ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ གཤིན་པོ་རྗེས་འཛིན་ཐུགས་རྗེའི་གློག་ཞགསཿ

From Khyentse Lineage - A Tsadra Foundation Project
Wylie title thugs thig 'dzin pa rang grol las gshin po rjes 'dzin thugs rje'i glog zhags
Location mdo mkhyen brtse bka' 'bum
Volume 2, Text 18, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Funerary Rituals - gnas lung - byang chog
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Colophon

ཆུ་ལུག་མཁའ་འགྲོ་འདུ་བའི་གྲལ་ཚེས་ལ་དག་པར་བབ་པའི་ཡི་གེར་འདུ་བྱེད་སློབ་བུ་ཉེར་གནས་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་བྱིན་རླབས་ཆེ་བའི་སྡེ་ཚན་ནོཿ དགེའོ། དགེའོ། དགེའོ།། །།

chu lug mkha' 'gro 'du ba'i gral tshes la dag par bab pa'i yi ger 'du byed slob bu nyer gnas 'od zer mtha' yas kyis bgyis pa byin rlabs che ba'i sde tshan no:_dge'o/_dge'o/_dge'o//_//

[edit]
༅། །ཀ རུ ཎྱ སྱ ཏ ཌི ཏྲ ཉྫུ ཤྩི ཏྟཾ ཏི ལ ཀ མ ངྒ྄ ཧ ཎཾ། སྭོ ྅ ཀྵ རཱ ཏྤ རེ ཏ ཿ པ རི གྲ ཧོ བི ཧ ར ཏི སྨ། །

༄༅། །ཐུགས་ཐིག་འཛིན་ལ་རང་གྲོལ་ལསཿ གཤིན་པོ་རྗེས་འཛིན་ཐུགས་རྗེའི་གློག་ཞགས་པ་བཞུགསཿ ཿ

«༄༅། །྅྅྅ ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ གསང་བ་ཡེ་ཤེས་ཌཱཀི་མཿ ལས་ལ་དབང་བསྒྱུར་ཁྲོས་མའི་རྒྱལཿ གུས་པས་འདུད་དོ་དངོས་གྲུབ་རྩོལཿ ཡང་གསང་འཛིན་པ་རང་གྲོལ་གྱིཿ ཕྲིན་ལས་གཞན་ཕན་རིམ་པ་འདིའིཿ གཤིན་པོ་རྗེས་སུ་འཛིན་པའི་ཐབསཿ ཐུགས་རྗེ་གློག་གི་ཞགས་པ་བསྟནཿ འདིར་ཡང་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་རྣམས་ཀྱིས་འགྲོ་བའི་ཁམས་དང་དབང་པོར་འཚམས་པའི་གདམས་པ་སྤྲོས་བཅས་དང་སྤྲོས་མེད་སྣ་ཚོགས་བསྟན་པའི་ནང་ཚན་ལསཿ ཡང་གསང་ཐུགས་ཀྱི་ཐིག་ལེའི་རྣལ་འབྱོར་འཛིན་པ་རང་གྲོལ་གྱི་ཉམས་ལེན་མཐར་ཕྱིན་ཞིང་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པས་གཤིན་པོ་རྗེས་སུ་འཛིན་པ་ལཿ ཅིས་ཀྱང་ཕན་པ་མེད་ཅིང་འཆི་བའི་རྟགས་མཚན་མངོན་དུ་གྱུར་པའི་ཚེཿ རང་ཉིད་གམ་དུ་ཡོད་ན་འཛིན་པ་རང་གྲོལ་གཞུང་ཆེན་མཐར་ཆགས་སུ་བཏང་ཞིང་གཅོད་ཡུལ་གདན་ཐོག་གཅིག་པའི་རང་ལུས་ཕུང་པོའི་མཆོད་སྦྱིན་དུ་བྱས་པས་མགྲོན་བཞི་མཉེས་ཤིང་བགེགས་རིགས་ཁོང་ཁྲོ་ཞི་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པར་དམིགས་ལཿ དེ་ནས་གཤིན་པོ་དབུགས་དང་མ་བྲལ་བའི་གོང་དུ་ཁོ་རང་གི་མོས་པ་དང་བསྟུན་ངོ་སྤྲོད་གསལ་ཐེབས་ན་མཆོག་ཏུ་གྱུར་ཅིང་གལ་ཏེ་ནད་ཀྱི་ཟུག་ངུ་དང་སེམས་འཁྲུལ་བའི་གཞན་དབང་ཅན་ལའང་རང་ཉིད་ཀྱི་མོས་འདུན་རྩེ་གཅིག་ཏུ་གཏད་ན་ཐོས་གྲོལ་གྱི་ནུས་པ་བཙན་ཐབས་ཀྱི་བྱིན་རླབས་བདུག་ཕྱིར་ཉམས་ལེན་གྱི་གདེངས་དང་སྙིང་རྗེ་ཆེན་པོ་མ་བྲལ་བའི་ངང་ནས་འདི་སྐད་དོཿ མིང་ནས་བོས་ཤིངཿ »ཀྱེ་མཿ སྐལ་ལྡན་བུ་ཁྱོད་མ་ཡེངས་ལེགས་པར་ཉོནཿ ཚེ་སྔོན་རྣམ་དཀར་དགེ་ལ་འབད་པ་ཡིསཿ ད་རེས་དལ་འབྱོར་མི་ལུས་རིན་ཆེན་ཐོབཿ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལཿ དད་པ་ཐོབ་ཅིང་ཉམས་ལེན་སྐལ་བར་ལྡནཿ སྒྲ་ཐོས་ཙམ་གྱི་ཕན་ཡོན་བརྗོད་དུ་མེདཿ རང་བཞིན་སྐྱེ་གནས་བར་དོའི་དུས་ཀྱི་ཚེཿ འཁྲུལ་སྣང་འཁོར་བའི་བྱ་སྤྱོད་ཐམས་ཅད་ཀུནཿ བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པར་གྱིསཿ རྨི་ལམ་ཉིང་འཁྲུལ་བར་དོའི་དུས་ཀྱི་ཚེཿ འཁྲུལ་པ་བདག་ཏུ་བཟུང་བའི་སྣང་ཚུལ་ཀུནཿ མེ་ལོང་གཟུགས་བརྙན་ལྟ་བུར་རྟོགས་པར་གྱིསཿ གནས་སྐབས་བསམ་གཏན་བར་དོའི་དུས་ཀྱི་ཚེཿ བདེ་གསལ་མི་རྟོག་ཉམས་ཀྱི་སྣང་བ་ཀུནཿ ཞེན་མེད་འཇའ་སྤྲིན་བཞིན་དུ་རྟོགས་པར་གྱིསཿ ད་ནི་མི་རྟག་འཆི་བ་ཐོག་ཏུ་བབཿ སྐྱས་ཆེན་འདེགས་ལ་ཐུག་པའི་དུས་འདི་རུཿ ཕ་མ་བུ་སྲིང་ཆུང་མ་བུ་ཚ་བོཿ གཉེན་བཤེས་གནས་ཁང་རྒྱུ་ནོར་ལོངས་སྤྱོད་ཀུནཿ གང་ལ་ཆགས་ཀྱང་འཁྲུལ་པའི་རྒྱུ་ཡིན་པསཿ ཁྱོད་ལ་མི་ཕན་འཁོར་བར་འཁྱམས་པའི་རྒྱུཿ དེ་བས་ཆགས་ཤིང་ཞེན་པའི་བློ་དང་ཕྲོལཿ དགྲ་ལའང་སྡང་ཞེན་མ་བྱེད་བཏང་སྙོམས་ཞོགཿ གཅེས་པར་བཟུང་བའི་ལུས་དང་བྲལ་རན་པསཿ གང་ལའང་སྙིང་པོ་མེད་པའི་ཁོ་ཐག་ཆོདཿ ལས་ཀྱིས་འབྲེལ་བའི་སློབ་དཔོན་བདག་དང་འཕྲདཿ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པ་ཡིཿ ཡང་གསང་མན་ངག་གདམས་པ་སྟོན་བྱེད་པའིཿ སངས་རྒྱས་ཀུན་འདུས་བླ་མ་ཉིད་དུ་བསྒོམཿ སྡུག་བསྔལ་བདེ་བའི་ལམ་དུ་འགོད་པ་ལཿ ཆགས་ཞེན་མ་བྱེད་དད་པའི་ཤུགས་བསྐྱེད་དང་ཿ དོན་ཆེན་འགགས་ལ་ཐུག་པའི་དུས་འདི་རུཿ རྟ་ཁ་སྲབ་ཀྱིས་བསྒྱུར་བའི་དུས་ཡིན་པསཿ མ་ཡེངས་རྩེ་གཅིག་འདུན་པ་འདི་ལྟར་བསྐྱེདཿ འཁྲུལ་པའི་སྣང་བ་རྨི་ལམ་སད་པ་བཞིནཿ ཕྱི་སྣོད་པདྨ་འོད་ཀྱི་གཞལ་ཡས་ཁངཿ ངོ་མཚར་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུསཿ སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་ཿ ཁྱོད་ལུས་མཁའ་ལ་འཇའ་ཚོན་ཤར་བ་བཞིནཿ རྒྱལ་བའི་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མཿ དམར་གསལ་ཞལ་གཅིག་སྤྱན་གསུམ་ནམ་མཁར་གཟིགསཿ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་སྟོབཿ གཅེར་མོ་རིན་ཆེན་རྒྱན་ལྡན་གར་སྟབས་ཅནཿ ལམ་གྱིས་གསལ་བའི་ལུས་དབུས་རྩ་དབུ་མཿ ཡར་སྣ་ཚངས་པའི་བུ་ག་ཧ་རེ་བཿ མར་སྣ་ལྟེ་འོག་ཟུག་པ་ཕུག་རྡུག་འགགསཿ སྙིང་གར་འོད་ཀྱི་རྒྱ་གྲམ་གྱིས་བཅད་པའིཿ སྟེང་དུ་པདྨ་འདབ་བརྒྱད་ཟེའུ་འབྲུའི་དབུསཿ རླུང་དཀྱིལ་སྟེང་དུ་རྣམ་ཤེས་ངོ་བོ་ནིཿ དཀར་དམར་ཐིག་ལེ་ཨ་མཐིང་སྙིང་པོ་ཅནཿ བཀྲག་དང་ལྡན་པ་འཕར་འདར་ལིང་ངེར་བསྒོམཿ མཐའ་བསྐོར་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོརཿ སྤྱི་བོར་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུསཿ རིགས་ཀུན་ཁྱབ་བདག་སྟོན་པ་དྲི་མ་མེདཿ མཐིང་གསལ་ཞལ་གཅིག་དགྱེས་པའི་འཛུམ་མདངས་ཅནཿ ཐབས་ཤེས་སྤྱན་ཟུང་བརྩེ་བས་བདག་ལ་གཟིགསཿ ཕྱག་གཉིས་མཉམ་གཞག་གསེར་གྱི་རྡོ་རྗེ་བསྣམསཿ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགསཿ ལོངས་སྐུ་འཁོར་ལོས་བསྒྱུར་བའི་ཆ་ལུགས་རྫོགསཿ དགའ་རབ་རྡོ་རྗེ་པདྨ་ཐོད་ཕྲེང་རྩལཿ བཀའ་དྲིན་འཁོར་མེད་རྩ་བའི་བླ་མར་བཅསཿ དབྱེར་མེད་གཅིག་ཆོག་ནོར་བུའི་ལུགས་སུ་བསྒོམཿ དེ་འོག་མ་གཅིག་ཌཱ་ཀི་གསང་ཡེ་མཿ དཀར་དམར་མདངས་ལྡན་མཛེས་འཛུམ་ཆགས་པའི་ཉམསཿ ཕྱག་གཡས་ཅང་ཏེའུ་ནམ་མཁའི་དབྱིངས་སུ་འཁྲོལཿ གཡོན་པས་རྡོ་རྗེའི་གྲི་གུག་དཀུ་ལ་བརྟེནཿ ཞབས་གཉིས་དཔའ་མོ་རོལ་པའི་སྟབས་སུ་བསྒྲདཿ རིན་ཆེན་རྒྱན་ཆ་མཛེས་པས་སྐུ་ལ་བརྒྱནཿ དབུ་སྐྲ་ཐོར་ཅོག་ལྷག་མས་སྐུ་རྒྱབ་ཁེབཿ ཐུགས་རྗེའི་ཤུགས་ཀྱིས་བདག་སོགས་འགྲོ་བ་འདྲེནཿ བཀའ་བརྒྱུད་བླ་མ་རིག་འཛིན་ཌཱཀི་དངཿ ཡི་དམ་ལྷ་ཚོགས་སྤྲིན་ལྟར་གཏིབས་བཞིན་བཞུགསཿ དམིགས་ཡུལ་གཙར་བྱས་འཆི་ཁ་བར་དོ་ལཿ གནས་པའི་སེམས་ཅན་ལམ་སྣ་འདྲེན་པར་བསྒོམཿ དར་ཅིག་རང་དང་གཤིན་པོ་རིགས་བདག་བཅསཿ དབྱེར་མེད་བསྲེ་ཞིང་ལྟ་བའི་ངང་མདངས་སྐྱོངཿ «དེ་ཚེ་ཅུང་ཟད་བདེ་བའི་ཉམས་ཤར་ཞིངཿ མིག་གཉིས་ཧྲིག་ཧྲིག་སྟེང་དུ་ལྡོག་པའི་ཚེཿ »ཀྱེ་མཿ སྐལ་ལྡན་ལས་དག་སྐལ་བ་ཅནཿ འཆི་ཁར་གནད་གཅོད་བར་དོ་འདུས་འདི་རུཿ རིགས་དྲུག་འཁོར་བའི་སྐྱེ་སྒོ་གཅོད་བྱེད་ཅིངཿ བཟོད་དཀའི་སྡུག་བསྔལ་མཚོ་ཆེན་ལས་བརྒལ་བའིཿ ཡང་གསང་ཐེག་པ་ཆེན་པོའི་གདམས་པར་འཕྲདཿ སྐུ་གསུམ་བདེ་བ་ཆེན་པོའི་ཞིང་ཁམས་སུཿ མ་གཅིག་ཡེ་ཤེས་དབྱིངས་ཀྱི་ཌཱཀི་མསཿ རྗེས་འཛིན་མངོན་འཚང་རྒྱ་བའི་དུས་ལ་བབཿ ད་ནི་དགའ་ཞིང་སྤྲོ་བའི་སེམས་བསྐྱེད་ལཿ སྙིང་དབུས་རྣམ་ཤེས་ཐིག་ལེ་ཨ་ཡིག་མཚནཿ དག་པ་མཁའ་སྤྱོད་ལམ་བཟང་དབུ་མར་བརྒྱུདཿ སྤྱི་བོ་བདེ་ཆེན་ཚངས་པའི་བུ་ག་ནསཿ རྩལ་ཆེན་སྐར་མདའ་ཆད་པའི་ཇི་བཞིན་དུཿ སྤྱི་གཙུག་འཇའ་ཚོན་འོད་ལྔ་འཁྲིགས་པའི་ཀློངཿ ཡུམ་ཆེན་གསང་བ་ཡེ་ཤེས་མཁའ་ཀློང་དུཿ རིག་པ་གཏོད་ལ་ཐུགས་ཡིད་དབྱེར་མེད་བསྲེསཿ ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཞིང་ཁམས་སུཿ པདྨ་འོད་ཀྱི་གཞལ་ཡས་ཆེན་པོའི་དབུསཿ རིགས་འདུས་མ་ཧཱ་གུ་རུ་ཐོད་ཕྲེང་རྩལཿ ཡབ་ཡུམ་ཐུགས་ཀྱི་ཐིག་ལེ་རོ་གཅིག་འདྲེསཿ «དམིགས་པ་གཞུར་དྲངས་ལཿ »ཨཱཿཧིགཿ «ཉེར་གཅིག་པར་དལ་བུས་བརྗོད་ཅིང་དམིགས་ཡུལ་རྣམ་ཤེས་དངཿ བླ་མ་ཡབ་ཡུམ་ཐུགས་ཡིད་གཅིག་ཏུ་བསྲེཿ དེ་དང་ལྷན་ཅིག་ཏུ་དབུགས་ཆད་པར་གྱུར་ན་བཙན་ཐབས་སུ་འཕོས་པ་ཡིན་པས་འོག་མིན་པདྨ་འོད་ཀྱི་ཞིང་དུ་མངོན་སངས་རྒྱས་པའི་ཕྱིར་མི་ལྡོག་པའི་རྟགས་མཚན་ཁྱད་པར་ཅན་ནོཿ གལ་ཏེ་གདོན་ཆེན་གྱི་བརློམས་པ་སོགས་ལ་འཕོ་བའི་སྟོབས་ཀྱིས་གདོན་དང་ཕྲལ་ཞིང་དྲན་པ་སངས་བའང་རེ་རེ་ཙམ་འབྱུང་བའི་སྐབས་ཤེས་ཤིང་གདམས་ངག་ལ་ལོག་རྟོག་གསང་བར་བྱེད་དེཿ ཕྱི་དབུགས་ཆད་པའི་མཚམས་སུ་རྟེན་འབྲེལ་ཟབ་མོས་རྗེས་སུ་འཛིན་པའི་ངོ་སྤྲོད་ཀྱི་གདམས་པ་གོང་ལྟར་བཏབ་ཀྱང་རུང་ངོཿ དེ་ནས་ཞག་གི་བར་ཆོད་ཕྱིན་རྣམ་པར་ཤེས་པ་ཀུན་གཞིའི་ཀློང་དུ་བརྒྱལ་ཞིང་རེ་ཞིག་འཐིབ་པའི་ཕྱིར་ངོ་སྤྲོད་ཀྱི་གསལ་མི་ཐེབ་ཅིང་ཐུགས་རྗེའི་རྩལ་ཚུགས་དྲག་པོས་བཙན་ཐབས་སུ་འཕོ་བའི་གདམས་པ་འདེབས་པ་ལཿ ཐོག་མར་སྐྱབས་ཡུལ་གསལ་གདབ་པ་ནིཿ» ཕཊཿ ཆོས་དབྱིངས་འདུས་མ་བྱས་པའི་ནམ་མཁའ་ལཿ སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དངཿ དབྱེར་མེད་གུ་རུ་ཐོད་ཕྲེང་རྩལ་ཡབ་ཡུམཿ དགའ་རབ་དཔའ་བོ་རྡོར་འཆང་དྲི་མ་མེདཿ ཡུམ་ཆེན་ཤེར་ཕྱིན་སྐལ་བཟང་འདྲེན་པ་སྟོངཿ དམ་པ་མ་གཅིག་ཁྲོས་མ་ལྷ་ལྔ་མཿ བཀའ་བརྒྱུད་བླ་མ་ཡི་དམ་ཞི་ཆགས་ཁྲོཿ ཏཱ་ཏེ་ལྷ་མོ་སྤྲུལ་འཁོར་ཉེར་གཅིག་དངཿ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅསཿ མཁའ་ལ་གཟའ་སྐར་ཤར་བཞིན་བཀྲ་ལམ་མེརཿ དམིགས་ཡུལ་ལམ་སྣ་འདྲེན་པའི་དགོངས་པ་བཅསཿ གསལ་ལ་མ་འདྲེས་ལྷུན་གྱིས་གྲུབ་པར་བསྒོམཿ «སྐྱབས་སུ་འགྲོ་བ་ནིཿ» ན་མོཿ སྐྱེ་མེད་ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོཿ ལོངས་སྤྱོད་རྫོགས་སྐུ་གསང་ཡེ་བདུད་འདུལ་མཿ སྤྲུལ་པའི་སྐུ་ཤར་ཁྲོས་མ་ནག་མོ་དང་ཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལཿ ཚེ་འདས་གཙོར་བྱས་འགྲོ་དྲུག་སེམས་ཅན་ཀུནཿ སྐྱབས་སུ་མཆིའོ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ «སེམས་བསྐྱེད་པ་ནིཿ »ཕཊཿ འཇིག་རྟེན་ཚེ་འདིའི་སྣང་བ་ནུབ་གྱུར་ཞིངཿ ཕྱི་མའི་ལམ་ཞུགས་འཁྲུལ་པའི་གཞན་དབང་ཅནཿ འཇིགས་སྐྲག་བཟོད་དཀའི་སྡུག་བསྔལ་གྱིས་ནར་ཀུནཿ བདེ་ཆེན་ས་ལ་འགོད་པར་སེམས་བསྐྱེད་དོཿ« ཡན་ལག་བརྒྱད་པ་འབྱུང་བ་ནིཿ »ཕཊཿ དམིགས་ཡུལ་རྡུལ་སྙེད་གྲངས་ཀྱི་ལུས་སྤྲུལ་ཏེཿ རྣམ་གསུམ་དད་པའི་སེམས་ཀྱིས་བརྐྱང་ཕྱག་འཚལཿ སྟོང་གསུམ་རབ་འབྱམས་འཇིག་རྟེན་གང་བ་ཡིཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་སྤྲུལ་ཏེ་འབུལཿ སྡོམ་དང་བསླབ་པ་དམ་ཚིག་ཉམས་འགལ་རལཿ མི་དགེའི་ལས་བགྱིས་འགྱོད་པ་དྲག་པོས་བཤགསཿ མ་དག་འགྲོ་ཀུན་རྗེས་སུ་འཛིན་པ་ཡིཿ འགྲོ་དོན་སྤྱོད་པ་མཛད་ལ་རྗེས་ཡི་རངསཿ རོ་སྙོམས་འདོད་ཡོན་མ་སྤངས་རྒྱན་ཤར་བའིཿ འཛིན་པ་རང་གྲོལ་ཆོས་འཁོར་བསྐོར་བར་བསྐུལཿ ཇི་སྲིད་འཁོར་བའི་སེམས་ཅན་མ་སྟོངས་པརཿ དེ་སྲིད་འགྲོ་བའི་དོན་དུ་བཞུགས་གསོལ་འདེབསཿ དུས་གསུམ་བསགས་པའི་ཟག་བཅས་ཟག་མེད་དགེཿ ནམ་མཁའི་མཐར་ཐུག་སེམས་ཅན་དོན་དུ་བསྔོཿ «གཤེད་དང་བྲལ་བར་བྱ་བའི་ཕྱིརཿ དུར་གཅོད་དངོས་ལ་འཇུག་པ་ནིཿ »ཕཊཿ རང་རིག་མ་བཅོས་ཆུ་ལས་ཉ་འཕར་ལྟརཿ རྒྱལ་བའི་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མའིཿ ཕྲིན་ལས་སྤྲུལ་བསྒྱུར་མ་གཅིག་ཁྲོས་མ་ནགཿ ཞལ་གཅིག་ཕྱག་གཉིས་གཡང་གཞི་རྐང་གླིང་སྒྲོགསཿ མཁའ་འགྲོའི་ཆས་རྫོགས་གར་སྟབས་ལིང་ངེ་བཿ པག་ཞལ་ངུར་སྒྲས་སྲིད་གསུམ་ཟིལ་གྱིས་གནོནཿ རིགས་བཞི་དཔའ་བོ་མཁའ་འགྲོའི་ཚོགས་བཅས་གསལཿ «དེ་ནས་ཐུགས་དམ་གནད་ནས་བསྐུལ་བ་ནིཿ» ཕཊཿ མ་ཡུལ་གྱི་མིང་ནི་ཨོ་རྒྱན་སྤྲིན་ནག་འཁྲིགསཿ དུར་ཁྲོད་མིང་ནི་རབ་འཇིགས་ཨུ་ཙ་ལཿ མཁའ་འགྲོའི་མིང་ནི་བདུད་འདུལ་གསང་ཡེ་མཿ གནས་འདིར་བྱིན་ཕོབ་བག་ཆགས་སྣང་སེམས་བསྒྱུརཿ ཀེང་དང་རུས་པའི་རི་རབ་རྔམས་བརྗིད་ལྡནཿ མདའ་མདུང་རལ་གྲི་རྩི་ཤིང་ནགས་ཚལ་རྒྱསཿ དུག་ཆུ་ཁྲག་རྣག་རྒྱ་མཚོ་མེ་རེ་རེཿ དུག་རླངས་མུན་པ་འཁྲིགས་པའི་གྲོང་ཁྱེར་ནསཿ ལྷ་ཡི་ལྷ་སྟེ་བདུད་ཀྱི་བདུད་ཆེན་མོཿ འཇིགས་པའི་ཚོགས་རྣམས་མ་ལུས་འཇིགས་བྱེད་ཅིངཿ འཆི་བདག་གཤིན་རྗེའི་དམག་ཚོགས་ཟས་སུ་ཟཿ དུས་གསུམ་སངས་རྒྱས་རྣམས་ཀྱང་ཡ་ང་ཞིངཿ ཁྲོ་བོ་ཁྲོ་མོའི་ཚོགས་ཀྱང་བལྟར་མི་བཟོདཿ དམ་ཚིག་བདག་མོའི་ས་འཚམས་འབྱེད་མི་ནུསཿ དགེ་སྡིག་བླང་དོར་བྲལ་བའི་མཐུ་མོ་ཆེཿ མ་གཅིག་ཡུམ་ཆེན་དབྱིངས་ཕྱུག་ཁྲོས་མ་ནགཿ ཡེ་ནས་བདག་དང་དབྱེར་མེད་ཆེན་པོར་འདྲེསཿ ཐུགས་རྗེའི་རྔམས་པའི་སྟབས་ཀྱིས་གཤེགས་ཙ་ནཿ མཐིང་ནག་རབ་འཇིགས་ཞལ་གདངས་མཆེ་བ་གཙིགསཿ སྐྱེ་གནས་བཞིས་བསྡུས་ཚོགས་ཀུན་ཟས་སུ་ཟཿ ཕྱག་གཡས་རྩལ་ཆེན་མི་ལྤགས་གཡང་གཞི་གཡུགསཿ སྲིད་པ་གསུམ་པོ་དུས་གཅིག་མགོ་མཇུག་ལྡོགཿ གཡོན་པས་མཆོག་ཆེན་གྲི་རྐང་གླིང་བུ་འབུདཿ འདོད་ཁམས་ལྷ་འདྲེ་མི་གསུམ་དབང་མེད་འགུགསཿ ཞབས་གཉིས་རྡོ་རྗེའི་སྟབས་བྲོ་བརྡུངས་བ་ཡིསཿ གཟུགས་ཁམས་དམྱལ་གནས་ཡན་གཟུང་སྔངས་སྐྲག་འདརཿ ངུར་མོའི་སྒྲ་སྐྲད་ཕྱོགས་བཅུར་སྒྲོགས་པ་ཡིསཿ གཟུགས་མེད་འདུ་ཤེས་བྲལ་ཀུན་དྲན་པ་ཟིནཿ སྤྱན་གསུམ་དཀར་དམར་འཁྲུགས་ཤིང་འབྲུ་ཚུགས་བལྟཿ ཉམ་ཐག་གིས་གདུང་སེམས་ཅན་རྗེས་སུ་འཛིནཿ ཆོས་ཀྱི་སྐུ་ལས་གཟུགས་སྐུ་ཤར་བ་ཡིསཿ མ་གཅིག་ཡུམ་ཆེན་ཐུགས་དམ་གནད་ནས་བསྐུལཿ ཡེ་ཤེས་རྣམ་པ་ལྔ་ཡི་རྩལ་ཤུགས་ཕྱུངསཿ རྫུ་འཕྲུལ་སྐུ་ཡི་བཀོད་པ་དངོས་སུ་སྟོནཿ ད་ལྟ་ལས་ཀྱི་མནར་བའི་གཤིན་པོ་འདིཿ གྲོགས་མེད་གཅིག་པུར་བར་དོའི་སྡུག་བསྔལ་མྱོངཿ མ་གཡེལ་མ་གཡེལ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ ཀུན་གཞི་གཏི་མུག་མུན་པའི་གཉིད་སྐྲོག་ལཿ ཡེ་ཤེས་བཞི་སྦྱོར་སྣང་བ་ལམ་གྱིས་སྟོནཿ མ་དག་རིགས་དྲུག་སྐྱེ་སྒོ་བཅད་དུ་གསོལཿ ཕཊཿ མ་གཅིག་ཡུམ་ཆེན་ཁྲོས་མ་ནག་མོ་ཡིཿ སྐུ་ལས་སྤྲུལ་པའི་ཌཱཀི་དཀར་མོ་འབུམཿ གསུང་ལས་སྤྲུལ་པའི་ཌཱ་ཀི་དམར་མོ་འབུམཿ ཐུགས་ལས་སྤྲུལ་པའི་ཌཱ་ཀི་སྔོན་མོ༴ ཡོན་ཏན་སྤྲུལ་པའི་ཌཱ་ཀི་སེར་མོ༴ ཕྲིན་ལས་སྤྲུལ་པའི་ཌཱ་ཀི་ལྗང་མོ་འབུམཿ ཁྲོ་མོའི་ཆས་རྫོགས་ཕྱག་མཚན་སྣ་ཚོགས་འཛིནཿ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བརཿ ཚེ་འདས་གསོན་གྱི་གནས་སྐབས་ཚེ་བསོད་དངཿ ཁ་རྗེ་དབང་ཐང་སྲོག་ལ་བར་གཅོད་ཅིངཿ འཆི་ཚེ་ལོག་པའི་ལམ་དུ་ཁྲིད་པ་ཡིཿ འཆི་བདག་ལྟ་བུ་ཉོན་མོངས་ཕུང་པོའི་བདུདཿ ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་པཿ ཚེ་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕགས་བྱེདཿ ཆེ་སྲི་ཆུང་སྲི་རྒན་སྲི་དར་སྲི་དངཿ དུར་སྲི་ཕོ་སྲི་མོ་སྲི་ཤི་གསོན་འདྲེཿ ཕོ་བདུད་རྒྱལ་པོ་མོ་བདུད་བསེན་མོའི་རིགསཿ གནའ་འདྲེ་རྙིང་པ་ད་འདྲེ་གསར་དུ་སྐྱེསཿ ཡུལ་འདྲེ་འཁྱམས་པོ་ཀླུ་གདོན་ས་བདག་དམུཿ བཙན་ཐེལ་གྲི་བོ་གྲི་མོའི་ཚོགས་དང་བཅསཿ རང་དབང་མེད་པར་སྤྲུལ་འཁོར་མཁའ་འགྲོ་མསཿ སྐད་ཅིག་མྱུར་བ་ཉིད་དུ་ཁུག་ལ་ཤོགཿ སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམཿ བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམཿ ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་བ་མེདཿ བདག་གི་བསམ་པ་རྣམ་པར་དག་པའི་མཐུསཿ ཚེ་འདས་གསོན་བདུད་གཤིན་ལྕགས་གཤེད་མའི་རིགསཿ གང་དུ་གནས་ཀྱང་ཁུག་ཅིག་ཨཾ་གུ་ཤཿ« ལན་གསུམ་ལྔ་བདུན་དགུ་ལ་སོགསཿ དམིགས་པ་གསལ་གདབ་ཡིད་ཆེས་ཀྱིསཿ རྟགས་མཚན་མངོན་གྱུར་བར་དུ་བྱསཿ གླིང་བུ་ཌཱ་མ་རུའི་སྒྲ་ཆེན་སྒྲོགས་ལ་ཕོ་ཉ་བསྐུལ་བ་ནིཿ» ཕཊཿ ཧཱུྃཿ མ་གཅིག་ཁྲོས་མ་ནག་མོ་ཡིཿ འགུགས་བྱེད་ལས་ཀྱི་ཕོ་ཉ་ནིཿ ཁྲོ་མོ་དཀར་མོ་རྒྱུག་བྱེད་ཚོགསཿ གཡས་པས་འགུགས་བྱེད་ལྕགས་ཀྱུ་དངཿ གཡོན་པས་འཛིན་བྱེད་ལག་པ་གདེངསཿ ཆིབས་སུ་སེང་གེ་དཀར་མོ་ཆིབསཿ རྫུ་འཕྲུལ་རྣམ་འགྱུར་སྣ་ཚོགས་སྟོནཿ ཁྱེད་ཅག་ཐུགས་དམ་དུས་ལ་བབཿ ཚེ་འདས་འདི་ལ་གནོད་བྱེད་པའིཿ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོགཿ སྲོག་གཅོད་དབུགས་ལེན་ཁུག་ལ་ཤོགཿ ཚེ་ལེན་མདངས་འཕྲོག་ཁུག་ལ་ཤོགཿ གསོན་བདུད་གཤིན་ལྕགས་ཁུག་ལ་ཤོགཿ ཤི་འདྲེ་ཤི་སྲི་ཁུག་ལ་ཤོགཿ གཤེད་ཆེན་བཅུ་གཉིས་ཁུག་ལ་ཤོགཿ བྲོས་ཤིང་འཁྱམས་སུ་མ་འཇུག་ཅིགཿ ཕཊཿ ཧཱུྃཿ མ་གཅིག་ཁྲོས་མ་ནག་མོ་ཡིཿ འཆིང་བྱེད་ལས་ཀྱི་ཕོ་ཉ་ནིཿ ཁྲོ་མོ་སེར་མོ་རྔམ་བྱེད་ཚོགསཿ གཡས་པས་བརྡུང་བའི་ཐོ་བ་དངཿ གཡོན་པས་འཆིང་བྱེད་ཞགས་པ་འཕེནཿ ཆིབས་སུ་རྒྱ་སྟག་གྲུས་མ་ཆིབསཿ རྫུ་འཕྲུལ་རྣམ་འགྱུར་སྣ་ཚོགས་སྟོནཿ ཁྱེད་ཀྱི་ཐུགས་དམ་དུས་ལ་བབཿ ཚེ་འདས་འདི་ལ་གནོད་བྱེད་པའིཿ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོགཿ སྲོག་གཅོད་དབུགས་ལེན་ཁུག༴ ཚེ་ལན་མདངས་འཕྲོག་ཁུག༴ གསོན་བདུད་གཤིན་ལྕགས་ཁུག༴ ཤི་འདྲེ་ཤི་སྲི་ཁུག༴ གཤེད་ཆེན་བཅུ་གཉིས་ཁུག་ལ་ཤོག༴ བྲོས་ཤིང་འཁྱམས་སུ་མ་འཇུག་ཅིགཿ ཕཊཿ ཧཱུྃཿ མ་གཅིག་ཁྲོས་མ་ནག་མོ་ཡིཿ སྡོམ་བྱེད་ལས་ཀྱི་ཕོ་ཉ་ནིཿ ཁྲོ་མོ་དམར་མོ་འཕར་བྱེད་ཚོགསཿ གཡས་པས་བྲེགས་པའི་ཟོར་བ་དངཿ གཡོན་པས་སྡོམ་བྱེད་ལྕགས་སྒྲོག་འདེབསཿ ཆིབས་སུ་དུར་བྱ་དམར་པོ་ཆིབསཿ རྫུ་འཕྲུལ་རྣམ་འགྱུར་སྣ་ཚོགས་སྟོནཿ ཁྱེད་ཅག་ཐུགས་དམ་དུས་ལ་བབཿ ཚེ་འདས་འདི་ལ་གནོད་བྱེད་པའིཿ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོགཿ སྲོག་གཅོད༴ ཚེ་ལེན༴ གསོན་བདུད༴ ཤི་འདྲེ༴ གཤེད་ཆེན་བཅུ་གཉིས་ཁུག་ལ་ཤོགཿ བྲོས་ཤིང་འཁྱམས་སུ་མ་འཇུག་ཅིགཿ ཕཊཿ ཧཱུྃཿ མ་གཅིག་ཁྲོས་མ་ནག་མོ་ཡིཿ མྱོས་བྱེད་ལས་ཀྱི་ཕོ་ཉ་ནིཿ ཁྲོ་མོ་ལྗང་མོ་རྩལ་ཆེན་མཿ གཡས་པས་སྤུ་གྲི་འབར་བ་དང་ཿ གཡོན་པས་མྱོས་བྱེད་དྲིལ་བུ་འཁྲོལཿ ཆིབས་སུ་ལྕེ་སྤྱང་སྔོན་མོ་ཆིབསཿ རྫུ་འཕྲུལ་རྣམ་འགྱུར་སྣ་ཚོགས་སྟོནཿ ཁྱེད་ཅག་ཐུགས་དམ་དུས་ལ་བབཿ ཚེ་འདས་འདི་ལ་གནོད་བྱེད་པའིཿ ཟ་འདྲེ་ཤི་གཤེད་ཁུག་ལ་ཤོགཿ སྲོག་གཅོད༴ ཚེ་ལེན༴ གསོན་བདུད༴ ཤི་འདྲེ༴ གཤེད་ཆེན་བཅུ་གཉིས་ཁུག་ལ་ཤོགཿ བྲོས་ཤིང་འཁྱམས་སུ་མ་འཇུག་ཅིགཿ ལྕགས་ཀྱུས་ཟུངས་ལ་ཞགས་པས་ཆིངསཿ ལྕགས་སྒྲོག་བསྡོམ་ལ་དྲིལ་བུས་མྱོསཿ དྲྭ་བར་ཆུད་ལ་ཐོ་བས་རྡུངསཿ ཟོར་བས་རྔོས་ལ་སྤུ་གྲིར་སྐྱོནཿ རང་ཉིད་ཁྲོས་མ་ནག་མོ་ཡིཿ ཞབས་འོག་གཤིན་རྗེའི་ལྕགས་ཁང་ནིཿ དགུ་རིམ་ཁ་དོག་མཐིལ་ཡངས་པཿ སྒོ་མེད་མུན་པ་རབ་ཏུ་འཁྲིགསཿ འོག་ཏུ་ཁྲག་གི་མཚོ་ཆེན་འཁྱིལཿ བར་སྐབས་ལྕགས་ཀྱི་དྲ་བས་སྤྲེལཿ ནང་དུ་དབང་མེད་ཁུག་ཅིང་ཚུདཿ སྟེང་དུ་སྤུ་གྲི་རེག་གཅོད་རླུང་ཿ འཁོར་ཞིང་དྲག་པོ་མེ་ཆེན་བསྐོརཿ བྲོས་ཤིང་འཁྱམས་པའི་དབང་མེད་པརཿ མཚོན་ཆ་བདུད་དང་ཁྲོས་མའི་དམགཿ སངས་རྒྱས་སྟོང་གི་མཐའ་བསྐོར་རོཿ ཕཊཿ «མི་རྐང་གླིང་བུ་སྒྲ་དང་བཅས་དམིགས་པ་མ་རྫོགས་བར་དུ་ཕཊཿབརྗོད་དོཿ དེ་ནས་གཤེད་དང་འབྲལ་བ་ནིཿ» ཕཊཿ རང་ཉིད་ཁྲོས་མ་ནག་མོའི་ཐུགས་ཀ་ནསཿ ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོསཿ འཇིག་རྟེན་འདི་ནས་ཕ་རོལ་ཉིང་མཚམས་སྦྱརཿ ཚེ་འདས་ཆྒཻམོ་ཞེས་བྱ་བ་ཡིཿ རྣམ་པར་ཤེས་པ་བར་མ་དོ་ཡི་ཡུལཿ གང་ལ་གནས་ཀྱང་སྐད་ཅིག་ཡུད་ཙམ་ལཿ དམིགས་རྟེན་ཕུང་པོ་འདི་དང་དབྱེར་མེད་ཁུགཿ བཛྲ་ཨཾ་གུ་ཤ་ཡ་ཛ་ཛཿ «ཡིད་ཆེས་པའི་བར་དུ་ལན་འགར་གདའཿ »ཕཊཿ སླར་ཡང་མ་གཅིག་ཁྲོས་མ་ནག་མོ་ཡིཿ སྐུ་ལས་སྤྲུལ་པའི་ཌཱཀི་བདེ་ཆེན་དཀརཿ སྤྲུལ་པ་སྟག་གདོང་དཀར་མོ་ཆུ་ལྟར་འཁྲིགསཿ ཕྱག་གཡས་མི་ལྤགས་རློན་པའི་གཡང་གཞི་རྡེབསཿ གཡོན་པས་གཤེད་ཟོར་འབྲེལ་གཅོད་རྣོ་ངར་ཐོགསཿ སྐུ་ལས་མཚོན་ཆའི་ཚྭ་ཚྭ་ཐོ་རོ་རོཿ སྤྱན་ནས་མེ་འབར་ཤངས་ནས་རླུང་ནག་འཚུབསཿ ཞལ་ནས་ཁྲོ་ཆུ་ཁོལ་མའི་ཁ་ཕྲུ་ཐོརཿ ཁྱེད་ཅག་འཁོར་བཅས་ཐུགས་དམ་དུས་ལ་བབཿ ཚེ་འདས་བླ་ཡིད་བདག་ཏུ་བཟུང་བ་ཡིསཿ མཉམ་པོར་འོང་བའི་བདུད་ཆེན་གཤེད་དང་ཕྲོལཿ ཟ་འདྲེ་ཤི་གཤེད་སྲོག་གཅོད་ད་ཕྲོལ་ཅིགཿ དབུགས་ལེན་གསོན་བདུད་གཤིན་ལྕགས་ད་ཕྲོལ་ཅིགཿ ཚེ་ལེན་མདངས་འཕྲོག་ཤི་འདྲེ་ད་ཕྲོལ་ཅིགཿ ཤི་གཤེད་ནད་འདྲེ་གཅོང་སྲི་ད་ཕྲོལ་ཅིགཿ དམ་ཉམས་གཤེད་པོ་ལས་ངན་སྡིག་ཅན་རྣམསཿ ལས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་དུ་ཆུགསཿ བག་ཆགས་ལུས་རྟེན་སྣང་སེམས་དུམ་བུར་གཏུབསཿ ཉོན་མོངས་འཁྲུལ་པའི་གཟུང་འཛིན་རྩ་བ་ཆོདཿ རྣམ་པར་ཤེས་པ་ཐར་མེད་བཙོན་རར་ཚུདཿ ཚེ་འདས་ལུས་སེམས་བག་ཕེབས་བདེ་བར་སྤོརཿ ཕཊཿ མ་གཅིག་ཡུམ་ཆེན་ཁྲོས་མ་ནག་མོ་ཡིཿ གསུང་ལས་སྤྲུལ་པའི་ཌཱ་ཀི་རྗེས་འཛིན་དམརཿ སྤྲུལ་པ་ཁྱུང་གདོང་དམར་མོ་མེ་ལྟར་འབརཿ ཕྱག་གཡས་མི་ལྤགས་རློན་པའི་གཡང་གཞི་རྡེབསཿ གཡོན་པས་གཤེད་སྟྭ་ཁ་ཆེ་འབར་བ་ཐོགསཿ སྐུ་ལས་མཚོན་ཆིའི་ཚྭ་ཚྭ་ཐོ་རོ་རོཿ སྤྱན་ནས་མེ་འབར་ཤངས་ནས་རླུང་ནག་འཚུབསཿ ཞལ་ནས་ཁྲོ་ཆུ་ཁོལ་མའི་ཁ་ཕྲུ་ཐོརཿ ཁྱེད་ཅག་འཁོར་བཅས་ཐུགས་དམ་དུས་ལ་བབཿ ཚེ་འདས་བླ་ཡིད་བདག་ཏུ་བཟུང་བ་ཡིཿ མཉམ་པོར་འོང་༴ ཟ་འདྲེ༴ དབུགས་ལེན༴ ཚེ་ལེན༴ ཤི་གཤེད༴ དམ་ཉམས༴ ལས་ཀྱི༴ བག་ཆགས༴ ཉོན་མོངས༴ རྣམ་པར༴ ཚེ་འདས༴ ཕཊཿ མ་གཅིག་ཡུམ་ཆེན་ཁྲོས་མ་ནག་མོ་ཡིཿ ཐུགས་ལས་སྤྲུལ་པའི་ཌཱ་ཀི་དབྱངས་ཅན་སྔོཿ སྤྲུལ་པ་སེང་གདོང་སྔོན་མོ་སྤྲིན་ལྟར་གཏིབསཿ ཕྱག་གཡས་གྲི་གུག་རྣོ་ངར་ལྡན་པ་གདེངསཿ གཡོན་པས་མི་རྐང་གླིང་བུའི་སྒྲ་ཆེན་སྒྲོགསཿ སྐུ་ལས་མཚོན་ཆའི་ཚྭ་ཚྭ༴ «སོགས་གོང་ལྟར་འགྲེའོཿ »ཕཊཿ མ་གཅིག་ཡུམ་ཆེན་ཁྲོས་མ་ནག་མོ་ཡིཿ ཡོན་ཏན་སྤྲུལ་པ་ཌཱ་ཀི་མཐུ་ཆེན་སེརཿ སྤྲུལ་པ་ཕག་གདོང་སེར་མོ་རྡུལ་ལྟར་འཁྲིགསཿ ཕྱག་གཡས་མི་ལྤགས་གཡང་གཞི་རློན་པ་རྡེབསཿ གཡོན་པས་རྒྱུ་མའི་ཞགས་པ་འདོམ་དགུ་འཕེནཿ སྐུ་ལས་མཚོན༴« སོགསཿ »ཕཊཿ མ་གཅིག་ཡུམ་ཆེན་ཁྲོས་མ་ནག་མོ་ཡིཿ ཕྲིན་ལས་སྤྲུལ་པའི་ཌཱ་ཀི་སྤྲུལ་བསྒྱུར་ལྗངཿ སྤྲུལ་པ་འབྲུག་གདོང་ལྗང་མོ་རླུང་ལྟར་འཚུབསཿ ཕྱག་གཡས་མི་ལྤགས་གཡང་གཞི་རློན་པ་རྡེབསཿ གཡོན་པས་རེག་གཅོད་སྤུ་གྲི་འབར་བ་ཐོགསཿ སྐུ་ལས་མཚོན་ཆའི༴«སོགས་ནསཿ» བདེ་བར་སྤོངཿ ཕཊཿ «ཌཱ་མ་རུང་དང་གླིང་བུའི་སྒྲ་ཆེན་སྒྲོགསཿ »ཕཊཿ ཚེ་འདས་ཐར་པའི་ལམ་ལ་བར་གཅོད་པའིཿ ཟ་འདྲེ་ཤི་གཤེད་གཤེད་མའི་རིགས་གྱུར་ཀུནཿ ལྕགས་ཁང་གྲུ་གསུམ་འབར་བའི་ནང་དུ་ཚུདཿ གནམ་ལྕགས་རྒྱ་གྲམ་འབར་བས་ཁ་བཅད་ཅིངཿ སྟེང་དུ་ཁྲོས་མ་ལྷ་ལྔའི་རྔམས་བྲོ་བརྡུངསཿ བག་ཆགས་ལས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་ཿ རྣམ་པར་ཤེས་པ་དྲན་མེད་ཉིད་དུ་བརྒྱལཿ མཁའ་ཀློང་བསྐྱོད་བྱེད་ལྟོ་རུ་ཚུད་པར་གྱུརཿ ཕཊཿ «རང་གྲོལ་ཆེན་པོའི་གདམས་པ་འདིཿ ཆོས་ཉིད་ལྟ་བའི་གཞི་ཚུགས་ཤིངཿ དམིགས་པའི་འཁྲུལ་འཁོར་གཙོ་ཆེ་བསཿ ཐེ་ཚོམ་རེ་དོགས་བྲལ་བ་ཡིཿ སྟོང་ཉིད་རྩལ་སྣང་ངར་ལྡན་པའིཿ དམིགས་གནད་གཟེར་ཆེན་ཐེངས་པར་བྱཿ སླར་ཡང་གཤིན་པོ་གསལ་གདབ་པ་ནི་སྙན་པའི་དབྱངས་དང་བཅས་ཏེཿ» ཀྱེ་མ་ཚེ་འདས་རིགས་ཀྱི་བུཿ ཤི་གསོན་མཚམས་ནས་ཚུར་ལ་གསོནཿ ང་ནི་ཡེ་ཤེས་མཁའ་འགྲོ་མཿ ཁྱོད་ཉིད་འདྲེན་པའི་བླ་མ་སྟེཿ གཡས་པས་གསེར་གྱི་ཌཱ་མ་རུཿ གཡོན་པས་དངུལ་དཀར་དྲིལ་བུ་འཁྲོལཿ སྐུ་མདོག་དཀར་ལ་འོད་ཟེར་འཕྲོཿ དར་གྱི་ན་བཟའ་རིན་ཆེན་བརྒྱན༔ ཞལ་ནས་སྙན་པའི་གླུ་དབྱངས་སྒྲོགསཿ རིག་འཛིན་མཁའ་འགྲོ་ཚོགས་ཀྱིས་བསྐོརཿ དགོངས་པ་རྩེ་གཅིག་ཁྱོད་ལ་གཏདཿ སྡུག་བསྔལ་གནས་སུ་མི་གཏོང་ངོཿ ཀུན་གཞིའི་བག་ཆགས་སད་པའི་ཚེཿ ཆོས་ཉིད་འོད་གསལ་བར་དོ་དུཿ ཡེ་ཤེས་བཞི་སྦྱོར་སྣང་བ་ལཿ རིགས་མཆོག་ལྔ་ཡི་གསང་ལམ་ཆེཿ སྐལ་ལྡན་གྲོལ་བའི་དུས་ཡིན་པསཿ གོམས་སྟོབས་ཆུང་ཞིང་འཁྲུལ་པས་ནཿ རིགས་དྲུག་འོད་ལ་མ་ཆགས་པརཿ བླ་མར་རྩེ་གཅིག་གསོལ་བ་ཐོབཿ སྣང་བའི་ཡུལ་ལ་ཞེན་པ་སྤོངསཿ སྲིད་པ་ལས་ཀྱི་བར་དོ་དུཿ བུ་ཁྱོད་འཁྱམས་པའི་དུས་ཀྱི་ཚེཿ ཁྱོད་ལ་ཤ་ཁྲག་ལུས་ཀྱང་མེདཿ གཟུགས་ཀྱི་ཕུང་པོ་ཤུལ་དུ་བསྒྱུརཿ ཚོར་བ་འདུ་ཤེས་འདུ་བྱེད་དངཿ རྣམ་པར་ཤེས་པའི་ཕུང་པོ་སྟེཿ མིང་བཞི་འདུས་པའི་བག་ཆགས་ལུསཿ སྔོན་འབྱུང་སྤྲུལ་པའི་ཤ་གཟུགས་ཅནཿ དབང་པོ་ཀུན་ཚང་ཐོག་མེད་དུཿ བསམ་པ་ཙམ་གྱིས་ཡུལ་ཀུན་བགྲོདཿ དྲི་ཟ་ཉེ་བར་ལེན་པ་སྟེཿ རྣམ་པར་ཤེས་པ་དགུ་འགྱུར་གསལཿ རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟརཿ གདམས་ངག་ཐེགས་པའི་དུས་ཡིན་པསཿ རྩེ་གཅིག་འདུན་པ་གཞུར་ལ་དྲངསཿ བླ་མ་དྲན་ན་ཐུགས་རྗེས་འདྲེནཿ ཡི་དམ་དྲན་ན་དྲག་པོས་སྒྲོལཿ མཁའ་འགྲོ་དྲན་ན་རྗེས་སུ་འཛིནཿ ལྟ་བ་དྲན་ན་རང་ངོ་འཕྲདཿ ཞིང་ཁམས་དྲན་ན་མངོན་འཚང་རྒྱཿ གདམས་ངག་དྲན་ན་སྐྱེ་སྒོ་ཆོདཿ འདི་ཉིད་ཐོས་པས་གྲོལ་བའོཿ ང་ནི་དབྱིངས་ནས་རང་བྱུང་བཿ འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ བླ་མ་མཁའ་འགྲོ་དབྱེར་མེད་པཿ མཐོང་ཚད་གྲོལ་བའི་ནུས་པ་ལྡནཿ ཐུགས་ལས་འཕྲོས་པའི་འོད་ཟེར་སྣེཿ ཁྱོད་ཀྱི་སྤྱི་བོར་ནས་བརྒྱུད་དེཿ ལུས་ཀྱི་ནང་ཀུན་ཁྱབ་པ་ཡིསཿ ཚེ་རབས་ལས་ཀྱི་སྒྲིབ་པ་དགཿ རེག་ཚད་གྲོལ་བའི་བྱིན་རླབས་འཇུགཿ དགའ་ཞིང་སྤྲོ་བའི་སེམས་བསྐྱེད་ལཿ ཁྱོད་ཀྱི་བག་ཆགས་སྣང་གཟུགས་ལུསཿ ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མཿ དམར་གསལ་རིན་ཆེན་རུས་པའི་རྒྱནཿ ཕྱག་གཡས་གྲི་གུག་དཀུ་ལ་བརྟེནཿ གཡོན་པས་བདུད་རྩིའི་ཐོད་པ་སྟོབཿ སྤྱི་གཙུག་ཕག་ཞལ་ནམ་མཁར་བལྟཿ ཞབས་གཉིས་གར་སྟབས་ལིང་ངེ་བཿ ལུས་དབུས་ཡེ་ཤེས་རྩ་དབུ་མཿ མཐིང་གསལ་མདའ་སྨྱུག་འབྲིང་པོ་ཙམཿ མར་སྣ་ལྟེ་བར་ཕུག་རྡུག་འགགསཿ ཡར་སྣ་ཚངས་པའི་བུ་ག་རུཿ པདྨ་ཁ་ཕྱེ་ཧ་རེ་བཿ སྙིང་གར་པདྨ་འདབ་བཞི་ཡིཿ ཟེའུ་འབྲུ་རླུང་གི་དཀྱིལ་འཁོར་དབུསཿ ཁྱོད་ཀྱི་རྣམ་ཤེས་ངོ་བོ་ནིཿ དཀར་དམར་འདྲེས་པའི་ཐིག་ལེ་ནིཿ མ་སར་སྒོང་ང་ལྟ་བུ་ཞིགཿ འཕར་འདར་ལིང་ངེར་གནས་པར་བསྒོམཿ «ཐུགས་དམ་རྒྱུད་བསྐུལ་གསོལ་བཏབ་ཅིང་ཿ བྱིན་རླབས་ཤུགས་ཀྱིས་འདྲེན་པའོཿ »མ་ནོ་གུ་རུཿ གནས་མཆོག་འོག་མིན་ཆོས་དབྱིངས་ཕོ་བྲང་ནསཿ ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ལཿ ༼མོས་གུས་རྩེ་གཅིག་གདུང་བས་གསོལ་བ་འདེབསཿ འཇིག་རྟེན་ཕྱི་མའི་ལམ་དུ་ཞུགས་པ་ཡིཿ བར་མ་དོ་རུ་འཁྱམས་པའི་ཚེ་འདས་ཀྱིཿ རྣམ་ཤེས་བདེ་ཆེན་ཞིང་དུ་འདྲེན་པར་མཛོདཿ༽ འོག་མིན་རྣམ་སྣང་གངས་ཆེན་ཞིང་ཁམས་ནསཿ སྟོན་པ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆངཿ མོས་གུས་རྩེ་གཅིག«་སོགས་གོང་ལྟར་འགྲེའོཿ» ཕྱེད་སྤྲུལ་ལོངས་སྐུའི་ཞིང་ཁམས་གནས་ལྔ་པོཿ རྣམ་སྣང་མི་བསྐྱོད་རིན་འབྱུང་སྣང་མཐའ་ཡསཿ དོན་གྲུབ་རིགས་མཆོག་རྣམ་ལྔ་ཡུམ་དང་བཅསཿ མོས་ཞུས་རྩེ་«སོགས་འགྲེའོཿ »ཆོས་དབྱིངས་འདུས་མ་བྱས་པའི་ཞིང་ཁམས་ནསཿ ཆོས་སྐུ་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིནཿ མོས་གུས་«སོགསཿ »མི་མཇེད་འཇིག་རྟེན་སྤྲུལ་སྐུའི་ཞིང་ཁམས་ནསཿ བསྐལ་བཟང་སངས་རྒྱས་སྟོང་དང་དགྲ་བཅོམ་ཚོགསཿ མོས་གུས«་སོགསཿ» སྣང་བ་རྣམ་དག་སྤྲུལ་སྐུའི་ཞིང་ཁམས་ནསཿ སྣ་ཚོགས་སྐུར་སྟོན་སྟོན་པ་དྲི་མ་མེདཿ རྒྱལ་བའི་ཕུམ་མཆོག་རྡོ་རྗེ་རྣལ་འབྱོར་མཿ མོས་གུས«་སོགསཿ »ལྷུན་གྲུབ་འདུས་མ་བྱས་པའི་ཞིང་ཁམས་ནསཿ གསང་བདག་སྟོན་པ་དགའ་རབ་དཔའ་བོ་དངཿ མ་གཅིག་ཡུམ་ཆེན་ཌཱཀི་གསང་ཡེ་མརཿ མོས་གུས་«སོགསཿ» བདེ་ཆེན་དབང་དྲག་རོལ་པའི་ཕོ་བྲང་ནསཿ མཁའ་འགྲོ་ཡོངས་ཀྱི་མེས་པོ་ཐོད་ཕྲེང་རྩལཿ གསང་ཡུམ་ལྷ་ལྕམ་མེ་ཏོག་མནྡཱ་རཿ མོས་གུས་«སོགསཿ »གར་བཞུགས་བདེ་བ་ཆེན་པོའི་ཕོ་བྲང་ནསཿ བརྟུལ་ཞུགས་གྲུབ་བརྙེས་དམ་པ་རྒྱ་གར་བཿ མཚོ་རྒྱལ་དབྱེར་མེད་མ་གཅིག་ལབ་སྒྲོན་མརཿ མོས་གུས་«སོགསཿ »ཨུ་ཙ་ལ་ཡི་དུར་ཁྲོད་ཆེན་པོ་ནསཿ མ་གཅིག་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ རང་རང་རིགས་ཀྱི་སྤྲུལ་འཁོར་འབུམ་ཕྲག་བཅསཿ མོས་གུས«་སོགསཿ »གསང་ཆེན་གཡུ་ལོ་བཀོད་པའི་ཞིང་ཁམས་ནསཿ རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་སྒྲོལ་ལྗང་ཡུམཿ སྤྲུལ་པ་སྣ་ཚོགས་སྐུར་སྟོན་ཉེར་གཅིག་བཅསཿ མོས་གུས་«སོགསཿ» སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཞིང་ཁམས་ནསཿ རྒྱུད་ལུང་མན་ངག་དབང་བཞིའི་མཛོད་འཛིན་པའིཿ བརྒྱུད་པ་དགུ་ལྡན་དཔལ་མགོན་བླ་མའི་ཚོགསཿ མོས་གུས་«སོགསཿ» སྤྱི་གཙུག་བདེ་ཆེན་འཁོར་ལོའི་ཞིང་ཁམས་ནསཿ བྱིན་རླབས་བཀའ་བབས་རྩ་བའི་བླ་མ་དངཿ འཛིན་པ་རང་གྲོལ་གྲུབ་བརྙེས་རིག་འཛིན་ཚོགསཿ མོས་གུས«་སོགསཿ »འོག་མིན་ལྷུན་རྫོགས་རོལ་པའི་ཞིང་ཁམས་ནསཿ ཞི་བ་རྡོར་དབྱིངས་འབར་བ་ཁྲག་འཐུང་ཚོགསཿ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་ལཿ མོས་གུས་«སོགསཿ »ཉི་ཤུ་རྩ་བཞིའི་གནས་ཡུལ་དུར་ཁྲོད་ནསཿ ས་དང་ལམ་གྱི་བར་ཆད་སེལ་མཛད་པའིཿ ཡེ་ཤེས་ལས་དམ་མཁའ་འགྲོ་རྒྱ་མཚོ་ལཿ མོས་གུས་«སོགསཿ »རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཐུགས་ཕྱུངས་ལཿ མ་རིག་འཁྲུལ་པའི་བག་ཆགས་ཡོངས་སངས་ནསཿ རྣམ་ཤེས་ངོ་བོ་འོད་ཀྱི་ཐིག་ལེ་དེཿ དབུ་མའི་ལམ་བརྒྱུད་སྐར་མདའ་ཆད་པ་བཞིནཿ ཡུམ་ཆེན་གསང་བ་ཡེ་ཤེས་པདྨ་ནསཿ སྐུ་ཡི་དབྱིབས་བརྒྱུད་སྒྲིབ་གཉིས་དྲི་མ་སྦྱངསཿ བླ་མ་ཡབ་ཡུམ་ཐུགས་ཀྱི་ཀློང་དུ་སྤརཿ མཉམ་ཉིད་རྒྱལ་བའི་སྲས་སུ་མངོན་འཚང་རྒྱཿ ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་ཤོགཿ ཨཱཿ«ལྔ་ཚར་བརྗོད་ཅིངཿ »ཧིགཿ «སྒྲ་དྲག་པོ་བདུན་གྱིས་སྤརཿ གསོལ་འདེབས་སྤར་ཆོག་ལན་གསུམ་མཐརཿ ཚེ་འདས་རྣ་བར་ཤེས་པ་དེཿ བླ་མ་ཡབ་ཡུམ་རོལ་བའི་སྲསཿ སེམས་དཔའ་འོད་ལུས་ཁྱེའུ་དཀརཿ ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡིསཿ འོད་མིན་གནས་སུ་དྲངས་བར་བསྒོམཿ དེ་ནས་ཚེ་འདས་བེམ་པོ་ཉིདཿ བདུད་རྩི་བསྒྱུར་ཞིང་མཆོད་པ་ནིཿ» ཕཊཿ རང་རིག་མ་བཅོས་ཁྲོས་མ་ནག་མོ་ཡིཿ ཕྱག་གཡས་གྲི་གུག་བམ་གྱི་ཐོད་པ་ཕྲལཿ ཁྱོན་ཡངས་སྣོད་མཆོག་སྐུ་གསུམ་སྒྱེད་པུར་བཙུགསཿ ནང་དུ་བེམ་རོ་སིལ་བུར་གཏུབ་ཅིང་སྤུངསཿ རླུང་གཡོས་ཨ་ཐུང་སྤར་ཞིང་ཐོད་པ་དྲོསཿ རྫས་རྣམས་ཞུ་ཞིང་ཐུགས་ཀའི་འོད་ཟེར་གྱིསཿ ཧཾ་ཡིག་བཞུས་ཤིང་གྲི་གུག་ལམ་བདུན་དཀྲུགསཿ དྭངས་མ་བདུད་རྩི་སྙིགས་མ་ཞལ་ཟས་དངཿ རླངས་པ་འདོད་ཡོན་ལོངས་སྤྱོད་ཆར་འབེབས་གྱུརཿ ཨོཾ་ཨཱཿཧཱུྃཿ «ཟངས་མེད་བརྗོད་ཅིང་སྦྱངས་སྤེལ་བསྒྱུརཿ »ཕཊཿ སངས་རྒྱས་བྱང་སེམས་རྩ་གསུམ་ཞི་ཆགས་ཁྲོཿ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་དངཿ གཙང་རིས་དཔལ་མགོན་ཡུལ་ལྷ་གཞི་བདག་བཅསཿ དཀོན་མཆོག་སྲིད་ཞུ་མགོན་པོ་ཡོན་ཏན་མགྲོནཿ འགྲོ་བ་རིགས་དྲུག་ལན་ཆགས་མགྲོན་རིགས་བཅསཿ སྐད་ཅིག་སྟོན་མོར་ཁྲོམ་ཚོགས་ཇི་བཞིན་དུཿ ནམ་མཁའ་ས་གཞི་བར་སྣང་གང་བར་འདུསཿ ཕཊཿ «བརྗོད་ཅིང་རྐང་གླིང་ཌཱ་མ་རུའི་སྒྲ་དང་བཅསཿ» ཕཊཿ ཚེ་འདས་བེམ་པོ་ཤ་ཁྲག་རུས་ནང་རོལཿ ཏིང་འཛིན་དམིགས་པའི་ཤུགས་ཀྱིས་བྱིན་རླབས་པའིཿ བདུད་རྩི་ཞལ་ཟས་མཁོ་དགུའི་ལོངས་སྤྱོད་བཅསཿ བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་སྲསཿ དཀོན་མཆོག་སྲིད་ཞུའི་མགྲོན་གྱུར་ཐམས་ཅད་ལཿ མཆོད་དོ་འབུལ་ལོ་ཚོགས་རྫོགས་སྒྲིབ་དག་ནསཿ རོ་བག་མི་གཙང་དྲི་མ་ཀུན་སྦྱངས་ཤིངཿ བླ་ཡིད་ཆོས་ཀྱི་དབྱིངས་སུ་ས་མ་ཏིཿ ཕཊཿ མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དངཿ གིང་ཆེན་སྡེ་བཞི་འབར་མ་དུར་ཁྲོད་བདགཿ གཟའ་བཙན་དམ་ཅན་སྤུ་གྲི་མཆེད་གསུམ་ཚོགསཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ མཆོད་དོ་འབུལ་ལོ་ཐུགས་དམ་ཡོངས་སྐོང་ཞིངཿ ཚེ་འདས་ལོག་པའི་ལམ་དུ་མི་གཏོང་བརཿ ས་དང་ལམ་གྱི་བར་ཆད་ཀུན་སོལ་ཅིགཿ ཕཊཿ མཐོ་བ་སྲིད་པའི་རྩེ་མོ་མན་བཟུང་ནསཿ དམྱལ་གནས་འོག་མ་ས་ཀུ་ཅི་ཡན་བཟུངཿ རིགས་དྲུག་འགྲོ་བ་སྤྱི་དང་ཁྱད་པར་དུཿ སྣ་ཚོགས་སྡུག་བསྔལ་ལས་ཀྱི་མནར་པ་ཡིཿ སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ལཿ བདུད་རྩི་བཟའ་བཏུང་མཁོ་དགུའི་འདོད་ཡོན་སྦྱིནཿ རང་རང་ཡིད་ལ་གང་འདོད་དཔལ་ཐོབ་ནསཿ སོ་སོའི་ལས་ངན་སྡུག་བསྔལ་ཀུན་བྲལ་ཞིངཿ ཕན་བདེ་བྱང་ཆུབ་ལམ་ལ་གནས་གྱུར་ཅིགཿ ཕཊཿ ཚེ་འདས་ཐོག་མ་མེད་ནས་ད་ལྟའི་ལུསཿ བླང་བ་ཡན་བཟུང་ལས་ཀྱི་འབྲེལ་པ་ཡིཿ བུ་ལོན་ལན་ཆགས་ཤ་མཁོན་མ་འཁོར་བའིཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ལཿ མཆོད་སྦྱིན་འཛད་མེད་དངོས་གྲུབ་ཀུན་འབྱུང་གཏེརཿ བསྔོའོ་སྦྱིན་ནོ་ལན་ཆགས་ཀུན་བྱང་ནསཿ རང་རང་ལས་ངན་བག་ཆགས་རྒྱུན་སྟོངས་ཤོགཿ ཕཊཿ སླར་ཡང་བེམ་པོ་བདུད་རྩིའི་ལྷག་མ་ཉིདཿ ཤ་རི་ཁྲག་མཚོ་རུས་པ་ནང་རོལ་སྤུངསཿ རྒྱལ་བསེན་གྲི་བོ་གྲི་མོ་ཤི་གསོན་འདྲེཿ ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་རིགསཿ ཤ་ཁྲག་ལ་རྔམས་གནོད་སེམས་ལྡན་རྣམས་ལཿ མཆོད་དོ་འབུལ་ལོ་ལྷག་མ་མེད་པ་རུཿ གསོལ་ལོ་རོལ་ཅིག་དགའ་མགུ་ཡི་རངས་ནསཿ བྱང་ཆུབ་སེམས་ཀྱི་མྱུ་གུ་རྒྱུད་ལ་འཁྲུངསཿ ཁོང་ཁྲོ་ཞེ་སྡང་གདུག་པའི་མེ་ཚོགས་ཞིཿ རྣམ་མཁྱེན་བྱང་ཆུབ་ལམ་སྣ་ཟིན་པར་ཤོགཿ ཕཊཿ «དམིགས་པ་མཐའ་རྫོགས་ཡིད་ཆེས་གདེངས་ལྡན་བྱཿ སྐབས་ཀྱི་བསྔོ་སྨོན་མཚམས་སྦྱོར་བྱ་བ་ནིཿ »ཕཊཿ ཕྱོགས་བཅུར་བཞུགས་པའི་བདེ་གཤེགས་བཅོམ་ལྡན་འདསཿ རྩ་གསུམ་ལྷ་ཚོགས་རྒྱལ་སྲས་སློབ་མར་བཅསཿ བརྩེ་ཆེན་ཐུགས་རྗེས་དགོངས་ཤིང་གཟིགས་པར་མཛོདཿ བདག་གི་ལྷག་བསམ་རྣམ་པར་དག་པ་ཡིཿ འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་གངཿ ཚེ་འདས་ཆྒཻམོ་ཞེས་བྱ་བ་ཡིཿ གཙོ་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ལཿ བསྔོའོ་སོ་སོའི་རྒྱུད་ལ་སྨིན་པར་ཤོགཿ བར་དོ་འཁྲུལ་སྣང་འཇིགས་སྐྲག་སྡུག་བསྔལ་ཀུནཿ བ་མོ་ཉི་ཟེར་ཕོག་བཞིན་ཡོངས་ཞི་ནསཿ རིག་འཛིན་མཁའ་འགྲོའི་བསུ་མས་རྗེས་འཛིན་ཤོགཿ སྔོན་གོམས་གདམས་ངག་ཟབ་མོའི་མཐུ་ཞེན་ཡངཿ རྗེས་འཛིན་སེམས་བསྐྱེད་ཟབ་མོའི་མཐུ་སྟོབས་ཀྱིསཿ རྗེས་དྲན་ལས་ཀྱི་འཕོ་ལ་ནན་གྱིས་མཐུདཿ རིགས་དྲུག་འཁོར་བའི་སྐྱེ་སྒོ་ཆོད་ནས་ཀྱངཿ སྐད་ཅིག་གཅིག་གིས་ངོ་སྤྲོད་རྒྱུད་ལ་ཐེབསཿ རང་རིག་ཡེ་ཤེས་རང་ས་ཐོབ་ནས་ཀྱངཿ མཚན་འཛིན་རྣམ་རྟོག་དྲི་མ་ཀུན་བྲལ་ནསཿ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་སུཿ རྩལ་ཆེན་མདའ་འཕང་བཞིན་དུ་སྐྱེས་ནས་ཀྱངཿ པདྨ་ཐོད་ཕྲེང་སྲས་ཀྱི་ཐུ་བོ་རུཿ གྱུར་ནས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིསཿ ལས་ངན་སེམས་ཅན་འདྲེན་སྟོན་བྱེད་པར་ཤོགཿ སངས་རྒྱས་སྐུ་གསུམ་སར་བཞུགས་བྱིན་རླབས་དངཿ དམ་ཆོས་སྡུག་བསྔལ་ཀུན་སྤངས་བདེན་པའི་སྟོབསཿ དགེ་འདུན་རིག་གྲོལ་གཉིས་ལྡན་ཐུགས་རྗེ་དང་ཿ བདག་གི་ལྷག་བསམ་རྣམ་པར་དག་པ་ཡིསཿ སྨོན་པ་མཐའ་དག་ཡིད་བཞིན་འགྲུབ་གྱུར་ཅིགཿ «ཅེས་བརྗོད་ཅིང་སླར་ཡོང་བེམ་པ་བསྐུལ་ཞིང་འབྱུང་བཞིར་བཅོལ་བའམ་མཁའ་འགྲོའི་བྱ་སྟོན་གང་བྱེད་ཀྱངཿ རོ་གཅོད་བྱ་བ་ནིཿ བེམ་པོ་ལ་གཡང་གཞིས་ཟབ་ཅིང་ལན་གསུམ་ས་ལ་བརྡེབ་པའམ་རྟོག་པས་ལན་གསུམ་བརྡེག་ཅིང་ཿ» ཕཊཿ ང་ནི་དུར་ཁྲོད་བདག་མོ་སྟེཿ རལ་པ་ལྕགས་བསྲེག་ལན་ཚར་ལཿ ཞལ་ནས་ཁྲོ་ཆུ་ཞུན་མ་བབསཿ སྐུ་ལས་ཡེ་ཤེས་མེ་དཔུང་འབརཿ བག་ཆགས་ལུས་རྟེན་གཞོབ་ཐུབ་བསྲེགསཿ བེམ་པོ་ནམ་མཁར་ཕྱར་བ་ཡིསཿ འབྱུང་བ་བཞི་པོ་རང་གནས་འཐོརཿ དབང་ཆེན་གཞི་ལ་བརྡབས་པ་ཡིསཿ ཆོས་ཉིད་སྟོང་པའི་ངང་དུ་ཡལཿ རོ་བག་མནོལ་རྩོག་རྩ་བ་ཕྲལཿ བླ་དང་ལྷན་ཅིག་སྐྱེས་པའི་ལྷཿ མ་གཅིག་ཡུམ་གྱི་ཐུགས་ཀློང་འདྲེསཿ མཉམ་པོར་འོང་བའི་བདུད་ཀྱི་རིགསཿ ཨུ་ཙ་ལ་ཡི་དུར་ཁྲོད་དུཿ ལས་ཀྱི་བག་ཆགས་ཀུན་སྦྱངས་ནསཿ མཐར་ཐུག་མངོན་འཚང་རྒྱ་བར་འགྱུརཿ ཕཊཿ སླར་ཡང་མ་གཅིག་ཁྲོས་ནག་མའི་ཐུགས་ལས་འོད་ཟེར་སྣ་ལྔ་འཕྲོསཿ རབ་འབྱམས་ཞིང་གི་སངས་རྒྱས་དངཿ རྩ་གསུམ་རྒྱལ་བ་མཉེས་པར་མཆོདཿ བྱིན་རླབས་འོད་ཟེར་རྣམ་པར་བསྡུསཿ ཐུགས་རྗེའི་བྱིན་རླབས་སྨན་བཅུད་ཀྱིཿ གང་བའི་འོད་ཀྱིས་རྒྱལ་བར་གྱུརཿ དེ་ལས་ཟེར་ལྔ་འཕྲོས་པ་ཡིསཿ སྟོང་གསུམ་འཇིག་རྟེན་ཀུན་སྦྱངས་ཤིངཿ ནང་བཅུད་གཟུགས་སུ་སྣང་བ་ཀུནཿ ཕོ་རིགས་དམ་པ་རྒྱ་གར་དངཿ མི་རིགས་ཡེ་ཤེས་མཁའ་འགྲོ་ཡིསཿ ཡོམ་ཡོམ་ཤིག་ཤིག་གང་གྱུར་ནསཿ ལས་བྱེད་སྤྲུལ་པའི་མཁའ་འགྲོ་མསཿ སྨན་གྱི་རྐྱལ་པ་བཏེགས་བྱས་ཤིངཿ གཏད་སོ་བྲལ་བའི་ཡུལ་དུ་ཁྱེརཿ དུར་ས་མི་དམིགས་ཆོས་ཀྱི་དབྱིངསཿ རྣམ་རྟོག་འཛིན་པའི་བློ་ཞིག་ནསཿ ཆོས་དབྱིངས་ཁྱབ་བདལ་ཆེན་པོའི་ངངཿ ཕཊཿ «དམིགས་པ་དེ་ཡི་ངང་ཉིད་ནསཿ ཐེ་ཚོམ་འཛིན་པས་མ་བཅིང་བརཿ རྣལ་འབྱོར་རིག་པ་ཧུར་བསྐྱེད་ལཿ གང་དམིགས་དབེན་སར་ཤུགས་ཀྱིས་ཁྱེརཿ གནས་དེར་སླེབ་མ་ཐག་ཉིད་དུཿ ཨོ་རྒྱན་མཁའ་འགྲོ་འདུ་བའི་གླིངཿ ཨུ་ཙ་ལ་ཡི་དུར་ཁྲོད་དུཿ བརྟུལ་ཞུགས་སྤྱོད་པ་སྦྱོང་བར་དམིགསཿ བེམ་པོ་དེ་ཉིད་ས་མིག་རྣལ་འབྱོར་ཡིད་ལ་གང་འཐད་ཞིག་ཏུ་བཞག་སྟེཿ གཅེར་བུ་ཡན་ལག་ཕྱོགས་བཞིར་བརྐྱང་ཞིང་དབྲལ་བ་ས་ལ་གཏུག་ཅིང་བཀོདཿ རྣལ་འབྱོར་བ་ལ་དགྲ་བོ་བྱད་མས་ཐོ་འཚམས་དངཿ གདོན་ཆེན་གྱིས་གནོད་པ་བྱུང་ཚེ་ཁྲོས་མའི་དྲག་པོའི་མགོ་ཟོར་འཕེན་པའི་གདམས་ངག་སྙན་རྒྱུད་ཞལ་ཤེས་ཡིག་ཆུང་ལྟར་རོཿ གང་ལའང་ཐོག་མར་སྣོད་བྱིན་གྱི་བརླབས་པ་ནིཿ རྐང་གླིང་དྲག་པོ་ལན་ལྔར་འབུད་ཅིང་ཌཱ་མ་རུའི་སྒྲ་སྒྲོགས་བཞིན་རྐང་པ་རྡོ་རྗེའི་འགྲོས་སྟབས་ཀྱིསཿ »ཕཊཿ ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེན་པོ་ནསཿ རིན་ཆེན་ཐོད་པ་བརྩེགས་པའི་གཞལ་ཡས་དབུསཿ མ་གཅིག་ཡུམ་ཆེན་བདུད་འདུལ་གསང་ཡེ་མཿ ཕྱག་གཡས་ཐོད་པའི་རྔེའུ་ཆུང་ཁྲོ་ལོ་ལོཿ གཡོན་པས་མི་རྐང་གླིང་བུ་ཀྱུ་རུ་རུཿ སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་ཞིངཿ དབུ་སྐྲ་མཛེས་པའི་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྷག་མ་སིལ་མའི་འོད་ཕུང་ཉི་ལི་ལིཿ རིན་ཆེན་རུས་པའི་རྒྱན་ཆ་ཁྲོ་ལོ་ལོཿ འཇའ་ཚོན་དར་གྱི་ཅོད་པན་བུ་རུ་རུཿ ཞབས་གཉིས་དཔའ་བོའི་གར་སྟབས་ཤིགས་སེ་ཤིགཿ ཞལ་ནས་མཁའ་འགྲོའི་བརྡ་གླུ་སངས་སེ་སང་ཿ བྱིན་རླབས་ཐུགས་རྗེ་ན་བུན་ཐིབས་སེ་ཐིབཿ སྐད་ཅིག་ཉིད་ལ་གནས་འདིར་གཤེགས་ནས་ཀྱངཿ བདག་ཅག་སྒྲུབ་པ་པོ་ཡི་ཉམས་རྟོགས་སྤོརཿ ས་གཞི་བྱིན་གྱིས་བརླབ་པར་མཛད་དུ་གསོལཿ སྣོད་ཀྱི་འཇིག་རྟེན་ཨོ་རྒྱན་རང་བྱུང་གླིངཿ བཅུད་ཀྱི་སེམས་ཅན་དཔའ་བོ་མཁའ་འགྲོའི་གྲོངཿ འདོད་ཡོན་ལྔ་ཡི་མཆོད་པའི་སྤྲིན་ཕུང་འཁྲིགསཿ རྡོ་རྗེའི་གླུ་གར་རོལ་མོའི་བྱེ་བྲག་སོགསཿ ས་དང་བར་སྣང་ནམ་མཁའི་ཁྱོན་གང་གྱུརཿ ཕཊཿ ཨོ་རྒྱན་གནས་ཀྱི་ཕྱོགས་བཞི་དབུས་ལྔ་ནསཿ བུད་མེད་དཀར་སེར་དམར་ལྗང་མཐིང་གའི་མདོགཿ གཡས་པས་རང་རྟགས་རྣོ་དབལ་གྲི་གུག་དངཿ གཡོན་པས་བྷནྡྷ་བདུད་རྩིས་བཀང་བ་བསྣམསཿ གནས་བཟང་དུར་ཁྲོད་འགྲིམ་ཞིང་བཤུག་ཀླུ་ལེནཿ གོས་བཟང་གཡང་གཞི་གྱོན་ཞིང་གད་རྒྱངས་སྒྲོགསཿ ཟས་བཟང་ཤ་ཆེན་ཟ་ཞིང་རྐན་སྒྲ་རྡེབསཿ སྐོམ་བཟང་རཀྟ་འཐུང་ཞིང་གར་སྟབས་བསྒྱུརཿ ལས་བཟང་དམ་ཚིག་སྲུང་ཞིང་དངོས་གྲུབ་སྟེརཿ བམ་ཆེན་བདུད་རྩིའི་ཚོགས་ཀྱི་མཆོད་པ་ཡིཿ ལས་མཛད་མཁའ་འགྲོའི་ཐུགས་དམ་དུས་ལ་བབཿ ཕཊཿཕཊཿཕཊཿ «ཅེས་ལན་གསུམ་བསྐོར་ཞིང་ཁྲམ་འདེབས་ནིཿ ཚོགས་ཀྱི་ཞི་བའི་ཁྲམ་ཆེན་བཅུ་གསུམ་འདེབས་ལུགས་དངཿ སྲིད་ཤི་བ་དང་གདོན་ཆེན་གྱིས་སྲོག་བཅད་པ་སོགས་ལ་དྲག་པོའི་ཁྲམ་འདེབས་བཅུ་གཉིས་སམཿ» «ཡང་ནཿ ཧེ་རུ་ཀའི་བསྒྲལ་མཆོད་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་ལག་ལེན་ཐེབས་པར་བྱའོཿ དེ་ནས་བྱིན་གྱིས་བརླབས་པ་ནིཿ »ཕཊཿ བདག་ཉིད་ཡེ་ཤེས་མཁའ་འགྲོའི་དཔྲལ་བ་ནསཿ ཨོཾ་དཀར་འོད་ཟེར་འཕྲོས་པས་ཚོགས་ལ་ཕོགཿ ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་སྦྱངསཿ མགྲིན་པར་ཨཱཿདམར་འོད་ཟེར་དང་བཅས་འཕྲོསཿ ཟད་པ་མེད་པ་ནམ་མཁའི་མཛོད་ལྟར་སྤེལཿ སྙིང་གའི་ཧཱུྃ་མཐིང་འོད་ཟེར་དང་བཅས་འཕྲོསཿ ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་བསྒྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «གྲངས་མེད་བཟླ་ཞིང་ལས་བྱེད་ཀྱི་མཁའ་འགྲོ་སྡེ་ལྔའི་ཕྱག་གཡོན་གྱི་ཐོད་པའི་བདུད་རྩིས་བྲན་ཞིང་ཚོགས་ལོངས་སྤྱོད་རོ་བརྒྱ་ནུས་པ་སྟོང་ལྡན་དུ་དམིགས་ལཿ ཕཊཿ ཚོགས་མགྲོན་སྤྱན་འདྲེན་པ་ནི་མི་རྐང་གླིང་བུ་སྒྲ་ཆེན་དང་བཅསཿ» ཕཊཿ ཨོ་རྒྱན་སྤྲིན་ནག་འདུས་པའི་གནས་མཆོག་དངཿ རྡུ་མ་ཐ་ལ་དུར་ཁྲོད་ཆེན་པོ་བརྒྱདཿ ཧེ་རུ་ཀ་ཡི་གནས་ཆེན་བཅུ་སོགས་ནསཿ བླ་མ་རིག་འཛིན་སྟོན་པ་རྡོ་རྗེ་རྒྱལཿ ཡི་དམ་དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀཿ ལས་ལ་དབང་བསྒྱུར་ཌཱ་ཀི་གཙོ་མོ་གསུམཿ རྡོ་རྗེ་ཕག་མོ་གསང་བ་ཡེ་ཤེས་ཡུམཿ བདུད་འདུལ་ཁྲོས་མ་ལྷ་ལྔ་སེང་ཧ་མཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅསཿ ཚོགས་མཆོད་མགྲོན་ལ་སྤྱན་འདྲེན་གཤེགས་སུ་གསོལཿ ཡེ་ཤེས་གྲུབ་ཅིང་ལས་ལ་དབང་བསྒྱུར་མའིཿ མཁའ་ལྡིང་གཟུགས་ལ་ཡེ་ཤེས་སྙིང་པོ་ཅནཿ སྙིང་རྗེའི་སྤྱན་གྱིས་བར་དོའི་རྣམ་ཤེས་གཟིགསཿ ཐུགས་རྗེའི་ལྕགས་ཀྱུའི་མཆུ་ཡིས་དག་ཞིང་འདྲེནཿ རྟོག་མེད་རོ་ཡི་ཤ་ཁྲག་རྔམས་ཟས་རོལཿ རྩལ་ཆེན་གཤོག་པས་འཆི་མེད་ལྷ་ལམ་བགྲོདཿ ཚད་མེད་མཇུག་སྒྲོས་འཁོར་བའི་སྐྱེ་སྒོ་བཀགཿ ཐབས་ཤེས་ཞབས་ཟུང་རྡོ་རྗེའི་གོམ་སྟབས་བསྒྱུརཿ སྒྲོ་གཤོག་ཁྲོ་བོ་ཁྲོ་མོའི་དམག་ཚོགས་ཀྱིསཿ གཤེད་པོ་ལས་ངན་སྡིག་ཆེན་ཡོངས་སུ་འདྲེནཿ ཡེ་ཤེས་མཁའ་འགྲོའི་སྤྲུལ་པའི་མཁའ་ལྡིང་རྒོདཿ སྨུན་ནག་རབ་འཇིགས་སྡུག་བསྔལ་སེམས་ཅན་འདྲེནཿ ལས་མཛད་མཁའ་འགྲོའི་རྒོད་ཆེན་ཐང་དཀར་ཚོགསཿ ཤ་ཟ་ཐང་ནག་དྲག་པོའི་དམག་ཚོགས་རྣམསཿ ཤར་ལྷོ་ནུབ་བྱང་འཆི་མེད་ལམ་ཡངས་ནསཿ སྐྱིན་ཐང་དྲག་པོའི་བསྐྱོད་བཞིན་གནས་འདི་རུཿ བདུད་རྩིའི་ཚོགས་ལ་རོལ་ཕྱིར་གཤེགས་སུ་གསོལཿ རྒྱ་གར་རྒྱ་ནག་མོན་འཇང་ཙ་རི་ཏྲཿ ཉམས་དགའ་གནས་ཆེན་དུར་ཁྲོད་བྲག་དཀར་སྐྱིབསཿ སོ་སོའི་གནས་ནས་མཁའ་འགྲོའི་ཐུགས་རྒྱུད་བསྐུལཿ དུར་ཁྲོད་མཛེས་པའི་ཕོ་བྲང་དམ་པ་འདིརཿ མྱུར་དུ་བྱོན་ལ་དམ་རྫས་མཆོད་ཚོགས་རོལཿ མྱོང་གྲོལ་དམ་རྫས་ཤ་ལྔ་བདུད་རྩི་ལྔཿ ལོངས་སུ་སྤྱོད་པས་འཆིང་བ་ཀུན་གྲོལ་ནསཿ ལས་ཀྱི་བག་ཆགས་སྒྲིབ་པས་བཅིངས་རྣམས་ཀྱངཿ ཤ་ཁྲག་ལུས་ཀྱི་རྒྱ་དང་བྲལ་མ་ཐགཿ ཤ་ཟ་མཁའ་འགྲོའི་ཚོགས་གྲལ་འགྲིམས་ནས་ཀྱངཿ ས་ལམ་ཡོན་ཏན་གོང་ནས་གོང་འཕེལ་ཞིངཿ སྤྲུལ་པའི་ཞིངདུ་མངོན་འཚང་རྒྱ་བར་ཤོགཿ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ས་མ་ཡ་ཌཱ་ཀི་ནཱི་བྷི་ཤ་ཌཱ་ཀི་ནཱི་ལོ་ཀ་བ་ཀི་ནཱི་ཨཱ་ཝེ་ཤ་ཡ་བྷེ་ག་ར་ན་སོ་གད་གླིང་ཐིབ་ཐིབ་ལྷོང་ལྷོང་འདུས་འདུསཿ «སྔགས་འདི་ཅི་མང་བཟླ་ཞིང་བྱ་ཆེན་གཤོག་འགྱུར་གྱིས་རོ་ལ་ལན་གསུམ་བསྐོར་ཞིང་མཉམ་ཉིད་ཀྱི་ངང་དུ་མཉམ་པར་བཞག་ཅིང་གནས་པས་རང་རང་ལས་སྐལ་དང་འཚམས་པའི་སྤྲུལ་བའི་དོན་ཚོགས་འདུས་ནས་ལོངས་སུ་སྤྱོད་དོཿ མཐར་པགས་རུས་སོགས་བརྒྱུད་འཇག་བྱས་པ་ལྷག་མ་མ་ལུས་པར་བྱིན་ཞིང་རྗེས་རྣལ་འབྱོར་བརྟུལ་ཞུགས་ལྡན་པས་དངོས་གྲུབ་ལ་རོལ་ཞིང་བྲོ་བརྡུང་བ་ནིཿ »ཕཊཿ ཤར་ཕྱོགས་གདལ་བ་ཆེན་པོའི་དུར་ཁྲོད་ནསཿ བདེ་ཆེན་དཀར་མོ་སྐུ་ཡི་རིགས་ཡིན་ཏེཿ རྡོ་རྗེ་རིགས་ཀྱི་དཔའ་བོ་མཁའ་འགྲོར་བཅསཿ མེ་ལོང་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པསཿ ཞེ་སྡང་མཚན་མར་འཛིན་པའི་དགྲ་གདོན་ཞིཿ བྱམས་པ་ཆེན་པོའི་ངང་དུ་འབྱསམ་སུ་ཀླསཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ ལྷོ་ཕྱོགས་རྔམས་པ་ཆེན་པོའི་དུས་ཁྲོད་ནསཿ སེར་མོ་དོན་གྲུབ་ཡོན་ཏན་རིགས་ཡིན་ཏེཿ རིན་ཆེན་རིགས་ཀྱི་དཔའ་བོ་མཁའ་འགྲོར་བཅསཿ མཉམ་ཉིད་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པསཿ ང་རྒྱལ་ཁེངས་སེམས་འཛིན་པའི་དགྲ་གདོན་འཇོམསཿ སྙིང་རྗེ་ཆེན་པོའི་ངང་དུ་འབྱམས་སུ་ཀླསཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ ནུབ་ཕྱོགས་གད་རྒྱངས་སྒྲོགས་པའི་དུས་ཁྲོད་ནསཿ དམར་མོ་སྒྲ་སྒྲོགས་གསུང་གི་རིགས་ཡིན་ཏེཿ པདྨ་རིགས་ཀྱི་དཔའ་བོ་མཁའ་འགྲོར་བཅསཿ སོར་རྟོག་ཡེ་ཤེས་གླུ་བླངས་བྲོ་བརྡུངས་པསཿ འདོད་ཆགས་འཆིང་བ་ཆེན་པོའི་དགྲ་གསོན་ཡལཿ དགའ་བ་ཆེན་པོའི་ངང་དུ་འབྱམས་སུ་ཀླསཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ བྱང་ཕྱོགས་རབ་འཇིགས་འབར་བའི་དུར་ཁྲོད༴ སྣ་ཚོགས་མཐར་ཕྱིན་ཕྲིན་ལས་རིགས༴ ལས་ཀྱི་རིགས་ཀྱི་དཔའ་བོ་མཁའ་འགྲོར༴ བྱ་གྲུབ་ཡེ་ཤེས་གླུ་བླངས་བྲོ༴ ཕྲག་དོག་རང་གར་ཤོར་བའི་དགྲ་གདོན་བརླགཿ བཏང་སྙོམས་ཆེན་པོའི་ངང་དུ་འབྱམས་སུ་ཀླསཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ དབུས་ཕྱོགས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད༴ ཁྲོས་མ་ནག་མོ་ཐུགས་ཀྱི་རིགས༴ སངས་རྒྱས་རིགས་ཀྱི་དཔའ་བོ༴ ཆོས་དབྱིངས་ཡེ་ཤེས༴ གཏི་མུུ་མ་རིག་འཐིབ་པོའི་དགྲ་གདོན་བསལཿ ཀ་དག་ཡེ་གྲོལ་ངང་དུ་འབྱམས་སུ་ཀླསཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ ཀུན་རྫོབ་མཚན་མར་འཛིན་པའི་རྣམ་རྟོག་ཀུནཿ དོན་དམ་ཀུན་ཁྱབ་འདུས་མ་བྱས་པའི་ཀློངཿ སྣང་སྲིད་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་འགུལཿ སྐྱེ་འགག་གནས་གསུམ་སྤྲོས་པ་ཡོངས་བྲལ་ཞིངཿ གཞི་ལས་འཁྲུལ་མ་མྱོང་བའི་ཡེ་ཤེས་ཀྱིཿ འཕོ་མེད་སྤྲོས་བྲལ་ཆོས་དབྱིངས་ཀློང་དུ་ཨཱཿ «བརྟུལ་ཞུགས་རོ་ཉལ་ཆེན་པོའི་ངང་ཿ དར་ཅིག་དབྱིངས་དང་རིག་པ་སྟེཿ སླར་ཡང་བརྟུལ་ཞུགས་ཆེན་པོའི་རྩལཿ སྦྱངས་ཤིང་སྣང་བ་གཏད་མེད་བཏང་ཿ སྤྱོད་ལམ་སྒྱུ་མ་ལྟ་བུའི་ངངཿ འཇིགས་མེད་རིག་པའི་བཙན་སུ་འཛིནཿ ཨེ་མཿ བརྟུལ་ཞུགས་ཨ་ཙར་དམར་པོ་ཡིསཿ རོ་སྙོམས་ཆེན་པོའི་ཚོགས་འཁོར་དངཿ དམ་པ་ནག་པོའི་ཞི་བྱེད་ཀྱིཿ གཤེད་བྲལ་སྡུག་བསྔལ་ཞི་བྱེད་ཟུངཿ ཁོག་བསྡེབས་གཤིན་པོ་རྗེས་འཛིན་འདིཿ དྲི་མ་མེད་པའི་བཀའ་བཞིན་དུཿ གསང་བ་ཡེ་ཤེས་ཐུགས་ཀློང་གིཿ མཁའ་འགྲོ་གསང་བའི་ཡི་གེ་ལསཿ གཉེར་འཛིན་ཌཱ་ཀིའི་བཀའ་བཞིན་དུཿ གཏེར་སྨྱོན་ཁྲག་དང་འཐུང་རྡོ་རྗེ་ཡིསཿ བཤུས་ཤིང་དག་པར་ཕབ་པ་སྟེཿ ཆོས་འདི་བཀའ་གཉན་ཟབ་ཆེ་བསཿ གཉེར་འཛིན་མཁའ་འགྲོས་གནང་བའི་ཕྱིརཿ འཚུབས་སློང་འཁྲུགས་རྩོད་སྣ་ཚོགས་འབྱུངཿ སྙིང་སྟོབས་གཉན་པོའི་དབང་དུ་བཏངཿ འཛིན་པ་རང་གྲོལ་ཉམས་ལེན་གནདཿ མཐར་ཕྱིན་སྐྱེས་བུ་མ་གཏོགས་པཿ གཞན་གྱིས་བླངས་བྱ་མ་ཡིན་ཞིངཿ ཁྱད་པར་ལྟ་བའི་གདེངས་དང་བྲལཿ ཟོལ་ཟོག་རང་འདོད་ཕུག་བཅུག་ཅིངཿ བླ་མའི་བཀའ་ལ་མི་བརྩི་བརཿ གདམས་ངག་རང་གར་སྤྱོད་བྱུང་ནཿ སྲོག་འཕྲོག་རྡོ་རྗེ་དམྱལ་བར་ལྟུངཿ གཏུམ་ཆེན་འབར་མ་ཕུན་གསུམ་དངཿ མི་བསྲུན་ཤ་ཟ་གཏུམ་ཆེན་མོཿ མ་མོ་གཟའ་བདུད་རཱ་ཧུ་ལཿ ལས་མགོན་དུར་བདག་མིང་སྲིང་གིསཿ སྒྲུབ་པར་སྲུང་ཤིག་དམ་ཚིག་རྒྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ སྐུ་ཡི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ ལས་ཀྱི་མཁའ་འགྲོའི་སྲོག་གི་རྒྱཿ ཁ་ཐཾཿ གུཧྱཿ ཆུ་ལུག་མཁའ་འགྲོ་འདུ་བའི་གྲལ་ཚེས་ལ་དག་པར་བབ་པའི་ཡི་གེར་འདུ་བྱེད་སློབ་བུ་ཉེར་གནས་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་བྱིན་རླབས་ཆེ་བའི་སྡེ་ཚན་ནོཿ དགེའོ། དགེའོ། དགེའོ།། །།