བཀྲ་ཤིས་ལྗོངས་ཀྱི་གནས་ཡིག་ཟིན་ཐུན །བདེ་ཆེན་ཐིག་ལེ་གཅིག་གི་རོལ་པ་སོགས།

From Khyentse Lineage - A Tsadra Foundation Project
DKR-KABUM-22-ZA-022
Wylie title bkra shis ljongs kyi gnas yig zin thun /bde chen thig le gcig gi rol pa sogs DKR-KABUM-22-ZA-022.pdf
Location dil mgo mkhyen brtse bka' 'bum
Volume 22, Text 22, Pages 191-195 (Folios 1a1 to 5a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bkra shis ljongs kyi gnas yig zin thun bde chen thig le gcig gi rol pa sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 191-195. Delhi: Shechen Publications, 1994.
Genre Pilgrimage Guides - gnas yig
Colophon

།ཅེས་པའང་དྭགས་རྙིང་བསྟན་པའི་ཤིང་རྟ་ཚད་མའི་སྐྱེས་བུ་སྐྱབས་རྗེ་མདོ་ཁམས་བརྒྱད་པ་རིན་པོ་ཆེ་དང༌། ཉེ་གནས་འབྲོང་སྤྲུལ་ངག་དབང་ཕྲིན་ལས་བློ་གྲོས། སྒྲུབ་བརྩོན་འཇམ་དཔལ་ཞི་ཁྲོའི་རྣལ་འབྱོར་ཕྲིན་ལས་བློ་གྲོས་དཔོན་སློབ་ནས་ལྷ་རྫས་ཀྱི་རྟེན་དང་བཅས་ཏེ་ཡང་ཡང་གསུང་གིས་བསྐུལ་བ་བཞིན་དུས་གསུམ་ཀུན་མཁྱེན་པདྨའི་གདུང་འཚོབ་གར་དབང་བདེ་ཆེན་མདོ་སྔགས་གླིང་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།།

/ces pa'ang dwags rnying bstan pa'i shing rta tshad ma'i skyes bu skyabs rje mdo khams brgyad pa rin po che dang*/_nye gnas 'brong sprul ngag dbang phrin las blo gros/_sgrub brtson 'jam dpal zhi khro'i rnal 'byor phrin las blo gros dpon slob nas lha rdzas kyi rten dang bcas te yang yang gsung gis bskul ba bzhin dus gsum kun mkhyen pad+ma'i gdung 'tshob gar dbang bde chen mdo sngags gling pas bris pa don dang ldan par gyur cig_/shrI bi dza yan+tu//

[edit]
བདེ་ཆེན་ཐིག་ལེ་གཅིག་གི་རོལ་པ་ལས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གྱིས། །སྲིད་ཞིའི་དགེ་ལེགས་དཔལ་གྱི་ཆར་འབེབས་མཛད། །བླ་མ་རྩ་གསུམ་རྒྱ་མཚོས་ཤིས་པར་མཛོད། དེ་ཡང་སངས་རྒྱས་རྣམས་ཀྱི་ཕྲིན་ལས་གདུལ་བྱའི་ཡུལ་ལ་འཇུག་པའི་ཚེ། ཐོག་མར་ཞིང་ཁམས་ཀྱི་སྒྲོན་མ་བཀོད་པར་མཛད་པ་ལས་བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་མཆོག་གི་སྤྲུལ་པའི་སྐུ་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་འཛམ་བུའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར་བའི་ཕྱིར་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འགྲོ་བ་འདུལ་བའི་སྐབས་སུ་བབ་པ་ན་མི་མཇེད་འཇིག་རྟེན་གྱི་བྱེ་བྲག་འཛམ་བུའི་གླིང་འདིར་ཡང་ཐུན་མོང་གི་དབང་དུ་བྱས་ན་ཐོག་མར་སྐུ་འཁྲུངས་པ་དང༌། མངོན་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་འདས་པ་ལ་སོགས་པའི་མཛད་པ་རྨད་དུ་བྱུང་བ་བསྟན་པའི་གནས་དེ་དག་ལ་སངས་རྒྱས་རྗེས་སུ་དྲན་པས་གནས་དེར་ཕྱག་འཚལ་བ་དང༌། མཆོད་པ་འབུལ་བ་དང༌། ངལ་བས་བསྐོར་བ་སོགས་བྱས་པའི་ཕན་ཡོན་ཚད་མེད་པར་མདོ་སྡེ་རྣམས་ལས་གསུང་པ་དང༌། །ཐུན་མིན་གྱི་བཤད་ཚུལ་ལྟར་ན་བདག་ཅག་གི་སྟོན་པས་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་གསང་བ་བསྟན་པའི་ཚེ། འཛམ་བུའི་གླིང་འདིར་དཀྱིལ་འཁོར་གྱི་གཙོ་བོ་བདེ་མཆོག་ཡབ་ཡུམ་དང་ཐུགས་གསུང་སྐུ་ཡི་འཁོར་ལོ་བཞིའི་དཔའ་བོ་རྣལ་འབྱོར་མའི་དཀྱིལ་འཁོར་སྤྲུལ་པ་མ་བསྡུས་པ་ད་ལྟའང་འཛམ་གླིང་འདིར་བཞུགས་པས་སྔགས་ཀྱི་དངོས་གྲུབ་བརྙེས་པ་དུ་མ་འབྱུང་བའི་རྒྱུ་མཚན་གསུངས་པ་དང༌། ཁྱད་པར་བོད་གངས་ཅན་ལྗོངས་སུ་ཡང་རི་བྲག་ཐམས་ཅད་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྐུ་དང་ཞིང༌། རིག་སྔགས་ཀྱི་བཀོད་པས་འགྲོ་བ་འདུལ་བའི་སངས་རྒྱས་ཀྱིས་མཛད་པ་སྒྲུབ་པ་མདོ་ཟ་མ་ཏོག་བཀོད་པ་ལས་གསུངས་པ་བཞིན། སློབ་དཔོན་སངས་རྒྱས་གཉིས་པས་གངས་ཅན་མཐའ་དབུས་ཀྱི་རི་བྲག་མཚོ་གསུམ་དུ་ཟབ་གཏེར་བསམ་མི་ཁྱབ་པས་རྒྱས་བཏབ་ནས་སྒྲུབ་པའི་གནས་སུ་བྱིན་རླབས་སྤྲུལ་པའི་རྗེ་འབངས་པཎ་གྲུབ་རྒྱ་མཚོའི་བསྐལ་པ་སྐད་ཅིག་དང༌། སྐད་ཅིག་བསྐལ་པར་བསྒྱུར་བའི་རྫུ་འཕྲུལ་གྱིས་སྒྲུབ་པ་དང་ཚོགས་སྒྲུབ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པས་གདོད་ནས་གྲུབ་པའི་རྡོ་རྗེའི་གནས་དང་ཐ་མི་དད་པར་བྱིན་གྱིས་བརླབས། དུས་དང་དུས་སུ་སྤྲུལ་པའི་སྐྱེས་བུ་རིམ་པར་བྱོན་པས་གནས་ཞལ་ཕྱེས་ཤིང༌། ཟབ་གཏེར་སྤྱན་དྲངས་སྒྲུབ་པའི་གནས་སུ་མཛད་པས་བསྟན་འགྲོའི་དགེ་མཚན་ཅིར་ཡང་རྒྱས་པ་ནི། སྣང་སྲིད་ཐམས་ཅད་ཡེ་སངས་རྒྱས་པ་ཆོས་སྐུའི་དཀྱིལ་འཁོར་གཅིག་ཏུ་ཆོས་ཉིད་བདེ་བ་ཆེན་པོའི་ཐིག་ལེར་དུ་མ་རོ་གཅིག་ཏུ་དག་པ་ཆོས་ཉིད་ངོ་བོའི་གྲུབ་པ་རིན་པོ་ཆེའི་ཁམས་ཀྱི་རྡོ་ལྟ་བུ་ལ། ཕུང་ལྔ་རིགས་ལྔ། ཁམས་ལྔ་ཡུམ་ལྔ། དུག་ལྔ་ཡེ་ཤེས་ལྔ་གནས་སྣང་གཉིས་ཀ་དག་ཆོས་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོར་སྣང་གྲགས་རིག་པ་ལྷ་སྔགས་ཆོས་ཉིད་ཀྱི་རྣམ་རོལ་དུ་མཉམ་པ་ཆེན་པོ་ཆོས་ཅན་རང་བཞིན་གྱིས་གྲུབ་པ་རྡོ་ལྟར་དག་མ་དག་གང་ལྟར་སྣང་བའི་དུས་ནས་རྡོ་ཉིད་རིན་པོ་ཆེའི་རང་གཤིས་ལས་ཉམས་པ་མེད་པའི་གནས་ཚུལ་ནུས་པའི་མཐུས་གྲུབ་པ་དང་མངོན་སུམ་སྣོད་བཅུད་རྒྱུད་གསུམ་སྐུ་དང་ཡེ་ཤེས་ཆེན་པོ་ཉག་གཅིག་ཏུ་གཟིགས་པའི་འཕགས་པས་རང་གི་གཟིགས་སྣང་དང་མཐུན་པར་རྡོ་རྗེའི་ཡེ་ཤེས་ཀྱི་ཟིལ་གྱིས་དག་པའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་བཀོད་པ་འཆར་བའི་ལྕགས་ཁམས་གསེར་འགྱུར་གྱིས་རིན་པོ་ཆེའི་ཁམས་སུ་བསྒྱུར་བ་བཞིན་བྱིན་གྱིས་བརླབས་ཏེ་གྲུབ་པ་བཞི་དང་ལྡན་པས། རྡོ་སྨན་གྱི་ཁུ་བས་བཀྲུས་ཤིང་བཞུས་པས་རིན་པོ་ཆེའི་ཁམས་སུ་གྱུར་ཏེ་རྒྱན་དུ་བཀླུབས་འོས་པ་ལྟར་གནས་སྣང་གཉིས་ཀ་དག་པ་རྡོ་རྗེའི་གནས་སུ་གྲུབ་པས་གནས་དེར་བསྙེན་སྒྲུབ་བྱས་པ་ཐམས་ཅད་ལ་མཆོག་ཐུན་གྱི་དངོས་གྲུབ་བར་ཆད་མེད་ཅིང་བདེ་བླག་ཏུ་ཐོབ་པའི་ཆེ་བ་ལྡན་པ་གསར་རྙིང་ཀུན་ལ་ཡོངས་སུ་གྲགས་པ་བཞིན། འཕགས་ཡུལ་ལྷོ་ཕྱོགས། རྔ་ལེན་གྱི་ཡུལ། འགྲན་ཟླ་དང་བྲལ་བའི་རྡོ་རྗེའི་གནས་ཆེན་པོ་ཛ་ལནྡྷ་ར་དང༌། ཛྭ་ལ་མུ་ཁ། ཟ་ཧོར་གྱི་ཡུལ་སོགས་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་ཅིང༌། རིག་འཛིན་དང་མཁའ་འགྲོ་རྒྱ་མཚོའི་གཙོ་མཆོག །འཛམ་གླིང་དུ་ཉི་ཟླ་ལྟར་གྲགས་པ་རྣམས་ཀྱི་བྱིན་གྱིས་བརླབས་ཏེ་བྱོན་བཞུགས་མཛད་པའི་ཕྱག་རྟགས་ཀྱིས་རེ་ཁཱ་ད་ལྟའང་མ་ཉམས་པར་གསལ་བའི་བྱེ་བྲག་འདིར་དད་དང་མོས་ཞེན་གྱིས་གནས་འབྲེལ་ལ་ལྷགས་པའི་ཚེ། མཚོ་པདྨ་ཅན་ཉིད་ཆེ་མཆོག །ཛ་ལནྡྷ་ར་ཡང་དག་སོགས་སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་ཞིང་ཁམས་རྒྱ་མཚོའི་བཀོད་པ་དངོས་སུ་བཞུགས་པས་བྱིན་གྱིས་བརླབས་པའི་འཁྲུལ་རྟོག་གི་སྣང་ཆར་གསལ་བ་བཞིན། སྐྱེས་ཆེན་འཕགས་པ་འི་རང་བཞིན་དག་པའི་ཡོན་ཏན་ནོར་བུའི་མཛོད་ཀྱིས་གཏམས་པའི་སྐྱབས་རྗེ་རྡོ་རྗེ་འཆང་མདོ་ཁམས་བརྒྱད་པའི་ཐུགས་བསྐྱེད་ཀྱི་རང་གཟུགས་བྃཀྲ་ཤིསྃ་ཕྱག་རྒྱའི་རེ་ཁཱ་མཛེས་པར་བཀྲ་བའི་ལྗོངྃས་འདི་ཡང་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་གྱི་ཚོམ་བུ་དངོས་སུ་བཞུགས་པ་འཁྲུལ་སྣང་བྱུང་བ་བཞིན་དམ་པ་སྟོན་འཁོར་གྱིས་བཀས་བསྐུལ་ཏེ་གནས་ཡིག་ཚིགས་བཅད་དུ་བྲིས་པ་བཞིན་སྟེང་ཕྱོགས་སུ་འཇམ་དཔལ་ཆོས་དབྱིངས་གསུང་དབང་ཕྱུག་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་རབ་འབྱམས་སུ་གསལ་བ་ནི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་སྟེ། འདིའི་མཚན་དང་སྐུ་ཡི་བཀོད་པ་དཔལ་དུས་ཀྱི་འཁོར་ལོ་དང༌། འཇམ་དཔལ་གསང་ལྡན། གསང་འདུས་འཇམ་པའི་རྡོ་རྗེ་སོགས་དུ་མ་གསར་རྙིང་ཀུན་ལ་གྲགས་པ་དང༌། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་རྡོ་རྗེའི་བསྟན་དོན་ལྟར་རིགས་དྲུག་གི་དཀྱིལ་འཁོར་དུ་གསུངས་པ་བཞིན་གནས་འདིའི་རི་རྩེར་སྐུ་རྒྱལ་བ་རྟག་པ་འཇམ་དཔལ་གཞོན་ནུ་དང༌། གཡས་ཕྱོགས་ཀྱི་བྲག་རིའི་ཕྲེང་བ་གསུང་གར་གྱི་དབང་ཕྱུག་སྨྲ་བའི་སེང་གེ་དང༌། གཡོན་ཟུར་གྱི་ལྷུན་པོ་ཐུགས་མི་བསྐྱོད་རྡོ་རྗེ་ཡེ་ཤེས་སེམས་དཔའ། དེའི་འོག་སྨན་ཤིང་རྒྱས་པའི་རི་བོ་ཡོན་ཏན་རྡོ་རྗེ་ཉི་མ་འཇམ་དཔལ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར། གཤམ་གྱི་བྲག་རོང་ཕྲིན་ལས་རྟ་ཡི་རྒྱལ་པོ་འཇམ་དཔལ་དོན་ཀུན་གྲུབ་པ་དང༌། འཇམ་དཔལ་ཁྲོ་བོའི་དབང་དུ་བྱས་ན་གཤེགས་རིགས་ཀྱི་ཁྱབ་བདག་ཕྱག་རྒྱ་ཟིལ་གནོན། རྡོ་རྗེའི་རིགས་འཆར་ཁ། རིན་ཆེན་རིགས་ཁ་ཐུན། པདྨའི་རིགས་གཤེད་དམར། ལས་རིགས་ཁྲོ་ཆུ་དང༌། ཀིང་ཀང་དམར་ནག་གཙོ་བོར་གསུངས་པ་སྟེ་དཀྱིལ་འཁོར་གྱི་ལྷ་ཚོགས་དེ་དག་བཞུགས་པའི་རྟགས་སུ་ཨ་དྷཱིཿཡཿསོགས་ས་བོན་དང༌། ཕྱག་མཚན་རང་བྱོན་དུ་གསལ་བ་སོགས་ཡོད་སྲིད་ཀྱང་འོལ་ཚོད་ཀྱིས་འགོད་པར་མ་ནུས་ཤིང༌། མདོར་ན་སངས་རྒྱས་ཀྱི་ཐུགས་རྗེའི་བྱིན་རླབས་ཉིད་དད་པ་ཅན་ལ་ཁྱད་པར་དུ་འཇུག་པར་ངེས་པ་ཅན་ཡིན། དཔལ་ལྡན་ཕུན་ཚོགས་ཆོས་འཁོར་གླིང་གི་གནས་ཆེན་བྱིན་འབེབས་དང་སྒྲུབ་སྡེ། གཟིམས་ཆུང༌། གྲྭ་གཤག །གཙུག་ལག་ཆེན་པོ་དང་བཅས་པའི་མཐའ་བསྐོར། གཙུག་ལག་ཁང་ནང་བསྐོར་སོགས་ལ་བསྐོར་བ་དང༌། ཕྱག་འཚལ་མཆོད་འབུལ་དང་བཅས་པས་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་ཐམས་ཅད་འདིར་མངོན་སུམ་དུ་བཞུགས་ཡོད་སྙམ་པའི་ཡིད་ཆེས་བསྐྱེད་པ་གལ་ཆེ། དེ་ལྟར་བགྱིས་ན་རྣམ་དཀར་བསོད་ནམས་ཀྱི་ཕུང་པོ་བསམ་མི་ཁྱབ་པའི་ཚུལ་ལུང་བསྟན་བཀའ་རྒྱ་མ་ལས། དེ་བཞིན་གནས་དང་གནས་ཕྲན་ལ་སོགས་དང༔ ཡུལ་དང་ཡུལ་འདྲ་སྦས་པའི་གནས་རྣམས་སུ༔ སྒྲུབ་པ་བྱས་པའི་ཡོན་ཏན་བསམ་མི་ཁྱབ༔ ཕལ་པའི་གནས་སུ་ལོ་གཅིག་བསྒྲུབས་པ་བས༔ དེ་དག་རྣམས་སུ་ཞག་གཅིག་འགྲུབ་ཐག་ཉེ༔ ཞེས་པས་མཚོན་གཏེར་ལུང་དུ་མ་ནས་དེ་དང་མཐུན་པར་གསུངས་པ་དང༌། མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་ལས་ཀྱང༌། ཕྱག་བསྐོར་བྱས་ཚད་ངན་སོང་སྐྱེ་སྒོ་གཅོད༔ བསྐུར་བསྟི་བྱས་ན་མཐོ་རིས་གནས་སུ་སྐྱེ༔ ཚོགས་འཁོར་ལན་གཅིག་བསོད་ནམས་ཚོགས་ཆེན་རྫོགས༔ ཚོགས་འཁོར་ལན་གཉིས་ལས་ཀྱི་རྣམ་སྨིན་བྱང༔ ཚོགས་འཁོར་ལན་གསུམ་ཨོ་རྒྱན་པདྨ་བདག༔ དངོས་ཉམས་རྨི་ལམ་བརྡ་ཡི་ཚུལ་དུ་མཇལ༔ ཚོགས་འཁོར་བརྒྱ་རྩས་མཁའ་སྤྱོད་གནས་སུ་སྐྱེ༔ མཆོག་ཐོབ་འདོད་ན་རྩེ་གཅིག་བསྒྲུབས་པས་འགྲུབ༔ འབྲེལ་ཚད་དོན་ལྡན་གནས་མཆོག་ཨེ་མ་ཧོ༔ ཞེས་དང་དགོངས་འདུས་ལུང་བསྟན་ལས། ལ་ལར་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ནི༔ ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རང་བྱུང་འབྱོན༔ དེ་མཐོང་ཐོས་དང་འབྲེལ་ན་ངན་སོང་མེད༔ ཕྱོགས་ནི་མ་ངེས་ཕྱོགས་མཚམས་དབུས་ལ་སོགས༔ ཉེ་རིང་མེད་ཕྱིར་ཀུན་ཏུ་འབྱོན་པར་འགྱུར༔ དེ་བཞིན་དུས་ལ་ངེས་མེད་ནམ་ཡང་འབྱོན༔ ཡུལ་ལ་ཚད་བཟུང་མེད་དེ་འཁོར་བའི་མཐའ༔ ཞེས་གསུངས་པ་དང་རྡོ་རྗེའི་གནས་ཆེན་རེ་རེ་གང་དུ་སྣང་བ་དེ་ཉིད་སྒོ་འབྱེད་པ་དང་བདག་གིར་བྱེད་པའི་ཨོ་རྒྱན་རྗེ་འབངས་དང་བཅས་པའི་སྤྲུལ་པ་རེ་རེ་འབྱུང་བར་གསུངས་ཤིང༌། དེའི་བཤད་སྒྲུབ་ཀྱི་སྡེ་བཙུགས་པས་བསྟན་འགྲོ་སྤྱི་དང༌། མ་འོངས་གནས་མཆོག་འདི་དག་ཏུ༔ གྲུབ་པའི་སྐྱེས་བུ་དུ་མ་འབྱུང༔ གཙུག་ལག་ཁང་དང་མཆོད་རྟེན་འབྱུང༔ ཞེས་སོགས་གསུངས་པ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་འབྲས་བུ་དུས་སུ་སྨིན་པ་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ལ་ཕྱག་སྐོར། མཆོད་འབུལ། བསྙེན་སྒྲུབ་ཚོགས་འཁོར་གྱི་བཟང་འབྲེལ་བགྱིས་ན་དོན་དང་ལྡན་ངེས་དང༌། མཐའ་སྐོར་རེ་ལ་བཛྲ་གུ་རུ་དང༌། འཇམ་དཔལ་ཞི་ཁྲོའི་བསྙེན་པ་དུང་འགྱུར་གསུམ། ནང་སྐོར་གཅིག་ལ་དུང་འགྱུར་རེ་རེའི་ཕན་ཡོན་ཐོབ་ངེས་དང༌། སྦྱོར་དངོས་རྗེས་གསུམ་གྱི་སེམས་བསྐྱེད་དང༌། བསྐྱེད་རྫོགས་ཀྱི་རྩིས་ཟིན་པ་ལ་དེ་ལས་ཕན་ཡོན་ཆེ་བར་འཐོབ་ངེས་པས་མོས་ལྡན་དག་གིས་མཁྱེན་པར་འཚལ་ལོ། །དད་དང་བློ་གྲོས་མངའ་བས་གསུང་བསྐུལ་བཞིན། །བསྟན་དང་འགྲོ་ལ་སྨན་པའི་ལྷག་བསམ་གྱིས། །རྣམ་དཀར་ལམ་ལ་བསྐུལ་བའི་ངག་འདིས་ཀྱང༌། །བསྟན་འགྲོའི་དགེ་མཚན་དར་རྒྱས་ཡུན་གནས་ཤོག །ཁྱད་པར་འཕགས་པའི་སྐྱེས་བུའི་ཐུགས་བསྐྱེད་ཀྱི། །རང་གཟུགས་དཔག་བསམ་ལྗོན་བཟང་དར་བབ་པ། །ལྷ་མིན་གཡུལ་ལས་རྒྱལ་ཏེ་ལུང་རྟོགས་ཀྱི། །འབྲས་བཟང་འདོད་དགུར་འཇོ་བས་མཛེས་པར་ཤོག །སྲིད་ཞི་ཀུན་ཁྱབ་འཇམ་དཔལ་ཡེ་ཤེས་སེམས། །ཕྱོགས་དུས་ཁྱོན་ཀུན་བཀྲ་ཤིས་དགེ་མཚན་གྱི། །ཉི་ཟླའི་སྣང་བས་མཛེས་པའི་བདེན་དོན་གྱིས། །དོན་གཉིས་ལྷུན་གྲུབ་དགེ་ལེགས་དཔལ་འབར་ཤོག །ཅེས་པའང་དྭགས་རྙིང་བསྟན་པའི་ཤིང་རྟ་ཚད་མའི་སྐྱེས་བུ་སྐྱབས་རྗེ་མདོ་ཁམས་བརྒྱད་པ་རིན་པོ་ཆེ་དང༌། ཉེ་གནས་འབྲོང་སྤྲུལ་ངག་དབང་ཕྲིན་ལས་བློ་གྲོས། སྒྲུབ་བརྩོན་འཇམ་དཔལ་ཞི་ཁྲོའི་རྣལ་འབྱོར་ཕྲིན་ལས་བློ་གྲོས་དཔོན་སློབ་ནས་ལྷ་རྫས་ཀྱི་རྟེན་དང་བཅས་ཏེ་ཡང་ཡང་གསུང་གིས་བསྐུལ་བ་བཞིན་དུས་གསུམ་ཀུན་མཁྱེན་པདྨའི་གདུང་འཚོབ་གར་དབང་བདེ་ཆེན་མདོ་སྔགས་གླིང་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།། །།

Footnotes

Other Information