ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ རྩ་བ་རྡོ་རྗེའི་ཚིག་རྐངཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-02-KHA-034
Wylie title thugs thig 'dzin pa rang grol las rtsa ba rdo rje'i tshig rkang
Location mdo mkhyen brtse bka' 'bum
Volume 2, Text 34, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Contemplative Guide Books and Instructional Manuals - khrid yig
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Colophon

ཡང་གསང་འཛིན་པ་རང་གྲོལ་གྱི་རྩ་བ་རྡོ་རྗེའི་ཚིག་རྐང་ཆོས་བདག་ཌཱཀྐི་མས་བརྡ་བཀྲོལ་བ་ལྟར་བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དཔའ་བོས་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེར་འདུ་བྱེད་ཉེར་གནས་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་གསང་བའི་སྡེ་ཚན་ནོ། །དགེའོ། དགེའོ། དགེའོ།།

yang gsang 'dzin pa rang grol gyi rtsa ba rdo rje'i tshig rkang chos bdag DAk+ki mas brda bkrol ba ltar bdag 'dra dus mtha'i gter smyon khrag 'thung dpa' bos brda ris las dag par phab pa'i yi ger 'du byed nyer gnas 'od zer mtha' yas kyis bgyis pa gsang ba'i sde tshan no: /dge'o/ /dge'o/ /dge'o//

[edit]
༅། །ཙི ཏྟཾ ཏི ལ ཀ མ རྒྲ ཧ ཎ སྭོ ྅ ཀྵ རཱ ཏྨཱུ ལཾ བྷི དུ སྱ བཱ ཀྱ མཾ གྷྲི རྦི ཏི སྨ། །

༄༅། །ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ རྩ་བ་རྡོ་རྗེའི་ཚིག་རྐང་བཞུགསཿ ཿ

༄༅། །྅྅྅ ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ དབྱེར་མེད་རྡོ་རྗེ་རྣལ་འབྱོར་མཿ སྤྲུལ་བསྒྱུར་ཁྲོས་མ་ནག་མོ་ལཿ གུས་པས་འདུད་དོ་དངོས་གྲུབ་སྩོལཿ སྤྲིན་ནག་འདུས་པའི་དུར་ཁྲོད་ནསཿ བརྟུལ་ཞུགས་ཨ་ཙར་དམར་པོ་ཡིསཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་གིཿ སྲོག་ཤིང་འཛིན་པ་རང་གྲོལ་ཆོསཿ སྟོན་པ་དྲི་མ་མེད་པ་དང་ཿ དགའ་རབ་དཔའ་བོའི་ཐུགས་ཀྱི་བཅུདཿ གབ་པ་མངོན་དུ་བྱས་མཛད་ཅིངཿ ཕྱི་རབས་དོན་དུ་བཀོད་པ་ལཿ རྡོ་རྗེ་སློབ་དཔོན་དྲོད་ཚད་ལྡནཿ ལྟ་སྒོམ་སྤྱོད་པའི་སྒྲོ་འདོགས་ཆོདཿ ཡང་གསང་མན་ངག་མཛོད་འཛིན་ལཿ དམ་ཚིག་ལྡན་པའི་སློབ་བུ་ནིཿ རྒྱུད་ལ་བྱང་ཆུབ་སེམས་ལྡན་ཞིངཿ སེམས་ཅན་ཀུན་ལ་བུ་ལྟར་བརྩེཿ ལུས་དང་སྲོག་ལ་མི་ལྟོས་པརཿ དྲིན་ཆེན་བླ་མའི་ཞབས་ཏོག་བསྒྲུབཿ བཀའ་དམ་མི་འདའ་གསང་སྒོ་དམཿ སྙིང་སྟོབས་ཆེ་ཞིང་སྣང་བ་ཧུརཿ དད་པ་མཆོག་དང་ལྡན་པ་ཡིསཿ ཐོག་མར་དད་དང་དམ་ཚིག་བསླབཿ བྱིན་རླབས་བླ་མའི་ཁྲིད་རྐང་ནསཿ གསེར་ཡིག་ཅན་གྱི་ཁྲིད་རིམ་ཀུནཿ མ་ནོར་ཉམས་སུ་མཐའ་ཆགས་བླངསཿ དབང་པོ་རབ་འབྲིང་ཐ་མ་ཡིསཿ ཟླ་དྲུག་བཅུ་གཉིས་བཅོ་བརྒྱད་སོགསཿ རང་རྒྱུད་བརྟུལ་ཞིང་བརྩོན་འགྲུས་བརྩམསཿ ཁྲེགས་ཆོད་ངོ་སྤྲོད་ཐོག་མ་རུཿ བདེ་གསལ་མི་རྟོགས་ཉམས་ཀྱི་ཚེཿ ཉོན་མོངས་རྟོག་ཙོགས་རགས་པ་ཞིཿ བདེ་སྟོང་ངང་དུ་གནས་པ་ལཿ ཞི་གནས་དང་པོ་ཞེས་བྱ་སྟེཿ དེ་ལ་གོམས་ཤིང་འདྲེས་པ་ཡིསཿ ཞེན་འཛིན་ངང་དུ་འབྱམས་ཟླས་ནཿ གཟུགས་ཁམས་ལྷ་གནས་འོག་མར་སྐྱེཿ དེ་ལ་གསལ་བའི་མདངས་ཤར་ཞིངཿ རྟོག་ཚོགས་ཀུན་གཞིའི་ཀློང་དུ་གབཿ རྣམ་ཤེས་གསལ་བའི་འོད་གདངས་ཅནཿ ཟག་བཅས་མངོན་ཤེས་རབ་རིབ་གསལཿ གཡོ་བ་མེད་པར་གནས་པ་ནིཿ གསལ་ཉམས་འཛིན་པའི་སྙིང་པོ་ཅནཿ དེ་ཡང་གཟུགས་ཁམས་ལྟ་གནས་སུཿ སླར་ཡང་གོ་ཆ་བརྟན་པ་ཡིསཿ བདེ་དང་གསལ་བའི་ཉམས་སྲབ་ཅིངཿ མི་རྟོག་པ་ཡི་བསམ་གཏན་ནིཿ སེམས་བྱུང་ཀུན་བརྟགས་བག་ལ་ཉལཿ ཀུན་གཞི་ལུང་མ་བསྟན་པ་གསལཿ འཁྲུལ་པའི་རྟོག་ཚོགས་འགགས་པ་ཡིསཿ ལྟར་སྣང་འདི་ཞེས་མཚོན་དུ་མེདཿ གཏིང་ནས་འཛིན་པ་ཕྲ་རགས་བཅིངསཿ བསྒོམ་བྱ་སྒོམ་བྱེད་གཉིས་སུ་བཟུངཿ མ་ཡེངས་རྩེ་གཅིག་སྒྲོག་གིས་བཅིངསཿ གཉིད་ལ་སྒོམ་བློའི་ཞེན་པས་སླེབསཿ འདི་ཡང་གཟུགས་ཁམས་བར་མའི་སཿ དེ་ལ་གོམས་ཤིང་འདྲིས་པ་ཡིསཿ སྟོང་པ་ཆེན་པའི་འོད་གསལ་ཉམསཿ གང་ལའང་གཏད་སོ་མེད་པ་བཞིནཿ སྣང་བའི་ཡུལ་ཀུན་རང་ངོ་ནསཿ སྟོང་པར་རྒྱས་གདབ་སྟོང་པར་གོཿ སྐུ་དང་ཡེ་ཤེས་འཆར་སྒོ་འགགསཿ ཞེན་པ་ཕྲ་མོས་རྟག་རྟག་ཏུ་བཅིངསཿ གཟུང་འཛིན་ཡུལ་དང་ཡུལ་རྐྱེན་ཀུནཿ བག་ལ་ཉལ་ཞིང་ཕྲ་མོ་ཡིསཿ སྣང་བའི་ཡེ་ཤེས་སྒྲིབ་བྱེད་ཅིངཿ ཟག་པ་བཅས་པའི་མངོན་ཤེས་གསལཿ ཉིན་མཚན་འཁོར་མོར་ཡེངས་སྙམ་བྲལཿ བག་ཆགས་རླུང་ལྔ་སྦུབས་སུ་འཐུམཿ རྩེ་གཅིག་ཉིན་མཚན་འཁོར་མོ་ཞེསཿ ཡེ་ཤེས་སྣང་བ་མ་ཕྱེད་པཿ གཟུགས་ཁམས་གནས་རིགས་གོང་མ་སྟེཿ འདི་དག་གང་ལའང་གོལ་ས་ཚེཿ ཚེ་རིང་འདུ་ཤེས་མེད་པའི་ལྷཿ གོལ་ན་འཁོར་བའི་གཏིང་རྡོའོཿ ཕྱི་མའི་དུས་ཀྱི་སྒོམ་ཆེན་ཕལཿ མན་ངག་གནད་དང་མི་ལྡན་ནཿ འདི་ལས་ཐར་བར་ཤིན་ཏུ་དཀའཿ དེ་ཕྱིར་ཐིག་ལེ་སྐོར་གསུམ་གྱིཿ མན་ངག་གནད་ཀྱི་ཡང་ཞུན་ནིཿ འཛིན་པ་རང་གྲོལ་ཞེས་བྱ་བཿ བླ་མེད་ཨ་ཏི་ཡོ་ག་ཡིཿ ཁྲེགས་ཆོད་ལྟ་བའི་མཐར་ཐུག་པཿ རང་བྱུང་རིག་པའི་ཡེ་ཤེས་གནདཿ སྒྲིབ་བྱེད་བདེ་གསལ་མི་རྟོག་དངཿ སྟོང་པ་ཆེན་པོའི་ཉམས་ཡིན་ཏེཿ དེ་ཉིད་བསལ་བར་མ་གྱུར་ནཿ འཇིག་རྟེན་ཁམས་ལས་འདའ་བར་དཀའཿ དེ་ཕྱིར་མཁའ་འགྲོའི་ཐུགས་ཐིག་ཆོསཿ ཉམས་སུ་ལེན་པའི་གང་ཟག་ལཿ ས་ལམ་བར་ཆད་སེལ་བ་དངཿ ཁམས་གསུམ་དབང་སྡུད་འཛིན་པ་གྲོལཿ སྲིད་གསུམ་ཟིལ་གནོན་ཉམས་སད་པའིཿ གདམས་པ་འདི་ཉིད་དང་དུ་ལོངསཿ མི་རྟག་འཆི་བ་ཞེས་བྱ་བཿ ཁམས་གསུམ་སྐྱེ་གནས་བཞིས་བསྡུས་པའིཿ སེམས་ཅན་ཐམས་ཅད་འདི་ཡིས་འཇིགཿ རང་གྲོལ་ཆེན་པོའི་རྣལ་འབྱོར་པཿ ལུས་ཀྱི་འཛིན་ཞེན་ཆོད་གྱུར་ནཿ འཆི་བ་མིང་གི་བླ་དྭགས་ཙམཿ གཟུང་ཡུལ་སྣང་བ་ཕྱི་རུ་ལུསཿ གཞན་མེད་གཞན་དུ་བཟུང་བ་དངཿ འཛིན་པའི་རྣམ་རྟོག་ནང་དུ་གབཿ བདག་མེད་བདག་བཟུང་འཁོར་བར་འཁྱམསཿ དེ་ལ་རང་སྣང་དབང་སྡུད་ཕྱིརཿ དད་དང་མོས་གུས་བརྟན་པོ་ཡིསཿ རང་གི་མདུན་གྱི་ནམ་མཁའ་ལཿ བཀའ་དྲིན་སུམ་ལྡན་བླ་མ་ཉིདཿ མཐོང་སྣང་ཇི་བཞིན་གསལ་བར་བསྒོམཿ ཐུགས་ནི་ཆོས་སྐུ་ཡུམ་ཆེན་མོཿ གསུང་ནི་གྲགས་སྟོང་ཆོས་ཀྱི་སྒྲཿ སྐུ་ནི་སངས་རྒྱས་ཀུན་འདུས་དཔལཿ རེ་ས་གཞན་ན་མ་མཆིས་པའིཿ དད་འདུན་མོས་གུས་བརྟན་པོར་བཟུངཿ སྐྱབས་སུ་འགྲོ་དང་སེམས་བསྐྱེད་ལཿ དགེ་སྡིག་གཏོང་ལེན་དམིགས་པ་བྱཿ སླར་ཡང་ཆོས་སྐུ་ཡུམ་ཆེན་མོཿ སྐུ་ལ་ཞིང་ཁམས་ཡོངས་རྫོགས་ཤིངཿ ཐུགས་ནི་གཞོན་ནུ་བུམ་པའི་སྐུཿ དེ་འོག་བླ་མ་ཧེ་རུ་ཀཿ བླ་མ་མཁའ་འགྲོ་དབྱེར་མེད་བསྒོམཿ གསོལ་བ་བཏབ་པས་བྱིན་རླབས་འཇུགཿ བརྗོད་མེད་དོན་གྱི་སྙིང་པོའི་སྔགསཿ གྲགས་སྟོང་ངང་དུ་བཟླ་བ་སྟེཿ ཚོགས་ཞིང་ལྷ་དང་ཐུགས་ཡིད་བསྲེཿ ཉམས་ཀྱི་སྣང་བ་བཞི་པོ་ནིཿ གང་ཤར་གཏད་མེད་ངང་ཉིད་ནསཿ རིགས་བདག་ཐུགས་ཀར་ཤེས་པ་གཏདཿ དེ་ཚེ་མོས་གུས་དད་པའི་ཤུགསཿ བཅོས་མིན་ཤར་ཚེ་རང་ལུས་སྦྱངསཿ རྡོ་རྗེ་ཕག་མོའི་སྤྲུལ་བསྒྱུར་གརཿ བདུད་འདུལ་ཁྲོས་མ་ནག་མོ་ཞེསཿ ཡེ་ཤེས་ལྔ་ཡི་རྩལ་མདངས་ལྔརཿ སྐུ་གསུམ་ཞིང་ཁམས་དབང་བསྒྱུར་ཚེཿ རིག་པ་དྲི་མ་མེད་པ་ལཿ འཆིང་བར་བྱེད་པ་བདུད་བཞིའི་ཁམསཿ སྒྲིབ་པར་བྱེད་པ་ཉམས་བཞི་པོཿ དབྱིངས་སུ་སྒྲོལ་བར་བྱེད་པའོཿ སྐད་ཅིག་གཅིག་གིས་སྒྲུབ་བྱེད་ཐབསཿ མ་ནོར་ཉམས་སུ་བླངས་བྱས་ལཿ གཟུགས་སྣང་ལྷར་རྫོགས་སྒྲ་གྲགས་སྔགསཿ དྲན་རྟོག་ཐུགས་ཀྱི་ཁྱེར་སོ་བསྒོམཿ སྣང་བའི་རྫུན་ཕུག་རྡིབ་བྱེད་ཅིངཿ དུག་ལྔ་ཡེ་ཤེས་ལྔར་སྒྲོལ་ཕྱིརཿ ཌཱཀི་བཞི་ཡི་འཁྲུལ་འཁོར་དངཿ གདོས་བཅས་བག་ཆགས་སྦྱང་བར་བྱཿ དངོས་ཉམས་རྨི་ལམ་རྟགས་མཚན་ནིཿ རེས་འགའ་ནམ་མཁའི་དཀྱིལ་དུ་གནསཿ མཁའ་ལ་འཕུར་ཞིང་ཞིང་གཞན་མཐོང་ཿ ཡུལ་སྣང་སྒྱུ་མ་ལྟ་བུ་རྟོགསཿ ཐ་མལ་ལུས་ཀྱི་འཛིན་པ་དགཿ དེ་ཚེ་རྣམ་རྟོག་གང་ཤར་ཡངཿ ཕཊ་ཅེས་དབྱིངས་སུ་གཅོད་པ་སྟེཿ ཁྲོས་མ་ནག་མོའི་བསྐྱེད་རིམ་དངཿ ལུས་ཀྱི་གར་སྟབས་འཁྲུལ་འཁོར་བསྒྱུརཿ ངག་གི་ཧ་ཧའི་གད་རྒྱངས་སྒྲོགསཿ འཁྲུལ་པའི་རྟོག་ཚོགས་ཅི་ཤར་ཡངཿ སྔོན་བསུ་རྗེས་གཅོད་མི་བྱ་བརཿ བདག་མེད་ངང་དུ་རོ་སྙོམས་བྱཿ བླ་མ་རང་རིག་དབྱེར་མེད་ངངཿ ཁམས་གསུམ་རྟོག་པ་ཅི་ཤར་ཡངཿ ཟས་སུ་ཟ་ཞིང་དམིགས་མེད་སྦྱངསཿ ལུས་སེམས་ཧ་ཐང་ཆད་པའི་ཚེཿ ལུས་ནི་མི་གཡོ་ངག་མི་སྨྲཿ སེམས་ནི་མ་བཅོས་རང་བབ་གཤིསཿ ངལ་བསོ་རིག་པ་མདུང་ཚུགས་སུཿ མཁའ་ལ་གཏད་ཚེ་ཉམས་བཞི་པོཿ འལ་འོལ་ཡད་ཡུད་ངང་དུ་ཡལཿ འདི་ཞེས་མཚོན་དུ་མེད་པ་ལཿ གཟུང་འཛིན་སྣང་བ་ཡལ་བའི་ཚེཿ ཁྲེགས་ཆོད་གཤིས་ཀྱི་འཕྲིག་ཚུད་དེཿ བསམ་གཏན་བཞི་ཡི་སྒྲོགས་ལས་གྲོལཿ ཅི་ཡང་མེད་པའི་ནམ་མཁའ་ལཿ ཡུལ་ལྔའི་ཤེས་པ་འཇའ་ཚོན་བཞིནཿ མེད་སྣང་སྟོང་པའི་གཟུགས་སུ་ཤརཿ ནམ་མཁའ་མཐའ་ཡས་སྐྱེ་མཆེད་དངཿ རྣམ་པར་ཤེས་པ་ཀུན་ལ་ཁྱབཿ དེ་ཡི་རྩལ་ལས་ཤར་བ་ཡིསཿ འགྲོ་བ་རིགས་དྲུག་སྣང་ཚུལ་ཀུནཿ རྣམ་ཤེས་ཉིད་ཀྱིས་ཁྱབ་པ་སྟེཿ རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དངཿ སེམས་དང་ཡིད་དང་རྣམ་ཤེས་གསུམཿ ཡོད་པ་མ་ཡིན་སྟོང་པའི་ངངཿ མེད་པ་མ་ཡིན་ཀུན་ལ་ཁྱབཿ ཡོད་མིན་མེད་མིན་སྐྱེ་མཆེད་ཅེསཿ གང་ཤར་ཐམས་ཅད་རང་ངོས་སྟོངཿ ཡུལ་ལྔ་ཡུལ་དྲུག་སྟོང་པར་གོཿ ལུས་སེམས་མེད་ཀྱང་མེད་པར་རིགཿ ཕྱི་ནང་ཟང་ཐལ་མེད་མཐར་ཆདཿ ཅི་ཡང་མེད་པའི་སྐྱེ་མཆེད་དེཿ འདི་ཉིད་སྒོམ་ཀྱི་ཤོར་ས་ཆེཿ འདུ་ཤེས་མེད་པར་ནོང་བའོཿ འདི་ཡི་འཕྲང་ལས་གྲོལ་བ་ལཿ བརྟུལ་ཞུགས་སྤྱོད་པ་ལམ་སློང་ཞིངཿ ཉོན་མོངས་རྟོག་ཚོགས་བག་ཉལ་བཿ མེ་ཉིད་རླུང་གིས་བསྐྱོད་པ་བཞིནཿ གཉེན་པོས་སློང་བཞིན་གཉེན་པོས་གཅོདཿ མན་ངག་ཐབས་ཀྱི་གནད་འདིའོཿ ཐོག་མར་ལྟ་བའི་གཞི་ཚུགས་ཕྱིརཿ ལུས་གནད་རྣམ་སྣང་ཆོས་བདུན་ལཿ མིག་གཉིས་ཐད་ཀའི་ནམ་མཁར་བལྟཿ ཅི་ཡང་ཡིད་ལ་མི་བྱེད་པརཿ ཅུང་ཟད་རིག་པ་ཧུར་བསྐྱེད་ཚེཿ ཐོག་མར་རྣམ་རྟོག་བན་བུན་འཚུབསཿ བདག་མེད་ངང་དུ་བཞག་ཙ་ནཿ ལུས་སེམས་བྱིང་ཞིང་རྨུག་ཉམས་འབྱུངཿ ཕྱི་ཡི་སྣང་བའི་ཡུལ་རྣམས་དངཿ ནང་གི་ལུས་ཀྱི་སྣང་བ་ནུབཿ དེ་ཚེ་ཀུན་གཞི་མངོན་གྱུར་པཿ འཁོར་འདས་གཉིས་ཀྱི་ས་མཚམས་ཏེཿ རྐྱེན་ངན་ལམ་དུ་སློང་བའི་ཕྱིརཿ རང་ཉིད་ཁྲོས་མའི་ང་རྒྱལ་གྱིསཿ རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་ཀུནཿ གློ་བུར་རྐྱེན་གྱིས་བསླབ་པའི་ཕྱིརཿ གཉན་འབོད་བྱ་ཞིང་རྣམ་རྟོག་སློངཿ དེ་ལ་མཁོ་བའི་ཡོ་བྱད་ནིཿ མཆོག་ཆེན་ཞིང་གི་གཡང་གཞི་དངཿ བདེ་སྐྱེད་མ་ཡི་རྐང་གླིང་བུཿ ཐོད་པའམ་སེང་ལྡེང་ཌཱ་མ་རུཿ དར་སྣའི་ཅོད་པན་དྲིལ་གཡེར་བརྒྱནཿ སྟག་གཟིག་ཤི་སྐྲའི་ལན་ཚར་འཕྱངཿ གཟན་ཅན་གཏུམ་པོའི་པགས་པའི་སྟནཿ འདུ་བྱེད་བཅུད་ལྡན་ཟས་ལ་བརྟེནཿ རང་རིག་བླ་མར་ཤེས་པ་ཡིཿ མོས་གུས་ལྟེམ་རྐྱང་མེད་པའི་ངངཿ སྣང་ཆ་ཁྲོས་མ་ནག་མོ་ནིཿ འཁོར་འདས་གཉིས་ཀྱི་བླ་ན་འཕྱོཿ སངས་རྒྱས་ཐོབ་པའི་རེ་བ་དངཿ འཁོར་བ་འཁྱམས་པའི་དོགས་པ་གཉིསཿ གློ་བུར་རེ་དོགས་འཁུ་ཕྲིག་ཀུནཿ ཤར་ཚེ་སླར་ཡང་དྲག་པོས་སློངཿ སློང་རྐྱེན་གང་ཡང་ཐོག་བརྫིས་བྱཿ འཛིན་པའི་རྣམ་རྟོག་གང་ཆེ་བཿ གཉེན་པོ་མི་བརྟེན་རང་ཐོག་གློདཿ འཇིགས་ཤིང་ཡ་ང་བག་ཚ་བའིཿ སྣང་བ་དེ་ནི་དང་ལོངས་ཤིགཿ འཁུ་ཕྲིག་མ་ཆོད་བར་དུ་འབོདཿ སྟོང་གསུམ་སྟོང་གི་ཁམས་འདིར་རུཿ སངས་རྒྱས་བྱང་སེམས་ཉན་ཐོས་སྡེཿ ལྷ་དང་ཀླུ་དང་གདོན་སྦྱིན་དངཿ དྲི་ཟ་གྲུལ་བུམ་མིའམ་ཅིཿ དྲེགས་པ་སྡེ་བརྒྱད་ཤི་གསོན་འདྲེཿ རྒྱལ་བསེན་དམ་སྲི་བཙན་ཐེའུ་རངཿ བྱད་མ་རྦོད་གཏོང་སྡང་བྱེད་དགྲཿ འགྲོ་བ་རིགས་དྲུག་སྐྱེ་གནས་བཞིསཿ བསྡུས་པའི་ཁམས་གསུམ་སེམས་ཅན་ཀུནཿ ཉི་ཟེར་རྡུལ་བཞིན་འཁྲིགས་པར་བསམཿ དེ་ཀུན་རང་ལ་གནོད་སེམས་ལྡནཿ ཡ་ཀིའི་སངས་རྒྱས་མན་བཟུང་ནསཿ མ་ཀིའི་མནར་མེད་དམྱལ་ཁམས་ཡནཿ སྲོག་ཆགས་ཕྲ་མོ་དང་བཅས་པཿ གདུག་པའི་སེམས་ཀྱིས་འདུས་པར་བསམཿ དེ་ཚེ་རང་ཉིད་སྔངས་སྐྲག་དངཿ ཡུལ་ལྔར་འཁུ་ཕྲིག་བློ་ཤར་ཚེཿ སྐྱེ་མེད་རིག་པའི་རང་གདངས་ལཿ མ་གཅིག་ཁྲོས་མ་ནག་མོའི་སྐུཿ འཇིགས་རུང་ཁྲོ་མོའི་ཆས་རྫོགས་ཤིངཿ འཁོར་འདས་དབང་དུ་བསྡུ་བའི་ཕྱིརཿ ཟིལ་གནོན་དམིགས་པའི་འཁྲུལ་འཁོར་གཟེརཿ སེམས་ཉིད་བདག་མེད་བདག་བཟུང་ཞིངཿ སྣང་བ་གཞན་མེད་གཞན་བཟུང་བའིཿ གཟུང་འཛིན་ཨ་འཐས་འཁྲུལ་སྣང་རྒྱུསཿ ལྷ་འདྲེ་གཉིས་འཛིན་རྟོག་པ་ཤོརཿ དེ་ལས་འཁོར་བར་འཁྱམས་པ་སྟེཿ དཀར་ནག་ལས་འབྲས་སྣ་ཚོགས་སྐྱེསཿ རིགས་དྲུག་སོ་སོའི་གཟུགས་སྣང་བཿ རང་སྣང་དགྲ་རུ་ལངས་པ་ཡིསཿ གཉེན་པོས་བཟློག་ཅིང་སྤང་བ་ནིཿ འབྲས་བུ་ཐོབ་པ་རྒྱང་རིང་ཕྱིརཿ འཁྲུལ་པ་རང་ཐོག་གཅོད་པ་ལཿ ཟིལ་གནོན་ཁྲོས་མའི་ང་རྒྱལ་གྱིསཿ དགྲ་རུ་གྱུར་ཀུན་སླར་བསླང་ཞིངཿ རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་འཇོམསཿ རིག་པ་ཁྲོས་མ་ནག་མོ་ལསཿ སྤྲུལ་བསྒྱུར་ཡེ་ཤེས་ལྔ་ཤར་བཿ སངས་རྒྱས་རྡོ་རྗེ་རིན་ཆེན་དངཿ པདྨ་ལས་ཀྱི་མཁའ་འགྲོ་མཿ ས་གཞིའི་རྡུལ་གྱི་གྲངས་སྙེད་སྤྲུལཿ ཀུན་ཀྱང་སྐུ་མདོག་ཕྱག་མཚན་དངཿ རྣམ་འགྱུར་མ་ངེས་སྣ་ཚོགས་སྟོནཿ རྣམ་རྟོག་རང་མཚན་གྲུབ་པ་ཡིཿ སངས་རྒྱས་སེམས་ཅན་ཇི་སྙེད་པཿ འཛིན་མེད་ངང་ནས་ཟིལ་མནན་ཚེཿ ཀུན་ཀྱང་སྔངས་སྐྲག་དྲན་པ་ཉམསཿ འདར་ཟིང་དཔའ་ཞུམ་གནས་པ་ལཿ རིག་པ་གཏད་ཅིང་ངལ་བསོ་ནསཿ རབ་འབྲིང་ཐ་མའི་རྣལ་འབྱོར་པསཿ རང་བཞིན་མེད་པར་རྟོགས་པ་དང་ཿ སྒྱུ་མ་ལྟ་བུར་ཤེས་པ་དངཿ སླར་ཡང་འཁུ་ཕྲིག་ཤར་བ་གསུམཿ རབ་ཀྱིས་རིག་སྟོང་ངང་དུ་བཞགཿ འབྲིང་གིས་དབྱིངས་རིག་དབྱེར་མེད་བསྲེསཿ ཐ་མས་སླར་ཡང་ཟིལ་གནོན་སྤོགསཿ དེ་ཚེ་འཁོར་འདས་སྣང་བ་ཡིཿ ལྷ་དང་འདྲེར་འཛིན་རྣམ་རྟོག་ཀུནཿ སེམས་ཀྱི་རོལ་རྩལ་སྣ་ཚོགས་ཤེསཿ སངས་རྒྱས་སེམས་ཅན་ཞེས་བྱ་བཿ མིང་གི་བླ་དྭགས་ཉིད་དུ་གོཿ འདོད་ཆགས་ཞེ་སྡང་ང་རྒྱལ་དངཿ ཕྲག་དོག་ལ་སོགས་རྟོག་ཚོགས་ཀུནཿ མཉམ་ཤར་མཉམ་གྲོལ་བཟང་ངན་མེདཿ རིག་པ་མ་བཅོས་ཟང་ཀ་མཿ འདི་ཞེས་མཚོན་དུ་མེད་པ་ལཿ ས་ལེ་ཧྲིག་གེ་བརྗོད་དུ་མེདཿ གང་ཤར་འཛིན་མེད་ངང་དུ་གྲོལཿ གཏད་མེད་རྒྱ་ཡན་ལྷུག་འབྱམས་ངངཿ སྐབས་ཀྱི་དམིགས་པའི་འཁྲུལ་འཁོར་ཀུནཿ སྣང་ཆ་ཙམ་དུ་ཤར་བའི་ཚེཿ གཏད་སོ་མེད་པའི་མོས་གུས་ཀྱིཿ བྱིན་རླབས་སྙིང་ལ་འཇུག་པ་སྟེཿ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྟགསཿ ལུས་ནི་སྟོང་གསལ་འཛིན་པ་བྲལཿ ངག་ནི་ཆོས་ཀྱི་སྒྲ་དབྱངས་སྒྲོགསཿ སེམས་ནི་དགའ་སྡུག་རེ་དོགས་བྲལཿ སྡུག་བསྔལ་སེམས་ཅན་ཐསམ་ཅད་ལཿ དམིགས་པ་མེད་པའི་སྙིང་རྗེ་ཤརཿ དེ་ཚེ་ལུས་ཀྱི་གར་སྟབས་བསྒྱུརཿ ངག་གིས་ཧཱུྃ་ཕཊ་གད་རྒྱངས་སྒྲོགསཿ སེམས་ཀྱིས་རྩལ་སྣང་གང་ཤར་བཿ ངོ་བོར་བལྟ་ཞིང་ཕཊ་ཀྱིས་གཅོདཿ དབྱིངས་རིག་ལུས་སེམས་དྭངས་པའི་ཚེཿ ལུས་ནི་བརྟུལ་ཞུགས་རོ་ཉལ་བྱཿ ངག་གི་སྨྲ་བ་རྒྱུན་བཅད་ཅིངཿ རླུང་གཉིས་ཅུང་ཟད་ཕྱིར་ཡུལ་བསྲིངཿ རིག་པ་ནམ་མཁའ་དྭངས་པའི་དབྱིངསཿ མ་བཅོས་ངང་དུ་གཏད་མེད་བཞགཿ ཉམས་ཀྱི་སྣང་བ་ཀུན་བྲལ་ཞིངཿ བཟང་ངན་རྣམ་པར་རྟོག་པ་དངཿ ཡིད་དཔྱོད་བློ་དང་དགའ་སྡུག་བྲལཿ སྒོ་ལྔའི་ཡུལ་གྱི་སྣང་བ་ཀུནཿ མེ་ལོང་གཟུགས་བརྙན་བྲག་ཆ་ལྟརཿ འལ་འོལ་ཡད་ཡུད་ཤར་བའི་ཚེཿ འབུལ་བ་དག་པའི་ཞི་ཚུགས་སོཿ འདི་དུས་སྐལ་བ་ལྡན་པའི་བུཿ སྐབས་སུ་མོས་གུས་མཆི་མ་འཁྲུགསཿ སྐབས་སུ་སྙིང་རྗེ་བཟོད་གླག་མེདཿ འཁོར་བའི་གནས་སུ་ཞེན་པ་ལོགཿ འཁྲུལ་པའི་བྱ་སྤྱོད་ཐམས་ཅད་ཀུནཿ སྒྱུ་མ་རྨི་ལམ་ལྟར་ཤར་ཞིངཿ སྡིག་པས་གནོད་པ་མ་བསྐྱལ་ཞིངཿ དགྲ་གཉེན་འཛིན་པའི་སྣང་བ་ཞིགཿ དགེ་བས་ཕན་པའི་བློ་བྲལ་ཡངཿ རྒྱུ་འབྲས་སྤང་བླང་རང་ཤུགས་སྤྱོདཿ ལྷ་འདྲེ་མཉམ་པ་ཉིད་རྟོགས་པའིཿ ཟག་བཅས་ཆོས་ལ་མི་རེ་ཞིངཿ ཀུ་སུ་ལུ་པའི་བརྟུལ་ཞུགས་སྐྱོངཿ ཀུན་ལ་ཕན་པའི་ལྷག་བསམ་གྱིསཿ སེམས་ཅན་དོན་དུ་ལུས་སྲོག་གཏོངཿ གང་ལའང་འཇིགས་མེད་གདེངས་ཐོབ་ཚེཿ སྔ་ནོན་མན་ངག་གཞི་ཚུགས་སོཿ གསང་བ་སྔགས་ཀྱི་དམ་ཚིག་ནིཿ ས་མ་ཡ་དང་འབུམ་སྡེ་གསུངསཿ འཛིན་པ་རང་གྲོལ་འདི་ཉིདས་ལཿ རྩ་བ་དང་ནི་ཡན་ལག་གིཿ དམ་ཚིག་ཉི་ཤུ་རྩ་གཅིག་སྟེཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ སྐུ་ལ་བརྙས་པར་མི་བྱ་ཞིང་ཿ ཐོག་མའི་མགོན་པོའི་འདུ་ཤེས་བསྐྱེདཿ གྲལ་ཚེ་རྒྱུན་དུ་སྤྱི་བོར་བསྒོམཿ ལུས་ཀྱི་ཁྲོས་མ་ནག་མོ་ཡིཿ ཕྱག་རྒྱ་བསྒོམ་དང་མི་འབྲལ་བྱཿ དམ་ཚིག་ལྡན་པའི་མཆེད་ལྕམ་མཿ བརྡེག་བརྩོག་གནོད་པ་མི་བྱའོཿ བླ་མ་སངས་རྒྱས་སྨད་མི་བྱཿ རྫུན་ཕྲ་བརླང་ཚིག་མི་ཞུ་ཞིངཿ སྒྲ་ཚིག་སྔགས་སུ་ཤེས་པ་དངཿ མཆེད་ལྕམ་ལོག་པའི་ལམ་མི་བསྒྱུརཿ འདྲེན་པ་མཆོག་ལ་ལོག་ལྟ་དངཿ གདམས་པར་ཐེ་ཚོམ་རྟོག་དཔྱོད་འཇུགཿ དམ་ཚིག་ལྡན་ལ་གནོད་པའི་སེམསཿ ཉམས་པ་བདུན་ལྡན་སྙིང་རྗེ་བསྐྱེདཿ ལྷ་འདྲེ་ཡན་པར་གཏོང་པ་དངཿ ལུས་ཀྱི་གཅེས་འཛིན་ནོར་ལ་སྲེདཿ སེམས་ཅན་ཡོངས་ལ་གནོད་བྱེད་པཿ ཟབ་མོའི་གདམས་པ་སྟོན་པ་སྤངསཿ བླ་མར་མོས་གུས་སྲན་ཚུགས་ཤིངཿ རིག་པ་དྲི་མེད་དོན་ལ་བལྟཿ ཀུན་ལ་སྙོམས་པའི་སྙིང་རྗེ་བསྒོམཿ དད་དམ་ལྡན་རྣམས་སུན་མི་འབྱིནཿ དངོས་མེད་ཕྱག་རྒྱ་གཉན་པོས་བཅིངསཿ རྒྱུད་ལ་བྱང་ཆུབ་སེམས་འཇུག་བྱཿ རྩ་བ་ཡན་ལག་མི་འདའ་ཞིངཿ གང་ལ་ཞེན་པའི་བློ་བྲལ་ཡངཿ བླ་མ་རང་སེམས་དབྱེར་མེད་གཅིགཿ རྒྱུན་དུ་སྐྱོང་བའི་འགགས་བསྡུའོཿ ༈ རྩ་བ་དངོས་གཞིའི་ཉམས་ལེན་ནིཿ ནམ་མཁའ་སྒོ་འབྱེད་མན་ངག་སྟེཿ སྨིན་བྱེད་དབང་གི་བྱིན་བཞུགས་ནསཿ རོ་སྙོམས་ཆེན་པོའི་ངོ་སྤྲོད་ཐེབསཿ སེམས་རིག་ལ་ཤན་ཕྱེ་བའི་ཚེཿ ཇི་ལྟར་དམིགས་པའི་འཁྲུལ་འཁོར་གྱིསཿ གཅུན་ཞིང་ལྷ་དང་འདྲེར་འཛིན་གྱིཿ རྣམ་པར་རྟོག་པ་བོར་བའི་ཚེཿ ལུས་ནི་དུར་ཁྲོད་རོ་བཞིན་སྐྱུརཿ བར་རླུང་ཅུང་ཟད་མནན་བྱས་ལཿ རྣམ་རྟོག་བག་ལ་མི་ཉལ་ཕྱིརཿ ངག་གནད་སྨྲའམ་ཅི་དགར་བཞགཿ སེམས་ནི་མ་བཅོས་ངང་ཉིད་དུཿ རིག་པ་མཁའ་ལ་མདུང་ཚུགས་གཏདཿ བཅས་བཅོས་མི་བྱ་ལྷོད་ཀྱིས་ཀློདཿ རྣམ་པར་རྟོག་པ་གང་ཤར་ཀུནཿ རྗེས་མི་གཅོད་ཅིང་མདུན་མི་བསུཿ བདག་ཏུ་མི་བཟུང་ཡས་སུ་པོརཿ ཐེ་ཚོམ་ལོག་ལྟ་ཕཊ་ཀྱིས་གཅོདཿ ཞེན་འཛིན་དགའ་སྡུག་རྩུབ་ཉམས་ཤརཿ ཧ་ཧ་ཧི་ཧིའི་གད་རྒྱངས་སྒྲོགསཿ གང་ཤར་མི་ཞེན་ཤར་ཐོག་བཞགཿ བདེ་ཉམས་དགའ་བྲོད་བློ་ཤར་ནཿ མོས་གུས་བསྐྱེད་ཅིང་ཐུགས་ཡིད་བསྲེསཿ བྱིང་འཐིབ་ནམ་མཁའ་དྭངས་པའི་ངོརཿ གཏད་ཅིང་ཉམས་ཀྱི་རྩ་གདན་བཅདཿ དེ་ཚེ་བློ་འདས་རིག་པ་ནིཿ ཅིར་ཡང་མ་གྲུབ་ཝལ་ལེ་བཿ ཉམས་ཀྱི་མ་གོས་ཧད་ཕྱད་དེཿ འཛིན་པས་མ་བཅིང་བརྗོད་དུ་མེདཿ བྱིང་རྨུག་སངས་ཤིང་ས་ལེར་གསལཿ ཡེངས་མེད་འཛིན་མེད་ཧྲིག་གེ་བཿ དེ་དོན་རྟོགས་ཚེ་ཡུམ་ཆེན་མོའིཿ དགོངས་དོན་ཀ་དག་རང་ཞལ་མཇལཿ ཕྱི་རི་བཟུང་བའི་ཡུལ་སྣང་ཀུནཿ སྣང་ལ་རང་བཞིན་མ་གྲུབ་པརཿ འལ་འོལ་ཡད་ཡུད་ངང་དུ་གྲོལཿ སེམས་ཞེས་བྱ་བ་རྣམ་རྟོག་སྟེཿ འཛིན་པ་ཕྲ་མོའི་རྐྱེན་བྱས་པསཿ འཁོར་བ་ལུ་གུ་རྒྱུད་དུ་འཁྱམསཿ ཆོས་ཉིད་རིག་པ་མངོན་གྱུར་ཚེཿ བཟུང་བའི་རྣམ་རྟོག་གང་ཤར་ཡངཿ མཁའ་ལ་ཤར་བའི་ན་བུན་དངཿ མེ་ལོང་ངོས་ཀྱི་གཟུགས་བརྙན་བཞིནཿ མཉམ་ཤར་མཉམ་གྲོལ་བཟང་ངན་ཀུནཿ རོ་སྙོམས་བློ་འདས་ཆེན་པོ་སྟེཿ དེ་ཚེ་ཆོས་སྐུའི་གཞི་ཚུག་གོཿ དེ་ལ་གོམས་ཤིང་འདྲིས་པ་ཡིསཿ ལྷ་འདྲེ་གཉིས་སྣང་རྟོག་ཚོགས་རིགསཿ རང་སར་སད་ཅིང་རང་སར་སྟོངཿ གྲངས་མེད་སྦྱངས་པའི་སངས་རྒྱས་དངཿ སྡུག་བསྔལ་མྱོང་བའི་དམྱལ་བའི་འགྲོཿ མཉམ་པ་ཉིད་དུ་རྟོགས་པའི་ཚེཿ བྱིན་རླབས་འཇུག་པའི་དུས་ཡིན་པསཿ སྣང་སྲིད་བླ་མར་ཤེས་པ་ལཿ བྱིན་རླབས་གནད་འབེབས་རིང་མོ་བྱཿ བརྟུལ་ཞུགས་ལམ་དུ་སློང་བའི་ཕྱིརཿ དྲག་པོའི་སེང་ལྡེང་ཌཱ་མ་རུཿ དར་སྣའི་ཅོད་པཎ་དྲིལ་གཡེར་བརྒྱནཿ མཆོག་ཆེན་མི་རྐང་གླིང་བུ་སྒྲོགསཿ རིག་པ་ངར་སྐྱེད་གསོལ་བ་གདབཿ འཁོར་འདས་སྣག་བའི་ཆོས་སོ་ཅོགཿ ཡ་ཀིའི་ཀུན་ཏུ་བཟང་པོ་དངཿ མ་ཀིའི་མནར་མེད་འགྲོ་བར་བཅསཿ བླ་མའི་རོལ་རྩལ་ཉིད་དུ་བལྟཿ དེ་ཚེ་ཉམས་རྟོགས་རྩལ་འབར་ཞིངཿ སྒོ་གསུམ་འཛིན་པ་རང་སར་ཞིགཿ སྣང་བ་ལྷ་དང་སྒྲ་གྲགས་སྔགསཿ ཆོས་ལོངས་སྤྲུལ་པ་སྐུ་ཡི་ཞིངཿ མཐོང་ཞིང་ཕྲ་མོའི་འཛིན་པ་ཞིགཿ དྲན་རྟོག་ཡེ་ཤེས་རྣམ་པ་ལྔཿ ཡུམ་ཆེན་ཐུགས་ཀྱི་ཀློང་དུ་གྲོལཿ སངས་རྒྱ་ཐོབ་པའི་རེ་བ་དངཿ འཁོར་བར་འཁྱམས་པའི་དོགས་པ་གཉིསཿ མཉམ་ཉིད་ཆེན་པོའི་ཀློང་དུ་ཟདཿ སྒོ་ལྔ་ཡིད་དང་ཉོན་ཡིད་བདུནཿ ཀུན་གཞིའི་རྣམ་པར་ཤེས་པ་སྟེཿ ཡིད་ནི་ཀུན་གྱི་སྔོན་དུ་འགྲོཿ ཉོན་ཡིད་ཀྱི་ནི་བདག་ཏུ་བཟུངཿ ཀུན་གཞིའི་རྣམ་པར་ཤེས་པ་ཡིསཿ འཛིན་པ་ཕྲ་མོ་རགས་པས་བཅིངསཿ བག་ཆགས་སྣ་ཚོགས་ཀུན་གཞི་ཞེསཿ འཁོར་བར་འཕེན་བྱེད་རྒྱུ་ཡིན་ཏེཿ ཤ་ཁྲག་གཟུགས་ལ་བརྟེན་བྱས་པཿ འདུ་ཤེས་ཀྱིས་ནི་གོ་འབྱེད་ཅིངཿ འདུ་བྱེད་སོ་སོར་བཟང་ངན་དབྱེཿ རྣམ་ཤེས་ཀུན་ལ་འཇུག་པ་སྟེཿ དེ་ཀུན་སེམས་ཀྱི་རང་བཞིན་ནོཿ བདག་མེད་བདག་ཏུ་བཟུང་བ་ལསཿ སྡུག་བསྔལ་འཁོར་བའི་ས་བོན་གྲུབཿ ཡེ་ཤེས་ཆེན་པོ་སྒྲིབ་བྱེད་ཡིནཿ བླ་མའི་མན་ངག་ཟབ་མོ་ཡིསཿ མ་རིག་གཏི་མུག་གཉིད་སྐྲོག་ཅིང་ཿ ཀུན་གཞིའི་མུན་ནག་སངས་པའི་ཚེཿ རིག་པ་དྲི་མེད་ཉི་འོད་གསལཿ ཡེ་ཤེས་ཆེན་པོའི་སྒོ་ཕྱེས་པའིཿ སངས་རྒྱས་ས་ཡི་འབྲས་བུ་ཐོབཿ འཛིན་པས་བཅིང་པའི་བདུད་ཆེན་བཞིཿ ཤ་ཁྲག་ལུས་ལ་ཞེན་པའི་ཡིསཿ འཛིན་པ་ཞི་གནས་ལྷག་མེད་དུཿ གྲོལ་བར་བར་གཅོད་ཕུང་པོའི་བདུདཿ ཡང་དག་དོན་ལ་བལྟ་བྱེད་པརཿ བར་གཅོད་འཁྲུལ་པ་རྣམ་གཡེང་ཆགསཿ ལམ་གྱི་བར་ཆད་ལྟའི་བུའི་བདུདཿ མཐོ་རིས་ཡོན་ཏན་ཚེ་སྲོག་ལཿ བར་དུ་གཅོད་པ་འཆི་བག་བདུདཿ འདོད་ཆགས་ཞེ་སྡང་གཏི་མུག་དངཿ ང་རྒྱལ་ཕྲག་དོག་རྣམ་པ་ལྔའིཿ རྐྱེན་གྱིས་གཞན་དབང་གྱུར་པ་ཡིསཿ སངས་རྒྱས་འབྲས་བུ་ཐོབ་བྱེད་པརཿ བར་དུ་གཅོད་བྱེད་ཉོན་མོངས་བདུདཿ བཞི་པོ་བག་ཆགས་ཨ་འཐས་པའིཿ རྣམ་པར་རྟོག་པའི་རྐྱེན་ལས་བྱུངཿ བཅོམ་ཚེ་ཐར་པའི་ལམ་བཟང་ཐོབཿ དེ་ཡང་རང་རིག་མ་བཅོས་གཤིསཿ རྒྱལ་ཀུན་བསྐྱེད་མཛད་ཡུམ་ཆེན་མོཿ སྤྲུལ་པ་རྡོ་རྗེ་ཕག་མོ་དངཿ དབྱེར་མེད་ཁྲོས་མ་ནག་མོར་གསལཿ དེ་ཡང་གཏི་མུག་གནས་དག་པཿ ཆོས་དབྱིངས་ཡེ་ཤེས་ངོ་བོ་སྟེཿ ཞེ་སྡང་རྣམ་པར་དག་པ་ལསཿ མེ་ལོང་ཡེ་ཤེས་རང་མདངས་རྩལཿ སྐུ་སྤྲུལ་བདེ་ཆེན་དཀར་མོ་དངཿ དེ་ལས་མཆེད་པའི་རྟོགས་ཚོགས་ཀུནཿ སྤྲུལ་པའི་ཌཱཀྐི་འབུམ་འབུམ་ཤརཿ ང་རྒྱལ་རྣམ་དག་མཉམ་པ་ཉིདཿ རང་མདངས་སེར་མོ་དོན་གྲུབ་མཿ དེར་མཆེད་རྟོག་ཚོགས་སྤྲུལ་པ་འབུམཿ འདོད་ཆགས་རྟོག་པ་གནས་དག་ཚེཿ སོ་སོར་རྟོག་པའི་ཡེ་ཤེས་རྩལཿ མ་གཅིག་དམར་མོ་སྒྲ་སྒྲོགས་ཏེཿ དེར་མཆེད་རྟོག་ཚོགས་སྤྲུལ་པའི་འཁོརཿ ཕྲག་དོག་རྟོག་པ་གནས་དག་པཿ བྱ་བ་གྲུབ་པའི་ཡེ་ཤེས་རྩལཿ ཌཱཀྐི་སྣ་ཚོགས་མཐར་ཕྱིན་མཿ དེར་མཆེད་རྟོག་ཚོགས་འཁོར་ཚོགས་འབུམཿ ཆོས་སྐུའི་ཞིང་ན་ཡུམ་ཆེན་མོཿ ལོངས་སྐུར་མ་གཅིག་གསང་ཡེ་མཿ སྤྲུལ་པའི་ཞིང་དུ་ཁྲོས་མ་ནགཿ དོན་ལ་ངོ་བོ་ཐ་མི་དདཿ རྣམ་པ་སོ་སོར་སྣང་བ་ཡངཿ གདུལ་བྱའི་ཁམས་དབང་བསམ་པ་དངཿ དབང་པོའི་ཁྱད་པར་ལས་བྱུང་ངོཿ ཁྲོས་མ་གཅིག་གི་ཚེ་འཕྲུལ་ལསཿ སྤྲུལ་པ་འབུམ་འབུམ་དུ་མར་ཤརཿ བདུད་དང་ཉོན་ཤེས་སྒྲིབ་གཅོད་ཕྱིརཿ སྣང་བའི་བདེན་ཞེན་འགོགས་པ་དངཿ འཛིན་པའི་སེམས་ཉིད་གྲོལ་ཐབས་སོཿ དེ་ལྟར་འཛིན་པ་རང་གྲོལ་ལཿ ཉམས་ལེན་གནད་དུ་བསྣུན་བྱས་ཤིང་ཿ ལྟ་བ་ཆོས་སྐུའི་རྒྱལ་ས་ཟིནཿ སྒོམ་པ་ཡེངས་མེད་འཛིན་ཞེན་བྲལཿ སྤྱོད་པ་བླང་དོར་བྲལ་བར་རྟོགསཿ མ་རིག་ང་བདག་འཛིན་ཞེན་ཆོདཿ སྣང་བའི་རྫུན་ཕུག་རྡིབ་པའི་ཚེཿ བག་ཆགས་ལུས་ཀྱི་མཆོད་སྦྱིན་གནདཿ ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ནསཿ ཡུམ་ཆེན་མོ་ཡི་སྒོམ་བཟླས་ཀྱིསཿ རིགས་དྲུག་སེམས་ཅན་བག་ཆགས་སྦྱངསཿ རང་ལུས་བླ་མར་མཎྜལ་ཕུལཿ ཚོགས་ཞིང་ལྷ་ཚོགས་གསལ་གདབ་ཅིངཿ ཕུར་ཚུགས་གསོལ་བ་དྲག་པོ་གདབཿ ལུས་ཀྱི་འཛིན་ཞེན་གྲོལ་བའི་ཕྱིརཿ འགྱེད་ཆེན་བཞི་ཡི་རིམ་པ་ལཿ ཚོགས་བསགས་པ་ཡི་དཀར་འགྱེད་དངཿ བག་ཆགས་སྦྱོང་ཕྱིར་ཁྲ་བོར་འགྱེདཿ བརྟུལ་ཞུགས་ལམ་སློང་དམར་སྟོན་འགྱེདཿ ན་ཚ་སྡིག་སྒྲིབ་སྦྱོང་བའི་ཕྱིརཿ དྲག་པོའི་ནག་འགྱེད་ཆེན་མོ་སོགསཿ རང་ལུས་འཛིན་ཞེན་ཞིག་པ་དང་ཿ ཕྲ་རགས་འཛིན་པ་གཏིང་ཆོད་ཅིང་ཿ ཚེ་རབས་བུ་ལོན་ལན་ཆགས་སྦྱངསཿ ཉམས་ལེན་བོགས་ཐོན་ཕུང་པོའི་ཁམསཿ འོད་སྐུར་གྲོལ་བའི་ཆ་རྐྱེན་ནོཿ ཡང་ཅིག་ཐོག་བཅས་ཐོག་མེད་དངཿ དགའ་བྲོད་སྙེམས་བྱེད་བདུད་བཞི་སྟེཿ ཐོག་བཅས་འབྱུང་བཞི་གཟུགས་ཅན་སྤྲུལཿ ཐོག་དང་ལྷ་འདྲེའི་དངོས་གཟུགས་ཀྱིསཿ ཐོ་འཚམས་བར་ཆད་སྣ་ཚོགས་སོཿ ཐོག་མེད་སེམས་ལ་འཁུ་ཕྲིག་དངཿ འཇིགས་སྐྲག་རེ་དོགས་སྣ་ཚོགས་པའིཿ ཉམས་ལེན་བར་གཅོད་སྣ་ཚོགས་སོཿ ལྷ་འདྲེའི་འཚུབས་སློང་ཤུགས་ལས་བྱུངཿ དགའ་བྲོད་འཇིག་རྟེན་ཌཱཀྐི་མསཿ རྨི་ལམ་ལུང་བསྟན་འབྱུང་བའམཿ ཡང་ན་སེམས་ལ་ཞུགས་པ་ཡིསཿ རང་ལ་ཡོན་ཏན་རྟགས་མཚན་དངཿ གཞན་གྱིས་རྙེད་བཀུར་ལ་སོགས་པསཿ རྐྱེན་གྱིས་དགའ་བྲོད་ང་རྒྱལ་སྐྱེསཿ དགའ་སྡུག་དབང་དུ་གྱུར་པའོཿ སྙེམས་བྱེད་གཙོ་བོ་ཐེ་ཚོམ་དངཿ རེ་དོགས་ལོག་ལྟ་ཉོན་མོངས་སྐྱེསཿ སེམས་ཀྱི་རྟོག་ཚོགས་སྣ་ཚོགས་པཿ བདག་བཟུང་ཉམས་ལེན་པར་གཅོད་དེཿ སྙེམས་ཀྱི་ཐག་པ་ཆོད་གྱུར་ཚེཿ འཛིན་པ་རང་གྲོལ་རྣལ་འབྱོར་ཏེཿ མ་རིག་འཁོར་བར་འཕེན་པའི་རྒྱུཿ ང་ལས་བྱུང་ཞིང་སྙེམས་ཀྱིས་འཁྲུལཿ ང་བདག་འཛིན་པའི་རྟེན་ཕུར་ཕུདཿ སྙེམས་ཐག་ནང་ནས་ཆོད་པའི་ཚེཿ འཇིགས་མེད་བརྟུལ་ཞུགས་ལྡན་པའོཿ དབང་པོ་རབ་ནི་བཅད་ཕོག་ཏུཿ ངོ་སྤྲོད་རིག་པའི་རྒྱལ་ས་ཟིནཿ འབྲིང་གིས་བདེ་གསལ་མི་རྟོག་པའིཿ ཉམས་ཀྱི་ཤུན་པ་གདམས་ངག་གིསཿ གནད་ལ་བརྟེན་ནས་དོར་བའི་ཚེཿ རིག་པ་དྲི་མེད་ཉི་འོད་ཤརཿ ཐ་མས་གོལ་ས་ཤོར་ས་དང་ཿ ནོར་ས་གསུམ་གྱི་འཕྲང་དག་ལསཿ སློབ་དཔོན་མཁས་པས་སྒྲོལ་བྱས་ནཿ ཐོག་མར་ཡེངས་མེད་རྩེ་གཅིག་དངཿ བར་དུ་བསམ་གཏན་སྤྲོས་པ་བྲལཿ སྐབས་སུ་འཁོར་འདས་རོ་གཅིག་བལྟཿ ཐ་མ་ཀ་དག་ཆོས་སྐུ་ཡིཿ སྒོམ་མེད་ཆེན་པོའི་རང་ཞལ་མཇལཿ རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཏེཿ དགག་པར་བྱ་བ་མ་ཡིན་ཀྱང་ཿ རྗེས་སུ་མི་འབྲང་རང་སར་ལྷོདཿ དང་པོ་ངོས་ཟིན་ཚེ་ན་གྲོལཿ བར་དུ་ཤར་མ་ཐག་ཉིད་དུཿ རང་གི་རང་གྲོལ་གཉེན་པོ་བྲལཿ ཐ་མ་རེ་དོགས་བྲལ་བའི་ཚེཿ ཐོབ་ཤོར་མེད་པའི་བཙན་ས་ཟིནཿ དགེ་བས་ཕན་པའི་གཞི་ཟད་ཅིངཿ སྡིག་པས་གནོད་པའི་ཡུལ་མེད་པཿ བྱར་མེད་ལྷུག་པའི་རང་གདངས་ཏེཿ འཛིན་པ་རང་གྲོལ་རྣལ་འབྱོར་པའིཿ དབྱིངས་དང་རིག་པ་མ་བྲལ་ནཿ ཉམས་ལེན་གཞན་གྱི་དགོས་པ་ཆུངཿ བླ་མ་རང་སེམས་དབྱེར་མེད་དུཿ རྟོགས་ཚེ་མཉམ་ཉིད་ཆེན་པོ་ལསཿ ལྷ་དང་ད་འདྲེར་འཛིན་རྟོག་པ་ཟདཿ ཀུན་ལ་ཁྱབ་པའི་སྙིང་རྗེ་དངཿ འཕོ་མེད་ཆེན་པོ་ལ་བཟླའོཿ དང་པོ་ལས་ཅན་གང་ཞིག་ལཿ ཐོག་མར་དངོས་སུ་ཆོ་འཕྲུལ་འོངཿ རྨི་ལམ་རྩུབ་ཆ་སྣ་ཚོགས་དངཿ སེམས་ལ་དགའ་སྡུག་ཉོན་མོངས་སྐྱེསཿ དད་པ་འགྲིབ་དང་ཁོང་ཁྲོ་བཿ སྡོད་མི་ཚུགས་ཅིང་འགྲོ་སྙིང་འདོདཿ སློང་ཚད་ངོས་བཟུང་འགྱེད་ཆེན་བྱཿ དངོས་ཉམས་རྨི་ལམ་གང་ལ་ཡངཿ གུས་འདུད་ཕྱག་འཚལ་བསྐོར་བར་བྱེདཿ དབང་ཞུ་དམ་ལེན་དངོས་པོ་ཕུལཿ རང་རྒྱུད་སྙིང་རྗེ་དྲག་པོ་སྐྱེསཿ འདི་ཉིད་ཚར་ཚད་ཅེས་བྱ་ཡངཿ ཚར་ཚད་འདྲ་བའི་སློང་ཚད་ནིཿ གུས་གུས་འདྲ་ཡང་མ་གུས་ཉམསཿ དངོས་པོ་སྟེར་ཡང་རྒྱབ་ཀྱིས་ཕྱོགསཿ ཁྲི་སྟན་ཁ་རུ་སྡོད་སོགས་སོཿ སློང་ཚདའདྲ་བའི་ཚར་ཚད་ནིཿ རང་གི་ལུས་ལ་རྣག་ཁྲག་དངཿ དུད་ཁུ་སོལ་ཁུའི་རྣམ་པ་འབྱུངཿ བླ་མ་དང་ནི་མཁའ་འགྲོ་ཡིསཿ རང་ལུས་མཚོན་གྱིས་བརྡེག་པ་དངཿ དུམ་བུར་གཏུབ་ཅིང་ཚོགས་སུ་རོལཿ དད་དང་སྙིང་རྗེ་དབང་མེད་སྐྱེསཿ ཉམས་ལེན་རང་ཚུགས་ཟིན་པའོཿ ཚར་སློང་འདྲེས་མར་བྱུང་བ་ནིཿ གུས་གུས་འདྲ་བའི་མཚན་མ་སྟོནཿ སློང་ཚན་གོང་དུ་ནོར་རྫས་སྟེརཿ མི་ལང་བཞད་གད་བྱེད་པ་དངཿ མཚོན་ཆ་དང་ནི་ཚེར་མའི་ཤིངཿ ཕུལ་སོགས་འཛིན་པ་མ་ཆོད་པའིཿ ལྷ་འདྲེས་མགོ་གཡོག་ཡིན་པའི་ཕྱིརཿ ཟིལ་གནོད་དྲག་པོ་གནད་དུ་བསྣུནཿ འབྱུང་བཞིའི་ཨར་ལ་གཏད་པ་དངཿ སྲིད་པ་རུ་ལོག་དམིགས་པ་བྱཿ ལྷ་འདྲེ་ཡན་པར་ཤོར་གྱུར་ནཿ རྣམ་རྟོག་བདུད་ཀྱི་དབང་བཙན་པསཿ ཟབ་མོའི་ལམ་ལ་བར་དུ་གཅོདཿ འགྲོ་ལ་སྨན་པའི་བྱང་སེམས་ཉམསཿ འཛིན་པ་རང་གྲོལ་རྣལ་འབྱོར་པསཿ ལྷ་འདྲེ་ཕ་མར་ཤེས་ན་ཡང་ཿ ལོག་པའི་ལམ་ལས་ལྡོག་པའི་ཕྱིརཿ དབང་དང་དྲག་པོའི་ལས་སྦྱོར་གྱིསཿ ལས་ངན་བསྒྲལ་བའི་ཐབས་ལ་འབདཿ མ་དག་སྐྱེ་བ་འབོད་དཀའ་ཡང་ཿ བྱང་ཆུབ་ལམ་དུ་འཁྲིད་པར་སླཿ གཞན་ལ་གནོད་པའི་སེམས་བྲལ་ཚེཿ ངན་སོང་ལམ་ལས་སྒྲོལ་བའི་ཕྱིཿ ཐ་མར་ཆོས་ཀྱི་གདུལ་བྱར་འགྱུརཿ ཆོད་ཚད་མཐར་རྫོགས་ཞེས་བྱ་བཿ འཁོར་འདས་ལྷ་འདྲེ་གཉིས་སྣང་སེམསཿ བདག་འཛིན་ལྷ་འདྲེ་རྣམ་རྟོག་ཀུནཿ ན་བུན་དེངས་བཞིན་དབྱིངས་སུ་ཡལཿ སངས་རྒྱས་བཟང་པོས་ཕན་མ་བཏགསཿ སེམས་ཅན་ངན་པས་གནོད་མ་བསྐྱལཿ དགེ་སྡིག་མིང་གི་བླ་དྭགས་ཙམཿ ཡེ་མཉམ་ཆེན་པོའི་དགོངས་པ་ལཿ བཏང་བཞག་མེད་པའི་གནས་ལུགས་རྫོགསཿ བསྒྲུབ་དང་བསྒྲུབ་པར་བྱ་བ་ཀུནཿ རྒྱ་ཡན་ཆེན་པོའི་ངང་དུ་ཟདཿ མཉམ་ཉིད་ཆོས་སྐུར་གྲོལ་བའི་ཚེཿ འཛིན་པ་རང་གྲོལ་མཐར་ཕྱིན་ནོཿ གཉན་ཁྲོད་མལ་ས་ནས་གཅོད་པཿ ཀུན་གཞི་འཇིགས་པའི་དུར་ཁྲོད་དུཿ དུག་ལྔ་ཚོགས་བརྒྱད་ལས་བྱུང་བའིཿ ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་གིཿ གཟུང་འཛིན་ལྷ་འདྲེའི་དམག་ཚོགས་འདུཿ ཉམས་ལེན་གདན་ཀྱི་མན་ངག་གིསཿ སློང་ཚད་ཚར་ཚད་མཐར་ཕྱིན་ནཿ འབྱུང་བཞིའི་གཉན་ཁྲོད་ཆོད་པ་སླཿ ཀུན་བརྟགས་སྣང་བའི་ཆོས་སོ་ཅོགཿ གཞན་དབང་རྐྱེན་གྱིས་བསྒྱུར་བའི་ཚེཿ སྣ་ཚོགས་སྣང་བ་སྒྱུ་མའི་འཕྲུལཿ བདག་ཏུ་བཟུང་ལས་སྡུག་བསྔལ་བསྐྱེདཿ ཡོངས་གྲུབ་རིག་པའི་ཡེ་ཤེས་ཀྱིསཿ ཤེས་སྒྲིབ་བག་ཆགས་བསལ་བའི་ཕྱིརཿ ཆོས་སྐུའི་རྒྱལ་ས་ཟིན་པའི་ཚེཿ ཡང་གསར་འཛིན་པ་རང་གྲོལ་གྱིཿ རྩ་བ་རྡོ་རྗེའི་ཚིག་རྐང་གིཿ མན་ངག་གནད་ཀུན་གསལ་བྱེད་པཿ དྲི་མ་མེད་པའི་དགོངས་པའི་བཅུདཿ དགའ་རབ་དཔའ་བོའི་ཐུགས་ནས་བརྒྱུདཿ སྤྲིན་ནག་འདུས་པའི་དུར་ཁྲོད་ནསཿ བདག་འདྲ་ཨ་ཙར་དམར་པོར་གཏདཿ བཻཌཱུརྻ་ཡི་ཡི་གེར་བཏབཿ གསང་བ་ཡེ་ཤེས་ཐུགས་ཀློང་སྦསཿ མ་འོངས་བསྐལ་པའི་ཐ་མ་ལཿ བྱང་ཕྱོགས་ཁ་བ་ཅན་གྱི་ཁྲོདཿ ཤ་ཟ་སྲིན་པོ་རྒྱུ་བའི་གནསཿ དུག་ལྔ་རླུང་ལྟར་འཁྲུགས་པའི་སརཿ གསང་སྔགས་བསྟན་མཇུག་དར་བའི་ཚེཿ ང་སྤྲུལ་ཁྲག་འཐུང་དཔའ་བོ་དངཿ ལྷ་ལྕམ་མེ་ཏོག་མནྡཱ་རའིཿ སྤྲུལ་བསྒྱུར་ཡེ་ཤེས་ཌཱཀྐི་མརཿ ཟབ་གསང་གདམས་པ་འདི་འཕྲད་ནསཿ ཚེ་ཆོས་བར་ཆད་བདུད་ལས་རྒྱལཿ འབྲེལ་པས་བསྡུས་པའི་འགྲོ་བའི་ཁམསཿ གཟུགས་ཅན་གཟུགས་མེད་འབུམ་ཕྲག་གྲངསཿ ཡང་དག་ལམ་དུ་འགོད་པར་ངེསཿ བཀའ་འདི་འབར་མ་སྤུན་གསུམ་དངཿ མ་གཟའ་གིང་ཆེན་དུར་ཁྲོད་བདགཿ གནོད་སྦྱིན་སྡེ་དཔོན་ཚོགས་རྣམས་བཅསཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ ས་མ་ཡཱཿ སྐུ་ཡི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ རྒྱ་རྒྱ་རྒྱཿ ཁ་ཐཾཿ གུཧྱཿ ཡང་གསང་འཛིན་པ་རང་གྲོལ་གྱི་རྩ་བ་རྡོ་རྗེའི་ཚིག་རྐང་ཆོས་བདག་ཌཱཀྐི་མས་བརྡ་བཀྲོལ་བ་ལྟར་བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དཔའ་བོས་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེར་འདུ་བྱེད་ཉེར་གནས་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་གསང་བའི་སྡེ་ཚན་ནོ། །དགེའོ། དགེའོ། དགེའོ།། །།