མཆོད་སྦྱིན་བདག་འཛིན་ཚར་གཅོད་གདོན་ཚོགས་དགུ་མ།

From Khyentse Lineage - A Tsadra Foundation Project
DKYD-KABUM-02-KHA-024
Wylie title mchod sbyin bdag 'dzin tshar gcod gdon tshogs dgu ma
Location mdo mkhyen brtse bka' 'bum
Volume 2, Text 24, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Offering Rituals - mchod sbyin  ·  Severance Texts - gcod gzhung
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Colophon

།གང་ཟག་སོ་སོའི་བློ་དང་བསྟུན། །གཅོད་ཚོགས་ལུས་བྱིན་གང་ལ་ཡང༌། །སྦྱར་བདེའི་གཞོན་ཚོགས་དགུ་མ་ཞེས། །མཆོད་སྦྱིན་གདོན་ཚོགས་ཚར་གཅོད་འདི། །སྤྱན་གཟིགས་རྣམ་འཕྲུལ་རཱ་ག་ཨའི། །གཞུང་ཉིད་སོར་བཞག་ཚིག་སྦྱོར་ལ། །ཞུས་ཤིང་དག་པར་ཕབ་པའོ། །གཏེར་མིང་འཇའ་ལུས་རྡོ་རྗེ་ཡིས། །རང་དང་རྗེས་འཇུག་དོན་དུ་བཀོད། །ཡི་གེའི་འདུ་བྱེད་ཉེར་གནས་པ། །གཅོད་མཁན་ར་སྨིའི་མིང་གིས་བགྱིས། །འགའ་འཁྲུལ་མཆིས་ན་མཁའ་འགྲོར་བཤགས། །དགེ་བས་བདུད་ལས་རྣམ་རྒྱལ་ཞིང༌། །འགྲོ་ཀུན་ཡུམ་ཆེན་ས་ཐོབ་ཤོག། །དགེའོ། །།

/gang zag so so'i blo dang bstun/_/gcod tshogs lus byin gang la yang*/_/sbyar bde'i gzhon tshogs dgu ma zhes/_/mchod sbyin gdon tshogs tshar gcod 'di/_/spyan gzigs rnam 'phrul rA ga a'i/_/gzhung nyid sor bzhag tshig sbyor la/_/zhus shing dag par phab pa'o/_/gter ming 'ja' lus rdo rje yis/_/rang dang rjes 'jug don du bkod/_/yi ge'i 'du byed nyer gnas pa/_/gcod mkhan ra smi'i ming gis bgyis/_/'ga' 'khrul mchis na mkha' 'gror bshags/_/dge bas bdud las rnam rgyal zhing*/_/'gro kun yum chen sa thob shog/_/dge'o/_//

[edit]
༅། །ས བྷ ཏ ནྟྲ རཱ ཏྨ གྲཱ ཧོ བི གྲ ཧོ གྲཱ ཧ སྶ མཱ ཛོ ན མཱ བི ཧ ར ཏི སྨ། །

༅། །མཆོད་སྦྱིན་བདག་འཛིན་ཚར་གཅོད་གདོན་ཚོགས་དགུ་མ་བཞུགས་སོ། །

«༄༅། །ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། ཟབ་དོན་གཅོད་ཀྱི་ཆ་ལག་ལས། རང་གཞན་ནད་གདོན་དྲག་པོས་མནར་བ་ལ། ས་བདག་དྲུག་སྦྱོར་གདོན་ཚོགས་དགུ་མ་ཕྱེད་པར་འདོད་ན། གཅོད་ཚོགས་ལུས་སྦྱིན་གང་རུང་སྔོན་དུ་འགྲོའི་དམར་འགྱེད་མཐར། སླར་ཡང་དབང་སྡུད་དམིགས་པ་ནི།» ཕཊ། རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དཀར་དམར་རབ་ཏུ་འཁྲུག་ཅིང༌། ཞལ་གདངས་ལྗགས་བརྐྱང་མཆེ་བ་རྣོན་པོ་རབ་ཏུ་གཙིགས་པ། སྤྱི་གཙུག་ན་ཕག་ཞལ་ནག་པོས་ངུར་སྐད་འབྲུག་ལྟར་སྒྲོགས་ཤིང་གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་དང་ལྡན་པ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་ཕྱར་ཞིང་རྡེབས་པ། གཡོན་མི་རྐང་གི་གླིང་བུ་དིར་དིར་འབུད་པས་སྣང་ཞིང་སྲིད་པའི་བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་གཟུགས་ཅན་གཟུགས་མེད་དང་བཅས་པ་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ་ལྟེ་བ་མན་ཆད་འདོད་ཁམས། སྙིང་ག་མན་ཆད་གཟུགས་ཁམས། སྤྱི་བོར་མན་ཆད་གཟུགས་མེད་ཀྱི་ཁམས་སུ་ཡོད་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོ་བ་ཕུར་བུ་གཡང་གཞི་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས། གནས་གདོན་ལུས་གདོན་གྱི་གཙོས་གནོད་ཅིང་འཚེ་བར་བྱེད་པའི་ལྷ་འདྲེ་སྡེ་བརྒྱད་འབྱུང་པོ་ནད་འདྲེ་གཅོང་འདྲེ་རིམས་བདག་ཡམས་བདག་ནག་ཕྱོགས་མི་མིན་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་ཤོག་འདིར་འདུས་འདིར་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། «རྐང་གླིང་དྲག་པོས་ཛཿཧཱུྃ་བཾ་ཧོཿསྒྲོག་ཅིང༌།» རང་ངམ་བསྲུང་བྱའི་སྙིང་དབུས་ནས་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་བྱ་མ་སར་གྱི་སྒོ་ང་ཙམ་དབུ་མའི་ལམ་བརྒྱུད་སྤྱི་བོར་བླ་མའི་ཐུགས་ནམ་མཁའ་ལྟ་བུ་དང་དབྱེར་མེད་དུ་འདྲེས། ཕཊ་ཕཊ་ཕཊ། «ཅེས་རྣམ་ཤེས་སྤར་ཞིང་དབྱིངས་རིག་བསྲེས། »བེམ་པོ་དེ་ཉིད་ཆེ་ཞིང་ཚོ་ལ་མཛེས་ཤིང་ཡིད་དུ་འོང་བ་གཞོན་དར་ལང་ཚོ་རྒྱས་པ། དྲོད་མ་ཡལ་ཞིང་ལྷ་འདྲེ་རྣམས་ངོམ་ཞིང་ཚིམ་པ་རི་རབ་ཙམ་གྱི་གཡས་སུ། རྒྱལ་པོའི་«གཡག་སྡེ་པཎ་ཆེན་གྱིས་མཛད་པའི་གདོན་ཚོགས་དགུ་མར་གྲགས་པའི་བསྟབ་པ་བྱ་བ་ནི་མདུན་དུ་བྱད་མ་ལྷ་སྲུང་དང་བཅས་པ་སད་པར་བྱའོ། །»ངོ་བོ་བནྡེ་སག་ཞུ་ཅན་ལ་བནྡེའི་དམག་ཚོགས་ཀྱིས་བསྐོར་བ། གཡོན་དུ་འདྲེ་མོ་གཡུའི་རལ་པ་གསེར་གྱི་སྨིན་མ་དུང་གི་མཆེ་བ་ཅན་ལ་འདྲེ་མོའི་དམག་ཚོགས་ཀྱིས་བསྐོར་བ། མདུན་དུ་ས་བདག་གི་རྒྱལ་པོ་སྦལ་པ་ལག་པ་དགུ་པ་ལ་ས་བདག་གི་དམག་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་དགེ་བསྙེན་ཆེན་པོ་ཉ་ལྕགས་ཀྱི་ཟེ་བ་ཅན་ལ་གཉན་གྱི་དམག་ཚོགས་ཀྱིས་བསྐོར་བ་འོག་ཏུ་ཀླུ་བདུད་སྦྲུལ་མགོ་དགུ་པ་ལ་ཀླུ་རིགས་བྱེ་བ་དུང་ཕྱུར་གྱིས༴ སྟེང་དུ་གཟའ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལ་ལ་གཟའ་དམག་བྱེ་བ་དུང་ཕྱུར་གྱིས༴ དེ་རྣམས་ཀྱི་ནང་ངོས་སུ་བྱད་མ་རྦོད་གཏོང་དང༌། བར་མཚམས་དང་ཕྱི་རོལ་དུ་དམུ་བདུད་བཙན་དང་ཐེའུ་རང་དམ་སྲི་སོགས་སྣང་སྲིད་ལྷ་འདྲེ་བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བར་གྱུར། ཕཊ། «རྐང་གླིང་ལན་གསུམ་སྒྲོག་ཅིང༌།» ཕཊ། ན་མོ། གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང༌། སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་བྱེད་པའི། སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་བ་བཞིན་དུ་ཕོབ་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཁྱེད་ཚོགས་པ་རྣམས་ལ་ལུས་འདི་འབུལ། ལུས་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུའི་མཆོད་པ་འབུལ། །ཆོས་ཐེག་པ་རིམ་དགུ་ཐོབ་པར་ཤོག །དོན་སྙིང་ལྔ་ཡི་མཆོད༴ སྐུ་ལྔ་ཡེ་ཤེས་ཐོབ་པར༴ ཁྱེད་འདིར་ཚོགས་རྣམས་ལ་ལུས་འདི་འབུལ། རིངས་བ་རྣམས་ཀྱིས་རློན་པ་ཟོ། མི་རིངས་རྣམས་ཀྱིས་ཚོས་ལ་ཟོ། །ལྟོག་པ་རྣམས་ཀྱིས་ཇུར་མིད་གྱིས། རིངས་དང་མི་རིངས་བྱེ་བྲག་གི །བཙོ་བསྲེགས་རློན་པ་ཅི་དགྱེས་གྱིས། སེང་གེས་ཤ་ལ་རོལ་བ་བཞིན། །ཕུད་ལྷག་མ་མེད་པར་འདི་བཞེས་ཤིག །དམག་ཚན་གནང་ཆེན་ཐོབ་པ་བཞིན། ཕུད་ལྷག་མ༴ བྱིའུ་ནག་ཆུ་ལ་རུབ་པ་བཞིན། ཕུད་ལྷག་མ་མེད་པར་འདི་བཞེས་ཤིག །ཕཊ། རང་ཉིད་ཁྲོས་མའི་སོར་མོ་གཡས་ལྔར་ལྕགས་ཀྱི་སྤྱང་མོ་ལྔ། གཡོན་ལྔར་ཟངས་ཀྱི་འཕར་བ་ལྔ་སྤྲུལ་ཞིང་ཕུང་པོ་ཤ་ཁྲག་ནང་རོལ་དང་བཅས་པ་བཅད་ཅིང་དམར་ཆལ་ཆལ་གཏོར་བས་ལྷ་འདྲེ་རྣམས་ཀྱི་ཁ་གདངས་པའི་ནང་དུ་སོང་སྟེ་ཧབ་སྒྲ་ལྕབ་སྒྲ་དིར་དིར་ཟོས་པར་གྱུར། «དམིགས་པ་གསལ་བར་བྱ་ཞིང་སྤྲོ་ན་ཕུང་པོ་ལ་སྤར་གྱིས་འདེབས་ཤིང་པད་སྐོར་གྱིས་ཕྱིར་གཏོར་ཚུལ་བྱ།» ཕཊ་ཕཊ་ཕཊ། «དྲག་ལ་ཐུང་བར་བརྗོད། »བན་ཆེན་བརྒྱ་དང་བོན་ཆེན་སྟོང༌། །ཡེ་ཤེས་འཇིག་རྟེན་མཐུ་རྩལ་ཅན། །ཤན་པ་སྤུ་གྲི་ཐོགས་པ་འབུམ། །ལས་བྱེད་བསམ་གྱིས་མི་ཁྱབ་པ། །མི་འདི་«རང་དོན་ལ་བདག་ཅེས་པ་བསྒྱུར།» ལ་གནོད་བྱེད་ཀྱི་བྱད་མ་དང༌། སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༌། དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་བསྔོས་པས། ཁྱོད་དགའ་མགུ་ཡི་རང་ཚིམ་གྱུར་ཅིག །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། «ཅེས་བྱད་ཁ་སྟོན་པའི་བན་བོན་གང་ཡིན་ཐམས་ཅད་དང༌། ཤན་པ་ཞེས་པ་ནི་དེས་རྦད་པའི་བན་སྐྱོང་བོན་སྐྱོང་ལས་མཁན་ཐམས་ཅད་ཀྱི་ཁར་ཤ་ཁྲག་སོང་བས་དགའ་མགུ་ཡི་རང་ཚིམ་ནས་གནོད་སེམས་ཞི་བར་སྒོམས་ལ། »ཕཊ་ཕཊ་ཕཊ། «ཅེས་པད་སྐོར་གྱིས་གཏོར་ཚུལ་བྱ་ཞིང༌། བྱད་ཁ་ཆེ་ན་འདི་གལ་ཆེའོ། །»རྒྱལ་པོ་པེ་དཀར་པེར་ནག་དང༌། །ཁྱི་སྐྱ་ཁྱི་དམར་བྱ་རྒན་དང༌། །སྲིད་པའི་འདྲེ་དགུ་ལ་སོགས་དང༌། །གཙུག་ལག་ཁང་གི་གདོན་བཅུ་དང༌། །མི་འདི་ལ་གནོད་བྱེད་ཀྱི་རྒྱལ་འགོང་དང༌། སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་སོགས་གོང་ལྟར་འགྲེའོ། །ཐོབ་པར་ཤོགཿ ཕཊ་ཕཊ་ཕཊ། «བནྡེ་སག་ཞུ་ཅན་ལ་རྒྱལ་པོའི་དམག་ཚོགས་ཀྱིས་བསྐོར་བའི་ཁར་ཤ་ཁྲག་རུས་གསུམ་ནང་རོལ་དང་བཅས་ལ་སོང་ཞིང་སྔར་ལྟར་ཟོས་པར་བསམ། སྨྱོ་འབོག་སྲོག་རླུང་རྒྱལ་གདོན་ཅན་ལ་འདི་གལ་ཆེ།» དཔལ་ལྡན་ལྷ་མོ་ནག་མོ་དང༌། །བསྟན་མ་བཅུ་གཉིས་ལ་སོགས་དང༌། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང༌། །དམ་སྲེ་ལྟེ་ཕུར་ནག་མོ་དང༌། །མི་འདི་ལ་གནོད་བྱེད་ཀྱི་འདྲེ་མོ་དང༌། སྤྱིར་སྣང་«སོགས་ནས། »ཐོབ་པར་ཤོག །ཕཊ་ཕཊ་ཕཊ། «འདི་ཐིག་ལེ་འཛག་པའི་ནད་པ་སྨྱོན་པ་གླུ་ལེན་པ་ལྷ་བབ་མ་ཐུབ་པའི་སྨྱོ་བ་རིམས་དང་ནད་ནད་རྒྱུ་གཟེར་སོགས་མོ་གདོན་ལ་འདི་གལ་ཆེའོ། །»གཟའ་བདུད་ནག་པོ་མགོ་དགུ་དང༌། །ཉི་མ་ལ་སོགས་གཟའ་བརྒྱད་དང༌། །བཀའ་སྡོད་གདོང་མི་མཆེད་བཞི་དང༌། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། །མི་འདི་ལ་གནོད་བྱེད་ཀྱི་གཟའ་དམག་དང༌། སྤྱིར་སྣང་༴ «ནས།» ཐོབ་པར་ཤོག །ཕཊ་ཕཊ་ཕཊ། «གཟའ་ནད་སྟེང་གདོན་སོགས་ལ་འདི་གལ་ཆེའོ།» ཀླུ་བདུད་ནག་པོ་སྲོག་ཟན་དང༌། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དང༌། དམངས་རིགས་གདོལ་པ་ལ་སོགས་པ། །དགའ་བོ་འཇོག་པོ་དུང་སྐྱོང་དང༌། །ཉེར་དགའ་ལ་སོགས་ཀླུ་རིགས་རྣམས། །མི་འདི་ལ་གནོད་བྱེད་ཀྱི་ཀླུ་དམག་དང༌། སྤྱིར་སྣང་༴ ནས། ཤོག །ཕཊ་ཕཊ་ཕཊ།« ཅེས་ཀླུ་དང་ས་བདག་གི་ནད་དང་གནོད་པ་ཅན་ལ་འདི་ཁོ་ན་གལ་ཆེ། དེར་ཀླུ་ནག་ཕྱོགས་ལ་ཤ་ཁྲག་དཀར་ཕྱོགས་ལ་བདུད་རྩིའི་ངོ་བོར་དམིགས་པར་བྱའོ། །»བདུད་མཆོག་མ་ནུ་ཡཀྴ་དང༌། །བདུད་རྗེ་ནག་པོ་བཀྲག་མེད་དང༌། །བདུད་པོ་རེ་ལྡེ་མགོ་ཉག་དང༌། །ཁམ་པ་མི་ཟད་མ་བདུད་དང༌། །མི་འདི་ལ་གནོད་བྱེད་ཀྱི་བདུད་དམག་དང༌། སྤྱིར༴ ནས། ཤོག །ཕཊ་ཕཊ་ཕཊ། «ཅེས་ལྕི་ཞིང་འཐིབ་པའི་ནད་ཐམས་ཅད་ལ་མི་རིང་ནག་པོ་ཐང་ཤིང་ཙམ་མི་ནག་རྟ་ནག་གི་དམག་ཚོགས་ཀྱིས་བསྐོར་བའི་ཁར་ཤ་ཁྲག་སོང་བ་དམིགས་པ་གལ་ཆེའོ། །»བཙན་རྗེ་ཤུ་པོ་སྲོག་ལེན་དང༌། །བཙན་རྒོད་ཧུར་བ་སྡེ་བཞི་དང༌། །མགྱོགས་པ་རྐང་བརྒྱད་ཁ་ཤྭ་དང༌། །ཁ་བཞི་གདོང་བརྒྱད་ལ་སོགས་པའི། །མི་འདི་ལ་གནོད་བྱེད་ཀྱི་བཙན་དམག་དང༌། སྤྱིར༴ «ནས།» ཤོག །ཕཊ་ཕཊ་ཕཊ། «ཅེས་མི་དམར་རྟ་དམར་བཙན་གྱི་དམག་ཚོགས་དང་མི་རིང་དམར་པོ་ཟངས་ཀྱི་སྦུ་གུ་ཐོགས་པ་ལ་སྦྱིན། གློ་བའི་རྣག་ཐམས་ཅད་འཇིབ་པར་བསྒོས། བཙན་གྱི་གནོད་པ་ཅན་དང་གློ་ནད་ཅན་ལ་འདི་དག་ཆེའོ། །»དམ་སྲི་མེ་སྟག་དམར་པོ་དང༌། །ལྟ་ལོག་དམ་ཉམས་སྨོན་ལམ་ལོག །སྒབ་འདྲེ་ཡུལ་འདྲེ་འཁྱམས་པོ་དང༌། །ཆུང་སྲི་གནོད་བྱེད་རྨུག་འདྲེ་དང༌། མི་འདི་ལ་གནོད་བྱེད་ཀྱི་དམ་སྲི་དང༌། སྤྱིར༴ ནས། ཤོག །ཕཊ་ཕཊ་ཕཊ། «ཅེས་ཟ་འདྲེ་ཚེ་འདས་ཀྱི་གཟུགས་བཟུང་བ་དམ་སྲི་བཙུན་གཟུགས་མགོ་སེ། ཆུང་སྲི་བྱིས་པའི་གཟུགས་གཅེར་བུ་རྣམས་ལ་སྐྱིན་ཤ་ཁྲག་ནང་དུ་རྐེ་བཙུད་སྟེ་ནུབ་པར་བསྒོམ། གཤེད་ཁ་དང་ཤི་ཁ་བྱེ་བ་བྱིས་པ་ཆུང་སྲི་ལ་འདི་གལ་ཆེའོ། །»རྡོ་རྗེ་ལེགས་པ་མན་ཆད་དང༌། །ཐེའུ་རང་ཕྲན་བུ་ཡན་ཆད་དང༌། །མང་སྣ་ཨུ་བེར་འཁོར་བཅས་དང༌། །ཐིལ་མོ་མགོ་ཟླུམ་ལ་སོགས་པའི། །མི་འདི་ལ་གནོད་བྱེད་ཀྱི་ཐེའུ་རང་དང༌། སྤྱིར་སྣང༴ «སོགས་ནས། »ཤོག །ཕཊ་ཕཊ་ཕཊ། «རྡོ་རྗེ་ལེགས་པ་ཐེའུ་རང་འབུམ་གྱིས་བསྐོར་བ་ཐེའུ་རང་ར་མགོ་སྤུན་དགུ་བུ་ཚ་བུ་མོར་སླག་ཅན་མེད་པོ་ལ་སྤྱིན་ཏེ་ཟོས་པར་བསམ། ཕོ་ལྷོག་གླང་ཐབ་ཐིག་ལེ་བཅུད་འབྲོག་མཚན་མའི་ནད་སོགས་ལ་འདི་གལ་ཆེའོ། །དེ་ལྟར་ལུས་སྦྱིན་དང་གདོན་ཚོགས་དགུ་མ་ཞག་གསུམ་ཡན་སོང་ནས། ཚང་ཚད་མ་བྱུང་ཞིང་ནད་གདོན་མགོ་མ་ཆུམ་ན། རྗེས་གཅོད་ཀྱི་དམིགས་པ་ཟབ་མོ་འདི་བྱ་སྟེ། »ཕཊ། ལྷ་འདྲེ་རྣམས་ཤ་ཡིས་འགྲང་ཞིང་ཁྲག་གིས་བཟི་བས་ཞེ་སྡང་དྲག་པོ་སྐྱེས་ནས་གཅིག་གིས་གཅིག་ཟོས། ཆེ་བ་རྣམས་ཀྱིས་ཆུང་བ་ཐམས་ཅད་ཟོས་གཙོ་བོ་དྲུག་པོ་ཡང་གཡོན་འདྲེ་མོ་གཡས་ཀྱི་རྒྱལ་པོས་ཟོས། གཡས་ཀྱི་རྒྱལ་པོ་རྒྱབ་ཀྱི་དགེ་བསྙེན་ཉའི་གཟུགས་ཀྱིས་ཟོས། རྒྱབ་ཀྱི་ཉ་མདུན་གྱི་ས་བདག་རུ་སྦལ་གྱིས་ཟོས། རུས་སྦལ་འོག་གི་ཀླུ་བདུད་ཀྱིས་ཟོས། ཀླུ་བདུད་སྟེང་གི་གཟའ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལས་ཟོས། གཟའ་བདུད་ནམ་མཁའ་འཇའ་ཡལ་བ་ལྟར་སོང་«ཞིང་དམིགས་མེད་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལ་དར་གཅིག་མཉམ་པར་བཞག་གོ །འདི་ནི་ཤིན་ཏུ་གཉན་ཞིང་ནུས་པ་ཆེ། མཐའ་སྡུག་དུ་གལ་ཆེ་ལན་རེ་ཙམ་ལས་མང་དུ་མི་རུང་བ། རྒྱུན་དུ་བྱ་བའི་བསྟབ་པ་དྲག་པོ་ནི།» ཕཊ། བསྲུང་བྱའི་བེམ་ཤུན་ས་གཞིར་ཁེབ་པའི་སྟེང་དུ་ཤ་ཁྲག་རུས་གསུམ་འཇིག་རྟེན་གང་བ་ལ་ལུས་གདོན་ནད་འདྲེ་གཅོང་སྲི་རིམས་བདག་ཡམས་བདག་དང་བཅས་པ་སིབ་སིབ་ཐིམ་པར་གྱུར། ཕཊ་ཕཊ་ཕཊ། རང་ཉིད་ཁྲོས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་མཁའ་འགྲོ་མ་དཀར་སེར་དམར་ལྗང་ནག་མོ་གྲི་གུག་ཐོད་ཁྲག་འཛིན་པ་ཤིན་ཏུ་ཁྲོས་པའི་ཉམས་ཅན་ཧ་ཧའི་གད་རྒྱངས་སྒྲོགས་པ་དཔག་ཏུ་མེད་པར་སྤྲུལ་ནས་གཅན་གཟན་མང་པོའི་ཚོགས་དང་བཅས་པ་བྱོན་ནས། བེམ་པོ་ཤ་ཁྲག་རུས་གསུམ་ལུས་གདོན་དང་དབྱེར་མེད་པ་ཧབ་སྒྲ་དིར་གྱིས་ལྷག་མེད་གསོལ་«བར་བསམ། རྐང་གླིང་སྒྲོག་ཅིང༌། »ཕཊ། ཨོ་རྒྱན་རང་བྱུང་དུར་ཁྲོད་ནས། །མ་ཡེ་ཤེས་ལས་དང་དམ་ཚིག་བདག །ཤ་ཟ་འཇིག་རྟེན་མཁའ་འགྲོ་མ། །གིང་ཆེན་གིང་ཆུང་ལྕམ་དྲལ་དང༌། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །ཧབ་སྒྲ་ཕཊ་སྒྲ་དི་རི་རི། །དྲག་པོའི་རྐན་སྒྲ་ཐགས་སེ་ཐག །ཤ་ཟན་ལྕབ་སྒྲ་དི་རི་རི། །ཁྲག་འཐུང་ཧུབ་སྒྲ་ཧོ་རོ་རོ། །རུས་མུར་ལྷ་བ་ལྗིབས་སེ་ལྗིབ། །དགྱེས་པའི་གད་རྒྱངས་ཤ་ར་ར། །མགུ་བའི་ཀླུ་ལེན་ཀྱུ་རུ་རུ། །མཁའ་འགྲོའི་བརྡ་སྐད་སངས་སེ་སང༌། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འདི། །མཁའ་འགྲོའི་ཚོགས་ཀྱིས་བཞེས་སུ་གསོལ། །མཁའ་འགྲོ་མ་ཡི་བཞེས་ནས་ཀྱང༌། །འདོད་ཡོན་ལྔ་ཡིས་ཚིམ་པ་དང༌། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ་ཕཊ།« ཅེས་པས་དམིགས་པ་གསལ་ཐེབས་པར་བྱ་ཞིང༌། དམིགས་མེད་ཀྱི་ངང་དུ་དར་གཅིག་མཉམ་པར་བཞག །ནད་པ་སོགས་གདོན་གྱིས་མནར་བ་ལ་འདིའི་དམིགས་པ་ནན་གྱིས་གསལ་བར་བྱས་ན་ཤིན་ཏུ་ཟབ་བོ། །དེ་ལྟར་ཟང་ཟིང་གི་གཙོ་བོ་ལས་ཀྱི་སྦྱིན་པ་རྫོགས་ནས་ཆོས་ཀྱི་སྦྱིན་པ་ནི། »རང་ཉིད་ཁྲོས་མ་ནག་མོ་གནས་འགྱུར་གྱི་ཚུལ་དུ་ཤཱཀྱ་ཐུབ་པ་སྐུ་རི་རབ་ཙམ་དུ་བསྒོམ་པའི་མདུན་དུ་ལྷ་འདྲེ་འབྱུང་པོ་གནོད་བྱེད་ཐམས་ཅད་འདུས་ཤིང་དད་ཅིང་གུས་པས་ཐལ་མོ་སྦྱར་ནས་ཆོས་ལ་ཉན་པར་བསམ། སྙིང་རྗེ་ཆེན་པོའི་ངང་ནས། ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ན། །ཡིད་ཀྱི་སྡོམ་པ་ལེགས་པ་ཡིན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་མེད་ཅིང་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་དུ་མཉམ་མེད་བྱོས། །འོན་ཀྱང་སྐྱོབས་པའི་སྲས་སུ་སྐྱེས། །«བྱང་ཆུབ་ཀྱི་ལམ་བསྟན་པ་ནི།» ན་མོ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བར་ཆད་མེད་པའི་ལམ་བགྲོད་ནས། །མ་ཡུམ་ཆེན་གྱི་གོ་འཕང་མྱུར་ཐོབ་ཤོག །བདག་གི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས་གནོད་བྱེད་ལྷ་འདྲེ་གནས་གདོན་ལུས་གདོན་དང་བཅས་པ་རྣམས་ལ་ཕོག་པས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་ནས་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཡི་གེ་དྲུག་མ་འུར་དིར་དིར་སྒྲོག་ཅིང་རང་ལ་བསྐོར་བ་བྱེད་«པར་བསམ། དམིགས་པ་མ་ཟིན་བར་ཡི་གེ་དྲུག་མ་བཟླ་ཞིང༌། མཐར་ཕཊཿ བཅས་དམིགས་མེད་བརྗོད་བྲལ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་གཞག་གོ །ཆོས་ཀྱི་སྦྱིན་པ་འདི་ཤིན་ཏུ་གཙོ་ཆེ་ཞིང་ཁྱད་པར་ཀླུ་གཉན་ས་བདག་སོགས་ལ་ཕོག་ཐུག་ཤོར་བ་ལ་ཤིན་ཏུ་ཕན་པ་ཆེའོ། ༈ ནད་པ་སོགས་གཞན་དོན་བྱ་བ་ལ། བེམ་རིག་བྲལ་དུས་རྟོགས་པ་མཐོ་ཞིང་ཐེ་ཚོམ་བྲལ་བའི་གང་ཟག་གིས་བདག་དང་བསྲུང་བྱའི་ལུས་དབྱེར་མེད་དུ་བསྲི་ཞིང་རྣམ་ཤེས་དབྱེར་མེད་དུ་བསྲེ་ལ་སྤར། ལུས་མཆོད་སྦྱིན་བྱས་ན་ཕན་པ་རྒྱ་ཆེ་ཞིང་རང་ཡང་རྣམ་རྟོག་བྲལ་བས་གཞན་འགོ་བའི་ནད་ཀྱིས་མི་ཚུགས་པའི་གདམས་པའོ། །རྟོགས་པ་འབྲིང་དང་ཐེ་ཚོམ་རྣམ་རྟོག་ཅུང་ཟད་ཡོད་ན་རྣམ་ཤེས་སྤར་ཞིང་དབྱེར་མེད་བསྲེས། ལུས་སོ་སོར་མཆོད་སྦྱིན་བྱ་བར་གསུངས། མོས་པས་སྤྱོད་པ་བྱེད་ན། རང་གི་རྣམ་ཤེས་སྤར་བ་ཁྲོས་མར་གྱུར། བསྲུང་བྱའི་རྣམ་ཤེས་དང་ཚེ་བསོད་རྣམས་སྤྱི་བོར་བླ་མའི་ཐུགས་ཀར་སྤར། ལུས་སོ་སོར་མཆོད་སྦྱིན་བྱ་བ་རྣམ་རྟོག་ཅན་ལ་ཟབ་པོ། ཡང་མ་གཅིག་གི་ཞལ་ནས། དམིགས་པ་གསལ་ནས་རང་ལུས་སྔ་བརྒྱ་དང་ནད་པའི་ལུས་ལྔ་བརྒྱ་སྤྲུལ་ནས་དུས་གཅིག་ཏུ་མཆོད་སྦྱིན་བྱས་ན། ལུས་སྦྱིན་སྟོང་དུས་གཅིག་ལ་འགྲོ་བ་ཡིན་གསུངས་པའི་གཅོད་མཁན་རྣམས་ཀྱི་ཐུགས་ལ་ཞོག །རྗེས་ཀྱི་རིམ་པ་གཅོད་ཚོགས་དང་སྤྲེལ་ནས་གཞུང་ལྟར་ལ། ལུས་སྦྱིན་སོགས་ཀྱི་ཚེ་སྐབས་འདིར་དགེ་སྡིག་གཏོང་ལེན་གྱི་དམིགས་པ་བྱ་རྗེས་རང་དོན་སྤྲོས་པ་ཆུང་བའི་རྣལ་འབྱོར་པས་དམིགས་མེད་དུ་འཇོག་ཅིང་བསྔོ་སྨོན་བྱེད་པ་གཅོད་ཀྱི་དགོངས་དོན་འཁྲུལ་མེད་ལགས་ཤིང༌། སྤྲོས་པ་ཅན་དང་ཐ་མལ་སྣང་བ་དང་བསྟུན་ནས»་སྦྱིན་པ་རྒྱ་ཆེན་སོགས། འབྱུང་པོ་གང་དག«་སོགས། »འབྱུང་པོ་ས་འོག་«སོགས་ཀྱིས་མགྲོན་རྣམས་སོ་སོ་སོ་རང་རང་གི་གནས་སུ་གཤེགས་པར་གྱུར། »ཕཊ། ནམ་མཁའ་ནས་བླ་ཚེ་སྲོག་དབུགས་ཀྱི་ངོ་བོ་ཐིག་ལེ་དཀར་དམར་བཀྲག་དང་ལྡན་པ་བྱུང་བསྲུང་བྱ་མཁའ་འགྲོ་དམར་མོར་གསལ་བའི་ཚངས་བུག་ནས་ཞུགས། སྙིང་དབུས་མི་ཤིགས་ཐིག་ལེའི་ཀློང་དུ་ཐིམ་པར་གྱུར། ནམ་མཁའི་ལྷ་ཚོགས་ཀུན་འོད་དུ་ཞུ་ནས་ཡུམ་ཆེན་མོར་ཐིམ། དེ་ཡང་འོད་དུ་ཞུ་ནས་བདག་དང་བསྲུང་བྱར་ཐིམ་«པར་དམིགས་ནས།» ཆོས་སྐུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། ལོངས་སྐུ་རིགས་ལྔའི་སངས་རྒྱས། །སྤྲུལ་སྐུ་རིགས་གསུམ་མགོན་པོ། །རྗེ་བཙུན་འཕགས་མ་སྒྲོལ་མ། །མ་གཅིག་ཁྲོས་མ་ནག་མོ། །བདེ་ཆེན་དཀར་མོ། སེར་མོ་དོན་གྲུབ། དམར་མོ་སྒྲ་སྒྲོགས། སྣ་ཚོགས་མཐར་ཕྱིན། མཁའ་འགྲོ་སུ་ཁ་སིདྡྷི། སློབ་དཔོན་པདྨ་འབྱུང་གནས། འཇལ་དཔལ་སྨྲ་བའི་སེང་གེ། བྲམ་ཟེ་ཨཱརྱ་དེ་ཝ། ཕ་གཅིག་དམ་པ་རྒྱ་གར། མ་གཅིག་ལབ་ཀྱི་སྒྲོན་མ། སྲས་མཆོག་རྒྱལ་བ་དོན་གྲུབ། ཐོད་སྨྱོན་བསམ་འགྲུབ། ལ་འདུལ་རྡོ་རྗེ་སྒྲོན་མ། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ། སྲས་རྒྱུད་ཉམས་ཀྱི་བརྒྱུད་པ་སྟེ་ཟབ་མོ་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཐུགས་རྗེ་དང་ནུས་པ་བསྐྱེད་ཅིག །དབང་དང་དངོས་གྲུབ་སྩོལ་ཅིག །རྒྱུ་ལས་ངན་དང་སྡིག་སྒྲིབ། རྐྱེན་གདོན་བགེགས་དང་འབྱུང་པོ། འབྲས་བུ་ན་ཚ་དང་སྡུག་བསྔལ། ཐབས་ཟབ་མོ་འདི་ལ་བརྟེན་ནས་དུས་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག །རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དུག་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། ནད་རླུང་དང་མཁྲིས་པ་བད་ཀན་གསུམ། འདུ་བ་རང་སར་ཞི་བར་བྱིན་གྱིས་རློབས། །གདོན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །རྣམ་རྟོག་རང་སར་ཞི་བར་བྱིན་གྱིས་རློབས། །ཕུང་པོ་གཟན་དུ་སྒྱུར་བར་བྱིན་གྱིས་རློབས། །གཟན་སྒྱུར་ལམ་དུ་སློང་བར་བྱིནགྱིས་རློབས། །འཛིན་པ་གཏིང་ནས་གྲོལ་བར་བྱིན་གྱིས་རློབས། །ཉག་གཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །ལུས་ཤ་ཁྲག་གི་མཆོད་སྤྱིན་གནད་དུ་འགྲོ་ཕར་བྱིན་གྱིས་རློབས། དངོས་མེད་ལྷ་འདྲེའི་འགྲོ་དོན་ནུས་པར་བྱིན་གྱིས་རློབས། །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །འཆི་མེད་ཚེ་ཡི་དགོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ནད་མེད་བདེ་བའི་ལོང་ཚེ་ཐོབ་པར་བྱིན་གྱིས་རློབས། །འཇའ་ལུས་འོད་སྐུར་གྲོལ་བར་བྱིན་གྱིས་རློབས། །འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །གཞོན་ནུ་བུམ་སྐུར་གྲོལ་བར་བྱིན་གྱིས་རློབས། །ཏདྱ་ཐཱ། ག་ཏེ་ག་ཏེ་སོགས། ཕཊ། ཡུམ་ཆེན་ཤེར་ཕྱིན་དགོངས་པའི་བཅུད། །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཉི་མ་ཤར་བ་བཞིན། །ཕྱོགས་རྣམས་ཀུན་ཏུ་ཁྱབ་གྱུར་ཅིག །«རྗེས་ལ་བསྔོ་སྨོན་བཀྲ་ཤིས་སོགས། །གང་ཟག་སོ་སོའི་བློ་དང་བསྟུན། །གཅོད་ཚོགས་ལུས་བྱིན་གང་ལ་ཡང༌། །སྦྱར་བདེའི་གཞོན་ཚོགས་དགུ་མ་ཞེས། །མཆོད་སྦྱིན་གདོན་ཚོགས་ཚར་གཅོད་འདི། །སྤྱན་གཟིགས་རྣམ་འཕྲུལ་རཱ་ག་ཨའི། །གཞུང་ཉིད་སོར་བཞག་ཚིག་སྦྱོར་ལ། །ཞུས་ཤིང་དག་པར་ཕབ་པའོ། །གཏེར་མིང་འཇའ་ལུས་རྡོ་རྗེ་ཡིས། །རང་དང་རྗེས་འཇུག་དོན་དུ་བཀོད། །ཡི་གེའི་འདུ་བྱེད་ཉེར་གནས་པ། །གཅོད་མཁན་ར་སྨིའི་མིང་གིས་བགྱིས། །འགའ་འཁྲུལ་མཆིས་ན་མཁའ་འགྲོར་བཤགས། །དགེ་བས་བདུད་ལས་རྣམ་རྒྱལ་ཞིང༌། །འགྲོ་ཀུན་ཡུམ་ཆེན་ས་ཐོབ་ཤོག། །དགེའོ། །།