དམ་པའི་གསང་ཆོས་བཅུ་གསུམ་ལས༔ བླ་སྒྲུབ་དངོས་གྲུབ་ཀུན་འབྱུང་༔

From Khyentse Lineage - A Tsadra Foundation Project
Wylie title dam pa'i gsang chos bcu gsum las bla sgrub dngos grub kun 'byung
Location mdo mkhyen brtse bka' 'bum
Volume 3, Text 39, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Guru Yoga Texts - bla ma'i rnal 'byor  ·  Sadhanas - Evocation Ritual - sgrub thabs
Cycle དམ་པའི་གསང་ཆོས་བཅུ་གསུམ་ (dam pa'i gsang chos bcu gsum)
Colophon

ས་ག་ཟླ་བའི་ཡར་ཚེས་ལ༔ ལྷ་ལྕམ་ཡེ་ཤེས་ཌཱཀྐི་མའི༔ ཞབས་པད་བརྟན་ཅིང་ཐུགས་དགྱེས་ཕྱིར༔ ཁྲག་འཐུང་དཔའ་བོས་སྨྲས་པ་བཞིན༔ འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ༔ བདེ་དགའ་རྒྱ་མཚོར་རོལ་པར་ཤོག ༔

sa ga zla ba'i yar tshes la: lha lcam ye shes DAk+ki ma'i: zhabs pad brtan cing thugs dgyes phyir: khrag 'thung dpa' bos smras pa bzhin: 'od zer mtha' yas kyis bgyis pa: bde dga' rgya mtshor rol par shog:

[edit]
༄༅། །དམ་པའི་གསང་ཆོས་བཅུ་གསུམ་ལས༔ བླ་སྒྲུབ་དངོས་གྲུབ་ཀུན་འབྱུང་བཞུགས༔

྅྅྅ རང་རིག་དོན་གྱི་བླ་མ་ལ༔ འདུ་འབྲལ་མེད་པས་ཕྱག་འཚལ་ལོ༔ པདྨ་འབྱུང་གནས་ཐུགས་སྤྲུལ་གར༔ སྣང་སྲིད་ཟིལ་གནོན་ཧེ་རུ་ཀ༔ ཕ་གཅིག་དམ་པ་ནག་པོ་ཡི༔ བླ་སྒྲུབ་དངོས་གྲུབ་ཀུན་འབྱུང་ནི༔ ཀུན་བཟང་ཐོག་མའི་མགོན་པོ་འོད་མི་འགྱུར༔ ཧེ་རུ་ཀ་དཔལ་བླ་མ་དབྱེར་མེད་ལ༔ བདག་ཉིད་རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ འགྲོ་ཀུན་རྫོགས་སངས་རྒྱས་ཕྱིར་སེམས་བསྐྱེད་དོ༔ ཨ༔ རང་རིག་མ་བཅོས་བརྗོད་བྲལ་ངང་ཉིད་ལས༔ མ་དག་ལུས་ཀྱི་འཛིན་ཞེན་ཀུན་བསྒྲལ་ནས༔ སྐད་ཅིག་དྲན་རྫོགས་ཆུ་ལས་ཉ་འཕར་བཞིན༔ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་གསང་ཡེ་མ༔ ཞི་འཛུམ་ཆགས་པའི་ཉམས་ལྡན་གཟི་འོད་འབར༔ ལྕགས་ཀྱུ་གཡས་ལ་བདུད་རྩིའི་ཐོད་པ་གཡོན༔ ཐོར་ཚུགས་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ སྣ་ཚོགས་དར་གྱི་སྟོད་གཡོགས་སྨད་དཀྲིས་མཛེས༔ པདྨ་ཉི་ཟླའི་སྟེང་དུ་འདོར་སྟབས་བཞུགས༔ སྤྱི་བོར་འོད་ལྔའི་གུར་ཁང་འཁྲིགས་པའི་དབུས༔ སངས་རྒྱས་ཀུན་འདུས་བླ་མ་རྡོ་རྗེ་འཆང༔ སྣང་སྲིད་ཟིལ་གནོན་དམ་པ་རྒྱ་གར་ནི༔ སྐུ་མདོག་ནག་སྣུམ་ཞལ་གཅིག་ཞི་མ་ཁྲོ༔ སྤྱན་གསུམ་འབྲུ་ཚུགས་སྐུ་གསུམ་ཞིང་ཁམས་གཟིགས༔ ཕྱག་གཡས་བྷནྡྷ་ལྟག་སྤྲོད་ནམ་མཁར་འཁྲོལ༔ གཡོན་པས་མཆོག་ཆེན་མི་རྐང་གླིང་བུ་སྒྲོགས༔ དབུ་སྐྲ་ནག་སྣུམ་ལན་ཚར་དྲུག་ཅུ་བསྙིལ༔ སྟག་གི་ཤམ་ཐབས་རུས་པའི་རྒྱན་དྲུག་གསོལ༔ བྲམ་ཟེ་སྐྱེ་བདུན་རུས་པའི་སྙན་ཆ་མཛེས༔ ཞབས་གཉིས་བདེ་ཆེན་རོལ་པའི་སྟབས་སུ་བཞུགས༔ གཟི་བརྗིད་ལྡན་ཞིང་འོད་ཟེར་དཔག་མེད་འཕྲོ༔ རྩ་གསུམ་རྒྱལ་བ་རབ་འབྱམས་འཁོར་གྱིས་བསྐོར༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ བདག་ལ་བརྩེ་ཆེན་ཐུགས་རྗེས་གཟིགས་པར་བསམ༔ ཧྲཱིཿ ཆོས་དབྱིངས་དོན་གྱི་འོག་མིན་ནས༔ གདོད་མའི་མགོན་པོ་ཡབ་ཡུམ་གཤེགས༔ ལྷུན་རྫོགས་སྟུག་པོ་བཀོད་ཞིང་ནས༔ ལོངས་སྐུ་རིགས་ལྔའི་སངས་རྒྱས་གཤེགས༔ རྔ་ཡབ་པདྨ་འོད་གླིང་ནས༔ གུ་རུ་ཐོད་ཕྲེང་ལྷ་ཚོགས་གཤེགས༔ ཞིང་ཁམས་བླ་མའི་ཆོ་འཕྲུལ་ལ༔ གཤེགས་དང་གཤེགས་བྱ་མི་དམིགས་ཀྱང༔ སྣང་སེམས་འཛིན་པ་བྲལ་བའི་ཕྱིར༔ གནས་འདིར་གཤེགས་ལ་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛཿ དམ་ཚིག་ཡེ་ཤེས་དབྱེར་མེད་དུ༔ མི་གཡོ་སྤྱི་གཙུག་རྒྱན་དུ་བཞུགས༔ དད་ཅིང་གུས་པས་ཕྱག་འཚལ་ལོ༔ སྣང་སྲིད་རྣམ་དག་མཆོད་པ་འབུལ༔ ཐེ་ཚོམ་རྣམ་རྟོག་ལོག་ལྟ་བཤགས༔ བླ་མའི་མཛད་པར་རྗེས་ཡི་རངས༔ ཟབ་གསང་ཆོས་འཁོར་བསྐོར་བར་བསྐུལ༔ བདག་དོན་བཞུགས་པར་གསོལ་བ་འདེབས༔ དགེ་ཚོགས་སེམས་ཅན་དོན་དུ་བསྔོ༔ གསོལ་བ་འདེབས་པ་ནི༔ ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ ཧེ་རུ་ཀ་དཔལ་འགྲོ་བའི་མགོན༔ སྣང་སྲིད་ཟིལ་གནོན་ཐུགས་རྗེའི་གཏེར༔ བདག་ལ་རེ་ས་གཞན་ན་མེད༔ དད་དང་མོས་གུས་དྲག་པོ་ཡིས༔ ཁྱེད་ཀྱི་ཡོན་ཏན་རྗེས་དྲན་ཞིང༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ ལུས་ངག་ཡིད་གསུམ་ཡོན་དུ་འབུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་གཡོས༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་དང༔ བར་ཆད་ཉམས་ཆགས་ཀུན་དག་ཅིང༔ རྩ་རླུང་ཐིག་ལེའི་ཁམས་རྒྱས་ཤིང༔ བདེ་ཆེན་ཐོབ་པར་བྱིན་གྱིས་རློབས༔ ངག་གི་བག་ཆགས་སྒྲིབ་པ་བསགས༔ འགགས་འཛེར་སྡུག་བསྔལ་ཀུན་བྲལ་ནས༔ ཁམས་གསུམ་ཟིལ་གནོན་ཆོས་ཀྱི་སྒྲ༔ བདེན་ཚིག་དམོད་པ་ནུས་མཐུ་སྩོལ༔ སེམས་ཀྱི་གཟུང་འཛིན་བག་ཆགས་དང༔ ཉོན་མོངས་པ་དང་ཤེས་བྱའི་སྒྲིབ༔ རྣམ་རྟོག་སྡུག་བསྔལ་འཁྲུལ་པ་ཞིག༔ ཁྱོད་ཀྱི་དགོངས་པ་རྟོགས་པ་དང༔ བློ་འདས་ཆོས་སྐུའི་རྒྱལ་ས་ཟིན༔ འཕོ་བ་ཆེན་པོའི་སྐུ་འགྲུབ་ཤོག༔ ཕུར་ཚུགས་གསོལ་བཏབ་བྱས་ལ༔ ཨོཾ་ཨཱ༔པ་ར་ན་ཙིཏྟ་སུ་ཥ་སིདྡྷི་ཧཱུྃ༔ གསོལ་འདེབས་བསྙེན་པ་འདི་ལ་འབད༔ རེས་འགའ་ཐུགས་ཡིད་གཅིག་ཏུ་འསྲེ༔ རེ་འགར་སྣང་བ་སྒྱུ་མར་སྤྱོད༔ རེ་འགར་དགའ་བདེའི་ངང་མདངས་སྐྱོང༔ རྒོད་ན་རང་སར་ལྷོད་པ་དང༔ བྱིང་ན་ཕཊ༔ཀྱིས་བསལ་བ་དང༔ རྨུགས་ན་གད་རྒྱང་སྒྲོགས་པ་དང༔ རྟེན་འབྲེལ་ཐབས་ལ་མཁས་པ་སོགས༔ དམ་པ་ནག་པོའི་ཁྱད་ཆོས་སོ༔ ཐུན་མཐར་དངོས་གྲུབ་ལེན་པ་ནི༔ བླ་མའི་སྐུ་ལས་བདུད་རྩིའི་རྒྱུན༔ ག་བུར་རྡུལ་ལྟར་བབ་པ་ཡིས༔ སྤྱི་བོ་བདེ་ཆེན་འཁོར་ལོ་ནས༔ རྩ་གནས་ཐམས་ཅད་ཡོངས་གང་ཞིང༔ དབང་དང་བྱིན་རླབས་མཆོག་ཐུན་གྱི༔ དངོས་གྲུབ་མ་ལུས་ཡོངས་ཐོབ་ནས༔ གསང་བ་གསུམ་དང་དབྱེར་མེད་ཤོག༔ ཅེས་བརྗོད་དམིགས་མེད་ངང་ལ་བཞག༔ ཉལ་ཚེ་བླ་མ་སྙིང་དབུས་བསྒོམ༔ ཐུགས་ཀའི་ཨ་ལ་ཤེས་པ་གཏད༔ རྒྱུན་དུ་མཁའ་འགྲོའི་ལམ་ཁྱེར་བྱ༔ བདག་འདྲ་དམ་པ་ནག་པོ་ཡིས༔ རང་གི་སྒྲུབ་པ་རང་གིས་བསྟན༔ ཌཱཀྐི་མ་ཡི་ཉམས་ལེན་དེ༔ ཀུན་ལ་སྤེལ་བར་མི་བྱའསོ༔ བསྙོ་ཁ་ནག་པོས་ཐུབ་པར་སྲུངསཿ སྐུ་གསུང་ཐུགས་ཀྱི་བྱིན་འཇུག་རྒྱ༔ ས་ག་ཟླ་བའི་ཡར་ཚེས་ལ༔ ལྷ་ལྕམ་ཡེ་ཤེས་ཌཱཀྐི་མའི༔ ཞབས་པད་བརྟན་ཅིང་ཐུགས་དགྱེས་ཕྱིར༔ ཁྲག་འཐུང་དཔའ་བོས་སྨྲས་པ་བཞིན༔ འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ༔ བདེ་དགའ་རྒྱ་མཚོར་རོལ་པར་ཤོག ༔