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་ཀུནཿ གློག་ལྟར་མྱུར་བའི་ཐུགས་རྗེའི་ཤུགས་བསྐྱེད་ལཿ སྐད་ཅིག་ཙམ་གྱིས་གནས་འདིར་གཤེགས་སུ་གསོལཿ ག་རུ་ཊ་སརྦ་ས་མ་ཡ་ཛ་ཛཿ མདུན་མཁར་མེ་དཔུང་འཁྲིགས་པའི་དབུས་སུ་བཞུགསཿ ཁྱོད་ལ་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལཿ ཡོན་ཏན་རྗེས་སུ་དྲན་པའི་གླུ་ཡིས་བསྟོདཿ ཁམས་གསུམ་སྲོག་གི་གཤེད་མར་མངའ་གསོལ་ལོཿ ན་མོ་ན་མ་ཧོཿ ཨེ་མ་ཧོཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལཿ རི་རབ་རི་ཡི་རྩེ་མོ་འོག་མིན་དུཿ སྤྲུལ་པའི་སྐུ་ཁྱོད་རྒྱལ་བའི་སྲས་སུ་འཁྲུངསཿ ཁམས་གསུམ་སྲོག་གི་གཤེད་མར་མངའ་གསོལ་ཞིངཿ གསང་བའི་གར་བསྒྱུར་ཁྲོ་རྒྱལ་ཐུགས་བཅུད་བསྡུསཿ སླར་ཡང་རི་བོ་གནམ་ལྕགས་འབར་བའི་རྩེརཿ ཨ་ཙར་དམར་པོས་རྩེ་གཅིག་བསྒྲུབ་པའི་ཚེཿ ཁྱོད་དང་དབྱེར་མེད་འདྲེས་ཤིང་ལང་ཀའི་ཡུལཿ མུ་སྟེགས་ཀླུ་སྲིན་བདུན་འབུམ་ཟས་སུ་ཟོསཿ སླར་ཡང་ཁྲག་འཐུང་གཞོན་ནུ་ཧེ་རུ་ཀསཿ སྨོན་ལམ་དབང་བསྐུར་ཟངས་མདོག་དཔལ་རིའི་རྩེརཿ ཤཱཀ་ཐུབ་བསྟན་པ་མ་རྫོགས་འོད་ཀྱི་ལུསཿ ཡེ་ཤེས་སྙིང་པོ་ཅན་དུ་བྱིན་བརླབས་ནསཿ བཞུགས་པར་བཀའ་བསྒོས་ཐུགས་དམ་དུས་ལ་བབསཿ བདག་ལ་རྗེས་དགོངས་མཐུ་སྟོབས་དངོས་གྲུབ་སྩོལཿ ལྷ་ཡི་ཞལ་ཟས་རྒྱན་ལྡན་གཏོར་མ་འདིཿ ཁྱོད་ལ་མཆོད་པས་དགྱེས་སྐོང་མི་མངའ་ཡངཿ བདག་དང་དམ་ཚིག་གཅིག་ཏུ་འབྲེལ་བ་དངཿ གདུག་པ་ཅན་གྱི་གཟའ་ཀླུ་གཉན་སྲིན་གྱིཿ སྲོག་སྙིང་བླ་ཡིད་རྟེན་དུ་ལེགས་བཤམས་ཏེཿ ཁྱོད་ལ་མཆོད་པ་འབུལ་ལོ་བཞེས་སུ་གསོལཿ གཞན་ཡང་གསོལ་བའི་ཟས་ཀྱི་བྱེ་བྲག་ནིཿ ལྷ་ཡི་དམག་ཚོགས་བྱ་དཀར་རི་ལྟར་སྤུངསཿ གཟའ་ཡི་དམག་ཚོགས་བྱ་དམར་རྫ་ལྟར་བསྙིལཿ གཉན་གྱི་དམག་ཚོགས་ཉ་ཆེན་ཐང་ལྟར་བཀྲམཿ ཀླུ་ཡི་དམག་ཚོགས་སྦྲུལ་ནག་མཚོ་ལྟར་བསྐྱིལཿ ས་བདག་དམག་ཚོགས་སྦལ་སྡོམ་ཉི་ལི་ལིཿ བདུད་ཀྱི་དམག་ཚོགས་བྱ་ནག་འདུ་རུ་རུཿ རྒྱལ་པོའི་དམག་ཚོགས་ཁྱི་དམར་སྤུངས་སེ་སྤུངཿ བསེན་མོའི་དམག་ཚོགས་ཁྱི་ནག་ཁེངས་སེ་ཁེང་ཿ བཙན་གྱི་དམག་ཚོགས་བྱ་དམར་ལྷབས་སེ་ལྷབཿ དམ་སྲིའི་དམག་ཚོགས་སྲོག་ཆགས་བྱེ་མའི་གྲངསཿ གཞན་ཡང་ཁམས་གསུམ་གཟུགས་ཅན་གཟུགས་མེད་ཚོགསཿ ཁྲོ་བོའི་རྒྱལ་པོ་ཁྱེད་ལ་མཆོད་པར་འབུལཿ ལོ་ཀའི་ཞེ་སྡང་རུས་དང་འདོད་ཆགས་ཁྲགཿ གཏི་མུག་ཤ་ལ་ང་རྒྱལ་དོན་ལྔ་དངཿ ཕྲག་དོག་སྣོད་དྲུག་ལྷག་མ་མེད་པར་གསོལཿ ཅིབ་ཅིབ་ཀྲུམ་ཀྲུམ་ཧུར་ཧུར་ཁ་རཾ་ཁཱ་ཧིཿ འཁོར་བ་ཡོངས་སྒྲོལ་རྣམ་ཤེས་སྐྱེ་མེད་ཀློངཿ སྲིད་གསུམ་རྣམ་དག་སྐུ་གསུམ་ཞིང་དུ་བསྒྱུརཿ མ་ཧཱ་བཱ་ལིངྟ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཧ་ལ་ཧ་ལ་ཁ་རཾ་ཁཱ་ཧིཿ ཧྲཱིཿ འདོད་ཆགས་རྡོ་རྗེ་བྱ་ཁྱུང་ག་རུ་ཊཿ ཞེ་སྡང་རྡོ་རྗེ་ཁྲོ་བོ་འཆོལ་བའི་དཔལཿ གཏི་མུག་རྡོ་རྗེ་དགེ་སྡིག་བླང་དོར་བྲལཿ ང་རྒྱལ་རྡོ་རྗེ་སྲིད་གསུམ་ཟིལ་གྱིས་མནནཿ ཕྲག་དོག་རྡོ་རྗེ་ལྷ་ཡང་ཟས་སུ་ཟཿ བདུད་འདུལ་དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོདཿ གདོད་མ་ཉིད་ནས་མངོན་པར་བྱང་ཆུབ་ཀྱངཿ སངས་རྒྱས་རྣམས་ཀྱི་དགོངས་པ་གཅིག་བསྡུས་ཏེཿ མ་འོངས་གདུག་པ་འདུལ་བར་རབ་བསྔགས་པའིཿ ཁྱེད་ཀྱི་ཐུགས་དམ་དུས་ལས་མ་གཡེལ་བརཿ ལོག་པའི་ལམ་ཞུགས་གཟུང་འཛིན་འཆིང་བ་ཅནཿ ཀླུ་གཉན་ས་བདག་འབྱུང་པོ་དམ་སྲིའི་སྡེཿ གཟའ་གདོན་ལྷོག་པ་སྤུན་དགུ་ཐེའུ་རང་སྲིནཿ ཙོ་ར་གདུག་པའི་སེམས་ལྡན་རྒྱལ་འགོང་དབུསཿ སྲིན་མོ་གསར་བྱུང་གདུག་འདྲེ་སུ་ཡང་རུངཿ གནམ་ལྕགས་འབར་བའི་སྡེར་མོས་སྙིང་བྱུང་ལཿ སྲོག་དབུགས་བླ་རྟེན་བཀྲག་མདངས་ཟས་སུ་ཟོཿ ཚེ་བསོད་རྣལ་འབྱོར་བདག་ལ་སིདྡྷིར་སྩོལཿ འཁོར་བ་དོང་སྤྲུགས་སྲིད་གསུམ་དབྱིངས་སུ་སྒྲོལཿ མདུན་གྱི་ཡི་དམ་འོད་ཞུ་བདག་ལ་ཐིམཿ རང་ཉིད་ཁྲོ་བོ་འཆོལ་བའི་ང་རྒྱལ་ངངཿ ལས་བཞི་ལྷུན་གྲུབ་སྣང་བ་རྣམ་པར་དགཿ ཀུན་ཁྱབ་འདུས་མ་བྱས་པའི་ཀློང་དུ་ཨཱཿ «བསྙེན་པ་བཟླ་ཞིང་གཏོར་མ་མཆོདཿ ཐུན་མཚམས་གཏོར་མའི་རིམ་པ་འདིཿ ཨཱ་ཙར་དམར་བོའི་ཁྱད་ཆོས་སོཿ ས་མ་ཡཱཿ རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ བདག་འདྲ་ཁྲག་འཐུང་དཔའ་བོས་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིས་བྲིས་པའོ།། །།