སྟག་ལྷ་ཁྲི་བཙན་མཆེད་བརྒྱད་ཀྱི་གསོལ་མཆོད་ཕྲིན་ལས་ཐོགས་མེད།

From Khyentse Lineage - A Tsadra Foundation Project
DKR-KABUM-11-DA-016
Wylie title stag lha khri btsan mched brgyad kyi gsol mchod phrin las thogs med DKR-KABUM-11-DA-016.pdf
Location dil mgo mkhyen brtse bka' 'bum
Volume 11, Text 16, Pages 94 (Folios 1a1 to 1b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Stag lha khri btsan mched brgyad kyi gsol mchod phrin las thogs med. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 94. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Deity ge sar
Colophon

།ཅེས་བརྗོད་ལས་མཇུག་སྤྱི་ལྟར་བསྡུ། ཞེས་པའང་འཇམ་དཔལ་ཡ་མ་རཱ་ཛའི་རྣལ་འབྱོར་པ་ཕྱག་རྫོགས་ཟུང་འཇུག་གི་རྟོགས་ལྡན་ཕྲིན་ལས་བློ་གྲོས་ནས་རྟེན་བཅས་གསུང་བསྐུལ་ངོར་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་བཞེད་དོན་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག

/ces brjod las mjug spyi ltar bsdu/_zhes pa'ang 'jam dpal ya ma rA dza'i rnal 'byor pa phyag rdzogs zung 'jug gi rtogs ldan phrin las blo gros nas rten bcas gsung bskul ngor mang+ga la shrI b+hU tis bris pa bzhed don lhun gyis 'grub pa'i rgyur gyur cig

[edit]
༄༅། །སྟག་ལྷ་ཁྲི་བཙན་མཆེད་བརྒྱད་ཀྱི་གསོལ་མཆོད་ཕྲིན་ལས་ཐོགས་མེད་བཞུགས། ཨོཾ་སྭ་སྟི། ཟས་སྣ་གསང་གསུར་སོགས་འདུ་བྱས་ལ་བྱིན་གྱིས་བརླབས་ཏེ། ཀྱཻ། ཆོས་ཉིད་སྟོང་པ་ཆེན་པོའི་རྩལ། །ཆོས་ཅན་རྟེན་འབྱུང་སྒྱུ་མའི་འཕྲུལ། །འགག་མེད་ཅིར་ཡང་འཆར་བ་ལས། །ལེགས་ཉེས་སྟངས་འཛིན་ཕྲིན་ལས་མྱུར། །སྲིད་པའི་ལྷ་རབས་མཐུ་བོ་ཆེ། །སྟག་ལྷ་ཁྲི་བཙན་མཆེད་བརྒྱད་ནི། །སྐུ་མདོག་བསྐལ་པའི་མེ་ལྟར་འབར། །སྤྱན་བགྲད་མཆེ་གཙིགས་ཁྲོ་གཉེར་འཁྲུགས། །སྐུ་ལ་བེར་དམར་ཟངས་ཁྲབ་གསོལ། །ཕྱག་གཡས་བ་དན་དམར་པོ་འཕྱར། གཡོན་པས་ཞགས་པ་དགྲ་ལ་འདེབས། །དབུ་ལ་སྟག་ཞུ་བྱ་སྒྲོས་བརྒྱན། །སྐུ་ལ་སྟག་གཟིག་སློག་པ་གསོལ། །རྟ་སྨུག་རྟིང་དཀར་རྒྱན་སྟེང་འགྱིངས། །ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས། །མེ་རླུང་འཚུབས་པའི་དབུས་ན་བརྗིད། །འཁོར་དུ་རང་འདྲ་དཔག་མེད་བཅས། །དད་དང་གདུང་བས་སྤྱན་འདྲེན་ན། །གནས་འདིར་བྱོན་ལ་དགྱེས་པར་བཞུགས། །ཐུགས་དང་མཐུན་པའི་དམ་ཚིག་རྫས། །ཅིར་ཡང་འཆར་བས་དགྱེས་པར་བསྐང༌། །འགལ་འཁྲུལ་ཉམས་ཆགས་མཐོལ་ཞིང་བཤགས། །འགོ་བའི་ལྷ་མཆོག་ཆེན་པོ་རྣམས། །གུ་རུའི་རྒྱལ་ཚབ་མཁས་གྲུབ་དབང༌། །སྐལ་བཟང་དོན་བརྒྱུད་ཉི་མ་ཡི། །སྤྱན་སྔར་ཁས་བླང་དམ་བཅས་བཞིན། །བསྟན་འགྲོའི་བདེ་སྐྱིད་འཕེལ་བ་དང༌། །ཁྱད་པར་དཔལ་ལྡན་དབྱར་རྔ་པའི། །ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་བསྒྲེངས། །བསྟན་འཛིན་སྐྱེས་བུའི་ཕྲིན་ལས་སྒྲུབས། །དགེ་འདུན་འདུས་པའི་ཐུགས་མཐུན་ཞིང༌། །བཤད་སྒྲུབ་སྤང་རྟོགས་གོང་འཕེལ་མཛོད། །བསྟན་པའི་སྦྱིན་བདག་མི་ནོར་སྲུངས། །སྣོད་བཅུད་དགེ་བཅུའི་དཔལ་གྱིས་མཐོ། །བདེ་སྐྱིད་དབྱར་མཚོ་བཞིན་དུ་རྒྱས། །ཆོས་བཞིན་སྤྱོད་པའི་གང་ཟག་ལ། །འགལ་རྐྱེན་ཕྱི་ནང་བར་ཆད་སྲུངས། །མཐུན་རྐྱེན་ཇི་ལྟར་བསམ་པ་སྒྲུབས། །མདོར་ན་ཡིད་ལ་གང་དྲན་པའི། །དོན་ཀུན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་བརྗོད་ལས་མཇུག་སྤྱི་ལྟར་བསྡུ། ཞེས་པའང་འཇམ་དཔལ་ཡ་མ་རཱ་ཛའི་རྣལ་འབྱོར་པ་ཕྱག་རྫོགས་ཟུང་འཇུག་གི་རྟོགས་ལྡན་ཕྲིན་ལས་བློ་གྲོས་ནས་རྟེན་བཅས་གསུང་བསྐུལ་ངོར་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་བཞེད་དོན་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག

Footnotes

Other Information