SPCD-KABUM-02-KHA-003

From Khyentse Lineage - A Tsadra Foundation Project
Revision as of 13:25, 3 July 2024 by Mort (talk | contribs)
Wylie title SPCD-KABUM-02-KHA-003.pdf
Location 'phags mchog bka' 'bum
Volume 2, Text 3, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]

༄༅། །རི་ཆོས་ཀྱི་གདམས་པ་རྣམ་དབྱེ་བརྒྱ་པ་བཞུགས་སོ།།

དུས་གསུམ་ཕྱོགས་བཅུའི་རྒྱལ་སྲས་བཅས། །མཆོག་གསུམ་རྩ་གསུམ་སྐུ་གསུམ་སོགས། །ཀུན་འདུས་ཨོ་རྒྱན་པདྨ་འབྱུང་། །དབྱེར་མེད་བླ་མ་མཆོག་རྣམས་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །སྙིགས་ལྔའི་ཆོས་བྱེད་བདག་ཅག་རྣམས། །རེ་ས་གཞན་ན་མ་མཆིས་པས། །ཁྱེད་ལ་སྐྱབས་མཆི་རྗེས་སུ་ཟུང་། །གསང་བ་གསུམ་གྱིས་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་ཐོབ་པར་ཤོག །འདིར་སྣང་སྒྱུ་མས་མི་བསླུ་བར། །ངན་སོང་སྡུག་བསྔལ་ཤེས་པ་དང་། །འཁོར་བའི་བཀོལ་སྤྱོད་སོགས་མཐོང་ནས། །སྒོ་གསུམ་དབེན་པའི་རི་ཁྲོད་འདིར། །སྤྲོ་བས་རབ་ཏུ་གནས་པར་ཤོག །རི་ཁྲོད་དབེན་པར་གནས་བཅས་ནས། །ཀུ་ཅོ་རྩིང་སྤྱོད་དྲག་པོས་མིན། །རང་རྒྱུད་ཆོས་ལས་རིང་བ་དང་། །གཞན་གྱི་བསམ་གཏན་ཚེར་མར་གྱུར། །དྲན་ཤེས་གཟུ་བོར་གནས་པར་ཤོག །མནོ་བསམ་དྲན་འཕྲུལ་རྒོད་པ་དང་། །འདྲི་བཤད་ལབ་གླེང་མང་བ་དང་། །འགྲོས་འགྲུལ་ཐག་བཞིན་བྲན་པ་དང་། །དལ་ཁོམ་མེད་པའི་ལག་ལེན་སོགས། །ཚབས་ཆེན་འཁྲུལ་པའང་ལྡོག་པར་ཤོག །གནས་ནི་ལུང་སྟོང་བཞིན་དུ་དབེན། །ལུས་ནི་རི་བོ་བཞིན་དུ་གནས། །ངག་ནི་ལྐུགས་པ་བཞིན་དུ་བཅད། །ཡིད་ནི་ནམ་མཁའ་བཞིན་དུ་དྭངས། །དབེན་པ་བཞི་ལ་མཐིལ་བཅོལ་ཤོག །ཟས་གོས་ཆེད་དུ་མི་གཉེར་བར། །དཀའ་སྤྱད་སྙིང་རུས་ནུས་པ་དང་། །འདུ་འཛི་རྣམ་གཡེང་དགྲ་ལྟར་སྤང་། །བཤེས་མེད་རིག་པའི་གྲོགས་དང་འགྲོགས། །ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །ཁོང་ཡངས་དག་སྣང་རབ་འབྱོངས་ནས། །བླ་མ་མཆོག་ལ་བསྙེན་བཀུར་དང་། །མཆེད་གྲོགས་རྣམས་ལ་ཐུགས་མཐུན་ཏེ། །དགེ་བ་གང་འགྲུབ་ཆུད་ཟོས་མེད། །དམ་ཚིག་རྣམ་པར་དག་པར་ཤོག །ཆོས་སྒོ་ཀུན་གྱི་ཡང་ཟབ་ནི། །བསྐྱེད་རྫོགས་གཉིས་ལ་རབ་བརྩོན་ནས། །བསྙེན་སྒྲུབ་ལས་གསུམ་རྟགས་ལྡན་དང་། །ཉམས་རྟོགས་ཡོན་ཏན་གོང་འཕེལ་ཞིང་། །རང་གཞན་དོན་གཉིས་འགྲུབ་པར་ཤོག །རིག་འཛིན་འདུས་པའི་གྲལ་འཁོད་ནས། །མ་རབས་རྗེས་སུ་མི་འབྲང་བར། །ཡ་རབས་ཆོས་ལ་མིག་ལྟོས་ནས། །ཐོས་པ་ཉམས་སུ་ལོན་པ་དང་། །བརྩོན་འགྲུས་རིམ་གྱིས་སྤར་ནུས་ཤོག །སེམས་རྒྱུད་ཆོས་དང་མ་འདྲེས་ན། །དམར་སེར་རྟགས་ཀྱིས་མི་ཕན་པས། །རང་རྒྱུད་གྱོང་པོ་བཏུལ་ནས་ནི། །ཞི་དུལ་བག་ཡོད་ཚུལ་ལྡན་པས། །ཕྱག་མཆོད་གནས་སུ་འོས་པར་ཤོག །ཉོན་མོངས་དགྲ་བོ་ངན་ལོང་ཆེ། །ཟས་གོས་རྒྱགས་པས་དྲེགས་པ་འཕེལ། །བར་ཆད་བདུད་ཀྱིས་འཁྱེར་ཉེན་ཡོད། །རྟག་ཏུ་འདོད་ཆུང་ཆོག་ཤེས་ངང་། །ཟས་གོས་བཀྲེན་པོས་འཚོ་བར་ཤོག །དགེ་སྡིག་བྱ་སྤྱོད་འདྲེས་པ་དང་། །དལ་ཁོམ་ཆོས་ཀྱིས་མི་ཡོང་བས། །བརྩོན་འགྲུས་ཆུ་བོའི་གཞུང་བཞིན་དུ། །ནམ་ཡང་སྒྲུབ་ལས་མི་གཡེལ་བར། །ལམ་མཆོག་མཐའ་རུ་ཕྱིན་པར་ཤོག །རི་ཁྲོད་དབེན་པར་གནས་དུས་འདིར། །ཉམས་རྟོགས་ཡང་དག་སྐྱེ་དུས་ཡིན། །གྲོང་ཡུལ་སྡུག་བསྔལ་འགྲིམ་དུས་དེར། །ངེས་འབྱུང་སྐྱོ་ཤས་སྐྱེ་དུས་ཡིན། །རྣམ་དབྱེ་ཡང་དག་ཕྱེད་པར་ཤོག །རྒྱུ་འབྲས་དཀའ་ལས་ཁྱད་བསད་ནས། །ཟས་གོས་དུ་མས་རབ་འཚོས་པའི། །ལུས་རྟེན་འདི་ཡང་མི་རྟག་ན། །སྐྱེ་མེད་དབྱིངས་སུ་བྲོས་རེ་རན། །རྣམ་དབྱེ་ཡང་དག༴ །སྐྱེ་བྱེད་ཕ་མ་མི་རྟག་མོད། །བུ་རྒྱུད་རྟག་པ་གང་གིས་འབྱུང་། །མཐོང་ཐོས་རེག་ཚོགས་འཆི་གྱུར་ན། །བདག་ཉིད་ཅིའི་ཕྱིར་མི་འཆི་འམ། །རྣམ་དབྱེ་ཡང་དག༴ །སྔ་རབས་འཁོར་བ་སྒྱུ་མས་བསླུས། །ཕལ་ཆེར་ངན་འགྲོའི་གནས་སུ་འདའ། །སླད་ཀྱང་གོ་བ་མ་ལོན་ཏེ། །མི་ཚེ་འཁྲུལ་འབྱམས་ཤོར་བ་རྣམས། །རྣམ་དབྱེ་ཡང་དག༴ །བདེ་སྡུག་སེམས་ལ་རག་ལས་བཞིན། །དགེ་སྡིག་རྒྱུ་འབྲས་ཞིབ་ཤེས་དགོས། །ཚེ་འདིའི་དོན་གཉེར་གལ་ཆེ་བཞིན། །ཕྱི་མའི་གཏན་ནོར་སྒྲུབ་ཤེས་དགོས། །རྣམ་དབྱེ་ཡང་དག༴ །སྡུག་བསྔལ་ཕྲ་མོ་མི་བཟོད་བཞིན། །གཏན་གྱི་བདེ་བ་མི་ཚོལ་བར། །ཚེ་འདིའི་བྱ་བཞག་སྒྲུབ་མཁས་རྣམས། །སྐྱེ་རྒ་ན་འཆི་མ་མཐོང་ངམ། །རྣམ་དབྱེ་ཡང་དག༴ །ཆུང་ནས་ལས་ཀྱང་ཟིན་དུས་མེད། །ཆུང་ནས་བཤད་ཀྱང་རྫོགས་དུས་མེད། །ཆུང་ནས་སོང་ཡང་སླེབ་དུས་མེད། །སླད་ཀྱང་ཚེ་རབས་འཁྲུལ་ཉེན་ཡོད། །རྣམ་དབྱེ་ཡང་དག༴ །ཚེ་ཕྱེད་གཉིད་ཀྱང་སངས་དུས་མེད། །ཚེ་ཕྱེད་ཟོས་ཀྱང་འཚེང་དུས་མེད། །ཚེ་འདི་གྱོན་ཡང་རན་དུས་མེད། །འཚེང་བའི་མཆོག་གྱུར་སྒྲུབ་ལ་བརྩོན། །རྣམ་དབྱེ་ཡང་དག༴ །འཁོར་བའི་བྱ་བ་གཉིད་སྤངས་ནས། །ཡུད་ཙམ་བློ་ཡིས་མི་གཏོང་ན། །རང་རེ་སྒྲུབ་ལས་གཡེལ་གྱུར་ན༑ །ཕལ་དང་ཕལ་གྱིས་མི་ཁྲེལ་ལམ། །རྣམ་དབྱེ་ཡང་དག༴ །སྐྱེ་བོ་དུད་འགྲོ་སུ་ཡིན་ཀྱང་། །རང་རང་ཆ་ལུགས་མི་གཏོང་ན། །ཆོས་སྤྱོད་ཆ་ལུགས་འཆོར་སྲིད་ན། །དཀོན་མཆོག་གསུམ་གྱིས་མི་ཁྲེལ་ལམ། །རྣམ་དབྱེ་ཡང་དག༴ །གཉེར་ཁག་ལས་འཛིན་བྱེད་དུས་འདིར། །རྒྱུ་འབྲས་ལྷག་པར་ཞིབ་དུས་ཡིན། །གཤིན་གསོན་དཀོར་དགེ་བྱུང་བའི་དུས། །བྱམས་དང་སྙིང་རྗེ་སྐྱེ་དུས་ཡིན། །རྣམ་དབྱེ་ཡང་དག༴ །སྡིག་ལ་ཚེ་རབས་ཀུན་ཏུ་སྤྱོད། །འཆི་དུས་བསྔོ་རྟེན་ཙམ་གྱིས་བསྐུལ། །དག་པའི་ཞིང་དུ་འདྲེན་ཆགས་བྱེད། །དེ་འདྲའི་ནུས་པ་ང་ལ་མེད། །རྣམ་དབྱེ་ཡང་དག༴ །སྙིང་དམར་ཅན་གྱི་གཤིན་པོའི་རྗེས། །དགེ་རྩ་གནད་སྨིན་སྒྲུབ་མི་དཀོན། །འདི་ཕྱིའི་སྣང་བ་སོ་སོར་གྱུར། །མ་མཐོང་བས་ན་ཆོག་ཆགས་ཡིན། །རྣམ་དབྱེ་ཡང་དག༴ །ཐེག་དམན་ལྟ་བུའི་རང་དོན་མེད། །ཐེག་ཆེན་ལྟ་བུའི་གཞན་དོན་མེད། །དགེ་བ་ཚེ་འདིའི་ལད་མོར་བསྒྲུབ། །དགོས་དུས་འབྲས་བུ་རླུང་གིས་ཁྱེར། །རྣམ་དབྱེ་ཡང་དག༴ །སྙིང་རྗེ་ལྕགས་ཀྱུས་མ་ཟིན་ན། །དགེ་རྩ་གནད་ལ་མི་སྨིན་པས། །རང་འདོད་འཁྲི་བ་རྟག་ཏུ་སྤོངས། །གཞན་དོན་སྒྲུབ་ལ་སྙིང་རུས་བསྐྱེད། །རྣམ་དབྱེ་ཡང་དག༴ །དགེ་བའི་མགོ་དཔོན་བྱེད་དུས་འདིར། །དྭངས་ལེན་བྱ་བའི་རྒྱུ་ཞིག་ཡིན། །སྡིག་པའི་མགོ་དཔོན་བྱེད་གྱུར་ན། །དགོངས་པ་ཅི་རག་ཞུ་དུས་ཡིན། །རྣམ་དབྱེ་ཡང་དག༴ །དགེ་ངོ་སྡིག་ངོ་མ་ཤེས་ན། །ཆོས་ལ་སྤྱོད་ཀྱང་ལུང་མ་བསྟན། །དགེ་བ་ཚེ་འདིར་ངོམས་དུས་མིན། །ཕྱི་མ་རྒྱུ་འབྲས་ཞིབ་དུས་དགོས། །རྣམ་དབྱེ་ཡང་དག༴ །ཆེད་དུ་བསྒྲུབས་པའི་དགེ་ཚོགས་རྣམས། །ཞེ་སྡང་མེ་ལྕེས་བསྲེགས་ངེས་པས། །འཕྲལ་རྐྱེན་དྲག་པོ་ཅི་བྱུང་ཡང་། །བཟོད་པའི་གོ་ཆ་གྱོན་པར་གྱིས། །རྣམ་དབྱེ་ཡང་དག༴ །བླ་མ་གཅིག་གི་མཆེད་གྲོགས་བར། །ཆེ་བའི་ཡོན་ཏན་མི་མཐོང་བར། །ང་རྒྱལ་ཕྲག་དོག་སོགས་ཤོར་ཏེ། །དག་སྣང་བསྐྱེད་ཀྱང་གདིང་ནས་གནག །རྣམ་དབྱེ་ཡང་དག༴ །བླ་སློབ་མཆེད་གྲོགས་རྒན་གཞོན་བར། །དངོས་ལྐོག་ཕྲ་མས་དབྱེན་གྱུར་ན། །དེ་ནི་མཚམས་མེད་ལྔ་ཡི་གྲལ། །དྲན་ཤེས་ལྡན་པས་ལྷག་པར་གཟོབ། །རྣམ་དབྱེ་ཡང་དག༴ །རང་མགོ་མཉེན་པོས་མི་ཁྲིམས་པར། །གཞན་གྱི་མགོ་འཛིན་དཀའ་བའི་གནས། །སོ་སོའི་རང་ཚོ་མ་ཉམས་ན། །བསླབ་སྟོན་དག་གིས་མཚུངས་པ་མེད། །རྣམ་དབྱེ་ཡང་དག༴ །དབང་གི་དམ་ཚིག་འབོགས་བྱས་ནས །ལོག་ལྟས་དམ་ཚིག་ཉམས་གྱུར་ན། །སྡིག་པ་དག་གིས་མཚོན་མི་ནུས། །མཛེས་ཆོས་ཅི་དགོས་བཤགས་པའི་གནད། །རྣམ་དབྱེ་ཡང་དག༴ །མི་དགེ་བཅུ་ལ་མངོན་པར་རྒྱུག །དགེ་བ་བཅུ་ཡི་མིང་ཡང་བོར། །ལས་འབྲས་མཐོང་ཡང་སྣང་བ་འུར། །ངན་སོང་སྡུག་བསྔལ་རང་གིས་བསྒྲུབ། །རྣམ་དབྱེ་ཡང་དག༴ །དམྱལ་བའི་རྒྱུར་གྱུར་ཞེ་སྡང་འབར། །ཡི་དྭགས་རྒྱུར་གྱུར་སེར་སྣས་བསྡམས། །དུད་འགྲོའི་རྒྱུར་གྱུར་གཉིད་དུ་འཐུམ། །ད་དུང་དགེ་བའི་འབྲས་བུ་རློམ། །རྣམ་དབྱེ་ཡང་དག༴ །ཚ་བའི་རེག་བྱས་འཇིགས་སམ་ལྟོས། །གྲང་བའི་རེག་བྱས་འཇིགས་སམ་ལྟོས། །བཀྲེས་སྐོམ་དག་གིས་གདུང་ངམ་ལྟོས། །ཉམ་ཐག་བཀོལ་སྤྱོད་བཟོད་དམ་ལྟོས། །རྣམ་དབྱེ་ཡང་དག༴ །ཤི་གསོན་ལ་མཐུར་གོ་འབྲེལ་ཡིན། །འདི་ཕྱིའི་སྣང་བ་བརྗེ་ལེན་ཡིན། །འཁོར་འདས་གཉིས་ཀྱི་ས་མཚམས་ཡིན། །འདུན་མ་གཏན་ལེགས་གཏན་ཉེས་ཡིན། །རྣམ་དབྱེ་ཡང་དག༴ །ཡ་རབས་བཀག་ཀྱང་འགོག་མི་བཏུབ། །བརྩོན་འགྲུས་བརྩེགས་པའི་མཁར་ཡང་རྫོགས། །མ་རབས་ཚེ་འདིའི་བྲིད་ཀྱང་མེད། །བསམ་མེད་རྡོ་བའི་ཁམས་བཞིན་སྙིགས། །རྣམ་དབྱེ་ཡང་དག༴ །ཆོས་མིན་སྡིག་ལ་སྤྱོད་པའི་ཚེ། །རྟ་རྒོད་ངར་མའི་འགྲུས་བཞིན་ཕྱོགས། །ཡང་དག་ཆོས་ལ་སྤྱོད་པའི་ཚེ། །གླང་རྒན་རྒྱབ་གཉེར་ངེད་ཚོ་སྡུག །རྣམ་དབྱེ་ཡང་དག༴ །སྡིག་པ་ཚེ་འདིར་མ་བཤགས་ན། །ལུས་རྟེན་འབྲལ་དུས་བྱ་ཐབས་ཟད། །དགེ་བ་སྤྱོད་ལ་ཡུས་ཆེ་མིན། །ཤེས་ན་རང་གི་གཏན་དོན་ཡིན། །མ་ཤེས་པ་ལ་ཅི་ཆ་ཡོད། །རྣམ་དབྱེ་ཡང་དག༴ །སྐྱབས་ཡུལ་མ་གསལ་ཕྱག་གྲངས་རྫོགས། །སྙིང་རྗེ་མ་སྐྱེས་སེམས་བསྐྱེད་བསགས། །འགྱོད་སེམས་མེད་པའི་ཡིག་བརྒྱ་བཟླས། །ཚོགས་རྫོགས་མ་གོ་མཎྜལ་འབུལ། །རྣམ་དབྱེ་ཡང་དག༴ །སྦྱིན་གཏོང་མ་ཤེས་སྡང་བའི་གཅོད། །མོས་གུས་མ་སྐྱེས་གསོལ་འདེབས་བགྲང་། །སེམས་ངོ་མ་མཐོང་སྒོམ་པའི་ཚུལ། །དམིགས་གནད་མེད་པའི་འཕོ་བ་སོགས། །རྣམ་དབྱེ་ཡང་དག༴ །མི་དགེ་སྡིག་ཕྱིར་སྲོག་ཀྱང་དོར། །ཡང་དག་དགེ་བ་ཁྲལ་གསོད་བྱེད། །དེ་ཚོ་ཆོས་ཀྱི་གཟུགས་བརྙན་ཡིན། །དགོས་པའི་དུས་ན་ཕན་པ་ཆུང་། །རྣམ་དབྱེ་ཡང་དག༴ །མཐོང་ཡང་སྣང་བ་འུར་བ་དང་། །ཐོས་ཀྱང་ཡིད་དུ་མི་འཛིན་པར། །ཤེས་ཀྱང་རང་རྒྱུད་མ་སྦྱར་ཞིང་། །མྱོང་ཡང་གོམས་ཡུན་བསྲིང་མི་དཀོན། །རྣམ་དབྱེ་ཡང་དག༴ །ཐོས་ལོ་ཤེས་ལོ་སྒྲུབ་ལོ་གསུམ། །རང་མགོ་རང་གིས་བསྐོར་བྱེད་དང་། །རང་མཐོང་ང་རྒྱལ་ཆེ་བ་སོགས། །ལེ་ལོ་གཡེང་བའི་ཡ་གྱལ་ཡིན། །རྣམ་དབྱེ་ཡང་དག༴ །གང་ཞིག་ཟོལ་ཟོག་ལྡན་པ་ཡིས། །གདམས་ངག་ཟབ་མོ་ཐོབ་ཏུ་རེ། །སྒྲུབ་ལ་དཀའ་སྤྱད་མི་ནུས་པར། །ངན་འགྲོའི་གནས་ནས་ཐར་འདོད་སོགས། །རྣམ་དབྱེ་ཡང་དག༴ །བརྩེ་བར་བྱས་ཀྱང་ཚུར་ལ་རྒོལ། །ཕན་པའི་ལན་དུ་གནོད་པ་སྐྱེལ། །བློ་རྩེ་འདུན་པ་མི་གཏད་པར། །གཅེས་འཛིན་སྙིང་པོ་འཐོབ་རེ་སོགས། །རྣམ་དབྱེ་ཡང་དག༴ །སུ་དང་འགྲོགས་ཀྱང་ཡིད་བརྟན་དཀོན། །ཆགས་སྡང་སོགས་ཀྱི་བསྣོན་མ་སྟེ། །ངས་བྱས་ང་རྒྱལ་རང་འདོད་ཆེ། །རྟག་འཛིན་ཞེན་པའི་ཕ་མཐའ་ཡས། །རྣམ་དབྱེ་ཡང་དག༴ །གཉེན་དང་ཉེ་འབྲེལ་མེད་ཀྱང་རུང་། །རྒྱུ་ནོར་གཏོང་ལེན་མེད་ཀྱང་རུང་། །འགྲོས་འགྲུལ་བྱ་བཞག་མེད་ཀྱང་རུང་། །མི་ངོ་རྒྱུ་ངོ་མེད་ཀྱང་རུང་། །རྣམ་དབྱེ་ཡང་དག༴ །མཐོ་ན་མི་དགོས་བཞིན་དུ་བསྟོད། །དམན་ན་བྱམས་མཁས་སུ་ཡང་མེད། །མི་ལ་ཨ་ཕོ་ཟེར་བ་ལས། །རང་གིས་ཁ་སོ་བསྡམ་དང་ལེགས། །རྣམ་དབྱེ་ཡང་དག༴ཤོག །བླ་མའི་བྱིན་རླབས་འཇུག་བྱེད་ནི། །རང་གི་དད་པ་མོས་གུས་ཡིན། །དམ་ཆོས་ཉམས་སུ་ལོན་བྱེད་ནི། །དོན་གཉེར་བརྩོན་འགྲུས་ཁོ་ན་ཡིན། །རྣམ་དབྱེ་ཡང་དག༴ །གཞན་ཕན་འགྲོ་དོན་འབྱུང་བྱེད་ནི། །བྱམས་དང་སྙིང་རྗེ་ལྡན་པས་ཡིན། །ལམ་མཆོག་ཀུན་གྱི་ཡང་ཟབ་ནི། །སྒོམ་པའི་མཐར་ཐུག་ལྟ་བ་ཉིད། །རྣམ་དབྱེ་ཡང་དག༴ །སྐྱེ་བོ་དུང་ཕྱུར་མང་པོ་ཡི། །དགེ་རྩ་ཇི་སྙེད་བསྡོམས་པ་ལས། །ལྷག་པའི་སྒྲུབ་པ་ཚེ་གཅིག་ཏུ། །སྔོན་བྱོན་སྐྱེས་ཆེན་དག་གིས་བསྒྲུབས། །རྣམ་དབྱེ་ཡང་དག༴ །ཐུགས་བསྐྱེད་མཁའ་ཁྱབ་འགྲོ་ལ་དམིགས། །གཞན་དོན་དངོས་བརྒྱུད་བར་གསུམ་མཛད། །སླད་ཀྱང་སྤྲུལ་པ་ཇི་སྙེད་ཀྱིས། །འཁོར་བ་མ་སྟོངས་བར་དུ་སྐྱོང་། །རྣམ་དབྱེ་ཡང་དག༴ །ཚེ་འདི་བློ་ཡིས་ཐོངས་པ་དང་། །ཕྱི་མའི་གཏན་དོན་ཁོ་ན་གཉེར། །ཤི་ཡང་སྒྲུབ་ལས་མི་འདའ་ཞིང་། །སངས་རྒྱས་རང་མལ་ཉིད་ནས་རྙེད། །རྣམ་དབྱེ་ཡང་དག༴ །ཆོས་ལ་ཨ་གསར་མི་བྱེད་ཅིང་། །སྒྲུབ་ལས་དམ་བཅའ་མི་འདའ་བར། །ལུས་སྲོག་དཀའ་སྤྱད་འབེན་དུ་འཛུག །དེ་ཚོ་རྒྱལ་བའི་གཅེས་ཕྲུག་ལགས། །རྣམ་དབྱེ་ཡང་དག༴ །དེང་སང་ཆོས་པར་རློམ་པ་འགས། །དགེ་བ་མེ་སྟག་ཙམ་ཞིག་སྒྲུབ། །ངས་བྱས་ང་རྒྱལ་རི་ཙམ་ཁུར། །དགའ་ན་སྒྲུབ་ཀྱང་སྡུག་ན་དོར། །རྣམ་དབྱེ་ཡང་དག༴ །རྒས་པོས་བྱ་བའི་སྙིང་རུས་དང་། །བྱིས་པའི་རྩེ་འཇོའི་དོན་གཉེར་ཙམ། །ཆོས་ལ་བློ་ཁ་མི་ཕྱོགས་པར། །དགེ་བ་འགྲུབ་པ་ནམ་ཞིག་ཡོང་། །རྣམ་དབྱེ་ཡང་དག༴ །རང་རྒྱུད་ཕྱོགས་ཙམ་མ་དུལ་བར། །ཁ་ཡིས་བཤད་ཡམ་འདོན་པའི་དུས། །གཞན་ཕན་མི་འབྱུང་འཕྱ་བའི་རྒྱུ། །བྱིས་པས་ཀ་ཁ་ངོམ་དང་མཚུངས། །རྣམ་དབྱེ་ཡང་དག༴ །དང་པོའི་ལོ་ལ་ཨ་གསར་བྱེད། །ཆོས་སྤྱོད་གཅིག་ཐོག་གཉིས་ཉམས་ལེན། །གཉིས་པར་ཆོས་མིན་བྱ་བས་གཡེང་། །གསུམ་པར་དྲེད་པོར་འཆོར་ཉེན་ཡོད། །རྣམ་དབྱེ་ཡང་དག༴ །ཕྱི་རོལ་སྒོ་དྲུང་ཐོ་བརྩེགས་ཤིང་། །ནང་ནས་རྣམ་རྟོག་རྒྱ་འབྱམས་ཤོར། །བྱ་བ་སྣ་ཚོགས་ཟིན་དུས་མེད། །ཉམས་རྟོགས་ཡོན་ཏན་ཡལ་ཉེན་ཡོད། །རྣམ་དབྱེ་ཡང་དག༴ །སྐད་ཅིག་རིག་པའི་མུ་མཐུད་ནས། །ཡེངས་འཁྲུལ་སྲང་ལ་མ་གཅུར་ན། །ཉམས་མྱོང་རྟོགས་པའི་སྤུ་རིས་སོགས། །གཟུང་འཛིན་ཧྲག་པོས་ག་ལ་གཞལ། །རྣམ་དབྱེ་ཡང་དག༴ །རིག་པའི་རང་ཚོ་མ་ཟིན་ན། །འཁྲུལ་རྟོག་གཞན་དང་ཁྱད་པར་མེད། །འོད་གསལ་ཉམས་མྱོང་མ་སྐྱེས་ན། །གཉིད་ཀྱི་གཏི་མུག་ཀུན་དང་མཉམ། །རྣམ་དབྱེ་ཡང་དག༴ །དང་པོ་སྒོ་གསུམ་བག་ཕབ་ནས། །དགེ་སྡིག་རྒྱུ་འབྲས་མ་ཞིབ་ན། །ཕྱི་ནས་ལེ་ལོ་གཡེང་བས་འབྱམས། །གཉེན་པོ་བརྟེན་ཀྱང་དབང་ནི་ཆུང་། །རྣམ་དབྱེ་ཡང་དག༴ །དད་པ་ཆོས་ལ་ཆེ་ན་ཡང་། །དོན་གཉེར་སྡིག་ལ་བསྐོས་པ་ནི། །ཕྱོགས་ཙམ་དཔྱད་ན་སྔོན་ལས་དྲན། །ངེས་པར་བློ་ཐག་མ་ཆོད་འདྲ། །རྣམ་དབྱེ་ཡང་དག༴ །གློ་བུར་བྱ་བའི་འཕྲོ་བཅད་དེ། །ཡང་དག་ཆོས་ལ་དད་གྱུར་ན། །དཀའ་བ་མ་ཡིན་སླ་བ་ཡིན། །སྔོན་བྱོན་སྐྱེས་ཆེན་དག་གི་ལམ། །རྣམ་དབྱེ་ཡང་དག༴ །མི་ཚེ་རི་ལ་སྤྱད་གྱུར་ཀྱང་། །དགེ་བ་འཕེལ་སྐྱེད་ཆེར་མ་ཐོན། །སྤང་ཕུག་ཕྱི་བ་བཞིན་དུ་ནི། །ཐ་མལ་འཆི་བ་ཡོང་སྲིད་པས། །རྣམ་དབྱེ་ཡང་དག༴ །མཆོག་གསུམ་གནས་ལ་མོས་གུས་ཆུང་། །མ་གྱུར་འགྲོ་ལ་སྙིང་རྗེ་ཆུང་། །དམ་པའི་ཆོས་ལའང་དོན་གཉེར་ཆུང་། །རང་འདོད་སྒྲུབ་ལ་སུ་ཡང་མཁས། །རྣམ་དབྱེ་ཡང་དག༴ །ས་དྲོད་རྒྱུག་ནས་འབྲོག་ལ་ཕྱོགས། །ཞོ་དང་འོ་མས་ལྟོ་ཡང་འགྲང་། །འབྲུ་བཅུད་སྨིན་ནས་ཡུལ་པ་ཉུལ། །ཆང་དང་རྩམ་པས་ལྟོ་ཡང་འགྲང་། །རྣམ་དབྱེ་ཡང་དག༴ །གཞན་ཕན་བསམ་པ་ཅུང་ཟད་མེད། །རང་འདོད་ཁོ་ནས་ལ་ལུང་བརྒལ། །གོམ་པ་རི་ཁྲོད་ཕྱོགས་ལ་དོར། །བརྣབ་སེམས་ད་དུང་གྲོང་ཡུལ་རྒྱུ། །རྣམ་དབྱེ་ཡང་དག༴ །ཆགས་སྡང་བློ་ཡིས་མི་གཏོང་བཞིན། །དགྲ་འདུལ་གཉེན་སྐྱོང་བྱ་བ་དང་། །མོ་ཟོག་རྣམས་ཀྱི་ལུས་བཅུད་འཕྲོག །ཕོ་ཟོག་རྣམས་ཀྱི་སྲོག་ཀྱང་གཅོད། །རྣམ་དབྱེ་ཡང་དག༴ །གཡོ་རྫུན་ཁྲམ་གསུམ་ཚོང་གིས་བསྒྱུར། །ཟས་གོས་སྡིག་པས་འདུག་ཆས་ཐོན། །དགུན་ཟླ་གསུམ་པོར་ཉལ་དགོས་བྱུང་། །འཇིག་རྟེན་ཁྱིམ་པའི་མིག་ལྟོས་ཡིན། །རྣམ་དབྱེ་ཡང་དག༴ །ཟས་གོས་སྡིག་ལ་བརྗེ་བ་ནི། །སྐྱེ་འགྲོ་སྤྱི་ཡི་ལུགས་སྲོལ་ཡིན། །ཟས་གོས་ཆོས་ལ་བརྗེ་བ་ནི། །རྣལ་འབྱོར་པ་ཡི་ཁྱད་ཆོས་ཡིན། །རྣམ་དབྱེ་ཡང་དག༴ །ཕུང་རྒན་སྒྱུ་མའི་ལུས་རྟེན་ལ། །དཀའ་སྤྱད་རི་བོ་འགེལ་བ་དང་། །ཟས་གོས་གླ་བརྔན་རན་ཙམ་སྤྲད། །ཚོགས་གཉིས་རྫོགས་པའི་བྲན་དུ་བསྐོལ། །རྣམ་དབྱེ་ཡང་དག༴ །ཚེ་རབས་ཆོས་དང་འཕྲད་པ་དང་། །ཆུང་ནས་བློ་ཁ་ཕྱོགས་པ་དང་། །དར་དུས་དཀའ་སྤྱད་ནུས་པ་དང་། །རྒས་ནས་ཕྱི་རབས་སྨོན་ལམ་ཐོབ། །རྣམ་དབྱེ་ཡང་དག༴ །རྒྱུ་ནོར་ཕྱུག་ཀྱང་ཆོས་པ་མིན། །ཟས་གོས་དབུལ་བ་ཆོས་པའི་མཆོག །བདེ་སྐྱིད་ལྡན་ཡང་ཆོས་པ་མིན། །དཀའ་སྤྱད་སྙིང་རུས་ཆོས་པའི་མཆོག །རྣམ་དབྱེ་ཡང་དག༴ །སྙན་གྲགས་ཆེ་ཡང་ཆོས་པ་མིན། །ཡོན་ཏན་སྦས་པ་ཆོས་པའི་མཆོག །ཐོབ་ཐང་མཐོ་ཡང་ཆོས་པ་མིན། །དམན་པའི་ས་བཟུང་ཆོས་པའི་མཆོག །རྣམ་དབྱེ་ཡང་དག༴ །དཔའ་རྩལ་ཆེ་ཡང་ཕྱོགས་མ་ཉེ། །སྒོ་གསུམ་ཞི་དུལ་སྒྲུབ་པའི་གྲོགས། །དྲན་འཕྲུལ་རྒོད་ཀྱང་ཕྱོགས་མ་ཡིན། །བློ་གཞི་བརྟན་པ་སྒྲུབ་པའི་གྲོགས། །རྣམ་དབྱེ་ཡང་དག༴ །གཡོ་སྒྱུ་མཁས་ཀྱང་ཕྱོགས་མ་ཡིན། །ཟོལ་ཟོག་མེད་པ་སྒྲུབ་པའི་གྲོགས། །ཁ་ལྕེ་བདེ་ཡང་ཕྱོགས་མ་ཡིན། །བདེན་པར་སྨྲ་བར་སྒྲུབ་པའི་གྲོགས། །རྣམ་དབྱེ་ཡང་དག༴ །དལ་རྟེན་ངེས་ཤེས་སྐྱེ་མིན་ནི། །རྨོངས་པའི་དུད་འགྲོར་སྙིང་རྗེས་ཤེས། །མི་རྟག་རྒྱུད་ལ་ཨེ་སྐྱེས་ནི། །དགོས་མེད་ཆོག་ཤེས་བརྟེན་པས་ཤེས། །རྣམ་དབྱེ་ཡང་དག༴ །རྒྱུ་འབྲས་ཡིད་ཆེས་སྐྱེས་ཆེ་ཆུང་། །དགེ་སྡིག་བླང་དོར་ཞིབ་ལུགས་ཤེས། །འཁོར་བའི་ཉེས་དམིགས་དྲན་ཆེ་ཆུང་། །ཐར་པ་དོན་དུ་གཉེར་ལུགས་ཤེས། །རྣམ་དབྱེ་ཡང་དག༴ །སེམས་ལ་བདག་འཛིན་ཡོད་མེད་ནི། །རྒྱུ་ནོར་འགང་ཆེན་བྱུང་དུས་མངོན། །གཏིང་ན་ཞེ་སྡང་ཆེ་ཆུང་ནི། །ཚིག་རྩུབ་དྲག་པོ་བྱུང་དུས་མངོན། །རྣམ་དབྱེ་ཡང་དག༴ །ང་རྒྱལ་ཁེངས་སེམས་ཡོད་མེད་ནི། །བརྙས་བཅོས་སྣ་ཚོགས་བྱུང་དུས་མངོན། །འགྲན་སེམས་ཕྲག་དོག་ཡོད་མེད་ནི། །མཐོ་དམན་སྣ་ཚོགས་བྱུང་དུས་མངོན། །རྣམ་དབྱེ་ཡང་དག༴ །སེམས་བསྐྱེད་སྙིང་རྗེ་ཨེ་འབྱོངས་ནི། །དགྲ་བོ་པང་དུ་ལོངས་དང་གོ། །གཟུང་འཛིན་འཁྲུལ་བ་ཨེ་ཞིག་ནི། །ན་ཚ་རྐྱེན་ངན་བྱུང་དུས་མངོན། །རྣམ་དབྱེ་ཡང་དག༴ །སེམས་རྒྱུད་ཆོས་དང་ཨེ་འདྲེས་ནི། །བཟང་ངན་རྐྱེན་གྱིས་བསྐུལ་དུས་ཤེས། །མཆོག་གསུམ་བྱིན་རླབས་ཨེ་འཇུག་ནི། །མོས་གུས་བློ་གཏད་ཁེལ་ལུགས་ཤེས། །རྣམ་དབྱེ་ཡང་དག༴ །ཉམས་མྱོང་རྟོགས་པ་སྐྱེས་ཆེ་ཆུང་། །གཅིག་པུར་སྡོད་ཚུགས་ཟིན་པས་ཤེས། །སེམས་ཀྱི་རྩ་བ་ཨེ་ཆོད་ནི། །ཉོན་མོངས་དུག་ལྔ་ཞི་ལུགས་ཤེས། །རྣམ་དབྱེ་ཡང་དག༴ །མཉམ་པར་བཞག་ནས་ལོ་གྲངས་སོང་། །འཛིན་པའི་མདུད་པ་ཅུང་མ་ལྷོད། །ང་རྒྱལ་ངན་པས་ཁོང་ནས་བརྒྱངས། །ཞེ་སྡང་དབང་མེད་གློག་ལྟར་འཁྱུགས། །རྣམ་དབྱེ་ཡང་དག༴ །ཤེས་བྱ་ཚིག་འབྱམས་ཤོར་བ་རྣམས། །ཁ་ཡིས་བཤད་ན་དོན་གཅིག་རུང་། །གོ་མྱོང་རྟོགས་པའི་རྣམ་གྲངས་མང་། །རྩེ་གཅིག་སྒྲུབ་པ་ཅན་ལས་མིན། །རྣམ་དབྱེ་ཡང་དག༴ །གོ་བ་ཙམ་གྱིས་རྟོགས་གྱུར་ན། །དུས་གསུམ་སངས་རྒྱས་དག་གིས་ཀྱང་། །ཚེ་གཅིག་སྒྲུབ་ལ་དཀའ་སྤྱད་རྣམས། །དགོས་མེད་གྱོང་དུ་ཕོག་གམ་ལགས། །རྣམ་དབྱེ་ཡང་དག༴ །དཀའ་བ་དུ་མ་སྤྱད་པ་དང་། །ཚད་མེད་མོས་གུས་སྐྱེས་པ་དང་། །སྤྲོས་ཀུན་ཞི་བའི་ཕ་རོལ་ན། །ཡང་དག་དྲན་པ་བརྟན་དང་གོ། །རྣམ་དབྱེ་ཡང་དག༴ །ཆུང་ནས་ཀ་སོགས་བསླབ་དགོས་ན། །མཁས་ཤིང་གྲུབ་པ་སྨོས་ཅི་དགོས། །མཚན་གྱི་ཁ་རྒྱན་མི་འཆང་བར། །དོན་གྱིས་བུམ་བཟང་བཀང་བར་འཚལ། །རྣམ་དབྱེ་ཡང་དག༴ །རང་དོན་རང་གིས་མ་ཤེས་བཞིན། །ཚོགས་རྫོགས་སྒྲིབ་སྦྱང་མི་ནུས་པར། །ཆོ་ག་ཆོས་སྤྱོད་མཁས་ཙམ་གྱིས། །གཞན་དོན་སླ་བས་འགྲུབ་པའི་ཕྱིར། །རྣམ་དབྱེ་ཡང་དག༴ །མཁྱེན་པའི་ཤེས་རབ་ང་ལ་མེད། །བརྩེ་བའི་སྙིང་རྗེ་ང་ལ་མེད། །འདྲེན་པའི་ནུས་པ་ང་ལ་མེད། །ང་རྒྱལ་ཆེ་བའི་ཁྱུ་ཚོགས་ཡིན། །རྣམ་དབྱེ་ཡང་དག༴ །མདོ་སྔགས་གཉིས་ལས་ཆེས་ལྷག་པས། །སྡོམ་པའི་སྙིང་པོ་ཐབས་ཀྱིས་བསྲིངས། །ཤེས་རབ་མཐོང་བས་ཞེ་ནས་ཁྲེལ། །སྡོམ་ལྡན་རྣམས་ལས་ང་རྒྱལ་ཆེ། །རྣམ་དབྱེ་ཡང་དག༴ །དཀྱིལ་འཁོར་ལྷ་ཡིས་མཁྱེན་ཆགས་མིན། །ཤི་གསོན་གནས་ལ་སྨིན་ཆགས་མིན། །གདངས་དབྱངས་རྔ་རོལ་འུར་བ་ཡིས། །རྨོངས་པའི་རྒྱུ་ནོར་ཟ་མཁས་རྣམས། །རྣམ་དབྱེ་ཡང་དག༴ །དགེ་བ་སྒྲུབ་ནས་ཚར་བ་མིན། །དགེ་བ་སྒྲུབ་ནས་རྒས་པ་མིན། །མི་ཚེ་འ་རེ་འུ་རེས་ཟད། །ལས་འབྲས་སྨིན་ཡོང་སྙམ་པ་མེད། །རྣམ་དབྱེ་ཡང་དག༴ །སྙན་གྲགས་ཆེ་བས་འགྲོ་དོན་མིན། །མཚམས་སྦྱོར་ཀུན་སློང་བཟང་ལ་རག །ཡོན་ཏན་ཆེ་བས་འགྲོ་དོན་མིན། །གདམས་ངག་ཟབ་མོ་གཅིག་གིས་ཆོག །རྣམ་དབྱེ་ཡང་དག༴ །ཕན་ལན་རེ་བ་སྦྱིན་པ་མིན། །ངོ་ལྐོག་ཤོར་བ་ཚུལ་ཁྲིམས་མིན། །ངན་དྲེད་ཆེ་བ་བཟོད་པ་མིན། །འགྲན་སེམས་ཤོར་ན་བརྩོན་འགྲུས་མིན། །རྣམ་དབྱེ་ཡང་དག༴ །གྲིམ་ལྷོད་མ་སྙོམས་བསམ་གཏན་མིན། །ཕྱིན་ཅི་ལོག་ན་ཤེས་རབ་མིན། །གཉིས་འཛིན་ཅན་གྱིས་བརྟུལ་ཞུགས་མིན། །བདག་འཛིན་ཅན་གྱིས་གཞན་དོན་མིན། །རྣམ་དབྱེ་ཡང་དག༴ །ཕྱིས་ནས་ཡང་དག་ཆོས་པའི་གཟུགས། །ནང་ནས་ཆོས་བརྒྱད་མཁས་པའི་རྫོང་། །ཕྱི་ནང་མཐུན་པའི་ཆོས་པ་དཀོན། །འདྲ་འདྲ་འདྲ་བས་ནོར་ཉེན་ཡོད། །རྣམ་དབྱེ་ཡང་དག༴ །ཁ་ཅིག་ཟས་གོས་འབྱོར་བས་བརྒྱན། །སྙན་གྲགས་ཡོངས་ལ་ཁྱབ་འདོད་དང་། །ཐོབ་ཐང་རྣམ་དཔྱོད་ལྡན་འདོད་དང་། །ཉམས་རྟོགས་ཡོན་ཏན་མཐོ་འདོད་སོགས། །རྣམ་དབྱེ་ཡང་དག༴ །ཁ་ཅིག་ཆགས་སྡང་དབང་གིས་གནས། །གནས་ཁང་ཟས་གོས་ཐོབ་ཕྱིར་དང་། །སོས་དལ་ངང་དུ་བདེ་འདོད་དང་། །ཕལ་ཆེར་ལུང་མ་བསྟན་དུ་ལྷག །རྣམ་དབྱེ་ཡང་དག༴ །ཁ་ཅིག་གཞན་ལ་འཆད་འདོད་དང་། །རྩོད་པས་ཕ་རོལ་རྒོལ་འདོད་དང་། །རྩོམ་པས་བསྟན་པ་གནས་འདོད་དང་། །ཕལ་ཆེར་ཚེ་འདི་དོན་དུ་གཉེར། །རྣམ་དབྱེ་ཡང་དག༴ །འགའ་ཞིག་སྔགས་ནུས་ལྡན་འདོད་དང་། །བླ་མའི་བསྙེན་བཀུར་ཐོབ་འདོད་དང་། །དགོན་སྡེ་གྲོང་ཡུལ་འགྲིམ་འདོད་དང་། །འདུ་འཛི་རྣམ་གཡེང་ཆེ་འདོད་སོགས། །རྣམ་དབྱེ་ཡང་དག༴ །སྙིགས་དུས་འགྱུར་བའི་ཡོ་ལང་འདིར། །རི་ཁྲོད་དགོན་པར་ཕྱོགས་པ་དང་། །སྒོམ་པ་འཁོར་བར་ཕྱོགས་པ་དང་། །འཁོར་བ་ལྷག་པར་སྡིག་ལ་འབྱམས། །རྣམ་དབྱེ་ཡང་དག༴ །ཚེ་འདི་རྟག་བརྟན་ཡོད་རློམ་ནས། །དགྲ་འདུལ་གཉེན་སྐྱོང་ཟས་གོས་སྒྲུབ། །ཁྲལ་ཁྲིམས་འཇལ་བའི་དུས་ཀྱིས་འདའ། །འཇིག་རྟེན་འཁོར་བ་ཞེས་ཀྱང་གྲགས། །རྣམ་དབྱེ་ཡང་དག༴ །མཆོད་བཤམས་མཛེས་ཆས་མངོན་པར་ཕྱོགས། །འཚོགས་འདུ་བསྒྲིགས་ཁྲིམས་ཀུན་སྤྱོད་ཀྱིས། །གཤིན་གསོན་དགེ་རྩའི་དོན་ལ་གཉེར། །བསྟན་དགོན་ཞེས་སུ་གྲགས་པ་ཡིན། །རྣམ་དབྱེ་ཡང་དག༴ །ངེས་འབྱུང་དྲག་པོའི་གཞི་བཟུང་ནས། །བྱ་སྤྱོད་ཕལ་ཆེར་སྤྲོས་དང་བྲལ། །ལྟ་སྒོམ་སྤྱོད་འབྲས་ཡང་དག་ན། །རི་ཁྲོད་ཞེས་ནི་གྲགས་པ་ཡིན། །རྣམ་དབྱེ་ཡང་དག༴ །དེ་ལྟའི་རྣམ་དབྱེ་མ་ཕྱེད་ན། །དགེ་སྡིག་ཤན་སོགས་སུ་ཡིས་འབྱེད། །འོན་ཏེ་གོམ་པ་འཁྱོར་ཉེན་ཡོད། །ཐུགས་ཉམས་ཕབ་ནས་དཔྱད་པར་ཐོང་། །རྣམ་དབྱེ་ཡང་དག༴ །ཕ་མས་བུ་བརྒྱུད་བརྡུང་བ་ནི། །སྡང་བས་མ་ཡིན་བྱམས་པས་ཡིན། །མཚང་ཐོག་འབེབས་པའི་གདམས་པ་ཡང་། །སྡང་བས་མ་ཡིན་བྱམས་པས་ཡིན། །རྣམ་དབྱེ་ཡང་དག༴ །སྐྱོན་རྣམས་མངོན་དུ་མ་ཕྱུང་ན། །ཡོན་ཏན་ནམ་ཡང་ལྡན་པར་དཀོན། །སྐྱོན་ཡང་ཡོན་ཏན་འགྱུར་བ་ནི། །ཐབས་མཆོག་རྒྱལ་པོའི་སྤྱོད་པའོ། །རྣམ་དབྱེ་ཡང་དག༴ །མི་ལུས་རྟེན་གྱིས་ཁྱད་པར་འཕགས། །སྙིང་པོ་ཆོས་ལ་འཇུག་པ་དང་། །སྣོད་བཅུད་མི་རྟག་འཇིག་པའི་ཆོས། །བརྩོན་འགྲུས་ཐང་ལྷོད་མེད་པར་ཤོག །བདེ་སྡུག་རྣམ་དབྱེ་ཕྲ་ཡང་མྱོང་། །ལས་འབྲས་དེ་བཞིན་ཞིབ་ཤེས་ནས། །འཁོར་བའི་སྡུག་བསྔལ་ཕ་མཐའ་ཡས། །ཐར་པ་འཐོབ་ལ་སྤྲོ་བར་ཤོག །རང་གིས་སྡུག་བསྔལ་མི་འདོད་བཞིན། །གནོད་པའི་བསམ་སྦྱོར་ཀུན་སྤངས་ནས། །བདེ་བ་གང་དང་གང་འདོད་པ། །གཞན་དག་དེ་ལྟར་སྦྱོར་ནུས་ཤོག །མདོར་ན་བདག་གི་དགེ་རྩ་ཀུན། །མ་གྱུར་འགྲོ་ལ་ཡོངས་སྨིན་ཞིང་། །བདག་ཀྱང་དམ་ཆོས་མཐར་ཕྱིན་ནས། །པད་འབྱུང་ཉིད་དང་དབྱེར་མེད་ཤོག །ཅེས་རང་སྐྱོན་ཤ་སྟག་སྟོན་པའི་ཚིག་འདི་ལྟ་བུ་ནི་ཤིན་ཏུ་སྦས་པའི་གནས་སུ་མཛེས་རུང་། མཆེད་གྲོགས་གསར་བུ་གྲྭ་ཆུང་རྣམས་ཀྱི་ངག་འདོན་རེ་བྱས་ན་རྣ་བས་ཐོས་པ་ཡིད་ལ་འཇགས་ནས་བླང་དོར་ཚུལ་ལྡན་གྱི་མཐུན་རྐྱེན་དུ་འགྱུར་བའང་སྲིད་སྙམ་ནས་སྲས་མིང་པས་གང་དྲན་བླུན་ཚིག་ཏུ་བཀོད་པ་འདིས་ཀྱང་མཆོག་གསུམ་གྱི་བྱིན་རླབས་རང་གཞན་གྱི་རྒྱུད་ལ་ངེས་པར་ཅན་གྱིས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།