ཀུན་བཟང་དང་པོའི་སངས་རྒྱས་ལ་བསྔགས་པ་རང་བྱུང་དབྱངས་ཀྱི་དཔལ་མོའི་གླིང་བུ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-14
Wylie title kun bzang dang po'i sangs rgyas la bsngags pa rang byung dbyangs kyi dpal mo'i gling bu DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 14, Pages 262-265 (Folios 14b2 to 16a1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Kun bzang dang po'i sangs rgyas la bsngags pa rang byung dbyangs kyi dpal mo'i gling bu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 262-265. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
ཀུན་བཟང་དང་པོའི་སངས་རྒྱས་ལ་བསྔགས་པ་རང་བྱུང་དབྱངས་ཀྱི་དཔལ་མོའི་གླིང་བུ་ཞེས་བྱ་བ། ན་མོ་གུ་རུ་དྷརྨ་ཀཱ་ཡ་ས་མནྟ་བྷདྲ་ཛྙཱ་ན་ཡེ། སྲི་ཞི་ཀུན་ཏུ་ཁྱབ་པའི་ཡེ་ཤེས་ནི། །སྲིད་ཞི་ལས་འདས་ཆོས་དབྱིངས་ཞི་བའི་ཀློང༌། །སྲིད་ཞི་ཐམས་ཅད་བཟང་པོའི་གསེར་བཞིན་དུ། །སྲིད་ཞིའི་དཔལ་དུ་འབར་འདི་ཨེ་མ་ཧོ། ༡ །འཁོར་དང་མྱང་འདས་ཡོངས་ཡེ་མི་འདའ་པའི། །ཡེ་ཤེས་ཉག་གཅིག་ཀློང་དུ་འུབ་ཆུབ་པས། །མཉམ་རྗེས་བྲལ་བ་ནམ་མཁའ་ལྟ་བུའི་དབྱིངས། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པར་བཞུགས། ༢ །དེ་ཡི་ངོ་བོ་ཟག་མེད་ཡོན་ཏན་ནི། །ཉི་དང་འོད་བཞིན་རང་གཤིས་ཉིད་གྱུར་པས། །འཁོར་འདས་མཐའ་བྲལ་མྱ་ངན་འདས་ཆེན་པོ། །མི་སློབ་འབྲས་བུའི་མཆོག་ཏུ་གདོད་ནས་དགྱེས། ༣ །ཡེ་ཤེས་ཉིད་ལ་ཡེ་ཤེས་ཀྱིས་གཟིགས་པས། །ཇི་སྙེད་དག་དང་མ་དག་ཆོས་ཐམས་ཅད། །མ་འདྲེས་ཡང་དག་གཟིགས་པའི་སྤྱན་སྟོང་བཀྲ། །ཇི་བཞིན་ཉིད་ལས་ནམ་ཡང་ཉམས་པ་མེད། ༤ །སྲིད་པར་རྣམ་མང་སྲིད་དུ་མི་གནས་ཏེ། །གནས་སྣང་ཡེ་དག་སྐུ་དང་ཡེ་ཤེས་ཆོས། །ཞི་བར་གྲགས་ཀྱང་ཡེ་གྲོལ་གཉུག་མའི་གཤིས། །རྒྱུ་རྐྱེན་ལས་འདས་རྟག་པའི་ཆོས་སུ་གྲུབ། ༥ །སངས་རྒྱས་ཀུན་ཀྱང་ཁྱོད་ལས་གཞན་མིན་ཀྱང༌། །མཚན་དང་ཐུགས་བསྐྱེད་རྣམ་ཐར་མཛད་པ་བརྒྱ། །འཕེལ་འགྲིབ་མེད་པར་སྟོན་ཀྱང་རྒྱུད་ཐ་དད། །མ་མཆིས་ཡེ་ཤེས་ནང་གསལ་གཅིག་ཏུ་འཁྱིལ། ༦ །ཁྱེད་ཀྱི་ཡེ་ཤེས་དག་པའི་གཟིགས་པའི་ངོར། །དམྱལ་མེའི་རླུབས་ཀྱང་དག་པའི་ཞིང་མཆོག་གི །བདེ་འབྱུང་པདྨའི་ཚལ་ལྟར་མངོན་གྱུར་པ། །ཤེས་བྱའི་གཤིས་ལུགས་ལྷུམས་སུ་ཞུགས་པའི་རྟགས། ༧ །དངོས་མཚན་འཕོ་འགྱུར་བྲི་གང་དག་མ་དག །ཇི་ལྟར་སྣང་ཡང་ཁྱེད་ནི་དུས་གསུམ་ཀུན། །འཕོ་མེད་བདེ་བ་ཆེན་པོའི་དགོངས་པ་ལས། །གཡོ་འཁྲུལ་མེད་པའི་ཐིག་ལེ་གཅིག་ཏུ་འཁྱིལ། ༨ །སྟོབས་དང་དབང་བཅུ་རྫུ་འཕྲུལ་མངོན་པར་ཤེས། །ངོ་མཚར་ཡོན་ཏན་བསམ་མི་ཁྱབ་ལ་ཡང༌། །མཆོག་འཛིན་སྙེམས་རྟོགས་རྩོལ་སྒྲུབ་མ་མཆིས་ཀྱང༌། །ཉི་དང་ཟེར་བཞིན་རང་བཞིན་ལྷུན་གྱིས་གྲུབ། ༩ །ཀུན་ཏུ་སྨྲ་བསམ་བརྗོད་པའི་ཡུལ་འདས་པ། །ཁྱོད་ཀྱིས་བརྗོད་ན་བརྗོད་པ་ཀུན་གྱི་མཆོག །རྡོ་རྗེ་གསང་བ་རྒྱུད་ཀྱི་དངོས་པོ་ཞེས། །ཆོས་ཕུང་བརྒྱད་ཁྲིའི་བརྗོད་བྱ་གཅིག་ཏུ་ངེས། ༡༠ །བདེན་གཉིས་ཤེས་བྱའི་ཆོས་ཀྱི་རྣམ་གྲངས་དང༌། །ཟབ་རྒྱས་ཐེག་པའི་སྒོ་འཕར་བསམ་ཡས་ཀུན། །ཁྱོད་ཀྱི་རང་བཞིན་གཅིག་ལས་མ་འདས་པ། །ཁྱེད་ཚུལ་བརྗོད་ན་ནམ་ཡང་ཟད་པ་མེད། ༡༡ །སྲས་དང་བཅས་པའི་རྒྱལ་བ་མ་ལུས་པས། །གྲངས་མེད་བསྐལ་པར་སྒྲུབ་པའི་ངལ་བ་བརྒྱ། །དང་དུ་བཞེས་པ་ཁྱོད་ཀྱི་གསང་བ་ལ། །སྙོམས་པར་འཇུག་པའི་ཐབས་ཚུལ་འབའ་ཞིག་ལགས། ༡༢ །ཁྱེད་ནི་དང་པོའི་དུས་ནས་ཡེ་ཤེས་ཀྱི། །ཀློང་ལས་མ་གཡོས་འཕོ་མེད་དགྱེས་བཞུགས་པས། །གྲངས་མེད་བསྐལ་བའི་ངལ་བ་མ་དགོས་པ། །བདེ་ཆེན་གཉུག་མའི་རྒྱལ་ཐབས་ཟིན་འདི་རྨད། ༡༣ །རྟོག་བྲལ་ཡེ་ཤེས་ཆེན་པོའི་འཇུག་པའི་ལས། །ཤིན་ཏུ་མཐུ་མྱུར་རྩྭ་སྐམ་མེ་མཆེད་འདྲ། །ཟབ་ཅིང་རྒྱ་ཆེ་ས་དང་རྒྱ་མཚོ་བཞིན། །སྲིད་ཞི་བརྟན་གཡོའི་ཉེར་འཚོ་གཅིག་ཏུ་གྲུབ། ༡༤ །དེ་ཕྱིར་དེ་ལ་བསྟོད་པའི་མནྡཱ་ར། །བསོད་ནམས་སྦྲང་རྩི་ཟད་མི་ཤེས་འབྱུང་ཕྱིར། །དད་པའི་སོར་མོའི་ཁྱོད་སྐུའི་རྒྱན་ཉིད་དུ། །བསྟར་ནས་འབུལ་ན་ཁྱེད་ཀྱི་གནས་ཐོབ་མཛོད། ༡༥
[edit]

!___kun bzang dang po'i sangs rgyas la bsngags pa rang byung dbyangs kyi dpal mo'i gling bu zhes bya ba/__na mo gu ru d+harma kA ya sa man+ta b+hadra dz+nyA na ye/__sri zhi kun tu khyab pa'i ye shes ni/__/srid zhi las 'das chos dbyings zhi ba'i klong*/__/srid zhi thams cad bzang po'i gser bzhin du/__/srid zhi'i dpal du 'bar 'di e ma ho/_1_/'khor dang myang 'das yongs ye mi 'da' pa'i/__/ye shes nyag gcig klong du 'ub chub pas/__/mnyam rjes bral ba nam mkha' lta bu'i dbyings/__/'dus ma byas shing lhun gyis grub par bzhugs/_2_/de yi ngo bo zag med yon tan ni/__/nyi dang 'od bzhin rang gshis nyid gyur pas/__/'khor 'das mtha' bral mya ngan 'das chen po/__/mi slob 'bras bu'i mchog tu gdod nas dgyes/_3_/ye shes nyid la ye shes kyis gzigs pas/__/ji snyed dag dang ma dag chos thams cad/__/ma 'dres yang dag gzigs pa'i spyan stong bkra/__/ji bzhin nyid las nam yang nyams pa med/_4_/srid par rnam mang srid du mi gnas te/__/gnas snang ye dag sku dang ye shes chos/__/zhi bar grags kyang ye grol gnyug ma'i gshis/__/rgyu rkyen las 'das rtag pa'i chos su grub/_5_/sangs rgyas kun kyang khyod las gzhan min kyang*/__/mtshan dang thugs bskyed rnam thar mdzad pa brgya/__/'phel 'grib med par ston kyang rgyud tha dad/__/ma mchis ye shes nang gsal gcig tu 'khyil/_6_/khyed kyi ye shes dag pa'i gzigs pa'i ngor/__/dmyal me'i rlubs kyang dag pa'i zhing mchog gi__/bde 'byung pad+ma'i tshal ltar mngon gyur pa/__/shes bya'i gshis lugs lhums su zhugs pa'i rtags/_7_/dngos mtshan 'pho 'gyur bri gang dag ma dag__/ji ltar snang yang khyed ni dus gsum kun/__/'pho med bde ba chen po'i dgongs pa las/__/g.yo 'khrul med pa'i thig le gcig tu 'khyil/_8_/stobs dang dbang bcu rdzu 'phrul mngon par shes/__/ngo mtshar yon tan bsam mi khyab la yang*/__/mchog 'dzin snyems rtogs rtsol sgrub ma mchis kyang*/__/nyi dang zer bzhin rang bzhin lhun gyis grub/_9_/kun tu smra bsam brjod pa'i yul 'das pa/__/khyod kyis brjod na brjod pa kun gyi mchog__/rdo rje gsang ba rgyud kyi dngos po zhes/__/chos phung brgyad khri'i brjod bya gcig tu nges/_10_/bden gnyis shes bya'i chos kyi rnam grangs dang*/__/zab rgyas theg pa'i sgo 'phar bsam yas kun/__/khyod kyi rang bzhin gcig las ma 'das pa/__/khyed tshul brjod na nam yang zad pa med/_11_/sras dang bcas pa'i rgyal ba ma lus pas/__/grangs med bskal par sgrub pa'i ngal ba brgya/__/dang du bzhes pa khyod kyi gsang ba la/__/snyoms par 'jug pa'i thabs tshul 'ba' zhig lags/_12_/khyed ni dang po'i dus nas ye shes kyi/__/klong las ma g.yos 'pho med dgyes bzhugs pas/__/grangs med bskal ba'i ngal ba ma dgos pa/__/bde chen gnyug ma'i rgyal thabs zin 'di rmad/_13_/rtog bral ye shes chen po'i 'jug pa'i las/__/shin tu mthu myur rtswa skam me mched 'dra/__/zab cing rgya che sa dang rgya mtsho bzhin/__/srid zhi brtan g.yo'i nyer 'tsho gcig tu grub/_14_/de phyir de la bstod pa'i man+dA ra/__/bsod nams sbrang rtsi zad mi shes 'byung phyir/__/dad pa'i sor mo'i khyod sku'i rgyan nyid du/__/bstar nas 'bul na khyed kyi gnas thob mdzod/_15

Footnotes

Other Information