འཆི་མེད་འཕགས་མའི་སྙིང་ཐིག་གི་ཆ་ལག་རྣམ་རྒྱལ་མ་རིགས་ལྔའི་སྟོང་མཆོད་ཀྱི་བརྒྱུད་འདེབས་འཆི་མེད་རྟག་པའི་དབྱངས་སྙན།

From Khyentse Lineage - A Tsadra Foundation Project
DKR-KABUM-08-NYA-017
Wylie title 'chi med 'phags ma'i snying thig gi cha lag rnam rgyal ma rigs lnga'i stong mchod kyi brgyud 'debs 'chi med rtag pa'i dbyangs snyan DKR-KABUM-08-NYA-017.pdf
Location dil mgo mkhyen brtse bka' 'bum
Volume 8, Text 17, Pages 195-196 (Folios 1a1 to 2a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. 'chi med 'phags ma'i snying thig gi cha lag rnam rgyal ma rigs lnga'i stong mchod kyi brgyud 'debs 'chi med rtag pa'i dbyangs snyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 195-196. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle འཆི་མེད་འཕགས་མའི་སྙིང་ཐིག་ ('chi med 'phags ma'i snying thig)
Deity gtsug tor rnam rgyal ma
Recension Link Other Versions on this site: འཆི་མེད་འཕགས་མའི་སྙིང་ཐིག་གི་ཆ་ལག་རྣམ་རྒྱལ་མ་རིག་ལྔའི་སྟོང་མཆོད་ཀྱི་བརྒྱུད་འདེབས་འཆི་མེད་རྟག་པའི་དབྱངས་སྙན།
Colophon
  • First colophon: །ཅེས་དད་དང་བློ་གྲོས་རྨད་བྱུང་ཤཱཀྱའི་དགེ་ཚུལ་ངག་དབང་མཆོག་ལེགས་ནས་བསྐུལ་བཞིན་པདྨའི་རིག་སྔགས་འཆང་བ་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་བདེ་ཆེན་ཆོས་གླིང་ནས་བྲིས་པ་དགེ་ལེགས་འཕེལ།
  • Second colophon: ཅེས་ཚེ་རིག་འཛིན་པའི་དད་བློ་བསླབ་གསུམ་དག་པ་ཛྙཱ་ན་ས་ར་ནས་རྟེན་བཅས་བསྐུལ་ངོར་བཀྲ་ཤིས་དཔལ་འབྱོར་གྱིས་བལ་ཡུལ་མཆོད་སྡོང་ཆེན་པོའི་མདུན་སྟོང་མཆོད་སྐབས་བྲིས་པ་སརྦ་ས་ཏྭ་ཨ་ཡུ་ཛྙཱ་ན་ཏིཥྛནྟུ།།
  • First colophon: /ces dad dang blo gros rmad byung shAkya'i dge tshul ngag dbang mchog legs nas bskul bzhin pad+ma'i rig sngags 'chang ba pad+ma dbang chen dgyes pa rtsal gyis bde chen chos gling nas bris pa dge legs 'phel/
  • Second colophon: ces tshe rig 'dzin pa'i dad blo bslab gsum dag pa dz+nyA na sa ra nas rten bcas bskul ngor bkra shis dpal 'byor gyis bal yul mchod sdong chen po'i mdun stong mchod skabs bris pa sarba sa twa a yu dz+nyA na tiSh+Than+tu//
[edit]
༄༅། །འཆི་མེད་འཕགས་མའི་སྙིང་ཐིག་གི་ཆ་ལག་རྣམ་རྒྱལ་མ་རིགས་ལྔའི་སྟོང་མཆོད་ཀྱི་བརྒྱུད་འདེབས་འཆི་མེད་རྟག་པའི་དབྱངས་སྙན་བཞུགས། འཆི་མེད་བདུད་རྩིའི་མཆོག་བརྙེས་བདེ་གཤེགས་ཀྱི། །འཆི་མེད་དཔལ་གྱི་འབྱུང་གནས་གཙུག་ཏོར་ལས། །འཆི་མེད་བདུད་ལས་རྣམ་རྒྱལ་རིག་སྔགས་ལྷ། །འཆི་མེད་བདེ་ཆེན་སྩོལ་ཕྱིར་གསོལ་བ་འདེབས། །འཆི་མེད་པདྨའི་རིགས་བདག་ཚེ་མཐའ་ཡས། །འཆི་མེད་མཆོག་སྦྱིན་ཡིད་བཞིན་འཁོར་ལོ་ཆེ། །འཆི་མེད་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་ལ། །འཆི་མེད་བདེ་ཆེན་སྩོལ་ཕྱིར་གསོལ་བ་འདེབས། །འཆི་མེད་རིག་རྩལ་དབང་ཐོབ་ཤྲཱི་སིངྷ། །འཆི་མེད་འཕོ་ཆེན་སྐུ་བརྙེས་བི་མ་ལ། །འཆི་མེད་གྲུབ་པའི་ཚོགས་རྗེ་མཚོ་སྐྱེས་རྗེ། །འཆི་མེད་བདེ་ཆེན་སྩོལ་ཕྱིར་གསོལ་བ་འདེབས། །འཆི་མེད་གདམས་པའི་མཛོད་འཛིན་མངའ་བདག་རྗེ། །འཆི་མེད་མངོན་གྱུར་བཻ་རོ་ནམ་སྙིང་གནུབས། །འཆི་མེད་ཌཱ་ཀི་མཚོ་རྒྱལ་རྒྱལ་མཆོག་དབྱངས། །འཆི་མེད་བདེ་ཆེན་སྩོལ་ཕྱིར་གསོལ་བ་འདེབས། །འཆི་མེད་རིག་འཛིན་རྒྱ་མཚོའི་ཡེ་ཤེས་གཏེར། །འཆི་མེད་ལྷ་དང་ཌཱ་ཀིས་རྗེས་སུ་བཟུང༌། །འཆི་མེད་གདམས་པའི་སྲོལ་འབྱེད་མདོ་སྔགས་གླིང༌། །འཆི་མེད་བདེ་ཆེན་སྩོལ་ཕྱིར་གསོལ་བ་འདེབས། །འཆི་མེད་མཆོག་གྲུབ་བསྟན་གཉིས་གཡུང་དྲུང་གླིང༌། །འཆི་མེད་གྲུབ་པའི་ཞལ་སྐྱིན་ཨཱ་ཡུའི་མཚན། །འཆི་མེད་རྡོ་རྗེའི་རིག་འཛིན་མ་ཏིའི་ཞབས། །འཆི་མེད་བདེ་ཆེན་སྩོལ་ཕྱིར་གསོལ་བ་འདེབས། །འཆི་མེད་ཡེ་ཤེས་གཅིག་གི་རོལ་པ་ལས། །འཆི་མེད་རིགས་པའི་འཁོར་ལོས་བསྒྱུར་བའི་ཡུམ། །འཆི་མེད་གྲུབ་ལ་ལས་མཛད་ཁྲོ་བོའི་ཚུལ། །འཆི་མེད་དངོས་གྲུབ་སྩོལ་ཕྱིར་གསོལ་བ་འདེབས། །འཆི་མེད་དབང་གི་བདུད་རྩིས་སྒོ་གསུམ་སྨིན། །འཆི་མེད་ལྷ་ཡི་ཐུགས་རྒྱུད་ལེགས་བསྐུལ་ཕྱིར། །འཆི་མེད་གྲུབ་པའི་ལམ་བཟང་འདིར་འཇུག་ན། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྩོལ་ཅིག །འཆི་མེད་རྡོ་རྗེའི་གསང་བ་མངོན་གྱུར་ནས། །འཆི་མེད་སྐུ་དང་ཡེ་ཤེས་དཔག་མེད་པས། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱི། །འཆི་མེད་སྣང་བས་ས་གསུམ་མཛེས་གྱུར་ཅིག །ཅེས་དད་དང་བློ་གྲོས་རྨད་བྱུང་ཤཱཀྱའི་དགེ་ཚུལ་ངག་དབང་མཆོག་ལེགས་ནས་བསྐུལ་བཞིན་པདྨའི་རིག་སྔགས་འཆང་བ་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་བདེ་ཆེན་ཆོས་གླིང་ནས་བྲིས་པ་དགེ་ལེགས་འཕེལ། ༈ །འཆི་མེད་འཕགས་མ་སྙིང་ཐིག་གི་ཆ་ལག་རྣམ་རྒྱལ་གཟུངས་སྒྲུབ་དང་སྟོང་མཆོད་ཀྱི་བརྒྱུད་འདེབས་ཚེ་དང་ཡེ་ཤེས་དཔལ་བསྐྱེད་ཅེས་བྱ་བ་བཞུགས་སོ། ཚེ་དང་ཡེ་ཤེས་བདུད་རྩིའི་སྣང་བ་ཡིས། །དབུགས་འབྱིན་སྟེར་ལ་སངས་རྒྱས་བྱེ་བ་ཡིས། །དཔལ་གྱི་མགུལ་ནས་ལེགས་བསྔགས་རྣམ་པར་རྒྱལ། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །འཆི་མེད་མཆོག་སྩོལ་ཚེ་འོད་དཔག་ཏུ་མེད། །སྲིད་ཞིའི་འཇིགས་སྐྱོབ་ཡིད་བཞིན་འཁོར་ལོ་འཆང༌། །རྡོ་རྗེའི་སྐུ་བརྙེས་ཤྲཱི་སིངྷ་ལ། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །འཕོ་མེད་འཇའ་ལུས་རྡོ་རྗེ་བི་མ་ལ། །རྒྱལ་ཀུན་སྤྱི་གཟུགས་མཚོ་སྐྱེས་རྡོ་རྗེ་འཆང༌། །འཆི་མེད་སྐུ་བརྙེས་རྗེ་འབངས་གྲོགས་བདུན་ལ། །གསོལ་བ༴ །བཀའ་བབ་བདུན་ལྡན་པདྨ་མདོ་སྔགས་གླིང༌། །བློ་གྲོས་མཐའ་ཡས་འགྱུར་མེད་ཚེ་དབང་རྩལ། །ཁྱབ་བདག་པདྨ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ༴ །ཚེ་དང་ཡེ་ཤེས་བདུད་རྩིས་སྣང་བ་ཡིས། །དུས་ཀྱི་མུན་བཅོམ་རྡོ་རྗེའི་སྲོག་གྲུབ་སྟེ། །འགྲོ་ཀུན་འཆི་མེད་རྟག་པའི་གོ་འཕང་ལ། །འགོད་པས་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་ཚེ་རིག་འཛིན་པའི་དད་བློ་བསླབ་གསུམ་དག་པ་ཛྙཱ་ན་ས་ར་ནས་རྟེན་བཅས་བསྐུལ་ངོར་བཀྲ་ཤིས་དཔལ་འབྱོར་གྱིས་བལ་ཡུལ་མཆོད་སྡོང་ཆེན་པོའི་མདུན་སྟོང་མཆོད་སྐབས་བྲིས་པ་སརྦ་ས་ཏྭ་ཨ་ཡུ་ཛྙཱ་ན་ཏིཥྛནྟུ།།

Footnotes

Other Information