ཡང་གསང་པདྨ་ཐུགས་ཐིག་ལསཿ བླ་སྒྲུབ་ཐུགས་རྗེའི་གློག་ཞགསཿ

From Khyentse Lineage - A Tsadra Foundation Project
Wylie title yang gsang pad+ma thugs thig las bla sgrub thugs rje'i glog zhags
Location mdo mkhyen brtse bka' 'bum
Volume 3, Text 18, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Guru Yoga Texts - bla ma'i rnal 'byor  ·  Sadhanas - Evocation Ritual - sgrub thabs
Cycle ཡང་གསང་པདྨ་ཐུགས་ཐིག་ (yang gsang pad+ma thugs thig)
Colophon

གུ་རུ་ཉིད་ཀྱི་བྱིན་རླབས་འཁྲུལ་མེད་བཀའཿ བདག་འདྲ་ཁྲག་འཐུང་བདེ་བའི་རྡོ་རྗེ་ཡིསཿ དག་པར་ཕབ་པའི་བྱིན་རླབས་ཚན་ཁ་ཆེཿ ཡོན་ཏན་བྱིན་རླབས་ལག་ཏུ་ལོངས་དང་ཤེསཿ པདྨའི་བཀའ་ལ་བསླུ་བ་ཡོད་རེ་ཀནཿ ཡི་གེ་འདུ་བྱེད་ལྷག་བསམ་རྣམ་དག་པའིཿ ཉེ་གནས་འཇིགས་མེད་འོད་ཟེར་གྱིས་བགྱིས་པསཿ དགེ་བས་འབྲེལ་ཚད་དོན་དང་ལྡན་པར་ཤོགཿ བཀྲ་ཤིས།། །།

gu ru nyid kyi byin rlabs 'khrul med bka'a:_bdag 'dra khrag 'thung bde ba'i rdo rje yis:_dag par phab pa'i byin rlabs tshan kha che:_yon tan byin rlabs lag tu longs dang shes:_pad+ma'i bka' la bslu ba yod re kan:_yi ge 'du byed lhag bsam rnam dag pa'i:_nye gnas 'jigs med 'od zer gyis bgyis pas:_dge bas 'brel tshad don dang ldan par shog:_bkra shis//_//

[edit]
མྥྃཿ ཡང་གསང་པདྨ་ཐུགས་ཐིག་ལསཿ བླ་སྒྲུབ་ཐུགས་རྗེའི་གློག་ཞགས་བཞུགསཿ

«མྥྃཿ» «྅྅྅ཿ ངོ་མཚར་པདྨའི་སྡོང་པོ་ལཿ དབང་ཆེན་རྟ་ཕག་ཡབ་ཡུམ་སྲསཿ པདྨ་ལས་འཁྲུངས་སྤྲུལ་པའི་སྐུཿ ཐོད་ཕྲེང་རྩལ་ལ་གུས་པས་འདུདཿ སྟག་ཚང་བསམ་འགྲུབ་ཀེའུ་ཚང་དུཿ འཆི་མེད་ཚེ་ཡི་རིག་འཛིན་འགྲུབཿ རྡོ་རྗེ་ཕག་མོའི་ལམ་དྲོངས་ཏེཿ ཟངས་མདོག་དཔལ་རི་པདྨ་བོདཿ རིག་འཛིན་རྒྱལ་བའི་ཞིང་ཁམས་སུཿ གུ་རུ་ཐོད་ཕྲེང་རྩལ་དང་མཇལཿ བདེ་གཤེགས་འདུས་པའི་སྒྲུབ་པ་མཛདཿ དབང་བཞི་མཆོག་ཐུན་དངོས་གྲུབ་ཐོབཿ སྙིང་ཡང་ཐུགས་ཐིག་གདམས་པ་གནངཿ གཏད་རྒྱ་སྨོན་ལམ་དབང་བསྐུར་ཞིངཿ སླར་ཡང་ཤོག་དྲིལ་ཆུང་ངུ་ཞིགཿ བདག་ལ་གནང་ཞིང་སྤྱི་བོར་བཅིངསཿ གུ་རུ་བདག་དང་དབྱེར་མེད་འདྲེསཿ རྫུ་འཕྲུལ་ཤུགས་ཀྱིས་རང་གནས་ལྡོགཿ མ་མོ་མཁའ་འགྲོ་དབང་འདུས་ཞིངཿ འཇིག་རྟེན་དྲེགས་ཚོགས་གཙུག་ན་དབབཿ ལོ་གྲངས་བརྒྱ་ནས་བཅུ་གསུམ་བརཿ འཛམ་གླིང་འགྲོ་དོན་མཐའ་རུ་ཕྱིནཿ གུ་རུའི་སྤྲུལ་པ་མ་རྫོགས་བརཿ ཞབས་ཏོག་འགྲུབ་པར་སྨོན་ལམ་བཏབཿ མངའ་བདག་གླེགས་རལ་ལས་བྱུང་བའིཿ མཐིང་ཤོག་གསེར་གྱི་བརྡ་རིས་ལསཿ »ཨེ་མ་ཧོཿ རང་བྱུང་ཐུགས་རྗེ་འོད་ཟེར་སྟོང་འབར་བའིཿ ཉི་མ་འོད་ཟེར་གུ་རུ་རིན་པོ་ཆེཿ དབྱེར་མེད་འཛམ་གླིང་གདུལ་བྱའི་མགོན་གཅིག་པུཿ གཅིག་ཆོག་ནོར་བུའི་ལུགས་སུ་གསོལ་བ་འདེབསཿ གཏུམ་དྲག་ཞིང་དུ་ཁྲག་འཐུང་ཧེ་རུ་ཀཿ གསང་བའི་མཚན་ནི་ཆེ་མཆོག་འདུས་པ་རྩལཿ ཡི་དམ་ཞི་ཆགས་ཁྲོ་བོ་ཀུན་འདུས་དཔལཿ དངོས་གྲུབ་ཀུན་འབྱུང་མཆོག་ལ་གསོལ་བ་འདེབསཿ ཧེ་རུ་ཀཿདཔལ་ཡེ་ཤེས་ཌཱཀྐིའི་ཡབཿ ལས་དམ་ཤ་ཟ་འཇིག་རྟེན་ཌཱཀྐི་མཿ སྲོག་སྙིང་འཕྲོག་ཅིང་དབང་བསྡུས་རྩིས་སུ་ཕབཿ སྲིད་གསུམ་མངའ་བདག་རྗེ་ལ་གསོལ་བ་འདེབསཿ དམ་ཚིག་བཀའ་རྟགས་ཕྱག་རྒྱ་གཉན་པོ་ཡིསཿ མ་མགོན་གཟའ་དམ་དྲེགས་པའི་སྡེ་དཔོན་ཚོགསཿ སྲོག་སྙིང་སྐྱུག་ཕུལ་དཔའ་འཁུམ་དྲན་མེད་བརྒྱལཿ བདུད་འདུལ་ཧེ་རུ་ཀ་ལ་གསོལ་བ་འདེབསཿ འཕགས་ཡུལ་ཨ་སུ་ར་ཡི་བྲག་ཕུག་ཏུཿ གུ་རུའི་རིགས་སྲས་ཉི་མའི་ཟེར་ལ་ཆིབསཿ རྒྱ་བོད་མངའ་བདག་སྐྱེ་བ་བཅུ་གསུམ་བཞེསཿ བདག་གིས་གདུང་ཤུགས་ལྷང་ལྷང་གསོལ་བ་འདེབསཿ ཐུགས་རྗེ་མ་གཡེལ་བྱིན་རླབས་སྤྲིན་ཕུང་གཏིབསཿ བདག་གི་རིག་པའི་ཀློང་དུ་རྟགས་ཞུགས་ནསཿ ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབསཿ ཨོཾ་ཨཱཿཧཱུྃཿ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃཿ «སྐྱབས་སེམས་ཡན་ལག་བདུན་པ་ནིཿ »ཧྲཱིཿ རྩ་གསུམ་འདུལ་ཞལ་པདྨ་འབྱུངཿ སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིཿ གྲོལ་ཕྱིར་དོན་དམ་སེམས་མཆོག་བསྐྱེདཿ མོས་གུས་ཕྱག་འཚལ་ཡིད་སྤྲུལ་མཆོདཿ ཐེ་ཚོམ་བློ་བཤགས་འགྲོ་དོན་སྤྲོཿ རྗེས་སུ་འཛིན་བསྐུལ་བཞུགས་གསོལ་འདེབསཿ འཁོར་གསུམ་ཡང་དག་དགེ་རྩ་བསྔཽ་ཿ« དངོས་གཞི་ནིཿ »ཧྲཱིཿ བརྟན་པ་སྣོད་ཀྱི་འཇིག་རྟེན་ཀུནཿ ཨུ་རྒྱན་རང་བྱུང་དཔལ་གྱི་རིརཿ པདྨ་འོད་ཀྱི་གཞལ་ཡས་ཁངཿ ངོ་མཚར་རྨད་བྱུང་རྒྱན་བཀོད་རྫོགསཿ རང་རིག་ཆུ་ལས་ཉ་འཕར་ལྟརཿ གུ་རུ་པདྨ་བདུད་འདུལ་ནིཿ ཟིལ་གནོན་ཉི་མ་འོད་ཟེར་སྐུཿ དཀར་དམར་མདངས་ལྡན་འོད་ཟེར་འཕྲོཿ དབུ་སྐྲ་རལ་པའི་ཐོར་ཚུགས་ཅནཿ རིན་ཆེན་འབར་བའི་གཏེར་སྒྲོམ་བཅུདཿ ཁྲག་འཐུང་དྲུག་ཅུའི་ཟར་བུ་ཡིསཿ སྐུ་རྒྱབ་ཁེབ་ཅིང་ས་ལ་ཉིལཿ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱནཿ ཟ་འོག་ཕོད་ཆེན་རུས་རྒྱན་གསོལཿ འཇིགས་རུང་དྲག་པོ་ཁྲོས་པའི་སྐུཿ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱརཿ གཡོན་པའི་ཕུར་བུས་བགེགས་དཔུང་གཟིརཿ ཞབས་གཉིས་ཁྲོ་བོའི་དོར་སྟབས་ཀྱིསཿ འཇིག་རྟེན་མ་མོ་མཁའ་འགྲོ་གནོནཿ མདུན་དུ་ཟངས་ལྕགས་འཁོར་ལོ་ནིཿ གཡས་གཡོན་འཁོར་བའི་ཁ་བར་དུཿ མ་རུང་དྲེགས་ཚོགས་དམ་སྲི་གཏུབཿ སྲིད་གསུམ་གཟུགས་ཅན་གཟུགས་མེད་ཀུནཿ དྲག་པོའི་ཤུགས་ཀྱིས་དབང་དུ་བསྡུསཿ ཀུན་འདུས་དཔལ་ཆེན་ཉིད་དུ་གསལཿ གནས་གསུམ་འོད་ཀྱི་འཕྲོ་འདུ་ལསཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་བསྟིམསཿ ཧྲཱིཿ རྔ་ཡབ་གླིང་ཕྲན་ཟ་བྱེད་སྲིན་པོའི་ཡུལཿ བདེ་ཆེན་འབར་བ་དབང་གི་གཞལ་ཡས་ནཿ ཐུགས་རྗེའི་བདག་ཉིད་གུ་རུ་ཐོད་ཕྲེང་རྩལཿ རིག་འཛིན་ཡི་དམ་མཁའ་འགྲོའི་ཚོགས་དང་བཅསཿ སྐལ་ལྡན་བུ་ལ་ཐུགས་རྗེས་བརྩེར་དགོངས་ལཿ གནས་མཆོག་འདི་རུ་སྤྱན་འདྲེན་གཤེགས་སུ་གསོལཿ སྐལ་ལྡན་བུ་ལ་དབང་བསྐུར་བྱིན་གྱིས་རློབསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབྱེར་མེད་འདྲེསཿ ཉིད་ཀྱི་མཐུ་སྟོབས་རྫུ་འཕྲུལ་ཅི་འདྲ་བཿ དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོགཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨེ་ཨ་ར་ལི་ཕེམ་ཕེམཿ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧོཿ ཆུ་ལ་ཆུ་བཞག་དུ་མ་རོ་གཅིག་འདྲེསཿ དབྱིངས་རིག་འདུ་འབྲལ་མེད་པའི་ཕྱག་བགྱིའོཿ རང་རིག་བླ་མར་མ་རྟོགས་མཐོལ་ལོ་བཤགསཿ སྤྱོད་པ་ཐེ་ཚོམ་བྲལ་བར་དམ་བཅའ་འོཿ ཛཿཧཱུྃ་བྃ་ཧོཿ ན་མ་ན་མོ་ཧཱུྃཿ བཛྲ་ས་ཏྭ་ཨཱཿ ས་མ་ཡ་སྟྭཾཿ ཨོཾ་ཨཱཿཧཱུྃཿགཟུགས་སྒྲ་དྲི་རོ་རེག་བྱ་རྣམ་དག་ཅིངཿ འདོད་ཡོན་མ་སྤང་རྒྱན་དུ་ཤར་བ་ཡིཿ བླ་མེད་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིནཿ སྤང་བླང་འཛིན་ཞེན་བྲལ་བའི་ངང་ནས་རོལཿ ཨ་ལ་ལ་ཧོཿ ཧྲཱིཿ ཁྲག་འཐུང་རྒྱལ་པོ་གར་ལ་དགྱེསཿ ཌཱཀྐི་མ་ཚོགས་གླུ་དབྱངས་སྒྲོགསཿ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཁྱབཿ གསུང་དབྱངས་ཡན་ལག་དྲུག་ཅུ་སྒྲོགསཿ ཐུགས་རྗེ་ཡེ་ཤེས་འགྲོ་ཀུན་སྐྱོངཿ དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོདཿ དངོས་གྲུབ་ཀུན་འབྱུང་ཡི་དམ་ལྷཿ ཌཱཀྐི་རྒྱ་མཚོའི་སྟོང་སྲོག་དབངཿ ཆོས་སྐྱོང་དམ་ཅན་དྲེགས་པའི་རྗེཿ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོདཿ ཁྱེད་ལ་རྩེ་གཅིག་གུས་པ་ཡིསཿ གསོལ་བ་འདེབས་ཤིང་ཕྱག་འཚལ་བསྟོདཿ ཐུགས་རྒྱུད་དགོངས་པ་རྟོགས་པ་དངཿ སྐུ་གསུང་ཐུགས་དང་དབྱེར་མེད་ཤོགཿ «རྩེ་གཅིག་སྒྲུབ་པའི་རིམ་པ་ནིཿ» ཐུགས་ཀར་གསེར་གྱི་རྡོ་རྗེའི་དབུསཿ པདྨ་ཉི་ཟླའི་གདན་སྟེང་དུཿ ཧཱུྃ་ཡིག་མཐིང་གའི་མཐའ་བསྐོར་དུཿ སྔགས་ཕྲེང་གསེར་གྱི་མདོག་ཅན་བསྐོརཿ འོད་ཀྱིས་ཞིང་མཆོད་འགྲོ་སྒྲིབ་སྦྱངཿ བཀྲག་མདངས་གཟི་བརྗིད་ལྡན་པར་དམིགསཿ ཨོཾ་མ་ཧཱ་གུ་རུ་སུརྻ་རསྨི་སརྦ་སིདྡྷི་ཨཱཿཧཱུྃཿ «བསྙེན་སྒྲུབ་ཆིག་དྲིལ་འདི་ལ་འབདཿ དངོས་ཉམས་རྨི་ལམ་རབ་འབྲིང་ཐཿ ཞལ་མཐོང་གསུང་ཐོས་ལུང་བསྟན་ཐོབཿ རྟགས་མཚན་མ་ཐོབ་བར་དུ་འབདཿ དགོངས་པ་རྟོགས་ཚེ་འབྲས་བུའོཿ ལས་སྦྱོར་དུས་སུ་ལྟ་ངར་བསྐྱེདཿ »བདག་ཉིད་སྐུ་ལས་ཁྲོ་བོ་དངཿ ཁྲོ་མོ་དཔག་མེད་འཕྲོས་པ་ཡིསཿ འཇིག་རྟེན་གསུམ་པོ་དབང་བསྡུས་ཤིངཿ བཀྲག་མདངས་གཟི་བརྗིད་མཐུ་ནུས་དྲངསཿ སྲོག་སྙིང་འཕྲོག་ཅིང་འདུལ་བར་དམིགསཿ ཨོཾ་མ་ཧཱ་གུ་རུ་སུརྱ་རསྨི་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་བཛྲ་ཙཎྜ་ཤིནྟཾ་པུཥྟིཾ་ཝ་ཤཾ་མ་ར་ཡ་ཕཊཿ «ལས་བཞི་དམིགས་པས་ལྡེ་ཁ་བསྒྱུརཿ བརྒྱ་ཕྲག་ཁྲི་ཕྲག་སྐབས་དང་བསྟུནཿ ཐོགས་མེད་འགྲུབ་པར་ཐེ་ཚོམ་མེདཿ ཐུན་མཐར་ཆོས་ཉིད་རང་མདངས་སྐྱོངསཿ ཧཱུྃ་གླུ་ལེན་ཅིང་སྣང་བའི་རྫུན་ཕུག་རྡིབསཿ འདོད་ཡོན་ལྔ་ལ་ཞེན་པ་མེད་པ་རོལཿ བསྡུ་རིམ་མི་དགོས་རིག་པ་ཨ་ཏིའི་ལྷཿ ཡེ་ནས་ལྷ་ཉིད་རང་ལ་རང་ཉིད་ལྷཿ སྤྲོ་བསྡུ་མི་དགོས་དུ་མ་རོ་གཅིག་ངངཿ བྱིན་གྱིས་མ་བརླབས་པ་ཡི་མྱོས་བྱེད་ཆངཿ ཐ་མལ་ལོག་ལྟ་ཅན་གྱི་བུད་མེད་བསྟེནཿ དམ་མེད་ཐེ་ཚོམ་ཅན་ལ་གསང་བ་སྒྲོགཿ འདི་དག་དམ་ཚིག་ཡིན་པས་འཛེམ་པར་བྱཿ བླ་མར་མོས་གུས་དམ་ཚིག་སྲོག་ལྟར་བསྲུངཿ འདྲིས་པའི་མཆེད་ལ་བརྩེ་གདུང་རྒྱུན་མི་བཅདཿ སེམས་ཅན་དོན་དུ་ལུས་དང་སྲོག་ཀྱང་བཏངཿ འདི་ནི་དམ་ཚིག་ཡིན་པས་བསྲུང་བར་བྱཿ རྩ་བ་གསུམ་གྱི་སྒྲུབ་པའི་སྙིང་པོ་བཅུདཿ བྱིན་རླབས་ཡ་མཚན་མཁའ་འགྲོའི་ཐུགས་བཅུད་འདིཿ མངའ་བདག་གླེགས་རལ་ལས་བྱུང་མཐིང་ཤུན་གྱིཿ གསེར་གྱི་བརྡ་རིས་ངོས་ནས་དག་པར་ཕབཿ ཤིན་ཏུ་གསང་བའི་གཅིག་བརྒྱུད་ཁོ་ན་སྟེཿ སྣོད་མིན་རླུང་ཕྱོགས་ཙམ་དུ་སྤེལ་བས་ནཿ བཀའ་ཡི་ཆད་པ་གནམ་ལྕགས་ཐོག་ལྟར་ཕོབཿ བཀའ་འདི་སྲུང་བའི་བཀའ་སྲུང་ཆེན་པོ་དངཿ ཁམས་གསུམ་བདག་མོ་རལ་གཅིག་མ་ལ་གཏདཿ ཐུབ་པར་སྲུང་ཤིག་དམ་ཚིག་སྲོག་གི་རྒྱཿ ས་མ་ཡཱཿ གུ་ཧྱཿ ཁ་ཐྃཿ སྐུ་ཡི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ དམ་ཚིག་གི་རྒྱཿ ྅྅྅ གུ་རུ་ཉིད་ཀྱི་བྱིན་རླབས་འཁྲུལ་མེད་བཀའཿ བདག་འདྲ་ཁྲག་འཐུང་བདེ་བའི་རྡོ་རྗེ་ཡིསཿ དག་པར་ཕབ་པའི་བྱིན་རླབས་ཚན་ཁ་ཆེཿ ཡོན་ཏན་བྱིན་རླབས་ལག་ཏུ་ལོངས་དང་ཤེསཿ པདྨའི་བཀའ་ལ་བསླུ་བ་ཡོད་རེ་ཀནཿ ཡི་གེ་འདུ་བྱེད་ལྷག་བསམ་རྣམ་དག་པའིཿ ཉེ་གནས་འཇིགས་མེད་འོད་ཟེར་གྱིས་བགྱིས་པསཿ དགེ་བས་འབྲེལ་ཚད་དོན་དང་ལྡན་པར་ཤོགཿ བཀྲ་ཤིས།། །།