གུར་དྲག་བདེ་གཤེགས་འདུས་པའི་དབང་ཆོག་མེ་ཡི་ཕྲེང་བ།

From Khyentse Lineage - A Tsadra Foundation Project
Revision as of 10:57, 5 July 2024 by Mort (talk | contribs)
Wylie title gur drag bde gshegs 'dus pa'i dbang chog me yi phreng ba SPCD-KABUM-02-KHA-034.pdf
Location 'phags mchog bka' 'bum
Volume 2, Text 34, Pages 599-613 (Folios 1a1 to 8a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. Gur drag bde gshegs 'dus pa'i dbang chog me yi phreng ba. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 599-613. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Empowerment Ritual - dbang chog - dbang skur
Colophon

།ཅེས་པའང་གྲུབ་དབང་༧རིན་པོ་ཆེའི་རིགས་དབོན་མཆོག་སྤྲུལ་པད་བདེས་གསུང་གིས་བསྐུལ་ངོར་༧ཆོས་ཀྱི་བློ་གྲོས་པས་བླ་མ་ལ་གསོལ་བ་བཏབ་བཞིན་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།

/ces pa'ang grub dbang 7rin po che'i rigs dbon mchog sprul pad bdes gsung gis bskul ngor 7chos kyi blo gros pas bla ma la gsol ba btab bzhin bris pa dge zhing bkra shis par gyur cig/

[edit]

༄༅། །གུར་དྲག་བདེ་གཤེགས་འདུས་པའི་དབང་ཆོག་མེ་ཡི་ཕྲེང་བ་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས་དགེའོ།། ཨོཾ་སྭ་སྟི། པདྨ་རྒྱལ་པོ་རབ་འཇིགས་ཁྲོས་པའི་སྐུ། །བདེ་གཤེགས་འདུས་པའི་གཙོ་ལ་ཕྱག་འཚལ་ནས། །དེ་ཡི་དབང་བསྐུར་མེ་ཡི་ཕྲེང་བ་ནི། །དོན་གསལ་ཉུང་ངུ་སྤེལ་ལ་གནང་བ་སྩོལ། །དེ་ལ་སྟེགས་བུའི་སྟེང་དཀྱིལ་འཁོར་གཞུང་མཐུན་ནམ་ལྷ་ཚོམ་བཀོད་པའི་མཉྫིའི་ཁར་རྣམ་བུམ་བཅུད་ལྡན། སྐུ་ཙཀ་དུར་ཁྲོད། དཔལ་ཆས། སྔགས་ཕྲེང་། ཕྱག་མཚན་གྱི་ཙཀླི ཐོད་ཆང་། རིག་ཙཀ །ཤེལ་རྡོ། དབང་གཏོར་རྣམས་བཀོད། ཕྱི་ནང་གི་མཆོད་པ། སྔོན་གཏོར་དཀར་དམར་རྣམས་བཤམས་ལ། ལས་བྱངབ་སྟོད་པའི་མཐར་རྫབ་ཁང་དབྱེ་ལ། བདག་མདུན་ལ་དམིགས་ཏེ་འཕྲོ་འདུའི་བཟླས་པ་དང་། རྣམ་བུམ་དུའང་སྐད་ཅིག་གིས་གསལ་བཏབ་ལ་བཟླས་པ་ཅི་རིགས་བྱ་མཐར་སྟོང་ཚིགས་མཆོད་བསྟོད། བུམ་ལྷ་འོད་ཞུ། ལས་བུམ་དུ་རྟ་མགྲིན་ནམ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས། ཚོགས་མཆོད་ཡན་གྲུབ་ནས་རིགས་མེ་དོར། སློབ་མར་ཁྲུས་བྱས་བགེགས་བསྐྲད་སོགས་སྤྱི་ལྟར་བཏང་། མཎྜལ་རྒྱས་བསྡུས་དང་། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་གསན་བྱའི་ཆོས་ནི། དུས་གསུམ་ཀུན་མཁྱེན་གུ་རུ་པདྨ་འབྱུང་གནས་ཉིད་སྲོག་བདག་གཟའ་ཀླུ་རྒྱལ་གསུམ་དང་། ཁྱད་པར་དཀོར་བདག་པེ་ཧར་འདུལ་བའི་དོན་དུ་པདྨ་དྲག་པོའི་སྐུར་བཞེངས་ཏེ་སྲོག་གི་སྙིང་པོ་བླངས་ཤིང་གནད་ལ་གཅུན། དམ་ལ་བཞག །མ་འོངས་ཕྱི་མའི་དུས་ཀྱི་འགྲོ་བ་རྣམས་སྐྱོབ་པའི་དོན་དུ་ཟབ་མོའི་གཏེར་ཁ་མཐའ་ཡས་པར་གུ་རུ་དྲག་པོའི་རྒྱུད་ལུང་མན་ངག་ཟབ་རྒྱས་ཇི་སྙེད་ཅིག་སྦ་བར་མཛད་པ་ལས། འདིར་ནི་ལྔ་བརྒྱ་ཐ་མའི་དུས་འདིར་བསྟན་པ་དང་འགྲོ་བའི་སྐྱབས་གཅིག་༧གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་ཤཱཀྱ་ཤྲཱི་ཛྙཱ་ན་ཞེས་འཛམ་གླིང་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་གྲུ་གུ་བསམ་གཏན་ཆོས་གླིང་དུ་བསྐྱེད་རྫོགས་ཟབ་མོར་བཞུགས་སྐབས་ཐོ་རངས་ཁར་མནལ་སད་པ་དང་། མདུན་གྱི་མཁའ་ཀློང་ཡངས་པར་གུ་རུ་དྲག་པོ་བདེ་གཤེགས་འདུས་པ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གཞུང་མཐུན་ལྟར་ཡུན་རིང་དུ་གཟིགས་ཤིང་། མཐར་རིམ་གྱིས་ཡལ་ནས་རང་བབས་སུ་སྟོང་སོང་བར། ཕྱིས་དག་སྣང་གི་ཐུགས་སྒྲུབ་ཀྱི་དགོངས་པའི་གཏེར་མཛོད་ཀྱི་བྱེ་བྲག་གུ་རུ་དྲག་སྒྲུབ་འདི་ཉིད་གཏན་ལ་ཕབ་པར་མཛད་པའི་ཟབ་ཆོས་བྱིན་རླབས་ཀྱི་ཚན་ཀ་ཆེན་པོ་དང་ལྡན་པ་འདི་ཉིད་ཀྱི་སྨིན་བྱེད་སྒྲུབ་པ་ལ་བདག་གིས་བགྱི་འོས་གྲུབ་ནས་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ལ་དེ་ཉིད་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད་ལ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་འགྲོ་བའི་མགོན། །བདག་ཅག་སྐལ་ལྡན་བུ་རྣམས་ལ། །དྲག་པོ་བདེ་གཤེགས་འདུས་པ་ཡི། །སྨིན་གྲོལ་དབང་བསྐུར་སྩལ་དུ་གསོལ། །ལན་གསུམ། སློབ་དཔོན་གྱིས་ལན་སྦྱིན་པ་ནི། དེ་ལྟར་ཡིན་ན་བུ་ཁྱོད་ནི། །དྲག་པོའི་དཀྱིལ་འཁོར་འདིར་ཞུགས་བྱ། །དད་དང་གུས་པས་རབ་ཏུ་ལོངས། །སྨིན་གྲོལ་གདམས་མཆོག་སྦྱིན་པར་བྱ། །རྒྱུད་སྦྱོང་བའི་ཕྱིར་ཚོགས་ཞིང་གསལ་བཏབ་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ན་མོཿདཀོན་མཆོག་གསུམ་དང་རྩ་གསུམ་འདུས་པའི་དངོས༔ བདེ་གཤེགས་རིགས་འདུས་པདྨ་ཐོད་ཕྲེང་རྩལ༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡའ་ཡི་བརྒྱུད༔ གང་ཟག་སྙན་བརྒྱུད་བླ་མ་ཐམས་ཅད་ལ༔ བདག་གཞན་འདི་ནས་བྱང་ཆུབ་མ་ཐོབ་བར༔ སྐུ་གསུམ་བླ་མའི་ཚོགས་ལ་སྐྱབས་སུ་མཆི༔ ལན་གསུམ། སེམས་ཅན་རྣམས་བླ་ན་མེད་པའི་གོ་འཕང་ལ་འགོད་པར་འདོད་པས་སྨོན་པ་དང་། དེའི་ཆེད་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ན་མོཿ མཐའ་མེད་འཁོར་བར་འཁྱམས་པའི་སེམས་ཅན་རྣམས༔ མ་རིག་གཉིས་འཛིན་དུག་ལྔ་རང་གར་སྤྱོད༔ སྟོང་ཉིད་སྙིང་རྗེའི་རྩལ་སྣང་མ་འགགས་པས༔ འཁོར་བ་དོང་ནས་སྤྲུགས་པའི་སེམས་བསྐྱེད་དོ༔ ལན་གསུམ། བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་དད་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱི་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱི་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུར་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་དཔའ་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་གྲངས་མེད་དགེ་བ་རྣམས། །བསྡུས་ཏེ་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་རྒྱུན་བཤགས་བྱ། ཡེ་ཤེས་དབབ་པ་ལ་དམིགས་པ་འདི་བཞིན་མཛོད། ལས་སྔགས་ཀྱིས་ལས་བུམ་ཆུ་འཐོར། སྭ་བྷཱ་ཝས་སྦྱངས། ཧཱུྃ༔ ཕྱི་སྣོད་ཆོས་འབྱུང་གྲུ་གསུམ་ཡངས་པའི་དབུས༔ རྡོ་རྗེ་བྲག་ཆེན་པདྨ་ཉི་ཟླ་དང་༔ རྒྱལ་འགོང་དམ་སྲི་ཁ་སྦུབས་བསྣོལ་བའི་སྟེང་༔ ནམ་མཁའི་ཧཱུྃ་ཡིག་ཐོག་མདའ་བཞིན་དུ་འབབས༔ ཧཱུྃ་ཡིག་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ བདེ་བར་གཤེགས་པའི་ནུས་མཐུ་ཐམས་ཅད་བསྡུས༔ སླར་ཡང་འོད་ཟེར་འགྲོ་དྲུག་ཀུན་ལ་ཕོག༔ སྡུག་བསྔལ་སྦྱངས་ནས་ཐར་པའི་ལམ་ལ་བཀོད༔ འོད་ཟེར་ཚུར་འདུས་སྲོག་ཡིག་ཧཱུྃ་ལ་ཐིམ༔ ཧཱུྃ་ཡིག་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་ནག་པདྨ་རཱ་གའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་གཉིས་འགྱིང་སྟབས་བཞུགས༔ གཡས་དཀར་གཡོན་མཐིང་དབུས་དམར་འཇིགས་པའི་ཞལ༔ སྤྱན་དགུ་བསྒྲད་ཅིང་སྨ་ར་འབར་ཞིང་འཁྱིལ༔ ཞལ་གདངས་མཆེ་གཙིགས་ལྗགས་དམར་གློག་ལྟར་འཁྱུགས༔ དབུ་སྐྲ་ཁམ་ནག་ཐོད་སྐམ་རིགས་ལྔས་བརྒྱན༔ གླང་ལྤགས་སྟོད་གཡོགས་གཡང་གཞི་སྐེད་པར་དཀྲིས༔ སྟག་ལྤགས་ཤམ་ཐབས་རུས་པའི་རྒྱན་དྲུག་གསོལ༔ ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས་དང་༔ ཐལ་ཆེན་ཚོམ་བུ་ཀླུ་ཆེན་བརྒྱད་ཀྱིས་བརྒྱན༔ ཕྱག་གཡས་དང་པོ་གནམ་ལྕགས་རྡོ་རྗེ་གདེངས༔ བར་མ་མེ་དབྱུག་འོག་མས་འཁོར་ལོ་འཛིན༔ གཡོན་གྱི་དང་པོ་གནམ་ལྕགས་སྡིགས་པ་དང་༔ བར་མས་ཐོད་དབྱུག་འོག་མས་རྒྱུ་ཞགས་བསྣམས༔ དུས་མཐའི་མེ་དཔུང་འབར་བའི་ཀློང་ན་བཞུགས༔ རིག་འཛིན་དྲག་པོའི་སྐུ་ཡི་གནས་ལྔ་རུ༔ དཔལ་ཆེན་སྐུ་ལྔ་གོ་ཆའི་ལྷ་ལྔ་ནི༔ རང་བྱུང་རང་ཤར་ཆེན་པོའི་ངང་དུ་རྫོགས༔ དེ་ལྟར་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱོད་རང་ལ་ཐིམ་པར་མོས། སྤོས་རོལ་ཌཱ་དྲིལ་དང་བཅས། ཧྲཱིཿ བདེ་ཆེན་ལྷུན་གྲུབ་པདྨ་འཁྱིལ་བ་ནས༔ རྒྱལ་ཀུན་འདུས་གཟུགས་མ་ཧཱ་གུ་རུ་རྗེ༔ རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ སྒྲུབ་པའི་རྟེན་རྫས་འཛུགས་པའི་གནས་མཆོག་འདིར༔ མ་ཐོགས་སྐུ་བཞིའི་བདག་ཉིད་གཤེགས་སུ་གསོལ༔ རྗེས་འཇུག་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འགྲོ་བ་སེམས་ཅན་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་དམག་རྒྱལ་འགོང་འདུལ་ཕྱིར་གཤེགས་སུ་གསོལ༔ རིག་འཛིན་རྗེས་འཇུག་རྣལ་འབྱོར་བདག་ཅག་རྣམས༔ ཕུང་པོ་མཁའ་སྤྱོད་བགྲོད་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ ཞེས་དྲག་ཏུ་དབབ། ཡེ་ཤེས་པ་རྣམས་བརྟན་པར་མོས་ལ། རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་འཇོག །ཏིཥྛ་བཛྲ་ཞེས་བརྗོད། དབང་དངོས་ལ་དམིགས་པ་འདི་ལྟར་གྱིས། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་དབང་ལྷ་་རྣམས་ཀྱིས་དབང་རྣམས་རིམ་པར་སྩོལ་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ། རྣམ་རྒྱལ་བུམ་པ་ལྷའི་གཞལ་ཡས། །ལྷ་དང་གཉིས་མེད་བདུད་རྩིའི་ཆུས། །སྐལ་ལྡན་སྤྱི་བོར་དབང་བསྐུར་བས། །ལུས་སྒྲིབ་དག་ནས་བུམ་དབང་ཐོབ། །རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང་། །སྤྲུལ་སྐུའི་གོ་འཕང་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་བླུད། དཀྱིལ་འཁོར་གྱི་གཙོ་བོའི་སྐུ་ལས་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །སྐུ་ཙཀ་ཐོགས་ལ། ཧྲཱིཿ ལྷ་དང་གཉིས་སུ་མེད་པ་ཡི། །ཡེ་ཤེས་ཕྱག་རྒྱས་དབང་བསྐུར་བས། །ཕུང་ཁམས་སྐྱེ་མཆེད་ལྷ་སྐུར་སྨིན། །དྲག་པོའི་སྐུ་དང་དབྱེར་མེད་ཤོག །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཁྱེད་རྣམས་གཙོ་བོའི་སྐུར་གསལ་བ་ལ་དུར་ཁྲོད་ཆས་ཀྱིས་རྒྱན་པར་མོས་མཛོད། དུར་ཁྲོད་དཔལ་ཆས་ཐོགས་ལ། ཧཱུྃ། དུར་ཁྲོད་རོལ་པའི་ཆས་རྣམས་ཀྱིས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཆེ་བའི་ཡོན་ཏན་ཀུན་རྫོགས་ནས། །ཁམས་གསུམ་བདུད་ལས་རྣམ་རྒྱལ་ཤོག །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ མ་ཧཱ་ཀ་པཱ་ལ་ཨ་ལཾ་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་དྲག་པོའི་གསུང་སྔགས་ཀྱི་ཕྲེང་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པའི་མོས་པ་མཛོད། སྔགས་ཕྲེང་ཐོགས་ལ། ཧཱུྃ་ཧྲཱིཿདྲག་པོའི་གསུང་ནི་གསང་བའི་སྔགས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ལས་རླུང་རྒྱུ་བ་ཀུན་དག་སྟེ། །རྡོ་རྗེའི་སྔགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། གཙོ་བོའི་ཐུགས་ཀ་ནས་ཕྱག་མཚན་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ཤིག །ཕྱག་མཚན་རྣམས་ཐོགས་ལ། ཧཱུྃ། ཡེ་ཤེས་འབར་བའི་རང་རྟགས་ནི། །ཕྱག་མཚན་དྲུག་གི་དབང་བསྐུར་བས། །བདུད་དཔུང་རྩད་ནས་གཞོམ་པ་དང་། །རིག་སྟོང་ཐུགས་སུ་སྨིན་པར་ཤོག །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ གུ་ཧྱ་བོ་དྷི་ཙིཏྟ་ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བླུད། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་རིག་མ་ཡུམ་གྱི་ངོ་བོ་སྤྲོས་ཏེ་ཐར་པ་བསྟེན་པ་བསྐུལ་བར་གྱུར། རིག་ཙཀ་ཐོགས་ལ། ཧཱུྃ། བདེ་ཆེན་ཆུ་སྐྱེས་རབ་རྒྱས་པའི། །ལྷ་མོ་དགའ་སྟེར་གནས་སྟེར་མ། །འདི་སྦྱིན་ཁྱོད་ཀྱིས་རྟག་ཏུ་བཅངས། །བདེ་བ་ཆེ་ལ་རོལ་པར་གྱིས། །ཤེར་དབང་ཐོབ་ཅིང་ཡིད་སྒྲིབ་དག །ཕྱག་རྒྱའི་རིག་འཛིན་ཐོབ་པ་དང་། །ཆོས་ཀྱི་སྐུ་མཆོག་ཐོབ་པར་ཤོག །པདྨ་བྷཉྫ་མོཀྵ་ཧོཿ དྭངས་ཤེལ་དྲི་མ་མེད་པའི་བརྡས་མཚོན་ཏེ་རྡོ་རྗེའི་ཚིག་གིས་ངོ་སྤྲད་པར་གྱུར། ཤེལ་རྡོ་ཐོགས་ལ། ཧཱུྃ། དབྱིངས་ནི་རྣམ་པར་དག་པ་སྟེ། །རང་བཞིན་འོད་གསལ་ལྷུན་གྲུབ་ཆེ། །མ་འགགས་ཐུགས་རྗེ་རྟགས་འཆར་བ། །རང་བྱུང་རིག་པའི་ངང་དུ་རྫོགས། །ཤེས་བྱའི་སྒྲིབ་དག་ཚིག་དབང་ཐོབ། །ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ཅིང་། །ངོ་བོ་ཉིད་སྐུ་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ དྷརྨ་དྷཱ་ཏུ་ཨ་ཧོཿ ཞེས་བརྗོད། དཔལ་གྱི་གཏོར་མ་གུ་རུ་དྲག་པོར་གསལ་བ་སྤྱི་བོར་བཞག་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། གཏོར་མ་ཐོགས་ཏེ་སྤྱི་བོར་བཞག ཧཱུྃ་ཧྲཱིཿ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །ཡི་དམ་པདྨ་དྲག་པོའི་ལྷ་ཚོགས་རྣམས། །ཐུགས་རྗེ་གློག་ལྟར་མྱུར་བས་འདིར་འབྱོན་ལ། །སློབ་མའི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ནད་གདོན་རྐྱེན་བགེགས་བར་ཆད་ཞི་བ་དང་། །པདྨ་དྲག་པོའི་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིངྟ་ཨོཾ་ཨཱཿཧཱུྃ་སྭཱཧཱ། ཞེས་གནས་ལྔར་བཞག དབང་དོན་གྱི་བྱིན་རླབས་བརྟན་པར་བྱས་པའི་མོས་པ་མཛོད། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མཧཱ་ཤྲ་མ་ཎཿསྭཱ་ཧཱ་ཞེས་དང་། བཀྲ་ཤིས་བརྗོད། དམ་ཚིག་བསྒྲགས། མཎྜལ། ལུས་འབུལ་རྣམས་དང་དགེ་བསྔོ་བྱས་ལ་གྲོལ། སློབ་དཔོན་གྱིས་ཚོགས་ལ་རོལ་བ་ལྷག་མ་གཏོང་བ་སོགས་རྗེས་རིམ་རྣམས་བྱའོ། །འདི་དགེས་བདག་གཞན་སེམས་ཅན་ཀུན། །བླ་མ་གུ་རུ་དྲག་པོ་ཡིས། །རྗེས་བཟུང་བདུད་ལས་རྣམ་རྒྱལ་ཏེ། །གུ་རུའི་གསང་གསུམ་དབྱེར་མེད་ཤོག །ཅེས་པའང་གྲུབ་དབང་༧རིན་པོ་ཆེའི་རིགས་དབོན་མཆོག་སྤྲུལ་པད་བདེས་གསུང་གིས་བསྐུལ་ངོར་༧ཆོས་ཀྱི་བློ་གྲོས་པས་བླ་མ་ལ་གསོལ་བ་བཏབ་བཞིན་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མཧཱ་ཤྲ་མ་ཎཿསྭཱ་ཧཱ།། །།