སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རིང་ལུགས་ལས་བྱོན་པའི་རྩ་གསུམ་ཆོས་སྲུང་གི་གསོལ་མཆོད་འདོད་འབྱུང་དཔལ་གྱི་ཆར་འབེབས།

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-048
Wylie title sgrub brgyud shing rta chen po brgyad kyi ring lugs las byon pa'i rtsa gsum chos srung gi gsol mchod 'dod 'byung dpal gyi char 'bebs DKR-KABUM-10-THA-048.pdf
Location dil mgo mkhyen brtse bka' 'bum
Volume 10, Text 48, Pages 276-279 (Folios 1a to 4b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Sgrub brgyud shing rta chen po brgyad kyi ring lugs las byon pa'i rtsa gsum chos srung gi gsol mchod 'dod 'byung dpal gyi char 'bebs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 276-279. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Deity chos skyong
Colophon

ཞེས་ཁྱབ་བདག་གདོད་མའི་མགོན་པོ་ཀུན་གཟིགས་ཞེ་ཆེན་པ་ཆེན་པོའི་བཀའ་དྲིན་ལས་ཤིང་རྟ་ཆེན་པོ་འདི་དག་གི་ལམ་སྲོལ་ཡོངས་རྫོགས་ཀྱི་སྨིན་གྲོལ་བདུད་རྩིའི་དཔལ་ལ་སྤྱོད་པའི་སྐལ་བཟང་ཅན་འཇམ་མགོན་བླ་མ་ཡབ་སྲས་ཀྱི་བྲན་གྱི་ཐ་ཤལ་དུ་སྐྱེས་པའི་ཀུ་སཱ་ལི་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་དབང་གི་དམ་ཚིག་རྗེས་སུ་གསོ་བའི་ཆ་རྐྱེན་དུ་བྲིས་པ་རང་གཞན་དངོས་གྲུབ་ཀྱི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག །སརྦ་ཨརྠ་སིདྡྷི་ཧོ།།

zhes khyab bdag gdod ma'i mgon po kun gzigs zhe chen pa chen po'i bka' drin las shing rta chen po 'di dag gi lam srol yongs rdzogs kyi smin grol bdud rtsi'i dpal la spyod pa'i skal bzang can 'jam mgon bla ma yab sras kyi bran gyi tha shal du skyes pa'i ku sA li 'gyur med theg mchog bstan pa'i rgyal mtshan gyis dbang gi dam tshig rjes su gso ba'i cha rkyen du bris pa rang gzhan dngos grub kyi dpal la spyod pa'i rgyur gyur cig__/sarba ar+tha sid+d+hi ho//

[edit]
སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རིང་ལུགས་ལས་བྱོན་པའི་རྩ་གསུམ་ཆོས་སྲུང་གི་གསོལ་མཆོད་འདོད་འབྱུང་དཔལ་གྱི་ཆར་འབེབས་ཞེས་བྱ་བ་བཞུགས།།

ཨོཾ་སྭསྟི། གཙང་མའི་ཟས་སྣ་འབྲུ་སྨན་རིན་པོ་ཆེ་ཕྱེ་མས་སྦགས་པའི་གཏོར་མ་དཀར་དམར་བཤམས་ཤིང༌། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ། ཧཱུྃ་ཧྲཱིཿ འོད་གསལ་དབྱིངས་ལས་ཡེ་ཤེས་ཕྱག་རྒྱའི་གར། །ཕན་བདེའི་འདོད་དགུའི་དཔལ་གྱིས་དོན་གཉིས་སྒོ། །ཡིད་བཞིན་སྩོལ་མཛད་བླ་མ་རྩ་གསུམ་ལྷ། །གང་འདུལ་ཕྲིན་ལས་རོལ་པས་གནས་འདིར་སྤྱོན། །ཆོས་དབྱིངས་ཁྱབ་བརྡལ་ཀུན་བཟང་མཆོད་པའི་སྤྲིན། །སྲིད་ཞིའི་དཔལ་འབྱོར་ལྷུན་གྱིས་གྲུབ་པ་ཡིས། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས་ཀུན་དང༌། །ཁྱད་པར་རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ། སྔ་འགྱུར་བརྒྱུད་པ་དགུ་ལྡན་རིག་པ་འཛིན། །བྱང་ཆུབ་སེམས་ཀྱི་མངའ་བདག་བཀའ་གདམས་བཤེས། །གསང་ཆེན་རྡོ་རྗེའི་ཤིང་རྟ་ས་སྐྱ་པ། །ཟུང་འཇུག་གྲུབ་པའི་སྲོལ་འབྱེད་བཀའ་བཞི་བརྒྱུད། །ས་བཅུ་རིན་ཆེན་བདུན་བརྒྱུད་ཤངས་པ་ཆེ། །མདོ་སྔགས་ཟབ་དོན་སྲོལ་འབྱེད་ཞི་གཅོད་བརྒྱུད། །ཟབ་དོན་རྒྱུད་སྡེའི་མཐའ་ཐུག་དུས་འཁོར་ལོ། །རྡོ་རྗེ་གསུམ་དང་ཟབ་མོའི་གདམས་ཁྲིད་ཀྱི། །བཀའ་སྲོལ་འདྲེན་མཛད་རྩ་བརྒྱུད་བླ་མ་མཆོད། །ཡེ་ཤེས་རྡོ་རྗེའི་དབང་གིས་སྨིན་གྲོལ་ནས། །ས་ལམ་ཉམས་རྟོགས་རྫོགས་པའི་བྱིན་རླབས་སྩོལ། །ཆོས་ཀུན་དབུ་མའི་དབྱིངས་སུ་དག་པའི་མདངས། །རྡོ་རྗེའི་ཐིག་རླུང་སེམས་ཀྱི་སྤྲིན་ཆེན་པོ། །ཕྱི་ནང་གསང་བའི་དམ་རྫས་སྨན་གཏོར་རཀ །བཅུ་དྲུག་དགའ་སྟེར་ཕོ་ཉའི་ཚོགས་རྣམས་ཀྱིས། །བྱ་རྒྱུད་རིགས་གསུམ་མངོན་བྱང་རྡོ་རྗེ་དབྱིངས། །དཔལ་རྩེ་ལ་སོགས་སྤྱོད་དང་རྣལ་འབྱོར་རྒྱུད། །ཐིག་ལེ་བཅུ་དྲུག་ཐུགས་དམ་ལྷ་བཞི་དང༌། །དགྱེས་པ་རྡོ་རྗེ་བདག་ཉིད་རྣལ་འབྱོར་མ། །འཇིགས་བྱེད་གཤིན་རྗེ་དམར་ནག་གསང་བ་འདུས། །མཱ་ཡ་གདན་བཞི་འཇམ་དཔལ་རིགས་འདུས་ལྷ། །སངས་རྒྱས་ཐོད་པ་མི་གཡོ་གཏུམ་པོ་དང༌། །མཁའ་འགྲོ་དྲྭ་བ་སྡོམ་དང་རྒྱུད་སྡེ་ལྔ། །མཁའ་སྤྱོད་དཀར་དམར་བདེ་གཤེགས་སུམ་ཅུ་གཉིས། །དུས་འཁོར་ལྷ་ཚོགས་ཁྲོ་རྒྱལ་རྡོ་རྗེ་ཤུགས། །ཕ་མ་གཉིས་མེད་རྒྱུད་སྡེ་བཞི་ཡི་ལྷ། །སྒྱུ་འཕྲུལ་ཞི་ཁྲོ་རྡོ་རྗེ་དབྱིངས་ཆེན་པོ། །ཚོགས་ཆེན་འདུས་པ་ཐེག་རིམ་དགུ་ཡི་དམ། །སྒྲུབ་ཆེན་བཀའ་བརྒྱད་དགོངས་འདུས་རྣམ་པ་གསུམ། །སྐུ་གསུམ་ཞི་དྲག་བཀའ་འདུས་ལྷ་ཚོགས་མཆོད། །སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་དབྱིངས། །མཆོག་དང་ཐུན་མོང་འདོད་དགུའི་དངོས་གྲུབ་སྩོལ། །ཐབས་ཤེས་ཨེ་ཝཾ་སྡོམ་པ་བདེ་ཆེན་སྦྱོར། །ཤུགས་སྒྲོལ་རྡོ་རྗེའི་མཚོན་གྱིས་མཐར་བྱེད་པ། །ཚར་གཅོད་རྗེས་འཛིན་བསམ་ཡས་སྒྱུ་འཕྲུལ་གྱི། །ཀུན་བཟང་རྡོ་རྗེའི་ལོངས་སྤྱོད་མི་ཟད་པས། །སྒྲོལ་མ་དཀར་སྔོན་རིགས་བྱེད་འོད་ཟེར་ཅན། །རྡོ་རྗེ་ཕག་མོ་གནས་ཡུལ་སྐྱོང་མཛད་མ། །ཁྲོས་ནག་གསང་ཡེ་འབུམ་ཕྲག་ཌཱ་ཀིའི་ཚོགས། །གདུགས་དཀར་སེང་གདོང་གནས་ཡུལ་མཁའ་འགྲོ་མཆོད༑ །བདེ་ཆེན་དགྱེས་དགུའི་གར་གྱིས་རྩེན་པ་ཡིས། །དོན་གཉིས་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །དོན་དམ་གཉིས་མེད་མཉམ་པའི་དབྱིངས་ཆེན་པོར། །ཀུན་རྫོབ་མཆོད་སྐང་རྟེན་སྒྲུབ་དམ་ཚིག་རྫས། །ཡིད་བཞིན་ལྷུན་གྱིས་གྲུབ་པའི་དག་པ་ཆེ། །ཐུགས་ལ་བཞེད་དགུ་འཆར་བའི་མཆོད་པ་འདིས། །མགོན་པོ་གྲི་གུག་ཛམ་དཀར་ཡ་མཱ་རི། །གུར་ཞལ་ལྕམ་དྲལ་དམག་ཟོར་དུར་ཁྲོད་བདག །ཕྱག་བཞི་བེར་ཆེན་དུད་སོལ་དཔལ་ལྷ་མོ། །མྱུར་མཛད་ཡེ་ཤེས་མགོན་པོ་དཀར་མཐིང་ཟུང༌། །ཨ་གྷོ་ར་དང་བིང་དམར་ཟངས་རི་བཙན། །སྡེ་དྲུག་སྲུང་མ་དྲུག་ཅུ་རྩ་བཞི་དང༌། །ལེགས་ལྡན་ཕྱག་བཞི་མ་ནིང་ཞལ་སྔགས་སྲུང༌། །ལྷ་ཆེན་ཁྱབ་འཇུག་རྣམ་སྲས་ཞིང་སྐྱོང་མ། །གནོད་སྦྱིན་ཤན་པ་སྲོག་སྒྲུབ་ཚེ་རིང་མ། །གཡུ་སྒྲོན་བརྟན་མ་རྒྱལ་ཆེན་སྐུ་ལྔ་དང༌། །ཕུར་སྲུང་བཅུ་གཉིས་སྡེ་དཔོན་སུམ་ཅུ་དང༌། །སྔགས་བདག་བཅོ་བརྒྱད་ཟབ་གཏེར་སྲུང་མཛད་སོགས། །བཀའ་གཏེར་ཆོས་སྲུང་རྩ་བརྒྱུད་བླ་མ་ཡི༑ །བཀའ་སྒོས་ཆོས་ཀྱི་གཉེར་འཛིན་མཐའ་དག་མཆོད། །སྒྲུབ་མཆོག་རྗེས་སྐྱོང་རྡོ་རྗེའི་གཡར་དམ་གྱིས། །བསྟན་མཆོག་ལེགས་སྲུང་རྣལ་འབྱོར་མེལ་ཚེས་སྐྱོབས། །ཚོགས་གཉིས་དགའ་སྟོན་ལས་འཆར་འདོད་དགུའི་གཏེར། །སྲིད་ཞིའི་ཕུན་ཚོགས་ཕན་བདེའི་ཆར་འབེབས་པས། །རྣམ་སྲས་རིགས་གསུམ་ཛཾ་ལྷ་རིགས་ལྔ་དང༌། །ལྷ་ཀླུ་མི་དང་གནོད་སྦྱིན་ནོར་གྱི་བདག །རྟ་བདག་མཆེད་བརྒྱད་དཔལ་ལྷ་གྲོགས་མོ་བརྒྱད། །ཀུན་འཁྱིལ་མཆེད་གསུམ་ཨ་པར་ཛི་ཏ་སོགས། །རིན་ཆེན་གཏེར་འཆང་རྒྱ་མཚོའི་ཚོགས་ཀུན་དང༌། །དཔལ་མགོན་བདུན་ཅུ་སྤར་སྨེ་ལོ་ཟླ་ཞག །བརྟན་མ་བཅུ་གཉིས་དགེ་བསྙེན་ཉེར་གཅིག་དང༌། །གཉན་ཆེན་སྡེ་བཞི་གནས་བདག་དཀར་ཕྱོགས་མཆོད། །སྟོན་པའི་སྤྱན་སྔར་ཞལ་བཞེས་མ་བསྙེལ་བར། །དཀར་ཕྱོགས་དབུ་འཕང་བསྟོད་ཅིང་དཔལ་ཀུན་སྩོལ། །ངོ་བོ་ཐིག་ལེ་གཅིག་གི་ཆོ་འཕྲུལ་ལས། །རྣམ་རོལ་མ་འགགས་མཆོད་པའི་ཕྱག་རྒྱ་ཆེ། །བདེ་ཆེན་མཆོག་ཏུ་མི་འགྱུར་དབྱིངས་ཆེན་པོའི། །སྒྱུ་འཕྲུལ་རྒྱ་མཚོའི་བཀོད་པ་རྨད་བྱུང་བས། །རབ་འབྱམས་རྩ་གསུམ་རྡོ་རྗེའི་ཆོས་སྲུང་བའི། །ཐུགས་དམ་གཉན་བསྐང་དགྱེས་པ་ཆེར་གྱུར་ནས། །སྐུ་གསུང་ཐུགས་ཀྱི་ཉམས་ཆགས་འགལ་འཁྲུལ་བཤགས། །འཁོན་མནོལ་ནོངས་པའི་དྲི་མ་དབྱིངས་སུ་དག །ལྷ་དང་དཔལ་གྱི་རྡོ་རྗེའི་ཐ་ཚིག་བཞིན༑ །ཕྲིན་ལས་ལྷུན་གྱིས་གྲུབ་པས་དགྱེས་དགུར་བསྐྱངས། །རིག་འཛིན་བླ་མས་བྱིན་རླབས་དབང་མཆོག་བསྐུར། །ཡི་དམ་ལྷ་ཡིས་མཆོག་ཐུན་དངོས་གྲུབ་སྩོལ། །མཁའ་འགྲོ་ནོར་ལྷ་དམ་ཅན་ཆོས་སྐྱོང་བས། །རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །ཐུབ་བསྟན་སྙིང་པོ་ཤིང་རྟ་རྣམ་བརྒྱད་ཀྱི། །བཤད་སྒྲུབ་བསྟན་པས་འཛམ་གླིང་ཀུན་ཏུ་ཁྱབ༑ །དེ་འཛིན་ཐུགས་མཐུན་ཞབས་བརྟན་བཞེད་དོན་འགྲུབ། །ཐུགས་བསྐྱེད་ཕྲིན་ལས་དར་རྒྱས་ཡུན་གནས་མཛོད། །འགྲོ་ཀུན་བདེ་སྐྱིད་རྣམ་དཀར་ལས་ལ་སྤྱོད། །མངོན་མཐོ་ངེས་ལེགས་ཡོན་ཏན་དཔལ་གྱིས་འབྱོར། །ནད་མུག་དུས་འཁྲུགས་འཐབ་རྩོད་རྒྱུད་ཆད་ཅིང༌། །ནག་ཕྱོགས་འབྱུང་པོའི་གཡུལ་ལས་རྒྱལ་བར་མཛོད། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་མངའ་རྣམས་ཀྱི། །དེང་ནས་བྱང་ཆུབ་བར་དུ་རྗེས་འཛིན་ཞིང༌། །གསང་ཆེན་རྡོ་རྗེའི་ལམ་གྱི་ཤིང་རྟ་བརྒྱད། །འཛིན་སྤེལ་སྡུད་པས་དོན་གཉིས་སྒྲུབ་ནུས་མཛོད། །སྐྱེ་འཆི་བར་དོའི་འཕྲུལ་སྣང་སྐུ་གསུམ་དག །ཉམས་རྟོགས་འཕགས་པའི་ཡོན་ཏན་འབད་མེད་རྫོགས། །སྒོ་གསུམ་རྡོ་རྗེར་སྨིན་པས་སྐུ་ལྔའི་དབྱིངས། །གྲོལ་ནས་མཁའ་ཁྱབ་འགྲོ་ཀུན་སྒྲོལ་གྱུར་ཅིག །བཀྲ་ཤིས་ཀུན་ཁྱབ་རང་བྱུང་བདེ་བ་ཆེ། །རྟག་ཏུ་འཕེལ་འགྲིབ་བྲལ་བའི་ཡེ་ཤེས་སུ། །རང་བཞིན་ལྷུན་གྱིས་གྲུབ་པའི་དགའ་སྟོན་ལ། །སྤྱོད་པའི་དགེ་མཚན་སྣང་བ་འཕེལ་རྒྱས་ཤོག །ཅེས་བརྗོད། མགྲོན་རྣམས་དགྱེས་པས་དབྱིངས་སུ་གཤེགས་པར་བསམ་ལ་རྗེས་ཀྱི་ལས་རིམ་མཐར་དབྱུང་ངོ༌། ཞེས་ཁྱབ་བདག་གདོད་མའི་མགོན་པོ་ཀུན་གཟིགས་ཞེ་ཆེན་པ་ཆེན་པོའི་བཀའ་དྲིན་ལས་ཤིང་རྟ་ཆེན་པོ་འདི་དག་གི་ལམ་སྲོལ་ཡོངས་རྫོགས་ཀྱི་སྨིན་གྲོལ་བདུད་རྩིའི་དཔལ་ལ་སྤྱོད་པའི་སྐལ་བཟང་ཅན་འཇམ་མགོན་བླ་མ་ཡབ་སྲས་ཀྱི་བྲན་གྱི་ཐ་ཤལ་དུ་སྐྱེས་པའི་ཀུ་སཱ་ལི་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་དབང་གི་དམ་ཚིག་རྗེས་སུ་གསོ་བའི་ཆ་རྐྱེན་དུ་བྲིས་པ་རང་གཞན་དངོས་གྲུབ་ཀྱི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག །སརྦ་ཨརྠ་སིདྡྷི་ཧོ།། །།

Footnotes

Other Information