རིག་འཛིན་འཇའ་ལུས་རྡོ་རྗེའི་རྣམ་ཐར་གསོལ་འདེབས་བྱིན་རླབས་འགུགས་པའི་ལྕགས་ཀྱུ།

From Khyentse Lineage - A Tsadra Foundation Project
Wylie title rig 'dzin 'ja' lus rdo rje'i rnam thar gsol 'debs byin rlabs 'gugs pa'i lcags kyu
Location mdo mkhyen brtse bka' 'bum
Volume 3, Text 1, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre Biographies - Hagiography - rnam thar  ·  Supplications - gsol 'debs
Colophon

ཅེས་པའང་ཁྲོ་ཆེན་ས་དབང་མཆོག་གིས་གསུང་ནན་ལན་གྲངས་གནང་བ་ལྡོག་མི་ནུས་ཏེ་བློ་ངོར་གང་ཤར་ཐོལ་བྱུང་དུ་འཇའ་ལུས་རྡོ་རྗེས་རང་ཆེ་འབྱིན་པའི་རྒྱུར་འགྱུར་ཡང་དད་ལྡན་སུན་མི་འབྱིན་པའི་ཕྱིར་སྨྲས་པ་སྟེ་ཡི་གེར་འདུ་བྱེད་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པའོ།།

ces pa'ang khro chen sa dbang mchog gis gsung nan lan grangs gnang ba ldog mi nus te blo ngor gang shar thol byung du 'ja' lus rdo rjes rang che 'byin pa'i rgyur 'gyur yang dad ldan sun mi 'byin pa'i phyir smras pa ste yi ger 'du byed slob bu 'od zer mtha' yas kyis bgyis pa'o//

[edit]
༄༅། །རིག་འཛིན་འཇའ་ལུས་རྡོ་རྗེའི་རྣམ་ཐར་གསོལ་འདེབས་བྱིན་རླབས་འགུགས་པའི་ལྕགས་ཀྱུ་བཞུགས་སོ། །

༄༅། །ཨེ་མ་ཧོ། །གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར། །རྩལ་སྣང་ཡེ་ཤེས་རིགས་ལྔའི་ཚོམ་བུ་ཤར། །ཐུགས་རྗེས་གར་བསྒྱུར་འགྲོ་འདུལ་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་མགོན་པོ་ཚེ་མཐའ་ཡས། །སྙིང་རྗེའི་རང་གཟུགས་འཕགས་མཆོག་པད་དཀར་འཆང༌། །འགྲོ་ངོར་སྣང་བ་མཚོ་སྐྱེས་སྤྲུལ་པའི་སྐུ། །རིགས་བདག་རྡོར་སེམས་དགའ་རབ་དཔའ་བོ་དང༌། །དབྱེར་མེད་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །གང་ཁྱོད་གདོང་དམར་བོད་ཀྱི་གདུལ་བྱའི་དོན། །མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་ཀྱང༌། །གང་དང་ཐུགས་སྲས་རྗེ་འབངས་སྤྲུལ་པའི་སྐུ། །ཟབ་གཏེར་སྒོ་འབྱེད་ཚོགས་ལ་གསོལ༴ །དེང་དུས་ལྔ་ཕྲག་ཐ་མའི་སེམས་ཅན་ཀུན། །བཟོད་དཀའི་སྡུག་བསྔལ་ཆེས་ཆེར་མཆེད་པའི་ཚེ། །དྲི་མེད་དགའ་རབ་པད་འབྱུང་བཱི་མ་ལའི། །སྤྲུལ་པ་གཅིག་བསྡུས་མཆོག་དེར་གསོལ༴ །ལྷུམས་སུ་ཞུགས་ནས་ཏིང་འཛིན་མི་གཡོ་ཞིང༌། །བཙས་པའི་ཞག་གསུམ་མཁའ་འགྲོའི་ཚོགས་གྲལ་འགྲིམས། །ཟླ་བཅུའི་དུས་སུ་མཁའ་འགྲོས་དབང་བསྐུར་བའི། །རང་བྱུང་སྤྲུལ་པའི་སྐུ་ལ་གསོལ༴ །བགྲང་བྱ་གསུམ་ནས་དཔལ་རི་རིག་འཛིན་ཞིང༌། །སྤྲུལ་གཞིར་མཇལ་ནས་དབང་བསྐུར་བྱིན་གྱིས་བརླབས། །དཔའ་བོ་མཁའ་འགྲོ་རིགས་ལྡན་ཚོགས་ཀུན་ཀྱིས། །མེལ་ཚེས་རྟག་ཏུ་བསྐྱངས་དེར་གསོལ༴ །སྔོན་གནས་རྗེས་དྲན་རིགས་བདག་བླ་མ་བཙལ། །ཐུགས་རྗེས་རྗེས་བཟུང་བདུད་ཀྱི་གཡུལ་ལས་རྒྱལ། །ཆོས་ཀྱི་བདག་པོ་རིགས་ཀྱི་མྱུ་གུ་བཙས། །རྟེན་འབྲེལ་དུས་སུ་སྨིན་དེར་གསོལ༴ །གཞོན་ནུའི་དུས་ནས་ངེས་འབྱུང་སྐྱོ་ཤས་ཀྱི། །རྒྱུད་བསྐུལ་ཉིན་སྣང་རྨི་ལམ་སྒྱུ་མ་དང༌། །མཚན་སྣང་སྐུ་དང་འཇའ་ཟེར་ཐིག་ལེ་འདྲེས། །སྔོན་ལས་དུས་སུ་སྨིན་དེར་གསོལ༴ །བཅུ་གསུམ་ལོན་ནས་བསྐྱེད་རྫོགས་ལམ་དུ་ཞུགས། །ཉིན་དུས་རིགས་བདག་བླ་མའི་ཞལ་ཁྲིད་དང༌། །མཚན་སྣང་དཔའ་བོ་ཌཱཀྐིས་བརྡ་སྤྲོད་པས། །ས་ལམ་སྐད་ཅིག་བསྒྲོད་དེར་གསོལ༴ །བཅོ་ལྔ་ལོན་ནས་གཏེར་གྱི་ཁ་བྱང་ཐོབ། །བླ་མའི་ཐུགས་བསྐྱེད་ཨོ་རྒྱན་བྱིན་རླབས་ཀྱི། །ས་གཏེར་དགོངས་པའི་གཏེར་དུ་དབང་བསྒྱུར་ནས། །མཁའ་འགྲོའི་གསང་མཛོད་དབང་དེར་གསོལ༴ །ཉི་ཤུ་ལོན་ནས་སྨིན་གྲོལ་བསྐྱེད་རྫོགས་ལ། །མངའ་བརྙེས་རིགས་བདག་གནང་བ་ཐོབ་ནས་སླར། །དཔའ་བོ་མཁའ་འགྲོས་ལུང་བསྟན་ཇི་བཞིན་དུ། །རྣལ་འབྱོར་སྤྱོད་པ་བསྐྱངས་དེར་གསོལ༴ །བླ་མ་ཡི་དམ་དངོས་གྲུབ་མཆོག་བརྙེས་ཤིང༌། །བསྙེན་སྒྲུབ་མཐར་ཕྱིན་བསྲེག་མནན་འཕེན་པ་ཡིས། །མ་རུང་བདུད་ཀྱི་གཡུལ་ངོ་ཕམ་མཛད་པའི། །ཡེ་ཤེས་རོལ་པའི་རྡོ་རྗེར་གསོལ༴ །བསྐྱེད་རིམ་ཕྱག་རྒྱ་ཕྲ་བའི་རྣལ་འབྱོར་བརྙེས། །རྫོགས་རིམ་རྟགས་བཅུ་ཡོན་ཏན་མཐའ་རུ་ཕྱིན། །དྭངས་མའི་ཐིག་ལེ་ཨ་ཝ་དྷུ་ཏིར་བཅིངས༌། །གྲུབ་བརྙེས་རིག་འཛིན་མཆོག་དེར་གསོལ༴ །ཁྲེགས་ཆོད་སྣང་སེམས་འདྲེས་ཤིང་གཟུང་འཛིན་ཞིག །དབའ་རླབས་ལ་བརྟེན་འབྲས་བུའི་དེ་ཉིད་མཐོང༌། །ཐོད་རྒལ་ཉམས་སྣང་གོང་འཕེལ་མཐའ་རྫོགས་པའི། །འཁྲུལ་ཞིག་འཇའ་ལུས་རྡོ་རྗེར་གསོལ༴ །རྨི་ལམ་འོད་གསལ་ཉམས་ཀྱི་སྣང་བ་ལ། །བདེ་བྱེད་བརྩེགས་དང་མཁའ་སྤྱོད་ས་སྤྱོད་གནས། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་འགྲིམས། །ཁྲག་འཐུང་དཔའ་བོའི་ཞབས་ལ༴ །ཐ་སྙད་ཤེས་བྱའི་གནས་ལ་མ་སྦྱང་ཡང༌། །ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེན་པོ་ཡིས། །ལོངས་སྤྱོད་འཁོར་ལོའི་རྩ་འཁོར་ཡོངས་ཞིག་པའི། །བདེ་བའི་རྡོ་རྗེ་དཔལ་དེར་གསོལ༴ །ངོ་བོ་ཆོས་སྐུའི་རྒྱལ་སར་མངའ་བརྙེས་ཀྱང༌། །མ་དག་འགྲོ་བའི་མོས་བློ་མཐུན་སྣང་དང༌། །འཚམས་པར་གང་ལ་གང་འདུལ་དོན་མཛད་པའི། །མཐུ་སྟོབས་དཔའ་བོའི་ཞབས་ལ༴ །ཡང་གསང་ལུས་མེད་མཁའ་འགྲོའི་ཐུགས་ཐིག་ཆོས། །མན་ངག་སྙན་བརྒྱུད་ཡི་གེ་མེད་པའི་སྐོར། །དབང་རབ་སྐལ་ལྡན་དོན་དུ་ལེགས་བསྟན་ནས། །འཇའ་ལུས་འོད་སྐུའི་ལམ་སྟོན་ལ༴ །གཟུགས་ཅན་གཟུགས་མེད་འགྲོ་བ་མཐའ་དག་ཀུན། །བྱམས་དང་སྙིང་རྗེ་ཆེན་པོས་རྗེས་བཟུང་ནས། །དངོས་སམ་བརྒྱུད་ནས་སྨིན་གྲོལ་སྒོར་བཅུག་ཅིང༌། །བཙན་ཐབས་རྫོགས་སངས་རྒྱས་མཛད་ལ༴ །བདག་སོགས་ཁྱེད་ཀྱི་གདུལ་བྱར་གྱུར་པ་རྣམས། །ལས་ཉོན་སྡུག་བསྔལ་དྲག་པོའི་མུན་འཐུམས་ཤིང༌། །ཁྱོད་ཀྱི་གསང་གསུམ་གཏིང་དཔག་དཀའ་བ་ཡི། །ཡོན་ཏན་ལྟ་བའི་འདྲེན་བྱེད་ཅེ་རེ་ལོངས། །ལས་ངན་དབང་གིས་ཐེ་ཚོམ་ལོག་ལྟ་འཁྲུགས། །ལོག་སྨོན་བདུད་ཀྱི་སྡེ་ཚོགས་དབང་ཤོར་ཞིང༌། །རྩ་བ་ཡན་ལག་དམ་ཚིག་ཉམས་འགལ་རལ། །གཏིང་ནས་འགྱོད་པ་དྲག་པོས་བཟོད་པར་གསོལ། །རྨོངས་དང་མཉམ་འགྲོགས་དབང་ཤོར་ལོག་པར་བལྟས། །གཤེ་ཞིང་སྐུར་པ་འདེབས་དང་དད་མེད་ཀྱི། །སྣང་ངོར་བསམ་བཞིན་མ་དག་ཚུལ་བསྟན་ནས། །ཐེ་ཚོམ་བསྐྱེད་ཅིང་ངན་འབྲེལ་གྱིས་སྡུད་པའི། །གཏིང་དཔའ་དཀའ་བའི་དགོངས་པ་མ་རྟོགས་ཤིང༌། །བཀའ་འགལ་ཐུགས་དཀྲུགས་ཐུགས་སུན་སྐྱོན་བརྗོད་ཅིང༌། །ཅི་མཛད་ལེགས་མཐོང་དག་སྣང་འགྲིབ་གྱུར་པ། །ཡོན་ཏན་རྗེས་སུ་དྲན་པས་བཟོད་པར་གསོལ། །བླ་མའི་ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོས། །ད་ནི་ལས་ངན་བག་ཆགས་སྲབ་གྱུར་པས། །ལོག་པར་མི་རྟོག་སྙིང་ནས་དམ་བཅའ་འཛིན། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །མགོན་ཁྱོད་ཡོན་ཏན་གབ་ཅིང་སྐྱོན་སྟོན་པས། །མ་དག་སེམས་ཅན་མགོ་བོ་རྨོངས་གྱུར་ཅིང། །ལས་སྐལ་ལྡན་པའང་ཐེ་ཚོམ་དབང་གྱུར་ཕྱིར། །གཏིང་དཔག་དཀའ་བའི་ཡོན་ཏན་བསྟན་དུ་གསོལ། །རྡོ་རྗེའི་སྐུ་ལ་བགྲེས་རྒུད་མི་མངའ་ཡང༌། །སྐུ་ཚེ་མཐར་ཕྱིན་འགྲོ་དོན་ཡོངས་རྫོགས་ཤིང། །ད་དུང་འཁོར་བའི་འཇིག་རྟེན་མ་སྟོངས་བར། །སྣ་ཚོགས་སྤྲུལ་པས་འགྲོ་དོན་མཛད་དུ་གསོལ། །རྩེ་གཅིག་གསོལ་བ་བཏབ་པའི་འབྲས་བུ་ཡིས། །ཞབས་ཏོག་མཐར་ཕྱིན་འགྲོ་དོན་ཡོངས་རྫོགས་ནས། །ཟག་པ་བག་ཆགས་བཅས་པ་ཡོངས་ཟད་ཅིང༌། །སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག །དགེ་བས་འགྲོ་ཀུན་སྡུག་བསྔལ་མཚོ་སྐེམས་ནས། །བདེ་གཤེགས་སྙིང་པོ་རང་རིག་ངོ་ཤེས་ཤིང། །སྟོང་ཉིད་བྱང་ཆུབ་སེམས་ཀྱི་འབྲས་སྨིན་ནས། །སྐུ་གསུམ་རྒྱལ་བའི་ཞིང་དུདབུགས་དབྱུང་ཤོག། །།ཅེས་པའང་ཁྲོ་ཆེན་ས་དབང་མཆོག་གིས་གསུང་ནན་ལན་གྲངས་གནང་བ་ལྡོག་མི་ནུས་ཏེ་བློ་ངོར་གང་ཤར་ཐོལ་བྱུང་དུ་འཇའ་ལུས་རྡོ་རྗེས་རང་ཆེ་འབྱིན་པའི་རྒྱུར་འགྱུར་ཡང་དད་ལྡན་སུན་མི་འབྱིན་པའི་ཕྱིར་སྨྲས་པ་སྟེ་ཡི་གེར་འདུ་བྱེད་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པའོ།། ༈ །རང་གཞན་ཀུན་ཀྱི་དོན་གཉིས་ཕུན་ཚོགས་ཤིང༌། །བདེ་ལེགས་ཀུན་ཀྱི་འབྱུང་གནས་འགྲོ་བའི་གཉེན། །དམ་ཆོས་ཀུན་ཀྱི་ཡེ་ཤེས་བང་མཛོད་ནི། །དུས་རྣམས་ཀུན་ཏུ་སྐྱེ་རྒུའི་བླ་མར་ཤོག །བསོད་ནམས་སྟོན་ཀའི་རི་བོང་འཛིན་གཟུགས་ཅན། །ཕུན་ཚོགས་རྒྱུ་སྐར་ཕྲེང་བའི་དབུས་ན་མཛེས། །དགེ་ཚོགས་འོད་དཀར་དུ་མའི་སྣང་བ་ཡིས། །ཟབ་གཏེར་ཀུན་ད་ཕྱོགས་བཅུར་རྒྱས་པར་ཤོག། །།