ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ་བསྔགས་པ་བདེ་ཆེན་སྙེམས་མའི་དགྱེས་གླུ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-15
Wylie title khyab bdag rdo rje sems dpa' la bsngags pa bde chen snyems ma'i dgyes glu DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 15, Pages 265-266 (Folios 16a1 to 17a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Khyab bdag rdo rje sems dpa' la bsngags pa bde chen snyems ma'i dgyes glu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 265-266. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ་བསྔགས་པ་བདེ་ཆེན་སྙེམས་མའི་དགྱེས་གླུ་ཞེས་བྱ་བ་བཞུགས། ན་མོ་གུ་རུ་སཾ་བྷོ་ཀཱ་ཡ་བཛྲ་སཏྭ་མ་ཧཱ་སུ་ཁ་ཡེ། གཉིས་སུ་མི་ཕྱེད་སྟོང་ཆེན་རྡོ་རྗེའི་ཐུགས། །བདེ་ཆེན་སྙིང་རྗེའི་སེམས་ཆེས་རབ་དཔའ་བས། །མཐའ་ཡས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བདག །མཚུངས་མེད་ལྷག་པའི་ལྷ་གཅིག་དྭངས་བས་བསྔགས། ༡ །བདེ་སྟོང་གཉིས་མེད་ཡེ་ཤེས་ཉག་ཅིག་གིས། །གཞི་ལམ་འབྲས་བུའི་རྡོ་རྗེ་སེམས་སྣང་ཡང༌། །ཐབས་ཤེས་སྟོང་ཉིད་སྙིང་རྗེའི་ཡེ་ཤེས་ལ། །འཕོ་འགྱུར་མེད་པ་རྟག་ཅིང་བརྟན་པ་ཉིད། ༢ །འཁོར་འདས་ཆོས་ཀུན་ཡེ་ཤེས་དེའི་བསྡུས་ཀྱང༌། །ངོ་བོ་གཅིག་ལས་འཕེལ་འགྲིབ་བྲི་གང་བྲལ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོ་ཡིས། །ཐུགས་རྒྱུད་གང་ཞིང་རྒྱས་བའི་དཔྱིད་ཀྱིས་སྒེག ༣ །ཁྱེད་ཀྱི་དེ་ཉིད་ཡེ་ཤེས་ཆེན་པོའི་གཤིས། །རྟོགས་བྱའི་མཐར་ཐུག་འབྲས་བུའི་ཕུལ་ཕྱིན་པ། །ཟག་མེད་ཆོས་ཁམས་རྒྱ་མཚོའི་མཛོད་བརྙེས་པས། །སྒྲིབ་པས་མ་རྙོགས་གཙང་ཞིང་ངེས་པར་དག ༤ །མཐའ་ཀླས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུས་བདག །བདག་ཉིད་ཆེར་གྲགས་བདག་རྟོག་ཟུག་རྔུ་ཞི། །ཞི་བ་ཆེན་པོའི་མཐར་སོན་ཟབ་མོའི་དབྱིངས། །དབྱིངས་ཆེན་རྣམ་དག་རྡོ་རྗེའི་སྐུ་ཆེན་པོ། ༥ །ཟག་མེད་བདེ་མཆོག་བདེ་བའི་ལོངས་སྤྱོད་ཀྱི། །འབྱོར་བ་ཆེན་པོའི་གསང་གསུམ་ཁྱོན་མཛེས་པས། །ངོ་མཚར་དཔལ་གྱི་མངའ་ཐང་ཡོངས་རྫོགས་མགོན། །ཆོས་དབྱིངས་ཀློང་ནས་དགྱེས་པའི་དཔྱིད་ཀྱིས་རོལ། ༦ །འཁོར་དང་མྱ་ངན་འདས་པའི་ཆོས་ཐམས་ཅད། །ཀུན་ཀྱང་འཕོ་མེད་བདེ་སྟོང་ཁ་སྦྱོར་གྱི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་ལས། །མ་འདས་བཀོད་པའི་རེ་ཁཱ་ཅིར་ཡང་བཀྲ། ༧ །དཔག་ཡས་ཐུགས་བསྐྱེད་སྨོན་ལམ་བཙན་པོའི་མཐུ། །རྫོགས་སྨིན་སྦྱངས་མཐར་སོན་པས་ཁྱོད་མཚན་ཐོས། །གསང་སྔགས་བཟླས་དང་དྲན་པ་ཁོ་ནས་ཀྱང༌། །སྲིད་པའི་གདུང་སེལ་བདེ་ཆེན་དབྱིངས་ལ་སྐྱེལ། ༨ །ཐབས་ལ་མཁས་པའི་རྣམ་ཐར་ཚོན། །ཕྱོགས་དུས་ཀུན་ལ་གསལ་སྣང་ཡང༌། །འབད་དང་རྩོལ་བྲལ་དབྱིངས་ཉིད་དུ། །རང་བཞིན་མེད་ངང་སྙོམས་པར་ཞུགས། ༩ །རང་ཉིད་ཚོགས་གཉིས་ཕ་མཐར་སོན་གྱུར་པས། །མི་སློབ་འབྲས་བུའི་གོ་འཕང་བརྙེས་བཞིན་དུ། །གཞན་དོན་མཛད་པས་ཕྱོགས་དུས་ཀུན་ཁྱབ་པའི། །དམིགས་མེད་སྙིང་རྗེའི་ཡོངས་སུ་གང་བས་གཟིགས། ༡༠ །འཁོར་བ་སྲིད་པ་ཇི་སྲིད་གནས་ཀྱི་བར། །ཕྲིན་ལས་སྣང་བ་རྒྱུན་མི་འཆད་སྟོན་པས། །ཕན་བདེའི་འབྲས་བུ་ཟད་མི་ཤེས་འཇོ་བས། །སྲིད་ཞི་ཉེར་འཚོའི་དཔལ་དུ་མཛེས་པར་སྟོན། ༡༡ །སྣང་སྟོང་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ། །བ་སྤུ་རེ་རེར་སངས་རྒྱས་ཞིང་དང་སྐུའི། །མཛད་པ་རྒྱ་མཚོ་སྟོན་པའི་ངོ་མཚར་གྱིས། །བསམ་ཡས་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། ༡༢ །དོན་དམ་ཆོས་ཉིད་བརྗོད་བྲལ་དབྱིངས་ཀྱི་སྲོག །བརྗོད་པའི་མཆོག་གྱུར་ཚངས་དབྱངས་བཅུ་ཕྲག་དྲུག །མཐའ་ཡས་ཆོས་སྒོ་གང་འདུལ་སྟོན་པའི་གསུང༌། །བསམ་མི་ཁྱབ་པས་འགྲོ་སྒྲོལ་དཔལ་ལ་དད། ༡༣ །ཡེ་ཤེས་ཆེན་པོ་ཤིན་ཏུ་ཞི་བའི་དབྱིངས། །བསམ་གྱིས་མི་ཁྱབ་མཉམ་རྗེས་བྲལ་བའི་ཐུགས། །མཁྱེན་བརྩེའི་སྣང་རྒྱས་ཉི་ཟླས་རྟག་འཁྱུད་པའི། །སྲིད་ཞི་ཀུན་ཁྱབ་ལྷུན་གྱིས་གྲུབ་པར་སྟོན། ༡༤ །ཁྱོད་ཚུལ་བརྗོད་པའི་ཕ་མཐར་གཏུགས་མིན་ཀྱང༌། །དང་པའི་བློ་ངོར་ཆ་ཙམ་འཆར་མཐའ་དག །ཚིགས་སུ་བཅད་པས་བསྔགས་པ་ཙམ་གྱིས་ཀྱང༌། །རྡོ་རྗེའི་གསང་བ་རྒྱན་གྱི་དཔྱིད་གྲུབ་ཤོག ༡༥

Footnotes

Other Information