གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་མ་ཅིག་དགོངས་དོནཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-02-KHA-014
Wylie title gcod kyi gdams pa gdan thog gcig tu nyams su len tshul ma cig dgongs don
Location mdo mkhyen brtse bka' 'bum
Volume 2, Text 14, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Practical Instructions - lag len - len thabs  ·  Severance Texts - gcod gzhung  ·  Spiritual Instructions - gdams ngag
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Colophon

ཅེས་ཟབ་དོན་གཅོད་ཀྱི་མན་ངག་མ་གཅིག་སྙན་བརྒྱུད་ཀྱི་དགོངས་དོན་ཉམས་ལེན་གདན་ཐོག་གཅིག་མ་དཔའ་བོའི་གད་རྒྱངས་ཅེས་བྱ་བ་འདི་ཉིད་ཀྱང་རིང་མོ་ཞིག་ནས་གཟུགས་མེད་ཀྱི་ཌཱཀྐིའི་ལན་འགར་བསྐུལ་ཞིངཿ ཕྱིས་དུས་ལ་བབས་ཚེ་རང་ཉིད་ཀྱིས་གུ་ཧྱ་མུ་དྲྭ་བི་ཌཱཀྐི་ཏ་རེའི་མིང་འཛིན་གྱིས་རྟེན་འབྲེལ་བཟང་པོ་དང་བཅས་ནན་གྱིས་བསྲུང་བ་ལ་བརྟེནཿ གཅོད་ཀྱིས་བཀའ་བབས་རྣལ་འབྱོར་ཁྲག་འཐུང་དཔའ་བོས་རང་ལོ་སོ་གསུམ་ལ་ཆུ་ཕོ་འབྲུག་གི་ལོར་དག་པར་ཕབ་པས་གཅོད་ཀྱི་བཀའ་སྲུང་སྡེ་བརྒྱད་དྲེགས་པས་སྲུངས་ཤིགཿ དགེའོ། །སརྦ་མངྒ་ལཾ།། །།

ces zab don gcod kyi man ngag ma gcig snyan brgyud kyi dgongs don nyams len gdan thog gcig ma dpa' bo'i gad rgyangs ces bya ba 'di nyid kyang ring mo zhig nas gzugs med kyi DAk+kis lan 'gar bskul zhing: phyis dus la bab tshe rang nyid kyi gu h+ya mu drwa drI DAk+ki tA re'i ming 'dzin gyis rten 'brel bzang po dang bcas nan gyis bskul ba la brten: gcod kyi bka' bab rnal 'byor khrag 'thung dpa' bos rang lo so gsum la chu pho 'brug gi lor dag par phab pas gcod kyi bka' srung sde brgyad dregs pas srungs shig: dge'o/_/sarba mang+ga laM//

[edit]
༄༅། །བྲྀ ཀྞ ཨ བཱ དཱ ཏྒ ཏཻ ཀ ཏྭཱ སྠི ཏི ཀྲྀ ཡ མཱ ཏཱ བྱ ཏྱ བྷི བྲཱ ཡ བི ཧ ར ཏི སྨ། །

༄༅། །གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་མ་ཅིག་དགོངས་དོན་བཞུགསཿ ཿ

༄༅། །བླ་མ་དང་མ་གཅིག་ཡུམ་ཆེན་མོ་དབྱེར་མེད་པ་ལ་གུས་པས་ཕྱག་འཚལ་ལོཿ གཅོད་ཀྱི་གདམས་པ་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་གདམས་པ་ཕུང་པོ་གཟན་དུ་བསྒྱུར་བའི་མན་ངག་ཉམས་སུ་ལེན་པ་ལཿ ཐོག་མར་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ལཿ ཟིལ་གནོན་དམིགས་བསྐོར་གསུམ་ནིཿ »ཕཊཿ རང་གི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་དགུ་པ་སྲ་བརྟན་གཟི་བརྗིད་དང་ལྡན་པ་འཕྲོསཿ གང་དུ་དམིགས་པའི་གཉན་སར་ཐོག་ལྟར་བབ་པས་དེར་གནས་ཀྱི་གཙོས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་དཔའ་ཟིལ་ཆག་སྟེ་འདར་ཕྲི་ལི་ལི་གནས་པར་བསམཿ ཡངཿ རང་ཉིད་སྐད་ཅིག་གི་རྗེ་བཙུན་མ་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིསཿ སྤྱི་གཙུག་ནས་ཕག་ཞལ་ནག་པོའི་ངུར་སྒྲས་ས་གསུམ་གཡོ་བར་བྱེད་པཿ སྤྱན་གསུམ་སྡང་མིག་ཏུ་གཟིགས་པཿ ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་བརྡེབ་ཅིང་གཡོན་མི་རྐང་གི་གླིང་བུ་འབུད་པཿ ཞབས་གཉིས་ཁྲོ་མོའི་མདོར་སྟབས་སུ་བསྒྲད་པཿ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་ནོན་པའི་བདག་ཉིད་སྣང་ལ་རང་་བཞིན་མེད་པ་མེ་ལོང་ནག་གི་གཟུགས་བརྙན་ལྟར་གསལ་བར་གྱུརཿ ཕཊཿ «དེ་ནས་རང་གི་མཐའ་སྐོར་དུ་གདོན་གཙོ་བོ་དྲུག་པ་མ་གཉིས་དང་བཅས་པ་བསྒོམས་པ་ལྷ་འདྲེ་འབོད་པ་ནིཿ» སྟེང་གི་ལྷ་འོག་གི་ཀླུ་བར་གྱི་མི་དང་མི་མ་ཡིན་འབྱུང་པོ་ཉམས་ཆུང་བ་རྣམས་མ་སྐྲག་མ་སྡངས་མ་འདརཿ «ཞེས་རྐང་དུང་གི་ལག་མཐིལ་དུ་ལན་གསུམ་བསྡེབསཿ དེ་ནས་རྐང་དུང་ལན་གསུམ་འབུད་པས་དང་པོའི་ཚེཿ »ཀྱེཿ མཐོ་བ་སྲིད་པའི་རྩེ་མོ་ནས་དམའ་ན་རག་དམྱལ་ཁམས་ཡན་ཆོད་ཀྱི་སྣང་སྲིད་ཀྱི་ལྷ་འདྲེ་མི་དང་མི་མ་ཡིན་པ་ཐམས་ཅད་ཉོན་ཅིགཿ« གཉིས་པའི་ཚེཿ» ཐམས་ཅད་འདིར་འདུས་ཤིགཿ« གསུམ་པའི་ཚེཿ »ཐམས་ཅད་མྱུར་དུ་འདིར་འདུས་ཤིགཿ ཕཊཿ «ལན་གསུམཿ བྱང་ཆུབ་ཀྱི་སམེས་དང་ལྡན་པས་ཐམས་ཅད་བདག་ལ་གུས་པར་བསམ་ལཿ» དཀར་པོ་དགེ་བ་ལ་གནས་པའི་ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དབྱིངས་སུ་ཟིལ་གྱིས་གནོན་པར་བགྱིའོཿ ནག་པོ་སྡིག་པ་ལ་གནས་པའི་ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དབྱིངས་སུ་ཟིལ་གྱིས་གནོན་པར་བགྱིའོཿ སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་གི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིགཿ ཕཊཿ «ལམ་གསུམཿ དེ་ནས་ཉམས་ལེན་དངོས་ལ་འཇུག་པའི་འཇུག་པའི་ཐོག་མར་མདུན་མཁར་ཚོགས་ཤིང་གསལ་གདབ་པ་ནིཿ» ཕཊཿ གཏན་གྱི་སྐྱབས་གནས་བླ་མར་གསོལ་བ་འདེབསཿ འགྲོ་རྣམས་བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོཿ ཕཊཿ མདུན་གྱི་ནམ་མཁར་འོག་མིན་ཆོས་དབྱིངས་ཀྱིཿ ཕོ་བྲང་རྒྱན་དང་བཀོད་པ་ཕུན་སུམ་ཚོགསཿ པདྨའི་སྡོང་པོ་ཡལ་ག་ལྔ་ལྡན་དབུསཿ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེངཿ སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆངཿ སྐུ་མདོག་དཀར་དམར་ལང་ཚོའི་དཔལ་ཡོན་ལྡནཿ དབུ་སྐྲ་ཐོར་ཅོག་ལྷག་མས་སྐུ་རྒྱབ་ཁེབཿ རིན་པོ་ཆེ་དག་རུས་པའི་རྒྱན་དྲུག་གསོལཿ ཕྱག་གཡས་སེང་ལྡེང་ཌཱ་རུ་ནམ་མཁར་འཁྲོལཿ གཡོན་པས་དངུལ་དཀར་དྲིལ་བུའི་གསུང་སྙན་སྒྲོགཿ སྤྱན་གསུམ་མཁར་གཟིགས་རྒྱལ་པོ་རོལ་སྟབས་བཞུགསཿ པད་སྡོང་གཡས་ཕྱོགས་འཇའ་འོད་འཁྲིགས་པའི་ཀློངཿ དམ་པ་རྒྱ་གར་སྐུ་མདོག་གནག་བསྣུམ་ཁྲོཿ སྟག་ཤམས་རུས་རྒྱན་ཧེ་རུ་ཀ་པའི་ཆསཿ ཕྱག་གཡས་བྷནྡྷ་ལྟག་སྤྲོད་ནམ་མཁར་འཁྲོལཿ ས་གསུམ་དཔའ་བོ་མཁའ་འགྲོ་དབང་དུ་སྡུདཿ གཡོན་པས་མི་རྐང་གླིང་བུ་འབུད་པའི་སྒྲསཿ སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་དབང་དུ་སྡུདཿ ཐབས་ཤེས་སྤྱན་གཉིས་འབྲུ་ཚུག་ནམ་མཁར་གཟིགསཿ གྲུབ་ཐོབ་རྒྱ་མཚོ་ལྟ་བུའི་དབུས་ན་བཞུགསཿ རྒྱབ་ཀྱི་ཡལ་གར་སེང་ཁྲི་པད་ཟླའི་སྟེངཿ ཤཱཀ་ཐུབ་དབང་པོ་བཙོ་མ་གསེར་གྱི་མདོགཿ སྐལ་བཟང་འདྲེན་པ་སྟོང་དང་ཉེ་སྲས་བརྒྱདཿ བྱང་སེམས་ཉན་རང་དགེ་འདུན་ཚོགས་ཀྱིས་བསྐོརཿ དེ་རྒྱབ་དམ་ཆོས་གླེགས་བམ་བརྩེགས་པ་ལཿ སྟོང་ཉིད་ཆོས་ཀྱི་རང་སྒྲ་སྒྲོགས་པར་བསྒོམཿ གཡོན་ཕྱོགས་པད་སྡོང་འདབ་མ་བཞི་པའི་དབུསཿ པདྨ་ཉི་ཟླ་བམ་ཆེན་རོ་ཡི་སྟེངཿ མ་གཅིག་ལབ་སྒྲོན་ཁྲོས་མ་ནག་མོའི་སྐུཿ སྐུ་མདོག་མཐིང་ནག་དར་དང་རུས་རྒྱན་ཅནཿ མགོ་ཕྲེང་ལ་སོགས་ཁྲོ་མོའི་ཆས་ཀྱིས་སྤུདཿ ཞལ་གཅིག་ཕྱག་གཉིས་གཡས་པས་གྲི་གུག་ཕྱརཿ གཡོན་པས་ཐོད་ཁྲག་མཆན་ཁུང་ཁ་ཊྭཱཾ་བསྣམསཿ ཞལ་བསྒྲད་མཆེ་གཙིགས་སྤྱན་གསུམ་ནམ་མཁར་གཟིགསཿ སྤྱི་བོར་ཕག་ཞལ་ངུར་སྒྲས་ས་གསུམ་གཡོཿ ཞབས་གཉིས་གཡས་བསྐུམ་འཁོར་བའི་སྐྱེ་སྒོ་གཅོདཿ གཡོན་བརྐྱངས་བམ་ཆེན་རོ་ཡི་སྟེང་ན་འགྱིངཿ ཤར་དུ་བདེ་ཆེན་དཀར་མོ་ཞི་བའི་ཉམསཿ ལྷོ་རུ་སེར་མོ་དོན་འགྲུབ་རྒྱས་པའི་མདངསཿ ནུབ་ཏུ་དམར་མོ་སྒྲ་སྒྲོགས་ཆགས་པའི་ཉམསཿ བྱང་དུ་སྣ་ཚོགས་མཐར་ཕྱིན་ལྗང་གསལ་མདོགཿ མཁའ་འགྲོ་སྡེ་བཞིའི་ཆ་ལུགས་གཙོ་མོར་མཐུནཿ རང་རང་རིགས་ཀྱི་འཁོར་ཚོགས་འབུམ་འབུམ་དང་ཿ མ་ཚོགས་མཁའ་འགྲོ་རྒྱ་མཚོའི་དབུས་ན་བཞུགསཿ མདུན་གྱི་པད་སྡོང་ལྷག་པའི་ལྷ་མཆོག་ལཿ ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷ་ཚོགས་བསྐོརཿ བླ་མའི་དབུ་ཐོག་ཉི་ཟླ་པདྨའི་སྟེངཿ ཆོས་སྐུ་ཡུམ་ཆེན་གཙོ་མ་གསེར་གྱི་མདོགཿ ཕྱག་གཞི་དང་པོས་མཉམ་བཞག་ཕྱག་རྒྱ་དངཿ འོག་གཉིས་གསེར་གྱི་རྡོ་རྗེ་གླེགས་བམ་འཛིནཿ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོརཿ གཙོ་བོའི་གཡས་གཡོན་མདུན་རྒྱབ་ཐམས་ཅད་དུཿ གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མས་བསྐོརཿ བར་མཚམས་དཔའ་བོ་ཌཱཀྐི་རྣལ་འབྱོར་མཿ གདན་མཐར་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཚོགསཿ མཁའ་དབྱིངས་ཆུ་འཛིན་འཁྲིགས་བཞིན་གསལ་བར་གྱུརཿ ཕཊཿ «ཞེས་གསལ་བཏབ་ལ་སྐྱབས་སུ་འགྲོ་བ་ནིཿ »ཕཊཿ ན་མོ་གཉན་ས་འདིར་གནས་ཀྱི་ལྷ་འདྲེའི་གཙོས་བྱས་པའིཿ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུནཿ ཆོས་དབྱིངས་ཁྱབ་གདལ་ཆེན་པོར་གྲོལ་བའི་ཕྱིརཿ བླ་མ་མ་གཅིག་མཆོག་གསུམ་རྩ་གསུམ་ལྷཿ ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་བཅས་ལཿ སྙིང་ཁུང་རུས་པའི་གཏིང་ནས་སྐྱབས་སུ་མཆིཿ «ལན་གསུམཿ» ཕཊཿ «སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནིཿ »མ་རིག་ཨ་འཐས་འཁྲུལ་པའི་མུན་གླིང་དུཿ སྡུག་བསྔལ་མཐའ་མེད་རྒྱ་མཚོར་བྱིང་བ་ཡིཿ འགྲོ་རྣམས་ཡུམ་ཆེན་གོ་འཕང་འགོད་བྱའི་ཕྱིརཿ ཚད་མེད་བཞི་དང་ཕར་ཕྱིན་དྲུག་གི་ལམཿ གཅོད་ཡུལ་ཉམས་སུ་ལེན་པར་སེམས་བསྐྱེད་དོཿ «ལན་གསུམཿ »ཕཊཿ «ཚོགས་ཞིང་གི་མདུན་དུ་ཡན་ལག་བདུན་པ་འབུལ་བ་ནིཿ» ན་མོཿ གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དངཿ གནས་གདོན་ལུས་གདོན་གྱི་གཙོར་བྱས་པསཿ མཁའ་མཉམ་གྱི་འགྲོ་བ་སེམས་ཅན་ཀུནཿ རང་རིག་ཡེ་ཤེས་སྟོན་མཛད་པསཿ རྩ་བའི་བླ་མར་ཕྱག་འཚལ་ལོཿ སྤངས་རྟོགས་ཕུན་སུམ་ཚོགས་པ་ཡིཿ སངས་རྒྱས་རྣམས་ལ་ཕྱག་འཚལ་ལོཿ ཞི་གྱུར་འདོད་ཆགས་བྲལ་བ་ཡིཿ དམ་པའི་ཆོས་ལ་ཕྱག་འཚལ་ལོཿ གང་ལ་ཕུལ་ན་དོན་ཆེ་བཿ དགེ་འདུན་རྣམས་ལ་ཕྱག་འཚལ་ལོཿ སྣང་སྲིད་ཟིལ་གནོན་ཐུགས་རྗེ་ཅནཿ ཕ་དམ་པ་ནག་པོར་ཕྱག་འཚལ་ལོཿ མ་མི་མིན་ཡེ་ཤེས་མཁའ་འགྲོ་མཿ ལབ་སྒྲོན་ཁྱེད་ལ་ཕྱག་འཚལ་ལོཿ ལྟ་སྒོམ་ཐུགས་སུ་ཆུད་པ་ཡིཿ རྩ་བརྒྱུད་བླ་མར་ཕྱག་འཚལ་ལོཿ དངོས་གྲུབ་ངེས་པར་སྟེར་མཛད་པའིཿ ཡི་དམ་ལྷ་ལ་ཕྱག་འཚལ་ལོཿ བརྩེ་གདུང་དམ་ཚིག་ལྡན་པ་ཡིཿ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོཿ བཀའ་དང་དམ་ཚིག་ལ་གནས་པའིཿ ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོཿ ཇི་སྲིད་སྙིང་པོ་བྱང་ཆུབ་བརཿ ཁྱེད་རྣམས་ལ་ནི་གསོལ་བ་འདེབསཿ ཁྱེད་རྣམས་ལ་ནི་རྟེན་བཅའོཿ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱིཿ གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགསཿ ཡིད་ཀྱི་དྲན་བསམ་བདེ་སྡུག་ཀུནཿ སྐུ་གསུང་ཐུགས་ལ་མཆོད་པ་འབུལཿ ཕན་བདེ་ནམ་མཁའ་གང་བར་ཤོགཿ ཐོག་མེད་ནས་བཟུང་ད་ལྟའི་བརཿ མ་རིག་དབང་གིས་བསགས་པ་ཡིཿ སྐུ་གསུང་ཐུགས་དང་འགལ་བའི་ལསཿ སྡིག་པ་མི་དགེ་སོ་སོར་བཤགསཿ འགྲོ་ཀུན་དགེ་ལ་རྗེས་ཡི་རངསཿ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལཿ མྱ་ངན་མི་འདའ་བཞུགས་གསོལ་འདེབསཿ དགེ་རྣམས་སེམས་ཅན་དོན་དུ་བསྔོཿ སྡུག་བསྔལ་རྒྱ་མཚོ་སྐེམ་ནས་ཀྱངཿ སེམས་ཅན་སངས་རྒྱས་ཐོབ་པར་ཤོགཿ ཕཊཿ «ཅེས་བརྗོད་ཅིང་མི་དམིགས་པར་བཞག་གོཿ དེ་ནས་བེམ་རིམ་བྲལ་བའི་དམིགས་པ་ནིཿ རྣམ་སྣང་ཆོས་བདུན་དང་བཅསཿ »རང་གི་རྐང་མཐིལ་གཡས་གཡོན་ཐབས་ཤེས་ཀྱི་ཐིག་ལེ་དཀར་དམར་སྲན་ལྡོག་ཙམ་རེ་གནས་པར་བསམཿ ཕཊཿ དེ་གཉིས་ཡར་འཕར་གསང་གནས་སུ་གཅིག་ཏུ་འདྲེས་པའི་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་བྱ་མ་སར་གྱི་སྒོ་ང་ཙམ་བལྟ་བས་མི་བཟོད་འོད་ཀྱི་རང་བཞིན་ཉི་མའི་སྙིང་པོ་དང་མཚུངས་པ་འཕར་འདར་ལིང་ངེ་བ་གཅིག་ཏུ་གྱུརཿ ཕཊཿ དེ་ཉིད་ཡར་འཕར་ལྟེ་བར་སླེབཿ ཕཊཿ ཡར་འཕར་སྙིང་གར་སླེབ་པས་ཚེ་བསོད་ནམས་བཀྲག་མདངས་གཟི་བརྗིད་ཐམས་ཅད་འདུས་པའི་ངོ་བོ་རླུང་སེམས་དབྱེར་མེད་འོད་ཀྱི་ཐིག་ལེ་ཁ་དོག་ལྔ་རུ་གྱུརཿ ཕཊཿ ཡར་འཕར་མགྲིན་པར་སླེབཿ ཕཊཿ ཡར་འཕར་སྤྱི་བོར་སླེབཿ ཕཊཿ ཚངས་བུག་ནས་ཐོན་ནམ་མཁའ་དང་རིག་པ་དབྱེར་མེད་དུ་འདྲེསཿ ནམ་མཁས་གར་ཁྱབ་ཐིག་ལེས་ཁྱབཿ ཐིག་ལེས་གར་ཁྱབ་ནམ་མཁས་ཁྱབཿ ནམ་མཁའ་དང་སེམས་ཉིད་ཁྱབ་བརྡལ་ཆེན་པོ་རོ་གཅིག་ཏུ་གྱུརཿ ཕཊཿ «དེ་ནས་ལུས་མཎྜལ་དུ་སྤྲུལ་ནས་བླ་མ་དང་ཚོགས་ཞིང་གི་ལྷ་ལ་འབུལ་བ་ནིཿ» ཕཊཿ དབྱིངས་ལས་རང་རིག་རྣལ་འབྱོར་དམར་མོར་གྱུརཿ གཡས་པས་གྲི་གུག་བམ་གྱི་ལྤགས་པ་བྲལཿ ལྤགས་པ་དབང་ཆེན་གསེར་གྱི་ས་གཞི་ལཿ ཁྲག་ནི་སྤོས་ཆུ་སེན་མཛུབ་མཐའི་ལྕགས་རིཿ ཡན་ལག་གླིང་བཞི་ཉིང་ལག་གླིང་ཕྲན་བརྒྱདཿ དབུས་སུ་ཟོ་ཁོག་རི་རྒྱལ་མཆོག་རབ་ལཿ མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་མཆོགཿ མིག་གཉིས་ཉི་ཟླ་སོ་རྣམས་རྒྱུ་སྐར་བཀྲཿ སྙིང་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེཿ རྒྱུ་མ་གསེར་གྱི་རི་བདུན་དོན་སྣོད་དངཿ ནང་ཁྲོལ་ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེདཿ ཚོགས་བརྒྱད་འདོད་ཡོན་ལྷ་མོ་དང་བཅས་དེཿ རང་ལུས་མཎྜལ་ཡོངས་སུ་རྫོགས་པ་འདིཿ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་དངཿ སངས་རྒྱས་བྱང་སེམས་རྩ་གསུམ་ལྷ་ལ་འབུལཿ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་ནས་ཀྱངཿ བདག་སོགས་ཚོགས་གཉིས་རབ་རྫོགས་སྒྲིབ་གཉིས་སྦྱངསཿ མ་གཅིག་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོགཿ ས་གཞི་སྤྲོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམཿ རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདིཿ སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིསཿ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོགཿ མཉེས་བྱེད་མཎྜལ་བཟང་པོ་འདི་འབུལ་བསཿ བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིངཿ དུས་གསུམ་བདེར་གཤེགས་དགོངས་པ་རྟོགས་པ་དངཿ སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིངཿ ནམ་མཁར་མཉམ་པའི་འགྲོ་རྣམས་དགྲོལ་བར་ཤོགཿ གུ་རུ་རཏྣཱ་མཎྜལ་པུ་ཙྪ་ཧོཿ« ཞེས་འབུལ་ཞིང་མི་དམིགས་པར་འཇོག་གོཿ »ཕཊཿ« དེ་ནས་ཡུམ་ཆེན་མོའི་སྒོམ་བཟླས་ནིཿ» རང་གི་སྤྱི་བོར་པདྨ་ཉི་ཟླའི་སྟེངཿ ཨཱཿཡིག་ཡོངས་གྱུར་བླ་མ་མ་གཅིག་དངཿ དབྱེར་མེད་ཆོས་སྐུའི་རྒྱལ་བ་ཡུམ་ཆེན་མོཿ བཙོ་མ་གསེར་མདོག་ཞལ་གཅིག་ཕྱག་བཞི་མཿ དང་པོ་མཉམ་བཞག་འོག་གཉིས་གསེར་རྡོར་དངཿ གླེགས་བམ་འཛིན་ཅིང་རིན་ཆེན་རྒྱན་ཆས་སྤྲསཿ རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའི་གནས་གསུམ་གྱིཿ ཡིག་འབྲུ་གསུམ་ལས་འོད་འཕྲོས་ཞིང་ཁམས་ནསཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསྟིམཿ བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ བདེ་གཤེགས་རིགས་ལྔའི་དབང་བསྐུར་དབུ་བརྒྱན་གྱུརཿ ཐུགས་ཀར་པད་ཟླའི་སྟེང་དུ་ནཱ་ཡིག་མཐརཿ སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་འཕྲོས་པསཿ རྒྱལ་བ་སྲས་བཅས་བྱིན་བརླབས་ནུས་མཐུ་ཀུནཿ འོད་ཀྱི་རྣམ་པ་ཡུམ་ཆེན་ཐུགས་ཀར་འདུསཿ སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་འབབས་པསཿ རང་དང་ལྷ་འདྲེའི་སྤྱི་བོར་ནས་ཞུགས་པ་ཏེཿ ལུས་ངག་ཡིད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཀུནཿ འོག་སྒོ་རྐང་སེན་བ་སྤུའི་བུ་ག་ནསཿ ཕྱིར་ཐོན་འཆི་བདག་ལས་ཀྱི་གཤིན་རྗེ་དངཿ ལན་ཆགས་བདག་པོ་བདག་མོའི་ཁར་སོང་བསཿ འཆི་བ་བསླུ་ཞིང་ལན་ཆགས་ཀུན་བྱང་གྱུརཿ ཏདྱ་ཐཱཿ ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱཿ «ཞེས་ཅི་ནུས་བཟླས་མཐར་ལུས་ཀྱི་སྡིག་སྒྲིབ་དག་པས་ཤེལ་སྒོང་ལྟར་གྱུར་ཞིང་སྣང་བ་ཐམས་ཅད་ཡུམ་གྱིས་སྐུར་བལྟ་ཞིང་དེ་ཡང་མི་དམིགས་པར་འཇོག་གོཿ ཕཊཿ དེ་ཡན་སྔོན་འགྲོའི་རིམ་པའོཿ དངོས་གཞི་དང་པོ་བྱིན་རླབས་གནད་འབེབས་རིམ་པ་ནིཿ ཕཊཿ བརྗོད་ཅིང་སྣོད་བཅུད་སྟོང་བར་སྦྱངསཿ »ཕྱི་ནང་ཆོས་ཀུན་སྟོང་པའི་ངང་ཉིད་ལསཿ མདུན་མཁར་ཆོས་ཉིད་དག་པའི་ཕོ་བྲང་དབུསཿ པད་སྡོང་སེང་ཁྲི་པདྨ་ཉི་ཟླའི་སྟེངཿ བརྒྱུད་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆངཿ གཞན་ཡང་དམ་པ་ཡུམ་ཆེན་ཤཱཀ་ཐུབ་དངཿ དམ་ཆོས་དཀོན་མཆོག་ཁྲོས་མ་ལྷ་ལྔ་མཿ བཀའ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ལྷཿ ཆོས་སྐྱོང་དམ་ཅན་ཚོགས་བཅས་སྤྲིན་ལྟར་གཏིབཿ བླ་མའི་ཐུགས་ཀར་པདྨ་ཟླ་གདན་ལཿ མ་གཅིག་ལབ་སྒྲོན་སྐུ་མདོག་དཀར་གསལ་མདངསཿ ཤར་དུ་རྡོ་རྗེ་མཁའ་འགྲོ་བཻཌཱུར་མདོགཿ ལྷོ་རུ་རིན་ཆེན་མཁའ་འགྲོ་ས་སྙིང་འོདཿ ནུབ་ཏུ་པདྨ་མཁའ་འགྲོ་དམར་གསལ་ལཿ བྱང་དུ་ལས་ཀྱི་མཁའ་འགྲོ་ཨིནྡྲའི་མདོགཿ ལྔ་ཀའང་ཞལ་གཅིག་ཕྱག་གཉིས་འཛུམ་པའི་མདངསཿ སྤྱན་གསུམ་མཁར་གཟིགས་ཕྱག་གཡས་ས་སྙིང་གིཿ ཌཱ་མ་རུ་འཁྲོལ་གཡོན་པས་དངུལ་དྲིལ་འཁྲིལཿ དབུ་སྐྲ་ཕྱེད་བཅིངས་ལྷག་མས་སྐུ་རྒྱབ་ཁེབཿ རང་མདོག་དར་དང་རིན་ཆེན་རུས་བརྒྱན་གསོལཿ ཞབས་རྣམས་གཡོན་བརྐྱངས་གཡས་བསྐུམ་ཕྱེད་སྐྱིལ་བཞུགསཿ སྐུ་ལས་འོད་ཟེར་མུ་མཐའ་མེད་པར་འཕྲོསཿ འོག་ཏུ་སྡེ་བརྒྱད་འབྱུང་པོ་མི་མ་ཡིནཿ སྣང་སྲེད་ལྷ་འདྲེའི་ཚོགས་རྣམས་ས་གཞིའི་ངོསཿ ལྷ་མིའི་ཁྲོམ་ཚོགས་ཇི་བཞིན་གསལ་བར་བསྒོམཿ ཡེ་ཤེས་ལྷ་ཚོགས་གནས་གསུམ་འབྲུ་གསུམ་གསལཿ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མུ་མེད་པརཿ འཕྲོས་པས་བླ་མ་ཡུམ་ཆེན་ལྷ་ཚོགས་ལཿ རྩ་གསུམ་རྒྱ་མཚོས་བསྐོར་བ་སྤྱན་དྲངས་གྱུརཿ «སྤྱན་འདྲེན་པ་ནིཿ »མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིངཿ བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷཿ དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའིཿ བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལཿ འོག་མིན་ཆོས་དབྱིངས་མུ་མཐའ་མེད་པ་ནསཿ ཡུམ་ཆེན་རྩ་གསུམ་རྒྱལ་བ་སྲས་དང་བཅསཿ མོས་གུས་གདུང་བའི་ཡིད་ཀྱི་སྤྱན་འདྲེན་ནཿ བརྩེ་ཆེན་ཐུགས་རྗེས་དགོངས་ཏེ་གཤེགས་སུ་གསོལཿ གུ་རུ་དྷེ་ཝ་ཌཱཀྐི་ནི་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཛཿ «བཞུགས་གསོལ་ནིཿ »ལྷ་ལ་གཤེགས་བཞུགས་མི་མངའ་ཡངཿ བདག་ཅག་མ་རིག་འཛིན་བསྒྲལ་ཕྱིརཿ ཡེ་ཤེས་ལྷ་ཚོགས་འཁོར་དང་བཅསཿ དམ་ཚིག་པ་དང་གཉིས་མེད་བཞུགསཿ ཛཿཧཱུྃ་བྃ་ཧོཿ ཏཱིཥྛ་ལྷནཿ« མཆོད་པ་ནིཿ »རབ་འབྱམས་རྒྱ་མཚོ་དཔག་མེད་ནཿ མཆོད་རྫས་ཇི་སྙེད་ཡོད་པ་ཀུནཿ བླ་མ་ཡུམ་ཆེན་རྣམས་ལ་འབུལཿ འགྲོ་བའི་དོན་དུ་ཞེས་སུ་གསོལཿ སརྦ་པཱུཙྪ་མེགྷ་པྲ་ཏཱིཙྪ་ཧོཿ« བསྟོད་པ་ནིཿ» གང་གི་དྲིན་གྱི་བདེ་ཆེན་ཉིདཿ སྐད་ཅིག་ཉིད་ལ་འཆར་བ་གངཿ བླ་མ་རིན་ཆེན་ལྟ་བུའི་སྐུཿ རྡོ་རྗེ་ཅན་ཞབས་པད་ལ་འདུདཿ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིནཿ མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིདཿ སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བཿ དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོདཿ དང་པོ་འཁོར་བའི་གནས་ནས་འདྲེནཿ བར་དུ་བདག་འཛིན་དབྱིངས་སུ་གཅོདཿ ཐ་མ་སྐྱེ་མེད་སྟོན་མཛད་མཿ མ་དྲིན་མོ་ཆེ་ལ་ཕྱག་འཚལ་བསྟོདཿ འགྱུར་བ་མེད་པ་རྡོ་རྗེའི་སྐུ་སྤྲུལ་མཿ དགོས་འདོད་ཀུན་འབྱུང་རིན་ཆེན་སྐུ་སྤྲུལ་མཿ སྐྱོན་གྱིས་མ་གོས་པདྨའི་སྐུ་སྤྲུལ་མཿ ཐམས་ཅད་ལྷུན་གྲུབ་སྣ་ཚོགས་སྐུ་སྤྲུལ་མཿ རིགས་བཞི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོདཿ བསྟོད་པར་འོས་པ་ཐམས་ཅད་ལཿ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིཿ ལུས་བཏུད་པས་ནི་རྣམ་ཀུན་ཏུཿ མཆོག་ཏུ་དད་པ་ཕྱག་འཚལ་བསྟོདཿ «དེ་ནས་རྒྱུད་བསྐུལ་གྱིས་བཟླས་པ་ནིཿ »མ་ཅིག་རིགས་ལྔའི་ཐུགས་ཀར་ཡིག་འབྲུ་ལྔཿ དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་དངཿ རྩ་གསུམ་དམ་ཅན་རྒྱ་མཚོའི་ཐུགས་རྒྱུད་བསྐུལཿ བྱིན་རླབས་ཚུར་འདུས་རིགས་ལྔའི་ཐུགས་ཀར་ཐིམཿ འོད་ཟེར་ཁ་དོག་ལྔ་ལྡན་རང་ཉིད་ཀྱིཿ གནས་ལྔར་ཐིམ་པས་སྒྲིབ་བཞི་དག་ནས་ཀྱངཿ དབང་བཞི་མཆོག་ཐུན་དངོས་གྲུབ་ཀུན་ཐོབ་བྱུངཿ བཾ་ཧ་རི་ནི་ས་ཛྙཱ་ན་ཌཱཀྐི་ནི་སིདྡྷི་ཕ་ལ་ཧཱུྃཿ «ཞེས་བཟླས་མཐརཿ གསོལ་འདེབས་མོས་གུས་དྲག་པོས་ཅང་ཏེའུ་འཁྲོལ་བཞིན་འདི་སྐད་དོཿ »ན་མོ་གུ་རུཿ གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནསཿ ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅནཿ བྱིན་རླབས་ཅན་ལ་གསོལ་བ་འདེབསཿ བླ་མ་ལ་གསོལ་བ་འདེབསཿ མ་གཅིག་ལ་གསོལ་བ་འདེབསཿ ཡུམ་ཆེན་མོས་བྱིན་གྱིས་རློབསཿ «ཤྭ་ལོ་ཀ་གཅིག་འདི་ཀུན་ལ་འགྲེས་སོཿ »རྒྱ་རྒོད་ཕུང་པོའི་རི་བོ་ནསཿ བཅོམ་ལྡན་ཤཀ་ཐུབ་བྱིན་རླབས་ཅནཿ «སོགསཿ »སེང་ཆེན་བསྣོལ་བའི་ཁྲི་སྟེང་ནསཿ འཇམ་དཔལ་སྨྲ་སེང་བྱིན་རླབས༴ གཡུ་ལོ་བཀོད་པའི་ཞིང་ཁམས་ནསཿ རྗེ་བཙུན་སྒྲོལ་མ་བྱིན་རླབས༴ མཁའ་སྤྱོད་མཁའ་འགྲོའི་ཞིང་ཁམས་ནསཿ སུ་ཁ་སིདྡྷི་བྱིན་རླབས༴ རྒྱ་གར་འཇག་མའི་སྐྱིལ་བུ་ནསཿ ཨཱརྱ་དྷེ་ཝ་བྱིན་རླབས༴ ལ་སྟོད་དེང་རིའི་དགོན་པ་ནསཿ དམ་པ་རྒྱ་གར་བྱིན་རླབས༴ ར་ས་སྦ་ལུང་དགོན་པ་ནཿ སྐྱོ་སྟོན་ཁུ་དཔོན་བྱིན་རླབས༴ ཟངས་རི་མཁར་དམར་དགོན་པ་ནསཿ མ་ཅིག་ལབ་སྒྲོན་བྱིན་རླབས༴ གཡེར་ཆུང་གླང་ལུང་དགོན་པ་ནསཿ རྒྱལ་བ་དོན་འགྲུབ་བྱིན་རླབས༴ ཤམ་པོའི་གངས་ཀྱི་དབེན་གནས་ནསཿ ཐོད་སྨྱོན་བསམ་འགྲུབ་བྱིན་རླབསཿ འཇའ་འོད་འཁྱིལ་བའི་གཞལ་ཡས་ནསཿ ལ་འདུལ་སྒྲོན་མ་བྱིན་རླབས༴ གཉན་ས་རི་ཁྲོད་དགོན་པ་ནསཿ བརྒྱུད་ལྡན་བླ་མ་བྱིན་རླབས༴ ཕྱོགས་མེད་གདུལ་བའི་མགོན་གཅིག་པུཿ ཀུན་བཟང་གཞན་ཕན་བྱིན་རླབས༴ བདག་འཛིན་བདུད་བཞི་ཟིལ་གནོན་རྗེཿ ཁྲག་འཐུབ་དཔའ་བོ་བྱིན་རླབས༴ དགའ་བཞི་འདུ་འབྲལ་མེད་ཀློང་ནསཿ བདེ་སྟེར་ཌཱཀྐི་བྱིན་རླབས༴ གསང་ཆེན་ཆོས་ཀྱིས་བསྡུ་བ་པོཿ འོད་ཟེར་མཐའ་ཡས་བྱིན་རླབས༴ རྫོགས་ཆེན་ཆོས་དབྱིངས་ཕོ་བྲང་ནསཿ ཆོས་ཀྱི་རྡོ་རྗེ་བྱིན་རླབས༴ སྤྱི་གཙུག་ཉི་ཟླའི་གདན་སྟེང་ནཿ རྩ་བའི་བླ་མ་བྱིན་རླབས༴ ལྷུན་གྲུབ་དག་པ་གཞལ་ཡས་ནསཿ ཡི་དམ་ལྷ་ཚོགས་བྱིན་རླབས༴ བདེ་བ་ཆེན་པོའི་ཕོ་བྲང་ནསཿ མ་ཚོགས་མཁའ་འགྲོ་བྱིན་རླབས༴ དུར་ཁྲོད་ཆེན་པོ་བརྒྱད་སོགས་ནསཿ མ་མགོན་ཆོས་སྐྱོང་བྱིན་རླབས༴ བརྩེ་གདུང་དམ་ཚིག་ལྡན་པ་ཡིཿ ཆོས་མཛད་མཆེད་ལྕམ་བྱིན་རླབས༴ བརྟུལ་ཞུགས་ལམ་དུ་སློང་བའི་གྲོགསཿ སྣང་སྲིད་ལྷ་འདྲེ་བྱིན་རླབས་ཅནཿ བྱིན་རླབས་ཅན་ལ་གསོལ་བ་འདེབསཿ བླ་མ་ལ་གསོལ་བ་འདེབསཿ མ་གཅིག་ལ་གསོལ་བ་འདེབསཿ ཡུམ་ཆེན་མོས་བྱིན་གྱིས་རློབསཿ ལུས་ལ་སྐུ་ཡི་བྱིན་གྱིས་རློབསཿ ལུས་ཀྱི་འཛིན་པ་ཞི་གནས་ཀྱང་ཿ སྤྲུལ་སྐུ་ཐོབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་རློབསཿ བླང་དོར་འགགས་འཛེར་ཞིག་ནས་ཀྱངཿ ལོངས་སྐུ་ཐོབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབསཿ འཁྲུལ་རྟོག་སྒྲིབ་པ་དག་ནས་ཀྱངཿ ཆོས་སྐུ་ཐོབ་པར་བྱིན་གྱིས་རློབསཿ དུག་ལྔ་རང་སར་གྲོལ་བ་དངཿ ན་ཚ་ལམ་དུ་སློང་བ་རུཿ གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ འཆི་བ་སྙིང་ནས་དྲན་པ་དངཿ དགོས་མེད་རྒྱུད་ལ་སྐྱེ་བ་རུཿ གསོལ་བ་འདེབས་སོ༴ རི་ཁྲོད་དབེན་ས་ཟིན་པ་དངཿ བདག་འཛིན་རྩད་ནས་ཆོད་པ་རུཿ གསོལ་བ་འདེབས་སོ༴ ཕུང་པོ་གཟན་དུ་སྒྱུར་བ་དངཿ གཟན་སྐྱུར་ལམ་དུ་སློང་བ་རུཿ གསོལ་བ༴ གཅོད་ཡུལ་མཐའ་རུ་ཕྱིན་པ་དངཿ ལྷ་འདྲེའི་འགྲོ་དོན་ནུས་པ་རུཿ གསོལ་བ༴ བདག་མེད་ཤེས་རབ་རྟོགས་པ་དངཿ སྙེམས་ཐག་ནང་ནས་ཆོད་པ་རུཿ གསོལ་བ༴ རྐྱེན་ངན་ལམ་དུ་སློང་བ་དངཿ འགལ་རྐྱེན་གྲོགས་སུ་ཤར་བ་རུཿ གསོལ་བ༴ གཉིས་འཛིན་རྩ་བ་འཇིག་པ་དངཿ སྐྱེ་མེད་ཆོས་སྐུ་རྟོགས་པ་རུཿ གསོལ་བ༴ སྟོང་ཉིད་སྙིང་རྗེ་འབྱོང་བ་དངཿ རང་གཞན་དོན་གཉིས་འགྲུབ་པ་རུཿ གསོལ་བ༴ ད་ལྟ་ཉིད་དུ་བྱིན་གྱིས་རློབསཿ མྱུར་བ་ཉིད་དུ་བྱིན་གྱིས་རློབསཿ འདུག་ས་འདི་རུ༴ གདན་ཐོག་འདི་རུ༴ འར་མ་འུར་མ༴ ཆལ་མ་ཆོལ་མར༴ སྐད་ཅིག་ལ་བྱིན་གྱིས་རློབསཿ གསོལ་བ་སྙིང་གི་དཀྱིལ་ནས་འདེབསཿ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལཿ ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོགཿ« ཅེས་གསོལ་བཏབ་མཐར་བསྐོར་གྱི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་བླ་མ་ལ་བསྡུསཿ དེ་ཉིད་སྐྱབས་གནས་ཀུན་འདུས་སུ་གསལ་བསཿ ཕཊཿ བླ་མའི་སྨིན་མཚམས་ཨོཾ་ཡིག་ལས་འོད་ཟེར་དཀར་པོ་བྱུངཿ རང་དང་སེམས་ཅན་ཐམས་ཅདཀྱི་དབྲལ་བར་ཐིམཿ ལུས་ཀྱི་སྒྲིབ་པ་དགཿ སྐུའི་དབང་དང་བྱིན་རླབས་ཞུགས་པར་བསམཿ མགྲིན་པའི་ཨཱ་ལས་འོད་ཟེར་དམར་པོ་བྱུངཿ རང་དང་སེམས་ཅན་ཐམས་ཅད་ཀྱི་མགྲིན་པར་ཐིམཿ ངག་གི་སྒྲིབ་པ་དགཿ གསུང་གི་དབང་དང་བྱིན་རླབས་ཞུགསཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་ཿ རང་དང་སེམས་ཅན་ཐམས་ཅད་ཀྱི་སྙིང་གར་ཐིམཿ ཡིད་ཀྱིས་སྒྲིབ་པ་དགཿ ཐུགས་ཀྱི་དབང་དང་བྱིན་རླབས་ཞུགས་པར་བསམཿ དེ་ནས་བླ་མ་རང་གི་སྤྱི་བོའི་ཐད་དུ་བྱོན་ནས་བླ་མའི་ཐུགས་ཀ་ནས་མ་གཅིག་རིགས་ལྔའི་སྐུ་གར་ཐབས་ཤིག་ཤིག་ཕྱག་ཌཱ་དྲིལ་ཁྲོལ་ཁྲོལཿ གསུང་སྙན་པའི་གླུ་དབྱངསཿ ཐུགས་ཆོས་ཉིད་ཀྱི་ངང་ལས་བདག་ལ་བརྩེ་བས་ཐུགས་རྗེའི་འོད་ཁྱུག་ཁྱུག་བྱོན་པར་དམིགས་ལཿ »ཀྱེ་མ་མིན་ན་ཡེ་ཤེས་མཁའ་འགྲོ་མཿ མ་གཅིག་ཇོ་མོ་རྣལ་འབྱོར་མཿ ཕ་རོལ་ཕྱིན་པའི་གྲུབ་ཐོབ་མཿ སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མཿ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལཿ མ་དབྱིངས་ལ་གཤེགས་བཞུགས་མི་མངའ་ཡངཿ དོན་འགགས་མེད་ཤུགས་འབྱུང་ཐུགས་རྗེ་ཡིསཿ རྫུ་འཕྲུལ་མྱུར་བར་འདིར་གཤེགས་ལཿ བདག་ཅག་ཁྱེད་ཀྱི་རྗེས་འཇུག་དངཿ མ་རིག་འཁྲུལ་པའི་སེམས་ཅན་རྣམསཿ མས་ངེས་པར་ཐུགས་རྗེས་བཟུང་དུ་གསོལཿ དོན་ངེས་པར་བྱིན་གྱིས་བརླབ་ཏུ་གསོལཿ མ་ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནསཿ མཁའ་འགྲོ་མང་པོའི་ཚོགས་དང་བཅསཿ གཉན་ས་འདི་རུ་བྱོན་ཕོབ་ལཿ འདིར་འདུས་སྣང་སྲིད་ལྷ་འདྲེ་དངཿ ཁམས་གསུམ་འཁོར་བའི་སེམས་ཅན་རྣམསཿ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལཿ བདག་མོས་པའི་བུ་ལ་དངོས་གྲུབ་སྩོལཿ སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལཿ བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལཿ མ་ཁྱོད་དང་དགོངས་པ་མཉམ་པར་ཤོགཿ« ཅེས་བརྗོད་པསཿ མ་གཅིག་རིགས་ལྔའི་ལྷ་ཚོགས་རང་གི་གནས་ལྔ་ནས་གར་སྟབས་ཤིག་ཤིག་མཛད་པས་རང་གི་རྒྱུད་བྱིན་གྱིས་བརླབ་ཅིངཿ ཆོས་ཉིད་དེ་བཞིན་ཉིད་ཉམས་ཀྱི་སྣང་བ་ཆེན་པོ་རབ་ཏུ་འུར་ཞིངཿ སེམས་ཀྱི་བདག་ཏུ་འཛིན་པ་དངཿ སྣང་བའི་རྫུན་ཕུག་རྡིབ་ཅིངཿ སླར་མ་གཅིག་གི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་ཀྱི་ངང་དུཿ ཕཊཿ ཅེས་མི་དམིགས་པར་མཉམ་པར་འཇོག་གོཿ འདི་ནི་ལམ་གྱི་དངོས་གཞི་སྟེཿ ནན་ཏན་ཏུ་འདབ་གལ་ཆེཿ གསོལ་འདེབས་པའི་མན་ངག་ཁ་བསྒྱུར་གྱི་རིམ་པ་བླ་མའི་ཞལ་ལས་ཤེས་པར་བྱའོཿ དེ་ནས་དངོས་གཞི་ནི་ལྟ་བ་ནམ་མཁའི་སྒོ་འབྱེད་ལ་བརྟེན་ནས་བླ་མས་ངོ་སྤྲོད་པ་ལྟརཿ ལུས་གནད་རྣམ་སྣང་ཆོས་བདུན་ངག་གནད་རླུང་རང་སར་བཞགཿ སེམས་བཟོ་བཅོས་མེད་པའི་ངང་ནས་སྐྱེ་འགགས་གནས་གསུམ་གྱི་སྣང་བ་ཐམས་ཅད་འཆར་སྒོ་ མ་འགག་ཙམ་ལས་གང་དུའང་ངོས་བཟུང་མེད་པས་བསམ་བརྗོད་བྲལ་བ་ཐད་ཀའི་ཤེས་པ་སྐད་ཅིག་མ་དེ་གའི་རང་ངོ་ཤེས་པ་ཙམ་གྱི་ངང་དུཿ གང་ཤར་གྱི་ངོ་བོ་ལ་ཆེད་འཛིན་དང་དགག་སྒྲུབ་མེད་པར་སྐྱོང་བར་བྱ་སྟེཿ མ་གཅིག་གི་ཞལ་ནསཿ གྲིམ་གྱིས་གྲིམས་ལ་ལྷོད་ཀྱིས་ལྷོདཿ སྒོམ་གྱི་གནད་ཅིག་དེ་ན་གདའཿ ཞེས་གསུངས་པ་ལྟར་རོཿ རྩོལ་མེད་ཀྱི་རིག་པ་དེ་ག་དྲན་བསམ་འགྲོ་འདུའི་རྟོག་པ་རྗེས་མེད་རང་གྲོལཿ ཡུལ་གྱིས་སྣང་བ་བློས་ཅི་ཡང་མི་འཛིན་པར་བཞགཿ རང་རིག་སྨྲ་བསམ་བརྗོད་མེད་རྟེན་སར་གཞི་མེད་རྩ་བྲལ་དུ་བཟླ་བར་བྱ་སྟེཿ མ་ཅིག་སྤྲུལ་སྐུའི་ཞལ་ནསཿ གང་ཡང་ཡིད་ལ་མ་བྱས་ནཿ གོལ་སར་ལྟུང་བ་ཅི་ལ་འབྱུངཿ ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེདཿ བསྒོམ་གྱི་ནང་ནས་དེ་ཉིད་མཆོགཿ འདུ་ཤེས་རྣམ་པར་ཤིག་ལ་ཞོགཿ ཅེས་དངཿ རྗེ་བཙུན་དམ་པ་སངས་རྒྱས་ཀྱི་ཞལ་ནསཿ སངས་རྒྱས་ཟེར་བའི་སྒྲ་བོ་ཆེཿ གཡེར་པོ་ཆེཿ རྩིས་པོ་ཆེཿ དེ་ཡབ་ཡེ་གདོད་མ་ནས་ང་དང་བདག་ཏུ་མེདཿ ཕྱོགས་དང་རིས་སུ་མེདཿ གཟུང་བ་དང་ནི་འཛིན་པ་མེདཿ བཟུང་བས་མི་ཟིནཿ བཏང་བས་མི་ཐོངཿ བཞག་པས་མི་ཞོགཿ བཤིགས་པས་མི་ཤིགཿ བྲལ་བས་མི་ཁྲོལཿ ད་ལྟ་ཁྱེད་རང་གི་གམ་ན་འདུག་པའི་ཤེས་པ་ཝལ་ལེ་ཁུག་གེ་པ་འདི་རང་ཡིན་ནོཿ ཞེས་གསུངས་སོཿ རྗེས་ཐོབ་ཏུའངཿ ཆོས་ཐམས་ཅད་སྣང་བ་བདེན་པར་མ་གྲུབ་པ་སྒྱུ་མ་རྨི་ལམ་ལྟ་བུ་ཤེས་པའི་ངང་ནས་བདུད་བཞི་གཅོད་པ་དངཿ གཟན་སྐྱུར་ཀྱིས་དམིགས་པ་སོགས་བྱ་ཞིང་མཉམ་རྗེས་ཀུན་ཏུ་རིག་པ་སྤྲོས་བྲལ་ངོས་བཟུང་མེད་པའི་ངང་དུ་རྩལ་སྣང་གང་ཤར་གྱི་སྔོན་བསུ་རྗེས་གཅོད་མེད་པའི་རང་ཤར་རང་གྲོལ་ཆེན་པོར་སྐྱོར་བ་གནད་ཡིན་ཏེཿ མ་ཅིག་གིསཿ གང་ཡང་ཡིད་ལ་མ་བྱས་ནཿ བག་ཆགས་མི་འབྱུང་ས་ལམ་རྫོགསཿ ཅེས་གསུངས་པའོཿ གཉིས་པ་བདུད་བཞི་དབྱིངས་སུ་གཅོད་པའི་མན་ངག་ནིཿ དེ་ལ་ཐོག་བཅས་ཀྱི་འདུདཿ དབང་པོ་ལྔའི་ཡུལ་དུ་སྣང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའི་ཕྱིའི་ཡུལ་གྱིས་རྐྱེན་བྱསཿ ཆགས་སྡང་གཉིས་ཀྱིས་ཡུལ་བཟང་ངན་ལ་ཐོག་པས་ཐོག་བཅས་ཀྱི་བདུད་དོཿ དེ་ལ་ཕྱིའི་རྐྱེན་གྱི་ཆགས་སྡང་དགའ་སྤྲོ་འཇིགས་སྐྲག་སོགས་ཀྱིས་བློ་དུ་མ་བསྐྱེད་པའི་ཚེ་བདེན་པར་མ་བཟུང་བརཿ ཕཊཿ ཅེས་འགྲོ་རྦད་ཀྱིས་བཅད་ལཿ སྣང་ཙམ་དེ་ལ་ཞེན་པ་སྤངས་ལ་འཛིན་མེད་ངང་དུ་བཞག་པས་ཆོད་དོཿ ཐོག་མེད་ཀྱི་བདུད་ནིཿ ཡུལ་དངོས་སུ་མེད་ཀྱང་ཡིད་ཡུལ་དུ་བཟང་ངན་གྱི་རྟོག་པས་ལྷ་དང་འདྲེ་རུ་བཟུང་བས་དག་སྣང་དང་འཇིགས་སྐྲག་སོགས་དེའི་རྐྱེན་གྱིས་ཉོན་མོངས་པར་གྱུར་པ་དངོས་སུ་མེད་པས་ཐོག་མེད་ཀྱི་བདུད་དེཿ དེ་ལ་ལྷ་དང་འདྲེར་འཛིན་པའི་བཟང་ངན་གྱི་རྣམ་རྟོག་ཙམ་ལས་དངོས་པོར་གྲུབ་པ་མེད་པསཿ ཕཊཿ ཅེས་གཞི་མེད་རྩ་བྲལ་དུ་དྲན་རྟོག་ལ་ཆེད་འཛིན་དང་དགག་སྒྲུབ་མེད་པར་སྐྱོང་ངོ་ཿ དགའ་བྲོད་ཀྱི་བདུད་ནིཿ རང་ལ་བསྙེན་བཀུར་འཁོར་དང་ལོངས་སྤྱོད་ཞལ་གཟིགས་ངག་ནུསཿ ཉམས་སྣང་རྨི་ལམ་ལོངས་སྤྱོད་སོགས་ཀྱིས་རྐྱེན་བྱསཿ དགའ་བྲོད་དང་ང་རྒྱལ་གྱི་དབང་དུ་གྱུར་པ་བདུད་ཡིན་པས་དེ་དག་བློ་སྐྱེ་མ་ཐག་ཡོན་ཏན་དུ་མི་བཟུང་བར༔ ཕཊཿ དེ་དག་ཀུན་སྒྱུ་མ་རྨི་ལམ་ལྟར་ཤེས་ཤིང་ཡུལ་ཅན་ཀུན་སྟོང་ཉིད་སྤྲོས་བྲལ་ངང་དུ་བཞག་གོཿ སྙེམ་བྱེད་ཀྱི་བདུད་ནིཿ འཁོར་བར་འཁྱམས་པའི་རྒྱུའི་རྩ་བ་བདག་མེད་ལ་བདག་ཏུ་བཟུང་ཞིང་ཕྱི་ནང་གི་ཆོས་རྣམ་རྟོག་ལ་བདེན་པར་བཟུང་བས་ཐར་བ་ཐོབ་ཏུ་མི་སྟེར་བ་བདུད་ཅེས་བྱ་སྟེཿ བདག་འཛིན་གྱི་བདུད་ཀྱང་ཟེར་བས་བདུད་སྔ་མ་གསུམ་པོའི་རྩ་བའང་སྙེམ་ལ་ཐུག་པས་དེ་ཡི་དབང་དུ་མི་གཏོང་བརཿ ཕཊཿ ཅེས་ཕྱི་ནང་གི་འཛིན་པ་དང་བྲལ་བའི་ཤེས་པས་ལེ་ཧྲིག་གེ་སྙེམ་བྲལ་ནམ་མཁའ་ལྟ་བུའི་ངང་དུ་འཇོག་གོཿ སྙེམ་དང་བྲལ་ཚེ་ཉོན་མོངས་པ་ལས་གྱུར་པའི་བདུད་ཐམས་ཅན་ཆོད་པ་ཡིན་ནོཿ མ་ཅིག་གི་ཞལ་ནསཿ བདག་ཡོད་ཙམ་ན་བདུད་ཀྱང་ཡོདཿ བདག་མེད་ཙམ་ན་བདུད་ཀྱང་མེདཿ དེ་ལ་གཅད་བྱ་གཅོད་ཡུལ་མེདཿ འཇིགས་པ་མེད་ཅི་ཡ་ང་མེདཿ མཐའ་བྲལ་རིག་པའི་ཡེ་ཤེས་ནིཿ བདུད་བཞི་ལས་གྲོལ་འབྲས་བུ་ཡིནཿ ཞེས་གསུངས་པས་དེ་ལྟར་བསྐྱངས་ན་དགེ་སྦྱོང་ལ་བོག་ཐོན་པར་འགྱུར་རོཿ དེ་ནས་ཉམས་ལེན་ཕུང་པོ་གཟན་སྒྱུར་གྱི་གདམས་པ་ལཿ མ་ཅིག་གི་ཞལ་ནསཿ ཉམས་ལེན་དཀར་འགྱེད་དམར་འགྱེད་ནིཿ སྟོན་མོ་བརྒྱ་ཡི་དོ་ཟླ་མིནཿ ཞེས་གསུངས་པ་ལྟརཿ དཀར་འགྱེད་དང་དམར་འགྱེད་གཉིས་ལསཿ དང་པོ་དཀར་འགྱེད་ནིཿ »ཕཊཿ ཨ་འཐས་གཟུང་འཛིན་བག་ཆགས་སྒྱུ་མའི་ལུསཿ དཀར་སྣུམ་མཛེས་ལྡན་ཡིད་འོང་སྙིང་ག་ནསཿ རྣམ་ཤེས་འོད་ཀྱི་ཐིག་ལེ་སྤྱི་བོར་ཐོནཿ སྐར་མདའ་ཆད་བཞིན་བླ་མའི་ཐུགས་ཀར་ཐིམཿ ཕཊཿ སླར་ཡང་ཧཿཡིག་དམར་གསལ་ཕྱིར་འཕྲོས་པསཿ མཁའ་འགྲོ་དམར་མོ་ཞལ་གཅིག་ཕྱག་གཉིས་མཿ གྲི་གུག་འཛིན་ཞིང་རུས་པའི་རྒྱན་དྲུག་གསོལཿ འཁོར་དུ་ལས་བྱེད་མཁའ་འགྲོ་གྲངས་མེད་བསྐོརཿ འོད་ལུས་འཛིན་བྲལ་གར་སྟབས་ཁྱུགས་སེ་བཞུགསཿ ཕྱག་གཡས་གྲི་གུག་བམ་གྱི་ཐོད་པ་བྲེགཿ མདུན་དུ་འོད་ལྔའི་སྟེང་དུ་རླུང་དཀྱིལ་འཁོརཿ དེ་སྟེང་མེ་དཀྱིལ་གྲུ་གསུམ་ཨ་ཡིག་མཚནཿ དབུས་སུ་རང་བྱུང་ཐོད་སྐྱེད་གསུམ་གྱིས་ཁརཿ ཐོད་པ་བཞག་པས་སྟོང་གསུམ་ཚད་མཉམ་གྱུརཿ དེ་ནང་རང་ལུས་བེམ་པོ་སིལ་བུར་གཏུབཿ ཤ་ཁྲག་རུས་གསུམ་བྷནྡྷ་གབ་པའི་སྟེང་ཿ བྱང་སེམས་ཟླ་བའི་དཀྱིལ་འཁོར་ཧཾཿཡིག་མཚནཿ འོག་ཏུ་རླུང་གཡོས་མེ་འབར་ཐོད་པ་དྲོསཿ ཤ་ཁྲག་ཁོལ་ཞིང་རང་ཉིད་མཁའ་འགྲོ་མའིཿ མགྲིན་པར་ཨཱཿ་ལས་འོད་འཕྲོས་ཤ་ཁྲག་རུསཿ སྦྱངས་ཤིང་འོད་ཞུ་སྤྱི་བོའི་ཨོཾ་ཡིག་ལསཿ འོད་ཟེར་འཕྲོས་པ་ཧཾ་ཡིག་ཟླ་དཀྱིལ་ལཿ ཕོག་པས་བདུད་རྩིར་ཆུ་རྒྱུན་ཐོད་པར་བབསཿ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུ་ནསཿ སངས་རྒྱས་བྱང་སེམས་རིགས་ལྔ་ཡབ་ཡུམ་གྱིཿ རྣམ་པར་སྤྱན་དྲངས་མདུན་མཁར་སྙོམས་པར་ཞུགསཿ སྦྱོར་མཚམས་བདུད་རྩིའི་རྒྱུན་བབ་ཧཾ་ཡིག་ལཿ ཕོག་པས་འོད་ཞུ་ཐོད་པའི་ནང་དུ་ཐིམཿ དམ་ཚིག་ཡེ་ཤེས་བདུད་རྩི་དབྱེར་མེད་འདྲེསཿ ཁ་དོག་དྲི་རོ་ནུས་བཅུད་ཕུན་ཚོགས་ལྡནཿ ཁོལ་བའི་རླངས་པ་འོད་ཟེར་སྣ་ལྔ་བཿ ནམ་མཁའ་གང་བར་འཕྲོས་པའི་རྩེ་མོ་ནསཿ མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་ཡིསཿ འདོད་ཡོན་མཆོད་པའི་བྱེ་བྲག་བསམ་ཡས་པཿ མཁའ་དབྱིངས་སྤྲིན་དཔུང་གཏིབས་པ་ཇི་བཞིན་གྱུརཿ ཐོད་པའི་ནང་དུ་བདུད་རྩི་མདོག་དཀར་ལཿ འཛད་མེད་འདོད་དགུའི་ལོངས་སྤྱོད་གཏེར་དུ་གྱུརཿ ཨོཾ་ཨཱཿཧཱུྃཿ ཧ་ཧོ་ཧྲཱིཿ «གང་མང་བརྗོད་དམིགས་པ་གསལ་ཐེབ་བར་བྱས་ལཿ» ཕཊཿ «དེ་ནས་བསྔོ་ཞིང་འབུལ་བ་ལཿ དང་པོ་བླ་མ་དཀོན་མཆོག་གསུམ་ལ་འབུལ་བ་ནིཿ» ཕཊཿ ཡེ་ཤེས་བདུད་རྩྀའི་རང་བཞིན་བྱང་ཆུབ་སེམསཿ ཕུད་རླང་མཆོད་པའི་སྤྲིན་ཕུང་ཟག་མེད་གཏེརཿ རྣམ་པ་དཀར་གསུམ་བདུད་རྩིའི་རྒྱ་མཚོ་འདིཿ སྐྱབས་གནས་ཀུན་འདུས་བཀའ་དྲིན་གསུམ་ལྡན་དཔལཿ འདྲེན་མཆོག་རྩ་བའི་བླ་མའི་ཞལ་དུ་འབུལཿ གཅོད་ཡུལ་བཀའ་བབ་བརྒྱུད་ལྡན་བླ་མ་དངཿ སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་སོགསཿ སྐྱབས་གནས་དཀོན་མཆོག་རྣམས་ཀྱི་ཞལ་དུ་འབུལཿ ཕཊཿ «ཡི་དམ་མཁའ་འགྲོ་ཆོས་སྐྱོངས་ལ་འབུལ་བ་ནིཿ» བདག་ལུས་ཡེ་ཤེས་བདུད་རྩི་ལཿ འདོད་ཡོན་མཆོད་པའི་སྤྲིན་ཕུང་འཁྲིགསཿ ཟག་མེད་ཤ་ལྔ་བདུད་རྩི་ལྔཿ རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུའིཿ ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ལྷཿ གནས་གསུམ་དཔའ་བོ་མཁའ་འགྲོ་སོགསཿ ཡེ་ཤེས་འཇིག་རྟེན་ཌཱཀྐིའི་ཚོགསཿ མ་ལུས་འཁོར་དང་བཅས་རྣམས་ལཿ དགྱེས་དགུ་མཆོད་པའི་བྱེ་བྲག་དང་ཿ བདག་ལུས་བདུད་རྩིའི་མཆོད་པ་འབུལཿ མཉེས་ཤིང་ཚོགས་རྫོགས་སྒྲིབ་བྱང་ནསཿ སྐུ་གསུང་ཐུགས་དང་མཆོག་ཐུན་གྱིསཿ དངོས་གྲུབ་སྩོལ་ལ་ས་ལམ་གྱིཿ ཡོན་ཏན་གོང་ནས་གོང་འཕེལ་མཛོདཿ ཕཊཿ དཔལ་ལྡན་མ་མགོན་ལྕམ་དྲལ་དངཿ གཟའ་བདུད་ནག་པོ་མགོ་དགུ་པཿ བདུད་བཙན་ཀླུ་དམ་གནོད་སྦྱིན་སོགསཿ ཕྱི་ནང་ཆོས་སྐྱོང་སྲུང་མ་ལཿ བདག་ལུས་བདུད་རྩིའི་མཆོད་པ་དངཿ སོ་སོར་དགྱེས་སྐོང་འདོད་དགུའི་རྫསཿ མི་ཟད་གཏེར་གྱིས་མཆོད་པ་འབུལཿ ཐུགས་དམ་བསྐང་ལ་འགལ་འཁྲུལ་བཤགསཿ འདོད་དོན་སྒྲུབ་ལ་བར་ཆད་སྲུངསཿ ཕྲིན་ལས་རྣམ་བཞི་འགྲུབ་པ་དངཿ སངས་རྒྱས་བསྟན་པ་རྒྱས་པར་མཛོདཿ ཕཊཿ «དེ་ནས་ལན་ཆགས་མགྲོན་ལ་སྦྱིན་པ་ནིཿ» བདག་ལུས་བདུད་རྩིའི་རྒྱ་མཚོ་ཆེཿ ཟག་མེད་བདེ་བ་སྟེར་བའི་རྫས༔ རླངས་པ་འདོད་ཡོན་ཆར་འབེབས་པཿ ལན་ཆགས་བདག་པོ་བདག་མོ་རིགསཿ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དངཿ བྱིས་པའི་གདོན་ཆེན་བཅོ་ལྔ་སོགསཿ བགེགས་རིགས་ལན་ཆགས་མགྲོན་ལ་སྦྱིནཿ ཐམས་ཅད་ངོམ་ཞིང་ཚིམ་གྱུར་ནསཿ བུ་ལོན་ལན་ཆགས་ཤ་མཁོན་ཀུནཿ བྱང་ཞིང་འཁོར་བའི་འབྲེལ་ཐག་ཆདཿ བདེ་ལྡན་སྡུག་བསྔལ་དང་བྲལ་ནསཿ མཐར་ཐུག་སངས་རྒྱས་ས་ཐོབ་ཤོགཿ ཕཊཿ «རིགས་དྲུག་གི་མགྲོན་ལ་བསྔོཿ» བདག་ལུས་ཟག་མེད་ཡེ་ཤེས་ཀྱིཿ བདུད་རྩི་དཀར་དམར་མདངས་ཆགས་པཿ རོ་བརྒྱ་ནུས་པ་ཕུན་ཚོགས་གཏེརཿ འདོད་ཡོན་མ་ཚང་མེད་པ་འདིཿ སྲིད་པའི་རྩེ་མོ་མན་ཆད་ནསཿ ན་རག་དམྱལ་ཁམས་ཡན་ཆོད་ཀྱིཿ རིགས་དྲུག་འགྲོ་བ་ཡོངས་ལ་སྦྱིནཿ ངོམ་ཞིང་དགའ་དགུ་ཡི་རངས་ནསཿ སོ་སོར་སྡུག་བསྔལ་ལས་གྲོལ་ཏེཿ རིགས་དྲུག་གནས་རྣམས་ཡོངས་སྟོང་ནསཿ ཕྱམ་གཅིག་སངས་རྒྱས་ས་ཐོབ་ཤོགཿ ཕཊཿ «གཞི་བདག་ལ་བསྔོ་བ་ནིཿ» བདག་ལུས་བདུད་རྩིའི་རྒྱ་མཚོ་ཆེཿ རླངས་པ་འདོད་ཡོན་ལོངས་སྤྱོད་རྫསཿ དཀར་གསུམ་མངར་གསུམ་སྨན་གྱི་ཚོགསཿ དར་ཟབ་དང་ནི་རིན་པོ་ཆེཿ འབྲུ་སྣ་རྟ་མཆོག་གླང་ཆེན་དངཿ མ་ཧེ་བ་གླང་དཀོར་ནོར་མཛོདཿ མེ་ཏོག་རྩི་ཤིང་ནག་ཚལ་སོགསཿ གཞི་བདག་རྣམས་ལ་བདག་གིས་སྦྱིནཿ ལྷག་མ་མེད་པར་བཞེས་ནས་ཀྱངཿ དགའ་མགུ་ཡི་རང་སེམས་བརྩེ་ཞིངཿ གདུག་རྩུབ་བསམ་ངན་ཀུན་ཞི་ནསཿ བྱང་ཆུབ་སེམས་དང་ལྡན་གྱུར་ཅིགཿ མཐར་ཐུག་སངས་རྒྱས་ཐོབ་པར་ཤོགཿ ཕཊཿ «དེ་ནས་ཀླུ་ལ་བསྔོ་བ་ནིཿ »བདག་ལུས་བདུད་རྩི་དཀར་དམར་མདངསཿ རླངས་པ་སྨན་དང་རོ་བརྒྱའི་ཟསཿ མཚོ་རྫིང་ལྡེང་ཀ་དཔག་བསམ་ཤིངཿ ནེའུ་སེང་སྐྱེད་ཚལ་ཁང་བཟང་རིསཿ ཡིད་བཞིན་ནོར་བུ་ཀླུ་སྨན་དྲིཿ གཟུགས་སྒྲ་དྲི་རོ་རེག་བྱ་སོགསཿ ཀླུ་རིགས་རྣམས་ལ་མཆོད་པ་འབུལཿ དགའ་མགུ་བུ་ཡི་རང་སེམས་ལྡན་ཞིངཿ གདུག་རྩུབ་གནོད་སེམས་དང་བྲལ་ནསཿ བྱང་ཆུབ་སེམས་དང་ལྡན་གྱུར་ཅིགཿ ཀུན་ཀྱང་སངས་རྒྱས་ས་ཐོབ་ཤོགཿ ཕཊཿ «དེ་ནས་ལྷག་མ་བསྔོ་བ་ནིཿ» བདག་ལུས་ཡེ་ཤེས་བདུད་རྩི་ཆེཿ གང་འདོད་འདོད་ཡོན་སྤྲིན་ཕུང་འདིཿ གཙོ་བོ་རྣམས་ཀྱི་རྗེས་འབྲངས་དངཿ ཁས་ཞན་དབང་ཆུང་གློ་བུར་དུཿ སླེབ་སོགས་ལྷག་མའི་མགྲོན་ལ་བསྔོཿ ངོམ་ཞིང་ཚིམ་ནས་སྡུག་བསྔལ་ཞིཿ བདེ་ལྡན་སངས་རྒྱས་ས་ཐོབ་ཤོགཿ ཕཊཿ« དཀར་འགྱེད་ཆེན་མོ་སྟེཿ དམིགས་པ་ཐོད་འགྱེད་མ་དང་ཁྲ་འགྱེད་གང་ལ་གང་འདུལ་དུ་སྤྲུལ་པ་སོགས་དམིགས་པས་བསྒྱུར་བྱའི་བྱེ་བྲག་གོཿ ཞི་གཅོད་ཉམས་ལེན་དངོས་གཞི་སྟེཿ རྒྱུན་དུ་འདི་ལ་འབད་པ་གལ་ཆེའོཿ ༈ གཉིས་པ་ཉམས་ལེན་དམར་འགྱེད་ནིཿ དང་པོ་བེམ་རིག་བྲལ་ཞིང་དབང་སྡུད་ཟིལ་གནོན་གྱི་དམིགས་པ་ནིཿ »ཕཊཿ རང་ཉིད་ཐ་མལ་དུ་གནས་པའི་སྙིང་གནས་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དམར་པོ་འོད་ཀྱི་རྣམ་པ་སྐར་མདའ་ཆད་པ་ལྟར་སྤྱི་བོའི་བླ་མའི་ཐུགས་ཀར་འཕོསཿ ཕཊཿ སླར་ཡང་བླ་མའི་ཐུགས་ཀ་ནས་ཧཿ ཡིག་མཐིང་ག་ཕྱིར་འཕྲོས་པས་རང་ཉིད་སྐད་ཅིག་གི་མ་ཅིག་ཁྲོས་མ་མཐིང་ག་ཤིན་ཏུ་ཁྲོས་པའི་ཉམས་ཅནཿ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཞལ་གདངས་ཞིང་མཆེ་བ་བཞི་རབ་ཏུ་གཙིགས་མ་ལྗགས་གློག་ལྟར་འཁྱུག་པཿ སྤྱན་གཡས་ཉི་མའི་དཀྱིལ་འཁོར་དམར་གྱི་ལི་ལི་འཁོར་ཞིངཿ གཡོན་ཟླ་བའི་རང་བཞིན་ངང་སྒ་ར་ར་འཁོར་བཿ སྤྱན་དབུས་མ་ཉི་ཟླ་སྤེལ་མའི་འོད་ཟེར་དཀར་དམར་རབ་ཏུ་འཁྲུགས་པཿ དབུ་སྐྲ་དང་སྨིན་མ་དམར་སེར་འབར་ཞིང་གྱེན་དུ་འཁྱིལ་བཿ ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་དམར་ཙ་རེ་བ་བསྣམས་པའི་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན་ཅིངཿ གཡོན་མི་རྐང་གི་གླིང་བུ་ཀྱུར་ཀྱུར་འབུད་པས་ལྷ་འདྲེ་གདུག་པ་ཅན་ཐམས་ཅད་དབང་དུ་བསྡུ་བཿ སྐུ་སྟོད་ལ་མི་ལྤགས་ཀྱི་གཡང་གཞི་ཁྲག་འཛག་པ་དང་ཿ སྐུ་སྨད་ལ་སྟག་ལྤག་རློན་པ་དཀྲིས་ཤིང་སྦྲུལ་ནག་གི་སྐེ་རག་བཅིངས་པཿ ཞབས་གཉིས་བརྐྱངས་བསྐུམ་གྱི་ཚུལ་དུ་གར་སྟབས་ལིང་ངེར་བཞུགས་པའི་ཞལ་ནས་ཧཱུྃ་ཕཊཿགད་རྒྱངས་སྒྲོགས་པའི་གཟུགས་ཅན་གཟུགས་མེད་ཀྱི་འབྱུང་པོ་མ་རུངས་རྣམས་འདར་ཞིང་ཡང་བར་བྱེད་པཿ སྐུ་སྟོད་གཟུགས་མེད་ཀྱི་ཁམས་སུ་འགྱིང་ལཿ སྙིང་ག་ནས་ལྟེ་བའི་བར་གཟུགས་ཁམས་མ་ལུས་པ་དཔའ་སྐོང་ཞིངཿ སྐུ་སྨད་འདོད་ཁམས་མ་ལུས་པ་ཟིལ་གྱིས་གནོན་པཿ ཐུགས་ཆོས་ཉིད་བརྗོད་བྲལ་གྱི་ངར་དང་ལྡན་པར་གྱུརཿ དེའི་འཁོར་དུ་ལས་བྱེད་ཀྱི་མཁའ་འགྲོ་མ་འབུམ་ཕྲག་སྣ་ཚོགས་མདོག་ཅནཿ ལ་ལས་གྲི་གུག་དང་གཡོན་གཡང་གཞིཿ ལ་ལས་བྷནྡྷ་དང་མི་རྐང་གི་གླིང་བུ་ཐོགས་པ་གཙོ་འཁོར་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་གསལ་བར་གྱུརཿ ཕཊཿ རང་གི་མདུན་དུ་བེམ་པོ་དེ་ཉིད་ཆེ་ཞིང་ཚོ་ལ་མཛེས་ཤིང་ཡིད་དུ་འོང་བ་གཞོན་དང་ལང་ཚོའི་དཔལ་ཡོན་ལྡན་ཞིང་དཀར་ལ་དམར་བའི་མདངས་ཆགས་པཿ དབུགས་དང་བྲལ་མ་ཁད་དྲོད་མ་ཡལ་བ་འཇིག་རྟེན་ཁམས་ཐམས་ཅད་ཁྱབ་པ་ལྷ་འདྲེ་རྣམས་ཀྱི་མཐོང་བ་ཙམ་གྱི་དགའ་ཞིང་སྤྲོ་ལ་ཚིམ་ཞིང་གདུང་བ་སྐྱེ་བའི་ནུས་ལྡན་དུ་གྱུརཿ ཕཊཿ རང་ཉིད་ཁྲོས་མ་ནག་མོའི་ཕྱག་གཡས་གྲི་གུག་གིས་བེམ་པོའི་ལྤགས་པ་དམར་ཤལ་གྱིས་བཤུས་པ་སྒྱུ་ལུས་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང་བཿ ཤ་ཁྲག་རུས་གསུམ་ནང་ཁྲོལ་སོགས་མཛེས་ཤིང་ཡིད་དུ་འོང་ལ་དྲི་ཞིམ་རོ་བརྒྱ་ནུས་པ་ཕུན་སུམ་ཚོགས་པར་གྱུརཿ «བར་དམིགས་ལཿ མགྲོན་འབོད་པ་ནིཿ »ཕཊཿ མཐོ་སྲིད་པའི་རྩེ་མོ་མན་ཆད་ནསཿ དམའ་ན་རག་དམྱལ་ཁམས་ཡན་ཆད་ཀྱིཿ སྣང་ཞིང་སྲིད་པའི་ལྷ་འདྲེ་དངཿ སྡེ་བརྒྱད་འབྱུང་པོ་མི་མ་ཡིནཿ ལོག་འདྲེན་ཤ་ཟ་གདོན་ཕྲན་ཡནཿ དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དངཿ ཡང་དགོས་སུ་བདག་ལ་གནོད་བྱེད་པའིཿ ཤ་མཁོན་དང་གདུག་སེམས་ལྡན་པ་ཀུནཿ མ་ལུས་པར་མྱུར་དུ་འདུས་ལ་ཤོགཿ ནམ་མཁའི་སྤྲིན་ཕུང་ཇི་བཞིན་འདུས་ལ་ཤོགཿ བར་སྣང་ཆར་པ་བཞིན་དུ་བསྐྱོད་ལ་ཤོགཿ ས་ག་ནི་རླུང་དམར་བཞིན་དུ་འཚུབས་ལ་ཤོགཿ བཟའ་བའི་ཤ་དང་བཏུང་བའི་ཁྲགཿ མུར་བའི་ལྷ་བ་གོན་པའི་པགསཿ སྤྱིན་ནོ་གནས་འདིར་མྱུར་དུ་འདུསཿ «ཅེས་བརྗོད་ཅིང་ལྷ་འདྲེ་འཇིགས་ཤིང་ཡང་བའི་གདུག་པ་ཅན་རང་རང་འཁོར་དང་བཅས་པ་དཔག་ཏུ་མེད་པ་འདུས་པར་བསམཿ ཕཊཿ དེ་ནས་མགྲོན་ལ་འགྱེད་པ་ལཿ དང་པོ་ཧབ་ཐོག་དུ་འགྱེད་པ་ནིཿ ལས་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ལས་བྱེད་པར་དམིགས་ལཿ »ཕཊཿ ཐོག་མ་མེད་ནས་ད་ལྟའི་བརཿ གཅེས་འཛིན་བདག་ཏུ་བཟུང་བ་ཡིཿ སྒྱུ་མ་ལུས་ཀྱི་ཕུང་པོ་འདིཿ མི་རྟག་འཇིགས་པའི་ཆོས་ཅན་དེཿ ལྷ་འདྲེ་ཚོགས་ལ་སྟོན་མོར་འགྱེདཿ ཁྱེད་རྣམས་ཅི་དགོས་ཁྱེར་ལ་སོངཿ ཁོག་སྟོད་ཡ་བདུད་རྒྱལ་པོས་ཁྱེརཿ ཁོག་སྨད་མ་བདུད་རྒྱལ་མོས་ཁྱེརཿ སྐེད་པ་གདོལ་པ་ནག་པོས་ཁྱེརཿ ནང་རོལ་ལྷ་སྲིན་སྡེ་བརྒྱད་ཁྱེརཿ དོན་སྣོད་རྒྱལ་བསེན་ཐེའུ་རང་གིས་ཁྱེརཿ ཕྱི་ཤ་ཕྱི་ཡི་ལྷ་འདྲེས་ཁྱེརཿ ནང་ཤ་ནང་གི་ལྷ་འདྲེས་ཁྱེརཿ བར་ཤ་བར་གྱི་ལྷ་འདྲེས་ཁྱེརཿ སྤྱི་ཤ་ས་བདག་རྣམས་ཀྱིས་ཁྱེརཿ རུས་པ་གཉན་དང་ཚིག་རྣམས་བཙནཿ བཀྲག་མདངས་རྒྱལ་འགོང་རྣམས་ཀྱིས་ཁྱེརཿ དྲོད་དབུགས་རླངས་པ་བསེན་མོས་ཁྱེརཿ རྩ་རྒྱུས་གྲི་བོ་གྲི་མོས་ཁྱེརཿ སྐྲ་སྤུ་སོ་སེན་པགས་པ་རྣམསཿ དམ་སྲི་བསེ་རག་ཐེའུ་རང་གིས་ཁྱེརཿ སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་རིགསཿ དགོས་གནས་གདོན་གཉན་ས་འདིར་གནས་དངཿ བྱེ་བྲག་བདག་ལ་གནོད་བྱེད་པའིཿ ལྷ་འདྲེ་ཀུན་ངོམ་ཞིང་ཚིམ་གྱུར་ཅིགཿ དགེ་བ་འདི་སེམས་ཅན་དོན་དུ་བསྔོཿ« ཞེས་ལྷག་མ་མེད་པར་བསམ་ཞིངཿ ཕཊཿ ཅེས་མི་དམིགས་པར་བཞག་གོཿ གཉིས་པ་མགྲོན་ལ་སྟོན་མོར་འགྱེད་པ་ནིཿ »ཕཊཿ རང་ཉིད་ཁྲོས་མ་ནག་མོའི་མདུན་དུ་བེམ་རོ་ཆེ་ཞིང་ཚོ་བ་གནམ་ས་གང་བར་གྱུར་པ་ལས་བྱེད་ཀྱི་མཁའ་འགྲོ་རྣམས་ཀྱིས་ལྤགས་པ་ཕྲལ་ཞིང་ཤ་ཁྲག་རུས་གསུམ་ནང་ཁྲོལ་ཐམས་ཅད་བསེགས་གཏུབ་བྱས་པས་སྒྱུ་ལུས་ཤའི་རི་བོཿ ཁྲག་གི་རྒྱ་མཚོཿ རུས་པའི་གྲམ་ཁྲོད་ལྤགས་པ་དང་ནང་རོལ་སོགས་བསམ་གྱི་མི་ཁྱབ་པ་འཇིག་རྟེན་གྱི་ཁམས་གང་བར་གྱུར་པ་ལས་བྱེད་ཀྱི་མཁའ་འགྲོ་རྣམས་ཀྱིས་མགྲོན་ལ་སྦྱིན་པར་བསམཿ ཕཊཿ «བསྔོ་བ་ནིཿ» ངས་སྒྱུ་མ་ལུས་ཀྱི་ཕུང་པོ་འདིཿ གྲངས་མེད་པ་འཁོར་བར་ཆུད་ཟོས་ཤིངཿ ལས་ངན་གྱི་སྡིག་པ་སྣ་ཚོགས་བསགསཿ རྣམ་སྨིན་དང་སྡུག་བསྔལ་དཔག་མེད་མྱོངཿ ད་འཁོར་བར་འཁྱམས་བྱེད་ཀྱི་ལུས་པོ་འདིཿ ཆགས་ཞེན་མེད་པར་གཏོང་བ་ལཿ ཁྱེད་སྣང་སྲིད་ལྷ་འདྲེས་ཚིམ་པར་རོལཿ སྤྱིར་སེམས་ཅན་ཡོངས་ཀྱི་གླུད་དུ་བསྔོཿ དགོས་དྲིན་ཆེན་ཕ་མའི་གླུད་དུ་བསྔོཿ ཡང་དགོས་དྲིན་ཆེན་བླ་མའི་གླུད་དུ་བསྔོཿ འཁོར་བུ་སློབ་རྣམས་ཀྱི་གླུད་དུ་བསྔོཿ སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱིཿ སྣང་སྲིད་ཀྱི་ལྷ་འདྲེ་མ་ལུས་པཿ ལན་ཆགས་ཀྱི་བདག་པོ་བདག་མོའི་རིགསཿ དགོས་བདག་ལ་གནོད་ཅིང་འཚེ་བ་ཀུནཿ ལྟོག་པ་རྣམས་ཀྱི་ཤ་ལ་ཟོཿ སྐོམས་པ་རྣམས་ཀྱི་ཁྲག་ལ་འཐུངཿ འཁྱགས་པ་རྣམས་ཀྱི་ལྤགས་པ་གྱོནཿ རུས་པ་ལྷ་བ་རྐང་མར་དངཿ ལྟོག་པ་རྣམས་ཀྱི་ཤ་ལ་ཟོཿ སྐོམས་པ་རྣམས་ཀྱི་ཁྲག་ལ་འཐུངཿ འཁྱགས་པ་རྣམས་ཀྱི་ལྤགས་པ་གྱོནཿ རུས་པ་ལྷ་བ་རྐང་མར་དངཿ ཤ་ཁྲག་ནང་རོལ་མ་ལུས་ཀུནཿ གང་འདོད་ཀྱི་འདོད་ཡོན་བསྔོས་པའི་མཐུསཿ མགྲོན་རིགས་ངོམས་ཞིང་ཚིམ་གྱུར་ནསཿ དགའ་མགུ་ཡི་རངས་གདུག་སེམས་ཀུན་ཞི་ཞིང་ཿ ཀུན་ཀྱང་བྱང་ཆུབ་སེམས་ཀྱི་རྒྱུད་གྲོལ་ནསཿ མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པར་ཤོགཿ ཕཊཿ «ལྷག་མ་བསྔོ་བ་ནིཿ» ལྷག་ལ་དབང་བའི་ཁས་ཉན་དབང་ཆུང་ཞིངཿ ཉམ་ཆུང་འབྱུང་པོ་རྣམས་དང་གློ་བུར་དུཿ ལྷག་མའི་མགྲོན་རིགས་རྣམས་ལ་ཤ་ཁྲག་རུསཿ ཕུང་པོ་ལྷག་མ་མེད་པར་བསྔོ་ཞིང་སྦྱིནཿ ངོམ་ཞིང་ཡི་རངས་བྱང་ཆུབ་མཆོག་ཐོབ་ཤོགཿ ཕཊཿ «ཅེས་མགྲོན་ཤ་ཁྲག་དང་བཅས་པ་མི་དམིགས་པར་བསྟ་བའི་ངང་མདངས་སྐྱོངསཿ རིག་པ་མ་བཅོས་པའི་ངང་དུ་འཇོག་ཅིང་བདག་འཛིན་གྱི་ཕུང་པོ་ལྷ་འདྲེ་ལ་སྦྱིན་ཟིནཿ རིག་པ་དངོས་མེད་ནམ་མཁའ་ལྟ་བུ་ལཿ ཕན་གནོད་དང་རེ་དོགས་བཟང་ངན་མེད་པའི་མཚང་བུད་ཅིངཿ འཛིན་མེད་ཁྱབ་བདལ་ཆེན་པོའི་རྒྱུན་སྐྱོངས་ཤིངཿ བདུད་བཞི་དབྱིངས་སུ་ཆོདཿ འགལ་རྐྱེན་གྲོགས་སུ་ཤརཿ རྐྱེན་ངན་ལམ་དུ་སློབཿ རེ་དོགས་བདུད་དུ་ཤེསཿ སྙེམས་ཐག་ནང་དུ་ཆོད་པར་བྱའོཿ དེའི་ཚེ་དངོས་ཉམས་རྨི་ལམ་གང་རུང་དུཿ སློང་ཚད་དང་ཚར་ཚད་སོགས་སྐབས་དབྱེ་བས་བློ་ཐག་ཆོད་ཅིངཿ དམིགས་པ་དང་མན་ངག་སོགས་བླ་མའི་ཞལ་ལས་ཁོང་དུ་ཆུབ་པར་བྱ་ཞིངཿ རྒྱུན་དུ་ལྟ་བ་དང་བླ་མར་མོས་གུས་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་བྱའོཿ དེ་ནས་བསྔོ་བ་ནིཿ »ཕཊཿ བདག་ལུས་ཟག་མེད་མཆོད་སྦྱིན་རྒྱ་མཚོ་དངཿ གཞན་ཡང་དུས་གསུམ་དགེ་རྩ་བླ་མེད་པསཿ ལྷ་འདྲེ་གཙོར་གྱུར་མཁའ་མཉམ་སེམས་ཅན་ཀུནཿ ཡང་དག་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོཿ ཕཊཿ «སྨོན་ལམ་ནིཿ» དེ་ལྟར་མཆོད་སྦྱིན་དགེ་རྩ་རྒྱ་ཆེན་མཐུསཿ འབྱུང་པོ་གདུག་རྩུབ་བསམ་ངན་ཀུན་ཞི་ཞིངཿ འགྲོ་ཀུན་ལས་ངན་སྡིག་སྒྲིབ་ཡོངས་དག་ནསཿ ཕྱིན་དྲུག་བྱང་ཆུབ་ལམ་བཟང་མཐར་ཕྱིན་ཤོགཿ སྐྱེ་མེད་རིག་པ་ཡུམ་དོན་རང་ངོ་ཤེསཿ འབྲས་བཟང་རྡོ་རྗེ་འཆང་གི་ས་ཐོབ་ཤོགཿ ཕྲིན་ལས་སྣ་ཚོགས་འཁོར་བ་མ་སྟོང་བརཿ འགྲོ་དོན་རྒྱ་ཆེན་ལྷུན་གྱིས་གྲུབ་པར་ཤོགཿ གཅོད་ཡུལ་ཉམས་ལེན་གང་ཟག་ལཿ རང་སེམས་བདུད་དུ་མི་ལྟ་བརཿ སྙེམས་ཐག་མ་ལུས་ཆོད་པར་ཤོགཿ བཟང་པོའི་ཡོན་ཏན་ཅི་བྱུང་ཡངཿ དེ་ལ་རློམ་སེམས་མེད་པར་ཤོགཿ ངན་པའི་རྣམ་རྟོག་ཅི་བྱུང་ཡངཿ དེ་ལ་སྙེམས་བྱེད་མེད་པར་ཤོགཿ དམ་ཆོས་བདུད་ཀྱི་གཅོད་ཡུལ་འདིཿ མཁའ་ལ་ཉི་ཟླ་ཤར་བ་བཞིནཿ ཕྱོགས་རྣམས་ཀུན་ཏུ་ཁྱབ་པར་ཤོགཿ «ཅེས་བསྔོ་སྨོན་བརྗོདཿ» ཕཊཿ རང་གི་ཐུགས་ལས་འོད་འཕྲོས་བླ་མར་ཕོགཿ དེ་ཡི་འོད་ཟེར་འཁོར་ལ་ཕོག་པ་ཡིསཿ འཁོར་རྣམས་གཅིག་ལ་གཅིག་ཐིམ་བླ་མར་བསྡུསཿ སངས་རྒྱས་ཀུན་འདུས་ངོ་བོ་བླ་མ་ཉིདཿ རང་གི་སྤྱི་བོར་བྱོན་ནས་བཞུགས་པར་བསམཿ« ཅེས་བརྗོད་གསོལ་བ་དྲག་ཏུ་བཏབ་མཐརཿ »ཕཊཿ རང་གི་ཐུགས་ཀ་ནས་འོད་ཟེར་བླ་མའི་ཐུགས་ཀར་ཕོག་པས་བླ་མའི་ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་ངང་པའི་སྒོ་ང་ཙམ་འོད་འབར་བ་རང་གི་སྤྱི་བོར་ཐིམ་པས་ངང་ཉིད་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་སེམས་ཉིད་ངལ་བསོའི་བཞུགས་སྟངས་ཅན་གྱིས་སྐུར་གྱུརཿ «དེ་ནས་ལྷ་འདྲེ་རྣམས་མདུན་དུ་འཁོད་ནས་རང་གིས་ཆོས་བཤད་བར་མོས་ལཿ »ན་མོཿ ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུངཿ དེ་རྒྱུ་དེ་བཞིན་གཤེགས་པས་གསུངསཿ རྒྱུ་ལས་འགོགས་པ་གང་ཡིན་པཿ དགེ་སྦྱོང་ཆེན་པོས་འདི་སྐད་གསུངསཿ སྡིག་པ་ཅི་ཡང་མི་བྱ་ཞིངཿ དགེ་བ་ཕུན་སུམ་ཚོགས་པར་སྤྱོདཿ རང་གི་སེམས་ནི་ཡོངས་སུ་དུལཿ འདི་ནི་སངས་རྒྱས་བསྟན་པ་ཡིནཿ ལུས་ཀྱི་སྡོམ་པ་ལེགས་པ་ནཿ ངག་གི་སྡོམ་པ་ལེགས་པ་ཡིནཿ ཡིད་ཀྱི་སྡོམ་པ་ལེགས་པ་སྟེཿ ཐམས་ཅད་དུ་ནི་སྡོམ་པ་ལེགསཿ ཐམས་ཅད་བསྲུང་བའི་དགེ་སྦྱོངས་དགཿ སྡུག་བསྔལ་ཀུན་ལས་དེས་གྲོལ་ལོཿ ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེཿ དག་ཅིང་གསལ་ལ་རྙོག་པ་མེདཿ གཟུང་དུ་མེད་ཅིང་བརྗོད་དུ་མེདཿ རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་ཿ ངོ་བོ་ཉིད་མེད་གནས་མེད་པརཿ དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལཿ སེམས་ཅན་དོན་ནི་མཉམ་མེད་བྱོསཿ འོན་ཀྱང་སྐྱོབས་པའི་སྲས་སུ་སྐྱེཿ ཆོས་དང་ཟང་ཟིང་གིས་སྦྱིན་པས་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིགཿ «ཅེས་བརྗོད་པས་ལྷ་འདྲེ་རྣམས་རྒྱུད་གྲོལ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ་ཞིང་ཿ སླར་ཡངཿ »རང་ཉིད་ཐུགས་རྗེ་ཆེན་པོའི་ཕྱག་སོར་ལསཿ བདུད་རྩིའི་རྒྱུན་བབས་མགྲོན་རྣམས་ངོམ་ཞིང་ཚིམཿ ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནསཿ ཁམས་གསུམ་རིགས་དྲུག་ཡི་གེ་དྲུག་མ་བཟླསཿ ཨོཾ་མ་ཎི་པདྨེ་ཧཱུྃཿ «ཞེས་བཟླས་ཞིང་མཐརཿ» ཕཊཿ «བྱས་པའི་མགྲོན་རྣམས་ཞི་དུལ་དང་ལྡན་པའི་སྒོ་ནས་རང་རང་གིས་གནས་སུ་སོང་བར་བསམ་ཞིངཿ »འབྱུང་པོ་ས་འོག་རྒྱུ་བ་དངཿ གང་ཡངས་ས་སྟེང་འཁོད་པ་སྟེཿ ས་བླར་རྒྱུ་བ་གང་ཡིན་པཿ མགུ་བར་གྱིས་ལ་རང་གནས་སུཿ ཐམས་ཅད་ཐ་དད་འགྲོ་བར་གྱིསཿ སརྦ་བུདྡྷ་གཙྪཿ «མགྲོན་རྣམས་སོ་སོ་རང་རང་གནས་སུ་སོང་བར་གྱུརཿ ཕཊཿ སླར་ཡང་རང་ཉིད་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་མོ་གྱུར་ནས་སྤྱོད་ལམ་ལ་འཇུག་ཅིངཿ སྟོང་ཉིད་ནམ་མཁའ་ལྟ་བུར་བཞག་གོཿ གཉན་སའི་རྗེས་གཅོད་ཀྱི་རིམ་པ་བླ་མའི་ཞལ་ལས་ཤེསཿ མཐར་བསྔོ་བ་དང་སྨོན་ལམ་བཀྲ་ཤིས་སོགས་བྱའོཿ འདིར་སྨྲས་ལཿ རྒྱལ་བའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཀུནཿ རྩ་བ་རང་སེམས་འདུལ་ཕྱིར་གསུངས་ལཿ བདག་འཛིན་འགོང་པོ་བདུད་བཞི་གཅོད་པའི་ཐབསཿ ཤེས་རབ་ཕ་རོལ་ཕྱིན་པའི་དགོངས་དོན་བཅུདཿ ཟབ་མོ་གཅོད་ཀྱི་དགོངས་དོན་ལམ་བཟང་མཆོགཿ བོད་འདིར་ཡོངས་གྲགས་མ་གཅིག་ལབ་སྒྲོན་དྲིནཿ འོན་ཀྱང་སྙིགས་མ་ལྔ་བདོའི་དུས་འདི་རུཿ སེམས་ཅན་ཉོན་མོངས་དུག་ལྔ་སྟོབས་བཙན་ཕྱིརཿ བྱང་ཆུབ་ལམ་བཟང་བདག་འཛིན་འགོང་པོ་དངཿ དུག་ལྔའི་དབང་གི་ཞི་གཅོད་ཉམས་དམའ་འགྱུརཿ ཁོ་བོ་ཐོས་པས་ལམ་ལ་མ་སྦྱངས་ཀྱངཿ ཟབ་དོན་མན་ངག་གདམས་པའི་གནད་འགགས་དངཿ ཁྱད་པར་གཞུང་འདིའི་དགོངས་དོན་མ་ནོར་ལམཿ ཇི་བཞིན་རྟོགས་པ་རྗེ་བཙུན་བླ་མའི་དྲིནཿ དེ་ཕྱིར་མ་ཅིག་དགོངས་དོན་སྙན་བརྒྱུད་ཀྱིཿ བརྒྱད་བསྡུས་མར་གྱི་སྙིང་པོ་ཡང་ཞུན་འདིཿ རང་གིས་རྟོགས་བཞིན་མ་ནོར་རྗེས་འཇུག་དོནཿ བཀོད་པའི་འགལ་འཁྲུལ་མཆིས་ན་ལྷ་ལ་བཤགསཿ དགེ་བས་གཟུགས་མེད་ལྷ་འདྲེ་གཙོར་བྱས་པའིཿ མར་ཕྱུར་མཁའ་མཉམ་མཐའ་ཡས་འགྲོ་བ་ཀུནཿ རེ་དོགས་བདུད་བཞིའི་དབང་དུ་མི་འགྱུར་ཞིངཿ ཡུམ་ཆེན་ཆོས་སྐུའི་གོ་འཕང་མྱུར་ཐོབ་ཤོགཿ ཅེས་ཟབ་དོན་གཅོད་ཀྱི་མན་ངག་མ་གཅིག་སྙན་བརྒྱུད་ཀྱི་དགོངས་དོན་ཉམས་ལེན་གདན་ཐོག་གཅིག་མ་དཔའ་བོའི་གད་རྒྱངས་ཅེས་བྱ་བ་འདི་ཉིད་ཀྱང་རིང་མོ་ཞིག་ནས་གཟུགས་མེད་ཀྱི་ཌཱཀྐིའི་ལན་འགར་བསྐུལ་ཞིངཿ ཕྱིས་དུས་ལ་བབས་ཚེ་རང་ཉིད་ཀྱིས་གུ་ཧྱ་མུ་དྲྭ་བི་ཌཱཀྐི་ཏ་རེའི་མིང་འཛིན་གྱིས་རྟེན་འབྲེལ་བཟང་པོ་དང་བཅས་ནན་གྱིས་བསྲུང་བ་ལ་བརྟེནཿ གཅོད་ཀྱིས་བཀའ་བབས་རྣལ་འབྱོར་ཁྲག་འཐུང་དཔའ་བོས་རང་ལོ་སོ་གསུམ་ལ་ཆུ་ཕོ་འབྲུག་གི་ལོར་དག་པར་ཕབ་པས་གཅོད་ཀྱི་བཀའ་སྲུང་སྡེ་བརྒྱད་དྲེགས་པས་སྲུངས་ཤིགཿ དགེའོ། །སརྦ་མངྒ་ལཾ།། །།