JKW-KABUM-23-'A-001-043

From Khyentse Lineage - A Tsadra Foundation Project
Revision as of 12:42, 23 March 2021 by WikiBot2015 (talk | contribs)

Wylie title page=1
Location mkhyen brtse'i bka' 'bum
Volume 1, sde tshan 43, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation
Genre Collected Works - Selected - bka' 'bum
[edit]
པདྨ་སཾ་བྷཱ་ཝ་ལ་རྩ་སྔགས་ཀྱིས་བསྟོད་པའི་གླུ་ཁ་སྦྱོར་ནཱ་དའི་དབྱངས་སྙན། དཔལ་བདེ་བ་ཆེན་པོ་པདྨ་སཾ་བྷཱ་བ་ལ་རྩ་སྔགས་དང་སྦྱར་བའི་གསོལ་འདེབས་རྗེས་དྲན་གྱི་རྡོ་རྗེའི་གླུ་ཁ་སྦྱོར་ནཱ་དའི་དབྱངས་སྙན་ཞེས་བྱ་བ། ཨ་ཧོ། ཨོཾ་གྱི་རང་གཟུགས་ལྔ་ལྡན་ཡེ་ཤེས་ཀྱི་སྒྱུ་འཕྲུལ། །ལོང༷ས་སྤྱོད༷་ཡོངས་རྫོག༷ས་འཁོར་ལོའི་དགའ་སྟོན་ལ་རོལ་པ། །རབ་འབྱམས་རྒྱལ་བའི་སྤྱི་དཔལ་ཟུང་འཇུག་གི་སྣང་བརྙན། །འཆི་མེད་སྐུ༷་ཡི་རྡོ༷་རྗེ༷་མཚོ་སྐྱེས་རྗེ་མཁྱེན་ནོ། །ཨཱཿཡིག་ཐབས་དང་ཤེས་རབ་སྲོག་རྩོལ་གྱི་རྒྱུ་བ། ཁ༷་སྦྱོར༷་ཨ་ཝ་དྷཱུ་ཏིའི་ཕྱག་རྒྱ་རུ་བསྡམས་པས། །མི་ཤིགས་ནཱ་དའི་སྒྲ་དབྱངས་མཁའ་ཁྱབ་ཏུ་འཆར་བའི། །འགགས་མེད་གསུང༷་གི༷་རྡོ༷་རྗེ༷་མཚོ་སྐྱེས་རྗེ་མཁྱེན་ནོ། །ཧཱུྃ་གི་ངོ་བོར་སོན་པའི་སྟོང་ཉིད་ཀྱི་གཤིས་ལུགས། །བདེ༷་ཆེན༷་ལྷན་ཅིག་སྐྱེས་པའི་ངལ་འཚོ་དང་སྦྱར་བས། ཁམས་གསུམ་རྟོག་པའི་འཇུག་ལྡང་ཆོས་དབྱིངས་སུ་སིམ་པའི། །ཟག་མེད་ཐུག༷ས་ཀྱི༷་རྡོ༷་རྗེ༷་མཚོ་སྐྱེས་རྗེ་མཁྱེན་ནོ། །བཛྲ་ལྟ་བུའི་རྒྱུན་མཐའི་ཏིང་འཛིན་ལ་བརྟེན་ནས། །ར༷ང་བཞིན་མེད་པའི་གནས་ལུགས་མངོན་སུམ་དུ་གཟིགས་པས། །ཟབ་ཞི་སྤྲོས་པ་བྲལ་བའི་འོད་གསལ་གྱི་ངོ་བོ། །དབྱེར་མེད་ཡེ༷་ཤེས༷་རྡོ༷་རྗེ༷་མཚོ་སྐྱེས་རྗེ་མཁྱེན་ནོ། །གུ་རུ་བླ་ན་མེད་པའི་ཐུགས་རྗེ་ཡི་ལང་ཚོ། །སྙིང༷་རྗེས༷་ཡོང༷ས་སུ་གང༷་བའི་འཇོ་སྒེག་དང་སྦྲགས་ནས། །འཁོར་བ་ཇི་སྲིད་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བའི། །ཡོ༷ན་ཏ༷ན་ཕ་མཐའ་ཡས་པའི་མཚོ་སྐྱེས་རྗེ་མཁྱེན་ནོ། །པདྨ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རིག་གདངས། །རྒྱུན༷་མི༷་འཆད༷་པར་འགྲོ་བའི་སྣང་ངོ་རུ་འཆར་བས། །མཐོང་ཐོས་དྲན་པས་ཕན་བདེའི་དངོས་པོ་ཀུན་སྩོལ་བའི། །ཕྲིན༷་ལ༷ས་བསམ་གྱིས་མི་ཁྱབ་མཚོ་སྐྱེས་རྗེ་མཁྱེན་ནོ། །སིདྡྷི་རྣམ་གཉིས་གདུལ་བྱའི་བསམ་པ་དང་མཐུན་པར། །འགོག༷་པ༷་མེ༷ད་པར་འཇོ་བའི་ཡིད་བཞིན་གྱི་ནོར་བུ། །སྲིད་ཞིའི་མཐའ་ལ་མི་གནས་བསམ་བརྗོད་ལས་འདས་པའི། །དྲ༷ན་པས༷་སྙིང་གི་གདུང༷་སེལ༷་མཚོ༷་སྐྱེས་རྗེ་མཁྱེན་ནོ། །ཧཱུྃ་ཡིག་ཆ་ལྔས་མཚོན་པའི་རིགས་རྣམས་ཀྱི་ཁྱབ་བདག ཁ༷་སྦྱོར༷་བདུན༷་ལྡ༷ན་འབྱམས་ཀླས་དཀྱིལ་འཁོར་གྱི་གཙོ་མཆོག །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་འཆར་གཞི་རུ་བཞུགས་པའི། །སྐྱབ༷ས་གན༷ས་ཀུན༷་འདུས༷་བླ་མ་མཚོ་སྐྱེས་རྗེ་མཁྱེན་ནོ། །ཨ་ཧོ་བཀའ་དྲིན་མཉམ་མེད་ཨོ༷་རྒྱན༷་གྱི་སློབ་དཔོན། །ཁྱོད་ཞབས་སྙིང་ནས་དྲན་པའི་སྨྲེ་སྔགས་ཀྱི་གདུང་བས། །ཡང་ཡང་གསོལ་བ་འདེབས་པའི་དད་ལྡན་གྱི་སློབ་བུར། །མངོན་སུམ་བྱིན་གྱིས་རློབས་ཤིག་མཚོ་སྐྱེས་ཀྱི་རྡོ་རྗེ། །དེ་སྐད་ཀུན་བཟང་པདྨ་ཐོད་ཕྲེང་གི་གསང་སྔགས། ཁ༷་སྦྱོར༷་རྡོ་རྗེ་ནཱ་ད༷འི་གླུ༷་དབྱང༷ས་ཀྱི༷་མཆོད་སྤྲིན། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དགའ་ཚལ་ནས་བླངས་པས། །དོན་གཉིས་ཡིད་བཞིན་འགྲུབ་པའི་དངོས་གྲུབ་ཞིག་ཞུའོ། །ཞེས་དཔལ་བདེ་བ་ཆེན་པོ་པདྨ་སཾ་བྷ་ཝའི་རྩ་སྔགས་ཀྱི་ངེས་པ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་བརྗོད་བྱ་དང་སྦྱར་བའི་གསོལ་འདེབས་འདི་ཡང་། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་དབང་ཆེན་སྤྲེའུ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་དུས་ཀྱི་མཆོད་པའི་སྐབས་ཤིག་ཏུ་བཛྲ་གཱི་རྟིའི་མཆོད་སྤྲིན་དུ་སྤྲོས་པའོ། ། ༈
[edit]

pad+ma saM b+hA wa la rtsa sngags kyis bstod pa'i glu kha sbyor nA da'i dbyangs snyan/__ dpal bde ba chen po pad+ma saM b+hA ba la rtsa sngags dang sbyar ba'i gsol 'debs rjes dran gyi rdo rje'i glu kha sbyor nA da'i dbyangs snyan zhes bya ba/__a ho/__oM gyi rang gzugs lnga ldan ye shes kyi sgyu 'phrul/_/longaXs spyodaX yongs rdzogaXs 'khor lo'i dga' ston la rol pa/__/rab 'byams rgyal ba'i spyi dpal zung 'jug gi snang brnyan/__/'chi med skuX yi rdoX rjeX mtsho skyes rje mkhyen no/__/AHyig thabs dang shes rab srog rtsol gyi rgyu ba/__khaX sbyoraX a wa d+hU ti'i phyag rgya ru bsdams pas/__/mi shigs nA da'i sgra dbyangs mkha' khyab tu 'char ba'i/__/'gags med gsungaX giX rdoX rjeX mtsho skyes rje mkhyen no/__/hU~M gi ngo bor son pa'i stong nyid kyi gshis lugs/__/bdeX chenaX lhan cig skyes pa'i ngal 'tsho dang sbyar bas/__khams gsum rtog pa'i 'jug ldang chos dbyings su sim pa'i/__/zag med thugaXs kyiX rdoX rjeX mtsho skyes rje mkhyen no/__/badz+ra lta bu'i rgyun mtha'i ting 'dzin la brten nas/__/raXng bzhin med pa'i gnas lugs mngon sum du gzigs pas/__/zab zhi spros pa bral ba'i 'od gsal gyi ngo bo/__/dbyer med yeX shesaX rdoX rjeX mtsho skyes rje mkhyen no/__/gu ru bla na med pa'i thugs rje yi lang tsho/__/snyingaX rjesaX yongaXs su gangaX ba'i 'jo sgeg dang sbrags nas/__/'khor ba ji srid gzhan don lhun grub tu 'byung ba'i/__/yoXn taXn pha mtha' yas pa'i mtsho skyes rje mkhyen no/__/pad+ma so sor rtogs pa'i ye shes kyi rig gdangs/__/rgyunaX miX 'chadaX par 'gro ba'i snang ngo ru 'char bas/__/mthong thos dran pas phan bde'i dngos po kun stsol ba'i/__/phrinaX laXs bsam gyis mi khyab mtsho skyes rje mkhyen no/__/sid+d+hi rnam gnyis gdul bya'i bsam pa dang mthun par/__/'gogaX paX meXd par 'jo ba'i yid bzhin gyi nor bu/__/srid zhi'i mtha' la mi gnas bsam brjod las 'das pa'i/__/draXn pasaX snying gi gdungaX selaX mtshoX skyes rje mkhyen no/__/hU~M yig cha lngas mtshon pa'i rigs rnams kyi khyab bdag__khaX sbyoraX bdunaX ldaXn 'byams klas dkyil 'khor gyi gtso mchog__/dkon mchog rtsa gsum rgya mtsho'i 'char gzhi ru bzhugs pa'i/__/skyabaXs gnaXs kunaX 'dusaX bla ma mtsho skyes rje mkhyen no/__/a ho bka' drin mnyam med oX rgyanaX gyi slob dpon/__/khyod zhabs snying nas dran pa'i smre sngags kyi gdung bas/__/yang yang gsol ba 'debs pa'i dad ldan gyi slob bur/__/mngon sum byin gyis rlobs shig mtsho skyes kyi rdo rje/__/de skad kun bzang pad+ma thod phreng gi gsang sngags/__khaX sbyoraX rdo rje nA daX'i gluX dbyangaXs kyiX mchod sprin/__/mgrin pa longs spyod 'khor lo'i dga' tshal nas blangs pas/__/don gnyis yid bzhin 'grub pa'i dngos grub zhig zhu'o/__/zhes dpal bde ba chen po pad+ma saM b+ha wa'i rtsa sngags kyi nges pa kha sbyor yan lag bdun ldan gyi brjod bya dang sbyar ba'i gsol 'debs 'di yang /__mtsho skyes bla ma dgyes pa'i 'bangs kyis dbang chen spre'u zla ba'i dkar phyogs kyi tshes bcu'i dus kyi mchod pa'i skabs shig tu badz+ra gI rti'i mchod sprin du spros pa'o/___/__!

Footnotes

Other Information