ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ རྒྱུན་ཁྱེར་ཨ་ཏི་ལམ་བཟངཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-04-NGA-017
Wylie title yang gsang mkha' 'gro'i thugs thig las rgyun khyer a ti lam bzang
Location mdo mkhyen brtse bka' 'bum
Volume 4, Text 17, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Daily Practice - rgyun khyer
Cycle ཡང་གསང་མཁའ་འགྲོའི་ཐུགས་ཐིག་ (yang gsang mkha' 'gro'i thugs thig)
[edit]
༄༅། །ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ རྒྱུན་ཁྱེར་ཨ་ཏི་ལམ་བཟང་བཞུགསཿ

༄༅། «།ཁྲག་འཐུང་ཧེ་རུ་ཀ་ལ་འདུདཿ བླ་རྫོགས་ཐུགས་གསུམ་སྙིང་གི་བཅུདཿ སྐུ་གསུམ་རྩ་གསུམ་འདུས་པའི་དཔལཿ དྲིལ་སྒྲུབ་གསང་བ་གཅིག་རྒྱུད་ལསཿ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་བསྟནཿ »ན་མོཿ ཀ་དག་སྤྲོས་བྲལ་དོན་གྱི་གཤིསཿ རིག་རྩལ་རྩ་གསུམ་ལྷ་ཚོགས་ལཿ སྤང་བླང་བྲལ་བར་སྐྱབས་སུ་མཆིཿ འཁྲུལ་བ་གཞི་གྲོལ་སེམས་མཆོག་བསྐྱེདཿ ཧཱུྃཿ ཆོས་ཀུན་མི་དམིགས་སྟོང་པའི་ངངཿ རིག་པ་ཆུ་ལ་ཉ་འཕར་ལྟརཿ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀཿ ཆེ་མཆོག་ཨིནྡྲ་ནི་ལིའི་མདོགཿ གཡས་དཀར་གཡོན་དམར་དབུས་མཐིང་གིཿ ཉི་ཤུ་རྩ་གཅིག་དབུ་ཡིས་བརྒྱནཿ རེ་རེ་ལ་ཡང་སྤྱན་གསུམ་མཛེསཿ འཛུམ་ཆགས་ཁྲོ་བོའི་ཉམས་དང་ལྡནཿ ཞེ་གཉིས་ཕྱག་གི་དང་པོ་གཉིསཿ རྡོར་དུང་ཡུམ་འཁྱུད་འོག་མ་རྣམསཿ ཞི་བའི་ལྷ་ཚོགས་བཞི་བཅུ་བསྣམསཿ ཞབས་བརྒྱད་དབང་ཕྱུག་དྲེགས་པ་བརྫིསཿ དུར་ཁྲཽད་དཔལ་ཆས་ལྷ་ཀླུ་གཟའཿ ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགསཿ གནམ་ཞལ་ཡུམ་མཆོག་ནམ་མཁའི་མདོགཿ དབུ་དགུ་རང་མདོག་བཅོ་བརྒྱད་ཕྱགཿ དང་པོ་གཉིས་ཀྱི་གྲི་ཐོད་འཁྱུདཿ ལྷག་མས་མཚོན་ཆ་སྣ་ཚོགས་རྔམསཿ ཞབས་བཞི་གཉིས་བརྐྱང་གཉིས་འཁྲིལ་ཞིངཿ ཁྲོ་མོའི་རྒྱན་ཆ་དུ་མས་སྤུདཿ ཡབ་ཡུམ་ཉི་ཟླ་པདྨ་རོལཿ བདེ་སྟོང་ཡེ་ཤེས་འདུ་འབྲལ་མེདཿ གནས་ལྔར་རིགས་ལྔའི་ཧེ་རུ་ཀཿ ཡབ་ཡུམ་མཉམ་སྦྱོར་འཁོར་ཚོགས་སྤྲུལཿ ཡབ་ཡུམ་སྐུ་ཡི་བཀོད་པ་ལཿ ཁྲག་འཐུང་དཀྱིལ་འཁོར་ཡོངས་སུ་རྫོགསཿ སྒྲུབ་སྡེ་བརྒྱད་དང་ཁྲོ་བོ་བཅུཿ གནས་ཡུལ་དཔའ་བོ་མཁའ་འགྲོ་དངཿ མ་མོ་དབང་ཕྱུག་དམ་ཅན་ཚོགསཿ ཉི་ཟེར་རྡུལ་ཕྲན་ཇི་བཞིན་དུཿ མ་བསྐྱེད་ཡོངས་གྲུབ་ཆེན་པོར་གསལཿ རང་ཉིད་ལྷ་ལ་ལྷ་ཉིད་རངཿ ཡེ་ནས་ལྷུན་གྲུབ་འདུ་མ་བྱསཿ འཁོར་བ་མ་སྤངས་གནས་སུ་དགཿ གཞོན་ནུ་བུམ་སྐུའི་རང་མདངས་ངངཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་བཞུགསཿ ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོདཿ བག་མེད་ཉམས་ཆགས་འགལ་འཁྲུལ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ སྙིང་དབུས་བླ་མ་ཀུན་ཏུ་བཟང་ཿ ཐུགས་ཀར་གསེར་རྡོར་ཉི་ཟླའི་དབུསཿ ཧཱུྃ་མཐིང་རྩ་བའི་སྔགས་ཀྱིས་བསྐོརཿ སྒོ་གསུམ་ལྷ་སྔགས་ཆོས་ཉིད་ངངཿ ཨོཾ་མ་ཧཱ་ཤྲྀ་ཧེ་རུ་ཀྲོ་ཏི་ཤྭ་རི་ཨཿཧཱུྃཿ «གཙོ་བསྙེན་ནོཿ འཁོར་ཞི་བསྙེནཿ »ཨོཾ་གུ་རུ་ཧྱ་ཛྙཱ་ན་བྷོ་དྷི་ཙིཏྟ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ «ཁྲོ་བསྙེནཿ »ཨོཾ་བཛྲ་མ་ཧཱ་ཀྲོ་ཏི་ཙཎྜ་རོ་ཥ་སརྦ་དུཥྟཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊཿ «གཙོ་འཁོར་གསལ་སྣང་ཐོན་པའི་ཚེཿ ཐུགས་སྲོག་སྔགས་ལ་སེམས་བཟུང་ནསཿ སྤྲོས་བྲལ་ཆོས་སྐུའི་ཀློང་དུ་བལྟཿ སྣང་བཞི་མཐར་ཕྱིན་ཆོས་ཟད་གཤིསཿ འབྲས་བུས་ཟད་པར་འཁྱོལ་བར་མཛོདཿ ལས་སྒྲུབ་དམིགས་པའི་ཆོ་འཕྲུལ་ཀུནཿ རྣལ་འབྱོར་ཉམས་དང་སྦྱར་ལ་དཔྱོདཿ སྐབས་སུ་གློ་བུར་ལས་སྦྱོར་ནིཿ» དྲག་སྔགས་མེ་དཔུང་གནམ་ལྕགས་ཐོགཿ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱིཿ འབྲུག་སྟོང་དུས་གཅིག་ལྡིར་བཞིན་སྒྲོགསཿ སྲིད་གསུམ་གཡོ་འགུལ་བསྡིག་པར་བསམཿ ཨོཾ་བཛྲ་མ་ཧཱ་ཀྲོ་ཏི་ཛྙཱ་ན་ཀྲོ་ཏི་རུ་ལུ་རུ་ལུ་བཛྲ་ཙཎྜ་མ་ཧཱ་ཡཀྴ་ཀ་ལ་རུ་པ་ཡ་མ་ར་ཙ་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་དུཥྟཾ་ཧ་ན་ཧ་ན་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་མ་ར་ཡ་ཧཱུྃ་ཕཊཿ «རྗེས་ལ་བསྟོད་ཚིག་མཆོད་ཅིང་བསྟོདཿ དངོས་གྲུབ་བསྡུ་ཞིང་ཡིག་བརྒྱས་བཤགསཿ ཐིག་ལེ་སྐོར་གསུམ་འབྲས་བུས་ཆོསཿ གནད་ཀྱི་ཡང་ཞུན་སྙིང་པོར་དྲིལཿ བཅུད་ལ་བཅུད་དུ་བསྡུས་པ་སྟེཿ དྲི་མ་མེད་པའི་དགོངས་པའི་མཐིལཿ བཻཌཱུརྻ་ཡི་ཡི་གེར་ལསཿ བདག་ཉིད་པདྨ་ཐོད་ཕྲེང་གིསཿ ཕབ་པའི་ལམ་འདིའི་བསྐྱེད་རྫོགས་ལཿ བསྟན་པ་ཐོབ་པའི་སྤྱོད་ཡུལ་ཏེཿ སྐལ་མེད་ལག་ཏུ་ཤོ་ར་རེཿ མ་མོ་གཟའ་དང་རྡོ་རྗེ་ལགཿ གཉན་ཆེན་སྡེ་བཞིའི་ཐུབ་པར་སྲུངསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱེཿ»