བླ་མ་དྲག་པོའི་བསྙེན་ཡིག་དངོས་གྲུབ་ཀྱི་གཏེར་མཛོད་མ་ཌཱཀྐིའི་གཅེས་ནོར་བཀའ་རྒྱ་ཅན།

From Khyentse Lineage - A Tsadra Foundation Project
Wylie title bla ma drag po'i bsnyen yig dngos grub kyi gter mdzod ma DAk+ki'i gces nor bka' rgya can
Location mdo mkhyen brtse bka' 'bum
Volume 3, Text 54, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre Recitation Manual - bsnyen yig
[edit]
༄༅། །བླ་མ་དྲག་པོའི་བསྙེན་ཡིག་དངོས་གྲུབ་ཀྱི་གཏེར་མཛོད་མ་ཌཱཀྐིའི་གཅེས་ནོར་བཀའ་རྒྱ་ཅན་བཞུགས། །རྩུ་གསུམ་རྒྱལ་ཀུན་འདུས་པའི་ཞལ། །མགོན་མེད་འགྲོ་བའི་གཉེན་གཅིག་པུ། །བླ་མ་ཨོ་རྒྱན་ཆོས་རྗེའི་ཞབས། །སྒོ་གསུམ་གུས་པས་ཕྱག་བགྱིའོ། །བླ་མ་དྲག་པོའི་བསྙེན་པ་རྒྱས་པར་འདོད་པས། གནས་ཁང་དང་དུས་ཚོད་ཡོ་བྱད་ལ་སོགས་སྤྲོས་པ་ཅན་ནི་མི་དགོས་ཏེ་ཐེག་པའི་རྩེ་རྒྱལ་ཨ་ཏི་ཨོ་གའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དབང་རབ་གཅིག་ཆར་བའི་ནོར་སྐལ་བླ་ན་མེད་པ་ཡིན་ནོ། །དེ་ཡང་གཞུང་དུ། གནས་དུས་ཡོ་བྱད་སྤྲོས་པ་བྲལ། །ཞེས་སོགས་དང༌། དེ་ཉིད་ལས། དང་པོ་ལས་ཅན་དག་གིས་འདི་མི་རྟོགས། །སེང་གེའི་འོ་མ་སྣོད་མིན་མི་ཆུམ་བཞིན། །ཡོངས་སུ་གྲགས་ན་ཕོངས་པའི་རྒྱུ་ལས་གང༌། །གསུངས་པ་ལྟར་རོ། །འོན་ཀྱང་རང་མཚམས་སྒྲུབ་དང་པོ་ལ་འཇུག་སྐབས་ཡིན་ན་དུས་ཚོད་ལ་ངེས་བཟུང་དང༌། ཡོ་བྱད་ཀྱི་སྤྲོས་པ་དབེན་ཀྱང་སྤྱི་ཆིངས་ཆོ་གའི་འགྲོས་ཙམ་ནི་དཔལ་ཆེན་སྐབས་ལྟར་བྱ་ཆོག་ལ། དེ་ཡང་དང་པོ་བདེ་བའི་གདན་ལ་བག་ཕེབས་པར་འཁོད་ལ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྤྱངས་རྗེས་བླ་མའི་རྣལ་འབྱོར་དབང་བཞི་བླང་བ་དང་བཅས་མན་ངག་དམིགས་གནད་ལྡན་པས་གསོལ་བ་བཏབ་ཅིང་ཐུགས་ཡིད་བསྲེས་པར་བྱས་པས་ཉམས་ཆགས་དག་ཅིང་སྒྲུབ་པ་མཐར་ཕྱིན་པ་ཡིན་ནོ་གསུངས། དེ་ནས་སྐྱངས་སེམས་ཡན་ལག་བདུན་པ་ཚར་གསུམ་བྱ། སྡེ་བརྒྱད་གསེར་སྐྱེམས་མཆོད། མཚམས་ཐོ་འཛུགས་ཤིང་བསྐྱེད་བསྟིམ་ཕྲིན་ལས་བཅོལ་བ་སོགས་བྱ། གཉིས་པ་བགེགས་བསྐྲད་ནི་ཆོ་ག་གཞན་ལྟར་གཉིས་འཛིན་གྱི་བློས་ཁྲོ་བོ་ཡེ་ཤེས་པའི་དམག་ཚོགས་ཀྱིས་འདྲེར་འཛིན་འཁྲུལ་གཟུང་དམིགས་བྱར་བྱེད་པའི་རྒྱ་མཚོའི་ཕ་མཐར་བསད་པ་ལྟ་བུ་མིན་པ། །ང་ནི་ཡེ་ནས་རང་བྱུང་བཿ ཞེས་པའི་དོན་གདོད་ནས་ཁྲོ་བོ་འཆོལ་བའི་རང་བཞིན་དུ་དེ་ལྟར་ཡིན་པ་ལ་ཡིན་པའི་གནས་ལུགས་ཀྱི་དོན་དྲན་པར་བྱས་ནས་གློ་བུར་གཞུང་དུ། གཟུང་དང་འཛིན་པའི་རྒྱུ་རྐྱེན་ལསཿ མ་རིག་རྣམ་རྟོག་བགེགས་ཤར་བཿ དམིགས་མེད་བརྗོད་བྲལ་ངང་དུ་བསྐྲདཿ གསུངས་པ་ལྟར་སེམས་ཀྱི་དྲི་མ་སྦྱོང་བའི་རྟེན་འབྲེལ་ཙམ་དུ་དཔལ་ཆེན་ཕྱག་རྒྱ་རྒྱས་པའམ། ཡང་ན་ཕྱག་རྒྱ་གཅིག་པ་ལྟར་སྒོམས་ལ་སྣོད་དང་བཅུད་དུ་འཛིན་པའི་རྣམ་རྟོག་གི་བགེགས་བསྐྲད་པའོ། །གསུམ་པ་སྲུང་གུར་ནི་དག་པ་རབ་འབྱམས་ཀྱི་རོལ་བར་ཤེས་པར་བྱའོ། །བཞི་བ་བྱིན་འབེབས་ནི་སྣང་སྲིད་བླ་མར་ཤེས་པས་བྱིན་ཕབ་པའོ། །ལྔ་པ་མཆོད་པ་བྱིན་བརླབ་པ་ནི། ཕྱི་སྣོད་དག་པ་རབ་འབྱམས། ནང་བཅུད་དཔའ་བོ་མཁའ་འགྲོ། ཡུལ་དྲུག་འདོད་ཡོན་མཆོད་རྫས། དེ་ལས་འོད་ཟེར་སྤྲོ་བསྡུས་མཆོད་པའོ། །དངོས་གཞིའི་བསྐྱེད་རིམ་ཏིང་འཛིན་གསུམ་གྱི་གོ་དོན་བླང་བ་ནི། ཕྱི་རྟེན་གཞལ་ཡས་ཁང་དང༌། ནང་བརྟེན་པ་ཁྲོ་རྒྱལ་ཆེན་པོའི་ཞལ་ཕྱག་གི་ངེས་པ། སྐུའི་རྣམ་འགྱུར་ཕྱག་མཚན། གོ་ཆའི་ལྷ་ལྔ། སྲས་མཆོག་རིགས་བཞི། མཚམས་བཞིའི་ལྷ། དེའི་ཕྱི་རོལ་དྲེགས་པ་སྡེ་བརྒྱད། དེའི་རྒྱབ་ཏུ་ཁྲོ་བཅུ། གཞན་ཡང་རྩ་གསུམ་གྱི་ལྷ་ཚོགས། གིང་ལང་འབར་མ་སོགས་ཀྱི་དེ་ཉིད་སླར་བསྐྱེད་རིམ་རྒྱས་སྤྲོས་སྐབས་དང༌། དག་རྫོགས་སྨིན་གསུམ་སྦྱར་ཐོགས་རང་ཕྱོགས་གཏེར་རྙིང་དང་མཐུན་པར་གསུངས། དེ་ནས་རིགས་བདག་སྤྱན་དྲངས་དབང་བསྐུར་བ། སྤྱན་འདྲེན་མཆོད་བསྟོད་བཞུགས་གསོལ་གདབ་པ་ནི་གཞུང་གི་ཚིག་གསལ་ལྟར་རོ། །དེ་ནས་ཐུགས་དམ་བསྐུལ་ཞིང་བསྙེན་སྒྲུབ་ཆིག་དྲིལ་བཟླས་པ་བྱ་བ་ནི། རང་ཉིད་གུ་རུ་དྲག་པོ་ཡབ་ཡུམ་དུ་གསལ་བའི་སྐུ་ལུས་འཇའ་ཚོན་ནམ་དྭངས་ཤེལ་གྱི་མེ་ལོང་སྒྲིབ་གཡོགས་དང་བྲལ་བ་ལྟ་བུའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་བཟང་མཐིང་གསལ་སྐུ་གཅེར་བུ་རྒྱན་ཐམས་ཅད་སྤངས་པ། ཞབས་སྐྱིལ་མོ་ཀྲུང༌། ཕྱག་དམ་རྒྱ་མཛད་པ་གསལ་བའི་ཐུགས་ཀའི་ཐད་དབུས་དྲང་པོར་ལུས་ཀྱི་བག་ཆགས་སྦྱང་ཕྱིར་སྐུའི་རྟེན་རིན་ཆེན་ཟུར་བརྒྱད་གསེར་བཙོ་མའི་མདོག་ལྟར་འོད་ཟེར་འཚེར་བ། དེའི་དབུས་སུ་ཉི་གདན། སེམས་ཀྱི་བག་ཆགས་སྦྱང་ཕྱིར་ཐུགས་ཀྱི་རྟེན་ཧཱུྃ་མཐིང་ཀ་གནམ་སྔོན་བཞུས་པའི་ཁུ་བས་བྲིས་པ་ལྟ་བུའི་རི་མོ་ཅན་ཧ་ཁོག་དཔུང་པ་མདུན་གཏད་པ། དེའི་མཐར་ངག་གི་བག་ཆགས་སྦྱང་ཕྱིར་གསུང་གི་རྟེན་སྔགས་ཀྱི་ཕྲེང་བ་དམར་པོ་བྱུ་རུའི་ཕྲེང་བ་ལ་ཏིལ་མར་བསྐུས་པའི་དཔེར་འོས་པ་ཡིག་ངོ་ནང་བསྟན་གཡས་བསྐོར་དུ་འཁྱིལ་བ་ལ་དམིགས་པ་གཏད། སྔགས་ཕྲེང་ལས་ཐུགས་རྗེ་བསྐུལ་བའི་འོད་ཟེར་ཁ་དོགས་ལྔ་ལྡན་ཐུགས་སྲོག་ལ་ཕོག་པ་ཙམ་གྱིས་ཐུགས་སྲོག་གཟི་བྱིན་འབར་ཏེ། དེ་ལས་འོད་ཟེར་མུ་མཐའ་མེད་པར་འཕྲོས། ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན་དྲག་པོའི་རྔམ་སྐད་འཚར་བའི་ཞལ་ནས་ཐོན། འོད་ཟེར་གྱི་རྩེ་མོ་རེ་རེ་བཞིན་འདོད་པའི་ཡོན་ཏན་ལྔ་ལྡན་གྱི་མཆོད་རྫས་ཐོགས་པའི་ལྷ་མོ་མཛེས་ཤིང་ཡིད་དུ་འོང་བ་གྲངས་དང་མཐས་མི་གཏུགས་པ་ཉི་མའི་ཟེར་ལ་རྡུལ་འཁྲིགས་པ་བཞིན་སྤྲོས་ཏེ། སྟེང་ཕྱོགས་ནང་གསལ་ཐིམ་ལ་མ་རྨུགས་པའི་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་ཞིང་ཁམས་བསམ་བརྗོད་ཡུལ་ལས་འདས་པ། དེ་འོག་ངེས་པ་ལྔ་ལྡན་རང་སྣང་ལོངས་སྐུ་ཆེན་པོའི་ཞིང་ཁམས། དེ་འོག་སྒྱུ་འཕྲུལ་མེ་རི་འབར་བའི་ཞིང་ཁམས། དེ་འོག་ཤར་ན་མངོན་པར་དགའ་བ། ལྷོ་རུ་དཔལ་དང་ལྡན་པ། ནུབ་ཏུ་པདྨ་བརྩེགས་པ། བྱང་དུ་ལས་རབ་གྲུབ་པ། དབུས་སུ་སྟུག་པོ་བཀོད་པ་སྟེ་ཕྱེད་སྤྲུལ་ལོངས་སྐུའི་ཞིང་ཁམས་ལྔ། གཞན་ཡང་རྔ་ཡབ་བདེ་བ་ཆེན་པོའི་ཕོ་བྲང༌། ནུབ་ཕྱོགས་དྷུ་མ་ཐ་ལ་མཁའ་འགྲོའི་གྲོང་ཁྱེར། མཁའ་སྤྱོད་དང་ས་སྤྱོད་སྤྲུལ་པ་སྐུའི་ཞིང་ཁམས་ན་བཞུགས་པའི་རྩ་གསུམ་རྒྱལ་པ་རབ་འབྱམས་ཀྱི་ལྷ་ཚོགས་ཞི་དང་ཁྲོ་བོའི་རྣམ་འགྱུར་མ་ངེས་པ་སྣ་ཚོགས་སྟོན་པའི་བྱང་སེམས་ཆོས་ཀྱི་དབྱིངས་དང་མཉམ་ཞིང་བསམ་གྱིས་མི་ཁྱབ་པ་དཔེར་ན་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་བཞུགས་པ་ལ་བདེ་སྟོང་བདུད་རྩིས་མཆོད་པ་དེ་ཉིད་ཀྱི་གྲངས་དང་མཉམ་པའི་བསམ་བརྗོད་གཉིས་ཀའི་ཕ་མཐའ་མི་དཔོགས་པ་ཕུལ་བས། ལྷ་ཚོགས་དེ་དག་གི་ཐུགས་བདེ་སྟོང་གི་རོས་ཚིམ་ཞིང་ཡབ་ཡུམ་བདེ་བ་ཆེན་པོས་མྱོས་པའི་མཁྲིལ་སྤྱོར་མཛད། སླར་ཡང་སྐུ་དགྱེས་པའི་གར་བསྒྱུར། གསུང་དགྱེས་པའི་མགུར་གླུ་སྒྲོགས། ཐུགས་བདེ་ཆེན་གྱི་ཉམས་སྣང་འུར་ནས་སྤྲུལ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བཅས་སྐད་ཅིག་གིས་མདུན་གྱི་ནམ་མཁར་སྤྱན་དྲངས་འོད་དུ་ཞུ་ནས་གསང་བ་གསུམ་བླ་མ་དྲག་པོའི་རྡོ་རྗེ་གསུམ་ལ་འདྲེས། ཞིང་ཁམས་ཀྱི་བཀོད་པ་གཞལ་ཡས་ཁང་ལ་འདྲེས། དེ་དག་གི་ཐུགས་རྒྱུད་ན་བཞུགས་པའི་སྟོང་ཉིད་བདེ་བའི་ཡེ་ཤེས་ཀྱི་ངོ་བོ། མཁྱེན་བརྩེ་ནུས་གསུམ་གྱི་དཔལ་ཡོན་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐུགས་སྲོག་གི་ས་བོན་ལ་ཐིམ་པར་མོས་སོ། །དེའི་རྐྱེན་གྱིས་ཐུགས་སྲོག་གཟི་བྱིན་ལྷག་པར་རྒྱས་ཏེ་ཉི་མ་འཆར་ཀའི་ཟེར་ལྟར་བཀྲག་མདངས་གཟི་བརྗིད་མིག་གིས་མི་བཟོད་པ་ཙམ་དུ་གྱུར་པར་བསྒོམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་བྱུང་བར་མོས་སོ། །ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། གུ་རུ་དྲག་ཕོའི་ཞལ་དགུ་ལས་དམིགས་གསལ་མན་ངག་གི་ཞལ་ནས་ཐོན། ཁམས་གསུམ་རྒྱུད་དྲུག་ལམ་ལྔས་བསྡུས་པའི་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པ་ཙམ་གྱིས་ལས་དང་ཉོན་མོངས་པ་ན་ཚ་སྡུག་བསྔལ་ཉེས་ལྟུང་དྲི་མའི་ཚོགས་བག་ཆགས་དང་བཅས་པ་ལྷག་མེད་དུ་གཞོབ་ཐུལ་གྱིས་བསྲེགས་ཤིང་སྣོད་དང་བཅུད་དུ་འཛིན་པའི་ཞེན་རྟོག་ཉི་མས་བ་མོར་བཞུ་བ་ལྕགས་བསྲེགས་ལ་མར་གྱིས་རེག་པ་ལྟར་འོད་དུ་ལྟེམ་གྱིས་ཞུ་ནས་ཕྱི་རྟེན་པ་གུ་རུ་དྲག་པོའི་གཞལ་ཡས་ཁང་དང་འདྲེས། ནང་བཅུད་བླ་མ་དྲག་པོའི་ལྷ་ཚོགས་སུ་གྱུར་པར་བསམས་ལ། སླར་འོད་ཟེར་ཚུར་འདུས་སྔགས་ཕྲེང་ལ་ཐིམ་པར་བསམ་མོ། །སྡེ་བརྒྱད་གནད་ལ་འབེབས་པ་ནི། ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། སྐུའི་དབྱིབས་བརྒྱུད་བདེ་བའི་མན་ངག་དང་ལྡན་པའི་ཞལ་ནས་ཐོན། སྣང་སྲིད་ཀྱི་དྲེགས་པ་སྡེ་བརྒྱད་ཐམས་ཅད་དང་ཁྱད་པར་སྙིགས་དུས་སེམས་ཅན་བསོད་ནམས་དམན་ཞིང་སྨོན་ལམ་ལོག་པའི་གདུག་འདྲེ། གཞན་ཡང་ཚེ་ཆོས་ལ་བར་དུ་གཅོད་པའི་དགྲ་གདོན་དགེགས་སྤྱི་དང་བྱེ་བྲག་ལ་ཕོག་པས། དེ་ཐམས་ཅད་ཀྱི་འཁོར་སྡེ་རིས་དང་བཅས་སྐྱོབ་བྱེད་རྒྱབ་རྟེན་དང་བཅས་ལ་སྤུ་རྡུལ་ལ་ལྕགས་སྲོག་འཕྲད་པའམ། དུས་མཐའི་བསྐལ་པའི་མེ་ལྕེས་རྩ་སྤུར་ཕྲ་མོ་ལ་རེག་པ་འཇི་བཞིན་མིང་མཐར་གཞོབ་ཐུལ་གྱི་ལྷག་མེད་དུ་བསྲེགས་ཤིང་འོད་དུ་བཞུས་ཤིང་ལུས་ངག་ཡིད་གསུམ། ཚེ་བསོད་དཔལ་འབྱོར་མཐུ་སྟོབས་ནུས་པ་གཟི་བརྗིད་བཀྲག་མདངས་ཐམས་ཅད་འུབ་ཀྱིས་བསྡུས་ཤིང་དྲངས་ཏེ་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་དག་གི་རྣམ་ཤེས་དབྱིངས་ཀྱི་ཡུམ་ཆེན་མོའི་ཐུགས་ཀློང་དུ་འདྲེས། དེའི་རྐྱེན་གྱིས་གཙོ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱང་སྐུའི་བཀྲག་མདངས་པདྨ་རཱ་གའི་ལྷུན་པོ་ལ་ཉི་འོད་འབུམ་གྱིས་འཁྱུད་པ་ལྟ་བུར་གྱུར། གསུང་གི་བཀྲག་མདངས་འབྲུག་སྟོང་དུས་གཅིག་ལྡིར་བའི་རང་སྒྲ་བཞིན་དུ་གྱུར། གཞན་ཡང་མཐུ་སྟོབས་ནུས་པ་རྫུ་འཕྲུལ་སོགས་བསམ་གྱིས་མི་ཁྱབ་པ་རྒྱས་ཏེ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བདག་ཉིད་ཅན་དུ་གྱུར་པར་བསམ་ལ། རབ་ཆོས་ཉིད་ལྟ་བ་རྟོགས་པའི་རྣལ་འབྱོར་པ་ཡིན་ན་གདོད་ནས་མ་བསྐྱེད་ཡོངས་གྲུབ་ལྷ་ཡིན་དུས་དེ་ལ་དམིགས་པའི་ཁྱེར་སོ་གསར་སྤྲོས་མི་དགོས་ཏེ། གཞུང་ནས། ཡེ་ནས་དག་པ་སྐུ་གསུམ་ལྷཿ གསུངས་པ་ལྟར་རོ། །དེ་མིན་སྒོ་གསུམ་པོ་ཐ་མལ་དུ་མ་སོང་རྩེ་གཅིག་ཏིང་འཛིན་ཡེངས་མེད་དགོངས་པ་ནི། དེ་ཉིད་ལས། སྒྲར་གྲགས་སྔགས་དང་དྲན་རྟོག་ཐུགསཿ ཁྱེར་སོ་གསུམ་དང་མ་བྲལ་ནཿ འཁོར་བ་མ་སྤངས་གནས་སུ་དགཿ གསུངས་དོན་དྲན་བཞིན་པའི་ངང་དུ་བཟླ་བ་ལ་འབད། སྐབས་རེ་དམིགས་པའི་འཕྲོ་འདུ་མི་གསལ་ཞིང་བྱིང་རྨུགས་འཐིབ་པ་སོགས་བྱུང་ན། གཞུང་ལས། ཏིང་འཛིན་སེམས་དཔའི་མཐའ་བསྐོར་དུཿ སྔགས་ཕྲེང་འགལ་མེའི་འཁོར་ལོ་བཞིནཿ སྒྲ་དང་བཅས་ཏེ་འཁོར་བ་ལསཿ སེམས་བཟུང་སྣང་བ་ཧུར་བསྐྱེད་དོཿ ཞེས་པའི་དོན་ནམ་མཁའི་ཀླ྄ོང་ནས་སྤྲིན་གྱི་རྔ་གསང་འབུམ་དུས་གཅིག་ཏུ་ལྡིར་བ་དང༌། བུང་བ་ཚང་ཞིག་པ་ལྟར་རང་སྒྲ་དང་བཅས་འཁོར་བ་ལ་སེམས་གཏད་པའོ། །གནས་སྐབས་འདི་ཚོར། ཡེ་ཤེས་ལྷ་ཡི་ལུང་བསྟན་དང༌། བར་ཆོད་བགེགས་ཀྱི་མཚན་ལྟས་སོགས། ཆོསའཕྲུལ་སྣ་ཚོགས་གང་ལྟར་ཡང༌། །བཟང་ངན་རེ་དོགས་མི་བྱ་བར། །གནས་ལུགས་གཉུག་མའི་ཞལ་ལ་ལྟོས། །དེ་ཚེ་གཞུང་ལས། སྲིད་གསུམ་འཇིག་ཀྱང་མི་སྐྲག་པའིཿ འཇིགས་མེད་རྡོ་རྗེའི་དཔའ་ངར་བཟུངཿ གསུངས་བཞིན་ཐམས་ཅད་འཁྲུལ་སྣང་ཤ་སྟག་ཡིན་པ་ཐག་ཆོད་དགོས་ཞེས་བཀའ་གནང་འདུག །སྐབས་རེར་སྣང་བ་གཏད་མེད་རིག་པ་ཕྱད་ཕྱོད་ཀྱི་བརྗོད་བྲལ་ཉམས་ཤར་ཚེ་འདི་ནི་ཟབ་མོ་ཐུགས་ཀྱི་སྒྲུབ་པའི་ཐུགས་སྲོག་གི་ཧཱུྃ་གླུ་ཀྱུར་ཀྱུར་ལེན། དེ་ཁོ་ན་བཟླས་པས་ཆོག་པར་གསུངས་སོ། །གྲུབ་པའི་མཚན་མ་ནི་གཞུང་དུ་གསུངས་པ་ལྟར་རོ། །གཉིས་པ་སྒྲུབ་ཆེན་མདོ་ལིའི་བཟླས་པ་ནི། ཡེ་ཤེས་སེམས་དཔའི་ཐུགས་སྲོག་མཐར་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་དང༌། ཆུ་ལས་ཆུ་བུར་ཐོལ་ཐོལ་རྡོལ་བའི་མཚུངས་དཔེར་འོས་པ་ལུ་གུ་རྒྱུད་དུ་བྱུང༌། ཡབ་ཀྱི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། ཐུགས་སྲོག་བྃ་ཡིག་ལ་སྔགས་ཕྲེང་གཡོན་བསྐོར་དུ་འཁོར། དེའི་འོད་ཀྱིས་ཐུགས་སྲོག་བསྐུལ་ལ་བ་ཙམ་གྱིས་དེ་ལས་འོད་ཟེར་ཁ་དོགས་ལྔ་ལྡན་འཕྲོས། སྟེང་ཞལ་ནས་ཐོན། དེ་ལས་འོད་ཟེར་མུ་དང་མཐའ་མེད་ཅིང་བསམ་བརྗོད་གཉིས་ཀའི་ཕ་རོལ་དུ་འདས་པ་ཕྱོགས་བཅུར་འཕྲོས། འོད་ཟེར་དེ་དག་རེ་རེའི་སྣེ་མོར་ཕྱི་སྒེག་བཞི། ནང་སྒེག་བཞི། གསང་བའི་རིག་པ་མ་ལྔ། འདོད་ཡོན་གྱི་ལྷ་མོ་གསུམ་ལ་སོགས་གཞོན་དུ་མ་བཅུ་དྲུག །གཞན་ཡང་མཆོད་རྫས་རྣམ་གྲངས་སྣ་ཚོགས་ཐོགས་པའི་ལྷ་མོ། བླ་མས་རྗེས་སུ་བཟུང་བའི་རྟེན་འབྲེལ་དུ་མཛེས་ཤིང་ཡིད་དུ་འོང་བ་མཐོང་ན་མི་མཐུན་པ་མེད༌། དཔེར་ན་དབྱིངས་ཕྱུག་མའི་ཀློང་དུ་གཟའ་སྐར་ཤར་བ་ལྟ་བུ། སངས་རྒྱས་སྤྱན་མའི་ཀློང་དུ་མེ་ཏོག་སྣ་ཚོགས་འགྲེམ་པ་ལྟ་བུ། མཁའ་ཁྱབ་རྒྱལ་བའི་ཞིང་ཁམས་ཀྱི་རྡུལ་གྲངས་མཉམ་པ་སྤྲོས། ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རྒྱལ་བ་རབ་འབྱམས་ལ་བདེ་སྟོང་བདུད་རྩིས་མཆོད་པ་ཕུལ་བས་དགྱེས་པ། ཡབ་ཡུམ་བདེ་བའི་མཉམ་སྦྱོར་མཛད། སླར་ཡང་ཐུགས་རྗེས་ཆགས་བརྩེ་བ་ཆེན་པོས་དགོངས་བཞིན་དུ་དཀྱིལ་དང་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐད་ཅིག་གིས་མདུན་གྱི་ནམ་མཁར་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་འོད་དུ་ཞུ། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་གཟི་བྱིན་ལྷག་པར་འབར་ཞིང་ཟབ་མོ་སྔགས་ཀྱི་རང་སྒྲ་དང་བཅས་ཐུགས་སྲོག་ལ་གཡོན་བསྐོར་དུ་གདན་ལས་འཕགས་ཏེ་ལན་གསུམ་འཁོར་ནས་སྐུའི་དབྱིབས་བརྒྱུད་རྣལ་འབྱོར་མའི་མཁའ་ཀློང་ནས་ཐོན། ཡབ་ཀྱི་རྡོ་རྗེ་ནོར་བུ་ཞུགས་ཐུགས་སྲོག་གི་ས་བོན་ལ་འཁོར་ཞིང་སྔགས་ཕྲེང་རྣམས་རང་རང་ལ་ཐིམ་པར་བསམ། དེའི་རྐྱེན་གྱིས་དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། བསམ་གྱིས་མི་ཁྱབ་པའི་དགའ་བ་སྟེ་བདེ་ཆེན་དགའ་བ་རྣམ་བཞིའི་རྩལ་དྲག་པོར་འབར་ཞིང་བསམ་གྱིས་མི་ཁྱབ་པའི་བདེ་བས་མྱོས་པའི་དོན་གྱི་ལུས་ཀྱི་རྔུལ་ཆུ་རྡོལ་བ་ལྟར་ཐུགས་ཀ་སོགས་སྐུ་ལུས་ཀྱི་ཆ་ཐམས་ཅད་བནས་བྱིན་རླབས་ཡེ་ཤེས་ཀྱི་འོད་ཟེར་མུ་མཐའ་མེད་པར་ཐོན་ནས་འཁོར་ལ་ཕོག །དེ་ཀུན་ཀྱང་བཀྲག་མདངས་གཟི་བརྗིད་པདྨ་རཱ་གའི་ལྷུན་པོར་ཉི་འོད་འབུམ་གྱིས་འཁྱུད་པ་ལྟར་དུ་གྱུར་ནས་ཞི་རྒྱས་དབང་དྲག་བཞི་ཡིས་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་པ་དང༌། འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་འོད་ཟེར་བཀྱེས་པས་ཕྱི་སྣོད་འབྱུང་བ་ལྔ་ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ་འབྱོར་ཏེ་མདོར་ན་སྣང་ཞིང་སྲིད་པའི་ཆོས་སོ་ཅོག་འོད་ཞུ་ནས་བཀྲག་མདངས་མཐུ་སྟོབས་ནུས་པ་སོགས་ཚོགས་ཀྱི་དཔལ་ཡོན་ཇི་སྙེད་མཆིས་པ། དེ་ཀུན་འོད་ཟེར་སྣེ་མོར་བསྡུས་ཏེ་རང་དང་འཁོར་གྱི་ལྷ་ཚོགས་ལ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་བྱུང་བར་བསམ་པ་ནི་འཁོར་བྱིན་གྱིས་རློབས་པ་ཡིན། དེ་དག་གི་རིག་པ་ཡུམ་མཁར་འདྲེས་ནས་སྣོད་བཅུད་ཡོངས་བསྒྲལ་དག་ཞིང་དུ་བསྒྱུར་བར་བསམ་ལ་བཟླས་པ་ལ་འབད། ལས་སྦྱོར་དྲག་པོ་ཐོག་རྒོད་ནི། ཡང་བདག་ཉིད་པདྨ་དྲག་ཁྲོས་གསལ་བའི་ཐུགས་སྲོག་ལས་དྲག་པོའི་འོད་ཟེར་ཚ་ལ་རྩུབ་པ། རྣོ་ལ་མྱུར་བ་རྔམ་ལ་འབར་བ་གློག་ལྟར་འཁྱུགས་པ་ཞིག་འཕྲོས། སྐུའི་དབྱིབས་བརྒྱུད་གོ་ཆ་གསང་བའི་ལྷ་ལྔ་བསྐུལ། ལྷ་ལྔའི་སྐུའི་ཆ་ཐམས་ཅད་ལས་འོད་ཟེར་འཕྲོས། དྲག་རྩལ་རིགས་བཞི། རྟ་ནག་སེང་གདོང་ཀཱ་ལ་ཡ་བསྐུལ། དེ་ནས་འོད་འཕྲོས་འཁོར་ལྷ་ཚོགས་ཐམས་ཅད་བསྐུལ་བས། དེ་རྣམས་ཀྱང་སྙིགས་མའི་དུས་ཀྱི་རྒྱལ་འགོང་དམ་སྲི་ལོག་འདྲེན་གདུག་པ་ཅན་ཐམས་ཅད་ཚར་བཅད་པའི་ཕྱིར་དུ་མངོན་སྤྱོད་དྲག་པོའི་ལས་ལ་རྔམས་བཞིན་དུ་སྐུ་མི་སྡུག་སྲིན་པོ་ཁྲོས་པའི་ཟིལ་ཕྱུང༌། གསུང་མི་སྙན་ཛ་བྷྱོ་ཕཊཿགསུམ་གྱི་ངར་སྐད་སྒྲོགས། ཐུགས་དྲག་གཏུམ་སྙིང་རྗེ་ཁྲོས་པའི་ཞེ་སྡང་གི་ཤུགས་བསྐྱེད། དཀྱིལ་འཁོར་གྱི་བདག་པོའི་སྤྱི་གཙུག་ནས་བྱ་ཁྱུང་གི་དམག་ཚོགས། མེ་དབལ་རང་འདྲའི་དམག་ཚོགས། ཕྱག་མཚན་སྡིག་པ་དམར་ནག་ལས་སྡིག་པའི་དམག་ཚོགས། གཞན་ཡང་ཁྲོ་བོ་དང་ཁྲོ་མོ་སོགས་ལས་གཤིན་གྱི་ཕོ་ཉ་བསམ་གྱིས་མི་ཁྱབ་གླག་ནག་གཟན་ལ་འཇུམ་པ་ལྟར་མྱུར་བའི་ཤུགས་ཀྱིས་བསྐྱོད་པ་སྤྲོས་པས། སྲིད་པ་གསུམ་པོ་འདི་བསྐལ་པ་འཇིག་པའི་འུར་སྒྲ་བཞིན། གཡོ་རབ་ཏུ་གཡོ། འགུལ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །ཤིག་ཤིག་ཡོམ་ཡོམ་དུ་གྱུར། དམིགས་བྱའི་བསོད་ནམས་དབང་ཐང་རླུང་རྟ་སྤུབ་པའི་མན་ངག་གི་གནད་ནི། སྟོན་པ་ཉན་ཐོས་རང་རྒྱལ་ནས་མྱ་ངན་ལས་འདས་པ་ཐམས་ཅད། མནར་མེད་དམྱལ་ཁམས་ཡན་ཆོད་རིགས་དྲུག་གི་སེམས་ཅན་འགྲོ་དང་མི་འགྲོ་ཐམས་ཅད་མདུན་དུ་བཀུག །མེ་དབལ་ཁྱུང་དང་སྡིག་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསད་བཅད་གཏུབ་ཅིང་རྡུལ་དུ་བརླགས་ནས་ཤ་ཁྲག་རུས་གསུམ་ལྷག་མ་མེད་པར་རོལ། ཁྱད་པར་ལོག་འདྲེན་གདོན་བགེགས་ཀྱི་ཚོགས་སྤྱི་དང༌། བྱེ་བྲག་རྒྱལ་བའི་བསྟན་པ་སེམས་ཅན་གྱི་བདེ་སྐྱིད་ཚེ་ཆོས་ལ་བར་དུ་གཅོད་པར་བྱེད་པའི་ལས་ངན་སྡིག་པོ་ཆེ་སྔར་བཀའ་དང་དམ་འོག་ཏུ་མ་འདུས་པའི་རིགས་གང་ཡིན་པ་ནི་བྱེའུ་ཕྲུག་ཁྲ་ཡིས་བམ་པ་དང༌། ཉ་མོ་ལྕགས་ཀྱུས་དྲངས་པ་བཞིན་དུ་བྲོས་ཤིང་འཁྱར་དབང་མེད་པར་མདུན་དུ་བཀུག །འཁྲུལ་གཟུགས་ཀྱི་ཕུང་ལྔ་རྡུལ་དུ་བརླག་ཕྱིར་ཁྲོ་རྒྱལ་ཆེན་པོའི་རྩ་ཕྱག་འོག་མ་གཉིས་ཀྱིས་སྒྲོལ་ཕུར་ཐུགས་ཀར་བསྒྲིལ། ཕྱག་མཚན་གྱི་སྡིག་པ་དམར་ནག་གཉིས་ཞབས་གཡས་ཟུར་ལ་བབ་ནས་རང་འདྲའི་སྤྲུལ་པའི་དམག་ཚོགས། ས་ཆེན་པོའི་རྡུལ་གྲངས་མཉམ་པར་སྤྲུལ། དེ་ནས་བསྒྲལ་བའི་ཞིང་དུ་གྱུར་པའི་ལུས་ལ་སྡིག་ཕྲུག་མ་ལ་རུབ་པ་ཇི་བཞིན་ལ་ལ་སྙིང་དུ་ཞུགས། ལ་ལ་གློ་བ། ལ་ལ་མཆིན་པ་སོགས་གནམ་ལྕགས་ཀྱི་ཐོག་ཕོག་པ་བཞིན་ཐལ་མར་ཕུག སྦུ་གུས་བཅུད་དྲངས་པ་བཞིན་དུ་ཤ་ཁྲག་རུས་གསུམ་དོན་ལྔ་སྣོད་དྲུག་དང་བཅས་པ་ལྷག་མེད་དུ་ཟོས་ཤིང༌། རྣམ་ཤེས་ནམ་ཞིག་བདག་ལྟ་མ་ཞིག་བར་དུ་ཧོམ་ཁུང་དུ་བྲུབ་བོ། །དེ་སྐབས་སུ་སྡིག་ཅན་དེ་ཉིད་ཀྱི་སྐད་ངན་གྱི་ཙིར་སྒྲ་གནམ་ས་ཁེངས་པར་བསྒྲགས་པའི་རྒྱུ་མཚན་དེས། དེ་ན་གནས་པའི་འཁོར་གྱི་སྡེ་བརྒྱད་གཙོ་བོ་དང༌། ཁམས་གསུམ་གྱི་དྲེགས་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྔངས་སྐྲག་འདར་གསུམ་གྱི་ངང་ནས་དར་ཅིག་བརྒྱལ་ནས། སླར་ཡང་བཀའ་དམ་ལ་གནས་པའི་ཁས་བླངས་བྲོ་བོར་སྲོག་སྙིང་ཕུལ་ཏེ་ཞབས་འོག་ཏུ་ཚུད་པར་གྱུར། དེ་ནས་འོད་ཟེར་ཚུར་འདུས་པའི་སྣེ་མོར་དེ་དག་གི་བཀྲག་འོད་མདངས་གསུམ་ཚེ་དཔལ་ནུས་སྟོབས་ཡོད་ཚད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་བ་བཞིན་བླ་མ་ཁྲོས་པའི་རྡོ་རྗེ་གསུམ་ལ་འདྲེས། འོད་ཟེར་སྔགས་ཕྲེང་ལ་ཐིམ། ཡེ་ནས་ཆོས་ཀྱི་སྐུ་འདུ་མ་བྱས་པའི་རང་བཞིན་བསམ་གྱིས་མི་ཁྱབ་པའི་གནས་ལུགས་རྫོགས་པ་ཆེན་པོའི་ངང་མདངས་སྐྱོང་བཞིན་པར་བཟླས་པ་ལ་འབད་དོ། །འཆི་མེད་ཚེ་ཡི་སྒྲུབ་པ་ནི། རང་གཞུང་དུ་གསལ་ཆེ་བས་དེས་འཐུས་ལ་འོད་ཟེར་སྤྲོ་བསྡུས་དམིགས་གནད་ནི་གོང་དང་འདྲ། རྗེས་ཀྱི་རིམ་པ་ནི། འཛབ་མཇུག་བསྡུ་ཞིང་གསོལ་གདབ་མཆོད་བསྟོད་ནི་གཞུང་གི་ཚིག་གསལ་ཆེ་བས་དེ་ལྟར་ཆོག་པར་གསུངས། དེ་ཕན་འདི་ལ་བདག་དོན་དངོས་གྲུབ་ལེན་པ་སོགས་ནི་སྔར་འོད་ཟེར་སྤྲོ་བསྡུའི་སྐབས་དོན་གཉིས་སྒྲུབ་ཚར་བ་དེས་འཐུས་ལ་གསར་དུ་བསྐྱར་མི་དགོས་གསུངས། བསྡུ་རིམ་ནི། བསྐྱེད་རིམ་བསྒོམ་པས་ཆད་མཐའ་བསལ་ཞིང༌། ཆོས་ཉིད་ཀྱི་ངང་མདངས་དང་མི་འབྲལ་བས་རྟག་པའི་མཐའ་བསལ་བ་ཡིན་ཏེ། གཞུང་ལས། ཆད་མཐའ་བསལ་བ་བསྐྱེད་རིམ་ལྷ་བསྒོམས་ཏེཿ རྟག་མཐའ་བསལ་བ་ངང་མདངས་སྐྱོང་བའོ། །ཞེས་གསུངས་པ་ལྟར་ཡིན་གསུངས་སོ། །འདི་ལྟར་ཉམས་སུ་ལེན་པའི་གང་ཟག་དེ་གྲོལ་བའི་དུས་ཚད་ནམ་ཡིན་ན། དེ་ཉིད་ལས། ཉིན་གྱི་རྣལ་འབྱོར་ལྷ་དང་མ་བྲལ་ཞིངཿ མཚན་གྱི་རྣལ་འབྱོར་འོད་དང་མ་བྲལ་ནཿ ཆོས་ཉིད་བར་དོའི་སྣང་བ་ཤར་བའི་ཚེ༔ ང་དང་ལོངས་སྐུའི་ཞིང་དུ་མངོན་འཚང་རྒྱཿ ཞེས་གསུངས་ཏེ། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་དབང་རབ་ཚེ་འདིར་གྲོལ་ཚུལ་ནི་ཉིན་སྣང་སྣང་གྲགས་རིག་གསུམ་དཀྱིལ་འཁོར་གསུམ་ལས་གཡོ་བ་མེད་པ་དང༌། མཚན་སྣང་ལྷུན་གྲུབ་འོད་ལྔའི་ཟེར་མདངས་དང་མི་འབྲལ་བའི་གནས་སྐབས་རང་སྣང་ལོངས་སྐུའི་ཞིང་དུ་མངོན་འཚང་རྒྱ་བ་དོན་གྱི་དགོངས་པ་དང༌། དེ་བཞིན་དུ་དབང་པོ་འབྲིང་རྣམས་འཆི་ཁ། དབང་རྟུལ་བར་དོ་གྲོལ་བའི་ཚུལ་ཟབ་མོ་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་བཀའ་ལུང་མན་ངག་བྱིན་རླབས་ཚན་ཆེ་བ་རྒྱ་མཚོ་ཙམ་གསུངས་པའི་ནང་ནས་རྟེན་འབྲེལ་ས་བཅད་བསྡུས་ཚིག་ཏུ་བྲིས་པ་ལགས་སོ། །རྡོ་རྗེ་སློབ་དཔོན་ཇི་གསུང་ཚད་མར་འཛིན། །དབང་ཐོབ་དམ་ཚིག་ལ་གནས་སྐལ་བ་ཅན། །ཚེ་གཅིག་བྱང་ཆུབ་འདོད་པའི་རྣལ་འབྱོར་རྣམས། །སྔོན་མེད་ཨོ་རྒྱན་གསང་ལམ་འདིར་ཞུགས་མཛོད། །འདི་ལྟར་ཞབས་འགྱུར་གྱིས་ཡི་གེ་བྲི་བ་པོ་བགྱིས་པའི་ལེགས་ཚོགས་གཙོ་བོར་སྨོན་པ་ནི། བདག་གིས་དུས་གསུམ་བསགས་དགེའི་མཐུ་སྟོབས་ཀྱིས་ཀུན་མཁྱེན་བླ་མའི་སྐུ་ཚེ་མཛད་ཕྲིན་རྟེན་འབྲེལ་ཕྱོགས་བཅུར་རྒྱས་པ་དང༌། དེ་ནས་བཟུང་སྒྲུབ་བརྒྱུད་ཀྱི་བསྟན་པའི་གདུགས་དཀར་བོ་སྲིད་པ་གསུམ་གྱི་བླ་རུ་འཁོར་ཞིང་དར་རྒྱས་འབྱུང་བའི་སྨོན་ལམ་ཞུ་ན། མཐུན་འགྱུར་རྒྱལ་བ་སྲས་དང་བཅས་པས་མཛད་པར་ཞུ། འགྲུབ་པར་ཤོག །དགེའོ། །དགེའོ། །དགེའོ།། །།