དམ་པའི་གསང་ཆོས་བཅུ་གསུམ་ལསཿ ཚོགས་མཆོད་བདུད་རྩིའི་སྤྲིན་ཕུངཿ

From Khyentse Lineage - A Tsadra Foundation Project
Wylie title dam pa'i gsang chos bcu gsum las tshogs mchod bdud rtsi'i sprin phung DKYD-DZINDROL-036.pdf
Location mdo mkhyen brtse 'dzin grol
Volume 1, Text 36, Pages 357-366 (Folios 1a1 to 5b4)
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. Dam pa'i gsang chos bcu gsum las tshogs mchod bdud rtsi'i sprin phung. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 357-366. Delhi: Shechen Publications, 2020.
Genre Feast Offering - tshogs mchod - tshogs kyi 'khor lo
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
Colophon

བདག་འདྲ་དུས་མཐའི་གཏེར་སྟོན་ཁྲག་འཐུང་དཔའ་བོས་དམ་པའི་གསུང་བཞིན་དག་པར་ཕབ་པའི་ཡི་གེའི་འདུ་བྱེད་རསྨྲིའི་མིང་གིས་བྲིས་པའོ།།

bdag 'dra dus mtha'i gter ston khrag 'thung dpa' bos dam pa'i gsung bzhin dag par phab pa'i yi ge'i 'du byed rasmri'i ming gis bris pa'o//

[edit]

ྈ དམ་པའི་གསང་ཆོས་བཅུ་གསུམ་ལསཿ ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་བཞུགསཿ

བླ་མ་ཡི་དམ་མཁའ་འགྲོ་ལཿ ཞལ་ཟས་ཚོགས་མཆོད་འབུལ་བ་ནིཿ ཐབས་ཤེས་རྫས་དང་ཚོགས་གཏོར་བཤམསཿ བཟླས་པ་དངོས་གྲུབ་བླང་བའི་རྗེསཿ ཐོག་མར་ཉམས་ཆག་བཤགས་པ་ནིཿ ཧོཿ སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལཿ བདག་ནི་ཐོག་མ་མེད་པའི་དུས་ཉིད་ནསཿ མ་རིག་གཟུང་འཛིན་དབང་གྱུར་འཁོར་བར་འཁྱམསཿ དེ་ཚེ་ཉོན་མོངས་དུག་ལྔའི་སྟོབས་ཤུགས་ཀྱིསཿ མི་དགེ་སྡིག་བསགས་སོ་ཐར་བྱང་སེམས་ཀྱིཿ སྡོམ་དང་བསླབ་པ་ཉམས་ཤིང་བདག་ཏུ་བཟུངཿ རྡོ་རྗེ་སློབ་དཔོན་སྐུ་གསུང་ཐུགས་གསང་གིཿ གསང་སྔགས་དམ་ཚིག་ཉམས་འགལ་རལ་བ་ཤོརཿ བག་མེད་སྤྱོད་པ་རྩིང་བའི་གཞན་དབང་གིསཿ ཡེ་ཤེས་བསྒྲིབས་པར་གྱུར་པ་གང་མཆིས་པཿ མཐོལ་ལོ་བཤགས་སོ་ཚངས་པ་བསྩལ་དུ་གསོལཿ ལྟ་བ་རྒྱ་ཆད་ཕྱོགས་ལྷུང་སྤྲོས་དང་བྲལཿ ཉམས་དང་བཤགས་པར་བྱ་བའི་མཁན་པོ་མེད༵ཿ སྐུ་དང་ཐིག་ལེའི་ཉམས་རྩལ་རྫོགས་པ་ཡིསཿ འཁོར་འདས་མཉམ་ཉིད་དུ་མ་རོ་གཅིག༵་འདྲེསཿ གཞོན་ནུ་བུམ་སྐུའི་ནང་གདངས་ཕྱིར་གསལ་བའིཿ ཡེ་མཉམ་ཆེན་པོ་དགོངས་པའི་ཀློང་དུ་ཕྱལ༵ཿ ཡེ་ཤེས་ལྔ་ལྡན་འདུས་མ་བྱས་པའི་ངངཿ ལྷུན༵་གྱིས་གྲུབ༵་པའི་འབྲས་བུའི་བཙན་ས་ཟིནཿ ཁྱོད་ཀྱི་ཐུགས་ཀྱི་གསང་བ་འདི་རྟོགས་པསཿ སེམས་དཔའ་ཆེན་པོའི་མཆོག་ཏུ་བདག་འགྱུར་རོཿ འཿཨཿཧཿཤཿསཿམཿ གཉིས་པ་བྱིན་གྱིས་བརླབ་པ་ནིཿ བདག་ཉིད་མཁའ་འགྲོའི་སྐུར་གསལ་ཐུགས་ཀ་ནསཿ ཡེ་ཤེས་མེ་རླུང་ཆུ་གསུམ་འཕྲོས་པ་ལསཿ ཚོགས་གཏོར་རྫས་ཀྱི་མ་དག་བསྲེགས་གཏོར་བཀྲུསཿ ཨ་ལས་བྷནྡྷའི་སྣོད་མཆོག་དམ་པ་རུཿ ཟག་མེད་ཤ་ལྔ་བདུད་རྩི་ལྔའི་རང་བཞིནཿ ཡེ་ཤེས་བདུད་རྩིའི་ངོ་བོར་ལྷུན་གྱིས་གྲུབཿ རྣམ་དག་འདོད་ཡོན་ལྔ་ལྡན་སྤྲིན་ཕུང་འཁྲིགསཿ རྩ་གསུམ་དགྱེས་པ་སྐོང་བའི་ནུས་ལྡན་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ་པ་སྤྱན་འདྲེན་པ་ནིཿ ཧཱུྃཿ ལྷུན་རྫོགས་རྒྱལ་བའི་ཞིང་ཁམས་ཆེན་པོ་ནསཿ རྩ་གསུམ་རྒྱལ་བ་རབ་འབྱམས་ལྷ་ཚོགས་དངཿ ཨོ་རྒྱན་དྷུ་མ་ཐ་ལའི་ཞིང་ཁམས་དབུསཿ རིན་ཆེན་ཐོད་པ་བརྩེགས་པའི་གཞལ་ཡས་ནསཿ སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་རྩལཿ དམ་པ་རྒྱ་གར་སྐུ་གསུམ་ཀུན་འདུས་དཔལཿ མ་ཅིག་ཡེ་ཤེས་མཁའ་འགྲོ་གསང་ཡེ་མཿ ཁྲོས་མ་ལྷ་ལྔ་དཔའ་བོ་མཁའ་འགྲོའི་ཚོགསཿ ཚོགས་མཆོད་མགྲོན་ལ་སྤྱན་འདྲེན་གཤེགས་སུ་གསོལཿ གུ་རུ་དྷེ་ཝ་ཌཱཀྐི་ནཱི་བཛྲ་ས་མ་ཡ་ཛཿ དང་པོ་ཚོགས་ཕུད་འབུལ་བ་ནིཿ ཧཱུྃཿ ཞལ་ཟས་ཚོགས་ཀྱི་མཆོད་པ་དངཿ རོ་བརྒྱ་ལྡན་པའི་བདུད་རྩིའི་བཅུདཿ བླ་མ་ཡི་དམ་མཁའ་འགྲོ་ལཿ འབུལ་ལོ་དགྱེས་པར་བཞེས་སུ་གསོལཿ ག་ཎ་ཙཀྲ་པཱུ་ཛ་ཧོཿ བར་པ་བཤགས་པ་བྱ་བ་ནིཿ འདོད་ཡོན་ལོངས་སྤྱོད་དཔག་མེད་འདིཿ རིག་འཛིན་དཔའ་བོ་དཔའ་མོ་དངཿ ལས་དང་དམ་ཚིག་མཁའ་འགྲོ་མརཿ འབུལ་ལོ་དམ་ཚིག་ཉམས་ཆག་བཤགསཿ ག་ཎ་ཙཀྲ་ས་མ་ཡ་ཤུདྡྷེ་ཨཿ ཐ་མ་ཚོགས་ཀྱི་བསྒྲལ་མཆོད་ནིཿ ན་མོཿ དཀོན་མཆོག་གསུམ་དང་རྩ་བ་གསུམཿ མ་ཚོགས་མཁའ་འགྲོའི་བདེན་སྟོབས་ཀྱིསཿ བསྟན་དང་འགྲོ་ལ་འཚེ་བ་ཡིཿ དམ་ཉམས་དགྲ་བོའི་བླ་སྲོག་རྟེནཿ རྣམ་པར་ཤེས་པ་ཚོགས་ཐ་མཿ རཱུ་པ་འདི་ལ་མྱུར་དུ་ཁུགཿ ནྲྀ་ཨཾ་ཀུ་ཤ་ཡ་ཛཿ ཁྲོ་མོ་འབར་བའི་མཚོན་ཆ་ཡིསཿ དགྲ་བོ་བླ་སྲོག་རྟེན་དང་ཕྲོལཿ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་སྒྱུརཿ ཤ་ཟ་མཁའ་འགྲོ་ཤུགས་འགྲོ་དངཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལཿ མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོདཿ མཱཾ་ས་རཀྟ་ཙིཏྟ་ཀེཾ་ནི་རི་ཏི་ལ་ཁཱ་ཧཱིཿ ཐུགས་དམ་བསྐང་བའི་རིམ་པ་ནིཿ ཧྲཱིཿ ཀུན་བཟང་རྡོ་རྗེ་འཆང་ཆེན་ནས་བཟུང་སྟེཿ པདྨ་ཐོད་ཕྲེང་དམ་པ་རྒྱ་གར་བཿ བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་བཅསཿ ཡེ་ཤེས་མཁའ་འགྲོའི་གཙོ་མོ་གསང་ཡེ་མཿ མ་ཅིག་ལས་ལ་དབང་བསྒྱུར་ཞིང་ཁམས་གཙོཿ རྡོ་རྗེ་ཕག་མོ་ཁྲོས་མ་ལྷ་ལྔ་མཿ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་བའི་རྫསཿ སྣང་སྲིད་རྣམ་དག་ཀུན་བཟང་མཆོད་པའི་སྤྲིནཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགསཿ ག་ཎ་ཙཀྲ་ཚོགས་ཀྱི་ལོངས་སྤྱོད་དངཿ མཉམ་སྦྱོར་ཡེ་ཤེས་བདེ་བ་ཆེན་པོའི་རོཿ ཏིང་འཛིན་དམིགས་པའི་ཆོ་འཕྲུལ་དཔག་མེད་ཀྱིསཿ དགོངས་བརྡ་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐངཿ ཕ་ཅིག་དམ་པ་རྒྱ་གར་ཐུགས༴ མ་ཅིག་ཌཱཀྐིའི་ཚོགས་ཀྱི་ཐུགས༴ ཨ་མ་ལབ་ཀྱི་སྒྲོན་མའི་ཐུགས༴ ཡི་དམ་ཁྲོས་མ་ལྷ་ལྔའི་ཐུགས༴ ལས་མཛད་མཁའ་འགྲོ་ཤུགས་འགྲོའི་ཐུགས༴ ཤ་ཟ་འཇིག་རྟེན་མཁའ་འགྲོའི་ཐུགས༴ དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས༴ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཐུགས༴ མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས༴ སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས༴ ལྟ་བ་བློ་བྲལ་ཆེན་པོས་ཐུགས༴ སྒོམ་པ་གཏད་མེད་རྒྱ་ཡན་ཐུགས༴ སྤྱོད་པ་རིག་སྟོང་བློ་འདས་ཐུགས༴ འབྲས་བུ་རེ་དོགས་བྲལ་བས་ཐུགས་དམ་བསྐངཿ བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལཿ རྗེས་སུ་ལྷག་མ་བསྔོ་བ་ནིཿ པཉྩ་ཨ་མྲྀཏ་ཧ་ཧོ་ཧྲཱིཿ ལྷག་གཏོར་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ནང་རོལ་དང་བཅས་པ་རོ་ནུས་ཕུན་སུམ་ཚོགས་པར་གྱུརཿ བྷྱོཿ རབ་ཏུ་འཇིགས་པའི་དུར་ཁྲོད་ནསཿ རོ་ལངས་མ་དང་ཤ་ཟ་མཿ ཤ་ལ་གདུང་ཞིང་ཁྲག་ལ་རྔམསཿ མི་ལྤགས་གཡང་གཞི་གོས་སུ་གྱོནཿ སྣུམ་དང་ཁྲག་གི་ཐིག་ལེས་བརྒྱནཿ ཕ་འབབ་ཚོགས་ལྷག་ཤ་ཁྲག་རོལཿ རྣལ་འབྱོར་པ་ཡི་དྲོད་མ་ཉུལཿ དགྲ་བོ་བརླག་པའི་ཕྲིན་ལས་མཛོདཿ ཨུཙྪིཥྚ་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧཱིཿ སླར་ཡང་ཚོགས་ལྷག་ཕྱི་རོལ་དོརཿ ཨོཾ་ཨཱཿཧཱུྃཿ རྣལ་འབྱོར་ཚོགས་ཀྱི་ལྷག་མ་ནིཿ བཟའ་བཏུང་ལོངས་སྤྱོད་མི་ཟད་གཏེརཿ ལན་ཆགས་སྙིང་རྗེའི་མགྲོན་གྱུར་ལཿ མྱོང་གྲོལ་བདུད་རྩིར་བསྒྱུར་ཏེ་སྦྱིནཿ དགའ་མགུ་ཡི་རང་ཀུན་ཚིམས་ནསཿ བྱང་ཆུབ་སེམས་དང་ལྡན་པར་ཤོགཿ གཏོར་མ་ཤ་ཁྲག་རྒྱན་ལྡན་པཿ བྱིན་གྱིས་བརླབས་ལ་འདི་སྐད་དོཿ ཧཱུྃ་ཧྲཱིཿ སྔོན་ཚེ་ཀུན་བཟང་རྟ་ཕག་ཡབ་ཡུམ་དངཿ པདྨ་ཐོད་ཕྲེང་གྲུབ་བརྙེས་དམ་པ་ཡིཿ སྤྱན་སྔར་ཁས་བླངས་དམ་བཅས་སྲུང་མའི་ཚོགསཿ མ་མགོན་འབར་མ་གིང་ཆེན་དུར་ཁྲོད་བདགཿ གཟའ་བདུད་ནག་པོ་སྤུ་གྲི་མཆེད་གསུམ་སོགསཿ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་ལོངསཿ སྔོན་གྱི་ཁས་བླངས་དམ་ལས་མ་འདའ་བརཿ འཛིན་པ་རང་གྲོལ་ཞི་བྱེད་གདམས་པ་སྐྱོངསཿ སྒྲུབ་པ་པོ་ཡི་མེལ་ཚེ་རྒྱབ་རྟེན་དངཿ ཕྲིན་ལས་གང་བཅོལ་ཐོགས་མེད་འགྲུབ་པར་མཛོདཿ ཅེས་བརྗོད་སླར་ཡང་གཏེར་སྲུང་ལཿ གཏོར་མ་གསེར་སྐྱེམས་བཅས་འབུལ་ཞིངཿ ཧྲཱིཿ དམ་ཚིག་ལྡན་པའི་གཏེར་སྲུང་མཐུ་བོ་ཆེཿ དགེ་བསྙེན་ཀླུ་བདུད་གཉན་ཆེན་སྡེ་བཞི་དངཿ གནོད་སྦྱིན་བོད་ཁམས་སྐྱོང་བ་བརྟན་མའི་ཚོགསཿ དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལཿ ཞི་གཅོད་བྱིན་རླབས་ཚན་ཁ་ཆེ་བ་དངཿ བསྟན་པ་འཕེལ་རྒྱས་རྒྱལ་ཁམས་བདེ་ཞིང་སྐྱིདཿ ཐ་ཚིག་དམ་ལས་མ་འདའ་ལས་སྒྲུབས་ཤིགཿ གཏོར་གཞོང་སྦུབས་ལཿ ལས་གཤིན་ཆུ་སྲིན་གདོང་ཅན་ཁ་གདངས་པརཿ དགྲ་བགེགས་དམ་སྲི་སྒབ་འདྲེ་ཀུན་གཏད་དོཿ ནམ་ཞིག་བྱང་ཆུབ་སེམས་མཆོག་མ་སྐྱེས་བརཿ ནམ་ཡང་མ་གཏང་འཁོར་བར་མི་འཁྱམས་པརཿ སྟོང་ཉིད་བྱང་ཆུབ་སེམས་ཀྱི་རྒྱས་གདབ་བོཿ སྟྭཾ་བྷ་ཡ་ནནཿ མཇུག་བསྡུ་བ་ནིཿ བླ་མ་ཡི་དམ་མཁའ་འགྲོ་ལཿ ཕྱི་ནང་གསང་བའི་མཆོད་པ་འབུལཿ ཡོན་ཏན་རྗེས་སུ་དྲན་པ་ཡིསཿ སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོདཿ ཐེ་ཚོམ་རྣམ་རྟོག་གཉིས་འཛིན་བཤགསཿ དག་ཚངས་ཆེན་པོའི་དངོས་གྲུབ་སྩོལཿ ཡི་གེ་བརྒྱ་པ་དག་པར་བརྗོདཿ སྣོད་བཅུད་འོད་ཞུ་བདག་ལ་ཐིམཿ རང་ཉིད་རིགས་བདག་བླ་མར་བསྡུཿ བླ་མ་མི་དམིགས་འཇའ་ལྟར་ཡལཿ སྤྲོས་བྲལ་ཆོས་སྐུའི་ངང་དུ་བལྟཿ སླར་ཡང་རིག་རྩལ་དོན་གྱི་ལྷཿ མཁའ་འགྲོ་མ་རུ་ལམ་གྱིས་གསལཿ སྙིང་དབུས་མ་བཅོས་རིག་པའི་ཀློངཿ དམ་པ་རྒྱ་གར་བླ་མའི་སྐུཿ བྱང་ཆུབ་བར་དུ་འབྲལ་མེད་བསྟེནཿ དགེ་བ་འདི་ཡིས་མྱུར་དུ་བདགཿ བླ་མ་མཁའ་འགྲོ་འགྲུབ་གྱུར་ནསཿ མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུནཿ བླ་མའི་ཞིང་དུ་འདྲེན་པར་ཤོགཿ ཁམས་གསུམ་ཟིལ་གནོན་བླ་མའི་སྐུཿ སྐྱེ་བ་མེད་པའི་བཀྲ་ཤིས་ཤོགཿ བདེན་ཚིག་གྲུབ་པ་བླ་མའི་གསུངཿ འགག་པ་མེད་པའི་བཀྲ་ཤིས་ཤོགཿ མཁྱེན་གཉིས་ཡེ་ཤེས་བླ་མའི་ཐུགསཿ བརྗོད་མེད་བློ་འདས་བཀྲ་ཤིས་ཤོགཿ ཡངས་པའི་རྒྱལ་ཁམས་འདི་ཉིད་ལཿ བདེ་སྐྱིད་རྫོགས་ལྡན་བཀྲ་ཤིས་ཤོགཿ བསྟན་པ་མི་ནུབ་མཐའ་རྒྱས་ཤིངཿ ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོགཿ ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་འདིཿ བདག་ཉིད་དམ་པ་ནག་པོ་ཡིསཿ རིགས་ཀྱི་སྲས་མོའི་དོན་དུ་བཀོདཿ མ་འོངས་སྤྲུལ་པར་ཕྲད་ནས་ཀྱངཿ འགྲོ་དོན་སྤྱོད་པའི་ཆ་ལག་ཏུཿ བྱིན་རླབས་ཚན་ཁ་ཆེ་བར་ཤོགཿ བཀའ་འདི་གིང་ཆེན་སྡེ་བཞིས་སྲུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ བདག་འདྲ་དུས་མཐའི་གཏེར་སྟོན་ཁྲག་འཐུང་དཔའ་བོས་དམ་པའི་གསུང་བཞིན་དག་པར་ཕབ་པའི་ཡི་གེའི་འདུ་བྱེད་རསྨྲིའི་མིང་གིས་བྲིས་པའོ།། །།