དྲང་སྲོང་གཟའ་བདུད་ར་ཧུ་ལའིཿ ལས་སྦྱོར་གནམ་ལྕགས་ཐོག་མདའ་བཞུགསཿ

From Khyentse Lineage - A Tsadra Foundation Project
Revision as of 14:43, 28 June 2024 by Mort (talk | contribs)
Wylie title drang srong gza' bdud ra hu la'i las sbyor gnam lcags thog mda'
Location mdo mkhyen brtse bka' 'bum
Volume 7, Text 47, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Activity Practices - las tshogs  ·  Protector Rituals - gsol mchod
Colophon

བདག་འདྲ་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ས་ཁམས་སྟག་གི་ལོར་ཤོག་དྲིལ་བཀོད་པ་རེ་ཞིག་གསང་རྒྱ་བྱས་ནས་ཕྱིས་ཆུ་ཁམ་སྟག་ལོར་དག་པར་ཕབ་པའོཿ

bdag 'dra rig 'dzin mthu stobs bdud 'dul rtsal gyis sa khams stag gi lor shog dril bkod pa re zhig gsang rgya byas nas phyis chu kham stag lor dag par phab pa'o:

[edit]
འུྃཿ དྲང་སྲོང་གཟའ་བདུད་ར་ཧུ་ལའིཿ ལས་སྦྱོར་གནམ་ལྕགས་ཐོག་མདའ་བཞུགསཿ

«འུྃཿ རྒྱལ་ཀུན་ཐུགས་ཀྱི་མངའ་བདག་མཆོགཿ གསང་བའི་བདག་པོའི་སྐུ་ལ་འདུདཿ དྲང་སྲོང་གཟའ་བདུད་ར་ཧུ་ལའིཿ དྲག་ལས་དུག་གི་སྤུ་གྲི་འདིཿ བདག་བསྐྱེད་དང་ནི་སྒྲུབ་པ་བཅའཿ སྔོན་དུ་གྲུབ་ནས་ལས་དངོས་ནིཿ སྟེགས་བུར་ར་ཁྲག་བྱུགས་པའི་ཁརཿ ཕུང་ས་དང་ནི་རོ་ས་ཡིཿ བྲུབ་ཁུང་དཔངས་སུ་སོར་གསུམ་པཿ ལོགས་སུ་སོར་མོ་བཅུ་གཉིས་ཚདཿ ནང་དུ་དུག་ཁྲག་ཕྱི་རོ་སོལཿ བླུགས་ལ་གྲི་ལྕགས་ཁེབ་ཀྱིས་བཀབཿ ནང་དུ་རྫས་ཤོག་ལྒིང་གཞུགསཿ རྟེན་གྱི་ཕུར་བུ་གདབ་བྱས་ལཿ མདུན་དུ་ལྷ་དབྱེའི་རྫས་བཤམས་ཏེཿ ར་གཞོབས་ཡུག་སྐྲ་སྤྱང་ཁྱིའི་ལུདཿ ཨ་ཁྲད་མཛེ་ཤ་རྣམ་དྲུག་གོཿ འབུལ་གཏོར་ཤ་ཁྲག་བརྒྱན་པ་དངཿ མདའ་གཞུ་ཐུན་རྫས་རལ་གྲི་བཤམསཿ རྒྱབ་ཏུ་དྲག་པོའི་གཏོར་མ་ནིཿ སྦྲུལ་དཀྲིས་རྩང་གིས་བརྒྱན་པ་བཤམསཿ གཞན་ཡང་ཡོ་བྱད་ཚང་བྱས་ལཿ ལས་བྱེད་ཕོ་ཉ་བསྒྲུབས་རྗེས་སུཿ »ཨོཾ་ར་ཧུ་ལ་ཧཱུཾ་ཕཊཿ མདུན་གྱི་གཏོར་མ་མི་དམིགས་པའི་ངང་ལསཿ ར་ཧུ་ལ་དམར་ནག་འཇིགས་སུ་རུང་བའི་སྐུར་གྱུརཿ དེའི་མདུན་དུ་བྲུབ་ཁུང་དམར་ནག་ནད་ཀྱི་ན་བུན་འཐུལ་ཞིངཿ མཚོན་གྱི་ཆར་པ་འབེབས་པའི་ནང་དུ་ནྲི་ལས་དམ་ཉམས་པའི་དགྲ་བོ་ཆྒཻམོའི་ལུས་རིད་ཅིང་ཉམ་ང་བཿ གདུག་པའི་འོད་དོད་ལྷང་ལྷང་འབོད་པཿ སྙིང་ཀར་ཚེ་བསོད་བཀྲག་མདངས་ཀྱི་ངོ་བོ་ནྲིཿ ཡིག་དམར་ལྗང་གསལ་བར་གྱུརཿ «དར་ནག་ཐོགས་ལཿ »ན་མོ་དགུ་ལྡན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དངཿ སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ༴ ཡི་དམ་ཆེན་པོ་རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི༴ ཡེ་ཤེས་དང་ལས་ལ་གྲུབ་པའི་མ་སྲིང་མཁའ་འགྲོ་རྣམས་ཀྱི་བཀའ༴ སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི༴ ཁྱད་པར་དུ་གསང་བདག་ཕྱག་ན་རྡོ་རྗེཿ གཟའ་མཆོག་ཆེན་པོ་ར་ཧུ་ལཿ ལས་བྱེད་ཀྱི་ཕོ་ཉ་ཉི་ཤུ་རྩ་གཅིགཿ འགུགས་བྱེད་ཚེ་ལ་དབང་བ་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པས་ཉམས་པ་བདུན་དང་ལྡན་ཞིང་རྣལ་འབྱོར་པ་ལ་དོ་བསྡོ་ཞིང་ཕོད་བཙུགས་པཿ སྲུང་མ་ཁྱད་དུ་གསོད་པར་བྱེད་པའི་དགྲ་བོ་ཆེ་གེ་མོའི་བླ་སྲོག་རྣམ་པར་ཤེས་པ་དང་བཅས་པ་མྱུར་དུ་ཁུག་ཅིགཿ «ཅེས་བརྗོད་ཅིང་རྟེན་ཕུར་བསལ་ལཿ »ར་ཧུ་ལ་དགྲ་བོ་ཏྲི་ཛཿ «ཞེས་བརྗོད་ཅིངཿ »གཟའ་བདུད་ཀྱི་ཐུགས་ཁ་ནས་འགུགས་བྱེད་དམར་པོ་གློག་ཞགས་ཐོགས་པ་ཐལ་གྱིས་སོང་སྟཻཿ དགྲ་བོའི་རྣམ་པར་ཤེས་པ་དངོས་བཀུག་ནས་རྟེན་ལ་ཐིམ་པར་བསམ་«ཞིངཿ འགུགས་སྔགསཿ »ར་ཧུ་ལ་ཏྲི་ལིང་འུར་འུར་རྒྱུག་རྒྱུག་«ཆྒཻ་མོའི་»བླ་སྲོག་རྣམ་པར་ཤེས་པ་ནྲྀ་ཨ་ཀར་ཤ་ཡ་ཛཿཛཿ «ཅེས་བཟླས་པའི་ཁུག་རྟགས་དངོས་སུ་འོང་ངོ་ཿ དེ་ནས་དབྱེ་སྒྲོ་ཐོགས་ལཿ རྫས་རྣམས་ལིང་གར་བྲབ་བདུག་བྱཿ »ཨོཾ་ར་ཧུ་ལ་སྲུང་སྐྱོབས་བྱེད་པའི་དྷེ་ཝ་སརྦ་ཕྱེས་ཕྱེསཿ སྲུང་བ་ཐམས་ཅད་ནད་མཚོན་དུག་ཏུ་སྒྱུར་ཅིགཿ «ཅེས་དབྱེ་སྒྲོས་དབྱེ་བར་བྱའོཿ དེ་ནས་ཟངས་ཕུར་གདབ་ལཿ »ཕུར་པ་མི་དམིགས་པའི་ངང་ལས་ར་ཧུ་ལ་ཚོན་གང་བ་གསལ་བརཿ རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཁ་ནས་འོད་ཟེར་སྔོན་པོ་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ར་ཧུ་ལའི་ཐུགས་ཁར་ཕོགཿ དྲག་པོའི་ལས་ཐོགས་མེད་དུ་བསྒྲུབས་ཤིང་དགྲ་བོའི་ཚེ་སྲོག་དམར་ནར་ནར་འཇིབས་པར་བསམཿ ཧྲཱི་ཀེ་ཏ་ཀེ་ཏ་ཤག་རུ་རཾ་ན་ག་ཙིཏྟ་ཀྲམ་མ་མ་ཡོ་ཟ་འགྲམ་ཧ་ཧི་ཡོ་གི་ཤ་ལ་ཛཿཛཿ ནྲི་ཏྲི་ཤ་ཏྲུཾ་མ་ར་ཡ་ཕཊཿ« ཅེས་པ་སྟོང་ཕྲག་བཟླས་གྱུར་ནཿ དགྲ་ལ་བསད་རྟགས་མྱུར་དུ་འོངཿ མདུན་དུ་ཟན་ལིང་བཤམས་བྱས་ལཿ འགུགས་པ་བདུན་ནམ་ཉེར་གཅིག་བྱཿ »རང་གི་ཐུགས་ལས་འོད་འཕྲོས་པསཿ གཟའ་བདུད་ཐུགས་ཀར་ཕོག་མ་ཐགཿ དུག་སྦྲུལ་དམར་ནག་གཉིས་བྱུང་སྟེཿ དགྲ་བོའི་སྒོ་གསུམ་བཅིང་བར་བསམཿ «རྩ་སྔགས་ཤམ་དུཿ »ཀེ་ཏ་ཀེ་ཏ་དགྲ་བོའི་ལུས་ངག་ཡིད་གསུམ་གྲུ་གུ་ཐུལ་དུ་ཆིངས་ཤིགཿ «ཅེས་པ་བརྒྱའམ་ཉེར་གཅིག་བཟླཿ »སླར་ཡང་དྲག་པོ་གཟའ་བདུད་ཀྱིཿ ཞལ་ནས་ནད་མཚོན་དུག་གསུམ་ཆརཿ བབ་པས་དམ་ཉམས་དགྲ་བོ་ཡིཿ སྒོ་གསུམ་ལྔ་ཕུང་བརླག་པར་བསམཿ ཀེ་ཏ་ཀེ་ཏ་ར་ཧུ་ལ་ཧ་ལ་ཧ་ལ་ཧུ་ལུ་ཧུ་ལུ་བྲེང་བྲེང་སྲོག་ལ་འདུས་འདུས་ཁྲག་ལ་མྱོག་མྱོག་ཤ་ལ་ཆོམ་ཆོམ་རུས་ལ་ཆོད་ཆོད་རྩ་ལ་བསྡུས་བསྡུས་དབུགས་ལ་མཱ་ར་ཡ་རྦད་སོདཿ ལུས་སེམས་ཕྲོལ་ཅིགཿ «ཅེས་པ་ཉེར་གཅིག་བཟླས་ནས་ནིཿ དྲག་པོའི་ཐུན་གྱིས་བྲབ་པར་བྱཿ དེ་ནས་བསྒྲལ་བསྟབ་བྱ་བ་ནིཿ» གདུག་པའི་གཟའ་བདུད་ཐུགས་ཀ་ནསཿ སྒྲོལ་བྱེད་ཕོ་ཉ་འཕྲོས་པ་ཡིསཿ ཞིང་བཅུ་ཉམ་པ་བདུན་ལྡན་དགྲཿ བསད་ཅིང་བསྒྲལ་བརླག་ལུས་སེམས་ཕྲོལཿ «རྩ་སྔགས་ཤམ་དུཿ» ཀེ་ཏ་ཀེ་ཏ་ར་ཧུ་ལ་དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུན་མཱ་ར་ཡ་ཕཊ «ཅེས་བརྗོད་ལིང་ག་བསྒྲལ་བྱས་ལཿ »དགྲ་བོའི་ཤ་ཁྲག་ནང་རོལ་རུསཿ གཟའ་མཆོག་ཆེན་པོའི་ཞལ་དུ་བསྟབ༔ ཚེ་སྲོག་བཀྲག་མདས་དང་བཅས་རོལ༔ རྩ་སྔགས་ཤམ་བུར༔ མ་ཧཱ་མཾ་ལ་སཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁཱ་ཧིཿ «ཅེས་བརྗོད་གཏོར་མའི་ནང་དུ་བསྟབསཿ ར་གསུར་བདུག་ཅིང་ཐུགས་དམ་བསྐངསཿ མངོན་སྤྱོད་འགྲུབ་པའི་མཚན་མ་མཐོངཿ ཤིན་ཏུ་མ་ཐུབ་རིགས་རྣམས་ལཿ »ཧ་ཧ་ཚལ་པ་ཚལ་པ་སྙིག་སྙིག་ཞུང་ཞུང་དགྲ་བོ་«ཆྒཻ་མོའི་»སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས་མཱ་ར་ཡ་ཕཊཿ «ཅེས་གདགས་དབང་ཕྱུག་ཡིན་ཡང་ཐུབཿ ཐུན་མཚམས་ཐུན་གཏོར་འཕེན་པ་ནིཿ གཏོར་མ་ཁྲག་གིས་བྲན་བྱས་ལཿ »ཧཱུཾ་དྲང་སྲོང་ཆེན་པོ་ར་ཧུ་ལཿ ཁྱོད་ཀྱིས་མི་ཐུབ་གང་ཡང་མེདཿ རྡོ་རྗེ་འཆང་དང་མར་མེ་མཛདཿ ཤཱཀྱ་ཐུབ་པད་འབྱུང་ཀུ་མ་རཿ ཀློང་ཆེན་རབ་འབྱམས་ལ་སོགས་པའིཿ སྤྱན་སྔར་ཁས་བླང་དུས་ལ་བབསཿ རྣལ་འབྱོར་སྡང་བའི་དགྲ་བོ་འདིའིཿ བདུན་རྒྱུད་རྩ་ནས་ཆོད་ཀྱིས་ལཿ ལོ་དང་ཟླ་བ་ཞག་ཟ་མརཿ མི་འགྱང་སྐད་ཅིག་ད་ལྟ་ཉིདཿ སྒོ་ང་བྲག་ལ་བརྡབ་པའམཿ བྱ་སྒྲོ་མེ་ཡིས་བསྲེགས་པ་བཞིནཿ ཐལ་བའི་རྡུལ་དུ་བརླག་པར་མཛོདཿ «ཅེས་བརྗོད་གཏོར་མ་དགྲ་ཕྱོགས་འཕངཿ དེ་ནས་སྒྲུབ་པ་ཟིན་པའི་དུསཿ དྲང་སྲོང་རྒྱུ་བའི་ཕྱོགས་ཉིད་དུཿ ལིང་ག་གཉིས་པོ་ཁ་གཏད་ལཿ བརྒྱང་ཞིངསྟེང་དུ་གཟའ་གཏོར་བཤམསཿ གཡས་སུ་ཁྲག་སྐྱེམས་གཡོན་ཐུན་གཏོརཿ མདུན་དུ་ཕོ་རོག་སྒྲོ་བཙུགས་ལཿ »རང་ཉིད་ངོ་བོ་གསང་བའི་བདགཿ རྣམ་པ་ཡེ་ཤེས་གཟའ་མཆོག་ཆེཿ སྐུ་མདོག་དཀར་པོ་དབུ་དགུ་པཿ ཕྱག་བཞི་གཡས་གཡོན་དང་པོ་ནཿ ཆུ་སྲིན་རྒྱལ་མཚན་སྦྲུལ་ཞགས་བསྣམསཿ འོག་མ་གཉིས་ན་མདའ་གཞུ་འགེངསཿ མིག་སྟོང་དང་ནི་ལྟོ་ཞལ་ལྡནཿ སྐུ་སྨད་སྦྲུལ་མཇུག་རབ་ཏུ་འཁྱིལཿ ཐུགས་ཁར་ཀྵཿཡིས་མཚན་པར་བསྒོམཿ ཀེ་ཏ་ཀེ་ཏ་ར་ཧུ་ལ་སརྦ་ས་མ་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ «ཅེས་བཟླ་རྒྱུ་བའི་ཕྱོགས་ཉིད་ནསཿ གཟའ་བདུད་ཆེན་པོ་བྱོན་པར་བསམཿ ལག་ཏུ་མདའ་གཞུ་ཐོགས་བྱས་ལཿ མ་ཡེངས་རྩེ་གཅིག་སྔགས་བཟླས་པསཿ བྱ་སྒྲོ་འདར་ཕྲིལ་བྱུང་བ་ནིཿ རྒྱུ་བའི་རྟགས་ཡིན་བསྐུལ་བསད་སྔགསཿ བཟླས་ལ་མདའ་དང་ཐུན་གྱིས་རྡེགཿ གཏོར་མ་བཏང་ཞིང་ཟོར་ཡང་འཕངཿ དེ་ནས་ཧོམ་ཁུང་ཁ་ཉིད་དུ༔ སྐྱེར་བའི་ཧོམ་ཤིང་བརྩིག་བྱས་ལཿ ཞུན་གྱི་མར་ཁུ་རའི་ཤ་ཁྲགཿ འབྲུ་སྣ་ལྔ་དང་མིང་ཡིག་བདུནཿ དཀར་གསུམ་མངར་གསུམ་རྩི་སྨན་སོགསཿ བསྡུས་ལ་རང་ཉིད་གསང་བདག་བསྐྱེདཿ མེ་ཉིད་གཟའ་མཆོག་བསྐྱེད་བྱས་ལཿ སྤྱན་འདྲེན་བཞུགས་གསོལ་གཞུང་ལྟར་བཏངཿ དེ་ནས་བསྲེགས་རྫས་འབུལ་བ་ནིཿ »ཧཱུཾཿ གདུག་པ་འདུལ་མཛད་གཟའ་བདུད་ར་ཧུ་ལཿ བསྟན་ལ་འཚེ་ཞིང་ཆོས་ལ་ཡ་ག་བྱེདཿ དགེ་འདུན་སྡེ་དཀྲུགས་སེམས་ཅན་སྡུག་ལ་སྦྱོརཿ ཁྱད་པར་རྣལ་འབྱོར་སྡང་བར་བྱེད་པ་ཀུནཿ ཁྱོད་ཀྱི་ཟས་སྐལ་ཉིད་དུ་བབ་པས་ནཿ དགྲ་བོའི་ཚེ་སྲོག་ཤ་ཁྲག་རུས་པར་བཅསཿ ཁྱོད་ཀྱི་ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧིཿ ཧྲཱིཿ ཀེ་ཏ་ཀེ་ཏ་ཤག་རུ་རཾ་ན་ག་ཙིཏྟ་ཏྲཾ་ཧ་ཧི་ཡོ་གི་ཤ་ལ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ཁ་ཁ་ཁཱ་ཧི་ཁྷཱིཿ «ཞེས་ཚིལ་ཞུན་བསྲེགས་རྫས་མིང་ཡིག་དམར་བསྟབ་དཀར་བསྟབ་སྔོ་བསྟབ་བཅས་འབུལཿ བྱོན་སྐྱེམས་ཕུལ་ལ་ལིངྒ་བསྲེགསཿ ཐལ་བ་སྙུག་སྦུག་ནང་བཅུག་ལཿ ཆུ་མིག་ཀླུ་ལ་གཏད་པར་བྱཿ ཞག་བདུན་བསྒྲུབ་པ་བྱས་གྱུར་ནཿ དབང་ཕྱུག་ཡིན་ཡང་མ་བསྒྲལ་ནཿ ང་ཡིས་བསླུས་སོ་ཕྱི་རབས་ཀུནཿ དམངས་ལ་ཞག་གསུམ་དག་གིས་ཆོགཿ ཤུལ་དུ་གུ་གུལ་གླ་རྩི་དངཿ ཤུ་དག་ཁུ་བ་བྲབ་ཅིང་བཀྲུཿ དུག་དབྱུང་ཤིན་ཏུ་དགེ་བར་འགྱུརཿ ཡུམ་དང་ཡིག་བརྒྱ་བཤགས་རྒྱུད་བཀླགཿ ས་ཚ་གདབས་ཤིང་དར་ལྕོག་འཛུགསཿ དམིགས་མེད་སྙིང་པོའི་རྗེས་ཐེབས་བྱཿ ཤིན་ཏུ་གསང་བའི་ཏི་ལ་ཀཿ ལན་རེར་གསུམ་ཡན་མིར་མི་སྤེལཿ ཁྱད་པར་རྡོ་རྗེ་སློབ་དཔོན་ལཿ སྙིང་བཞིན་བཀུར་ལས་གཞན་དག་ལཿ སྤེལ་ན་སྲོག་གི་བཀའ་རྒྱའོཿ རྒྱ་རྒྱ་རྒྱཿ ས་མ་ཡཿ ན་རཀ་ཀནཿ ཤིན་ཏུ་རྒྱཿ སྙིང་ཐིག་གཉེན་པོའི་བཀའ་སྲུང་གཟའ་བདུད་ཆེན་པོའི་དྲག་ལས་དུག་གི་སྤུ་གྲི་འདི་ཉིད་གང་གི་ཚེ་བཀའ་རྒྱར་བཏབ་པ་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ཕབ་པ་རྒྱཿ ཁ་ཐཾཿ གཟའ་བདུད་བསྒྲུབ་པའི་ཞལ་གདམས་ནིཿ དེ་ཡང་དང་པོ་བསྒྲུབ་པའི་དུསཿ གླ་བའི་ཤིང་ལ་ཕུར་བུ་ནིཿ གྲུ་གང་མདའ་སྙུག་སྦོམ་པོ་ཙམཿ བཞོག་ལ་སྦྲུལ་དཀྲིས་ཁ་མིག་བྲིཿ བླ་རྡོ་གཞུང་ལྟར་བྲིས་སྐུ་དངཿ མེ་མཚོན་ཟངས་རྡིལ་རྫས་ནང་དུཿ བཙན་དུག་མུ་ཟི་ཤུ་དག་ནགཿ རྟེན་འབྲེལ་ཙམ་རེ་བསྲེ་བར་བྱཿ ཟངས་རྡིལ་གྲི་ཁྲག་བུང་བ་དངཿ ཐར་ནུ་ཐང་ཕྲོམ་སྦྱར་བས་བྱུགསཿ ལས་སྦྱོར་སྟེགས་བུ་གཞུང་ལྟར་ལཿ བྲུབ་ཁང་ནང་དུ་ལིང་ག་ནིཿ གྲོ་གའམ་ནི་ཤོག་གུ་ལཿ དགྲ་བོའི་སྐྱེ་མཆེད་ཚང་བར་བྲིསཿ སྙིང་གར་འགུགས་སྔགས་མཐའ་བསྐོར་དུཿ བསད་སྔགས་དམོད་མོ་དང་བཅས་སོཿ སྐེ་ཚེ་ཤང་ཚེ་བྲ་བོ་གསུམཿ ཕྱེ་མ་ར་ཁྲག་གིས་སྦྲུས་པའིཿ ཟན་ལ་དགྲ་བོའི་དྲི་མ་བསྲེཿ སྐྱེ་མཆེད་ཚང་བའི་ལིངྒ་ནིཿ དགྲ་བོ་དུ་ཡོད་གྲངས་མཚུངས་བྱཿ ཐུན་མཚམས་བསྒྲལ་ལིང་གྲངས་ལྡན་དངཿ ཟངས་དམར་ཕུར་བུ་ཚོན་གང་བཿ སེ་བའི་གཞུ་ལ་རྒྱུས་པའི་རྒྱུདཿ སྐྱེར་མདའ་འུག་སྒྲོ་གྲི་ལྕགས་མདིལཿ ཐུན་རྫས་བུང་བ་ཐར་ནུ་དངཿ ཐང་ཕྲོམ་སྐེ་ཚེ་ཡུངས་དཀར་ནགཿ གྲི་ལྕགས་གྲི་རྡོ་ཟངས་ཕྱེ་དངཿ མཛེ་ཡུག་གྲི་ཁྲག་བཅས་པའོཿ མཆོད་གཏོར་སྒྲུབ་གཏོར་ཡོ་བྱད་སོགསཿ མ་ཚང་མེད་པར་འདུ་བྱས་ལཿ གཞུང་གི་ལས་རིམ་ཅི་བཞིན་བསྒྲུབསཿ བསྒྲུབས་ཀྱང་རྟགས་མེད་དམ་ཉམས་ནཿ བསྐང་བ་བྱ་ཞིང་བསྙེན་པའི་འགོརཿ ཡི་དམ་བསྙེན་པ་གདགས་པར་བྱཿ དམར་བསྟབ་མཆོད་པས་མཉེས་པར་བྱེདཿ ཇི་ལྟར་བསྒྲུབས་ཀྱང་རྟགས་མེད་ནཿ གནད་ལ་དབབ་པའི་མན་ངག་ནིཿ སྒྲུབ་རྟེན་ཡུངས་དཀར་ཐུན་གྱིས་བྲབཿ གུ་གུལ་མུ་ཟི་ཤུ་དག་བདུགཿ ཡི་དམ་ཐུགས་ཀའི་འོད་ཟེར་གྱིསཿ ཁོ་ཡི་སྲོག་གི་སྙིང་པོ་བསྡུསཿ དེས་ནི་ངེས་པར་རྟགས་འབྱུང་ངོ་ཿ ཤི་ས་བསྟན་པའི་མན་ངག་ནིཿ བྲིས་སྐུ་མགོ་མཇུག་ལྡོག་ལ་བཤམཿ གོས་ཀྱང་མགོ་མཇུག་ལྡོག་ལ་གྱོནཿ སྔགས་ཀྱང་མགོ་མཇུག་ལྡོག་ནས་བཟླཿ རང་ཉིད་ཡིད་དམ་ལྷར་གསལ་བསཿ ཁོ་ཡི་སྟེང་དུ་བྲོ་བརྡུང་བསམཿ ལིང་གར་མེ་མཚོན་རྡེག་པར་བྱཿ དེས་ནི་མི་འགྲུབ་མི་སྲིད་ཅིངཿ མྱུར་དུ་དགྲ་ལ་རྟགས་འབྱུང་ངེསཿ ཤིན་ཏུ་སྡུག་ཐུག་མ་གཏོགས་པཿ འདི་ཉིད་བྱ་བར་མི་རུང་ངོཿ རབ་ཏུ་གསང་བའི་མན་ངག་གོཿ བསྒྲུབ་པ་ཐོན་ཚེ་ཉི་མྱུར་དུཿ ཟོད་རྡེབ་སྲོད་ལ་སྦྱིན་སྲེག་བྱཿ ཡི་དམ་གཏོར་མར་དངོ་ས་གྲུབ་བླངཿ དུག་དབྱུང་བྱ་ཞིང་མཇུག་བསྡུ་འོཿ མཐུ་རྩལ་ཐོགས་མེད་ར་ཧུ་ལའིཿ བསྒྲུབ་པའི་ཞལ་གདམས་མན་ངག་སྟེཿ ཤིན་ཏུ་ཟབ་པའི་མཐར་ཐུག་གོཿ ས་མ་ཡཿ རྒྱ་རྒྱཿ འུྃཿ གདུག་པ་འདུལ་མཛད་དཔའ་བོའི་སྐུཿ གསང་བདག་རྡོ་རྗེ་འཛིན་ལ་བདུདཿ དྲང་སྲོང་གཟའ་མཆོག་ཆེན་པོ་ཡིཿ ལས་མཐའ་རྦད་བསད་རིམ་པ་ནིཿ ཤིན་ཏུ་དོ་གལ་ཆེས་འགྱུར་ནཿ ལས་སྦྱོར་དུས་སུ་བསྟབས་པའི་མཐརཿ རང་ཉིད་ཡེ་ཤེས་གཟར་བསྐྱེད་ལཿ ཐུགས་ཀར་གསང་བདག་ཚོན་གང་བསྒོམསཿ ཟོར་ཆེན་ཁྲག་གིས་བྲན་བྱས་ལཿ དང་པོ་གཟའ་མཆོག་བཞེངས་བསྐུལ་ནིཿ» ཧཱུྃཿ རྣལ་འབྱོར་བདག་ནི་དམ་ལྡན་སྒྲུབ་པ་པོཿ ཞི་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིངཿ གཞན་དོན་རླབ་ཆེན་བྱེད་པའི་མཐུ་ཆུང་ཡངཿ རང་དོན་ཆོས་བཞིན་སྒྲུབ་པར་བྱེད་སྙམ་ཡང༔ གློ་བུར་བདག་ལ་བར་ཆད་འདི་ལྟར་བྱུངཿ ལྷ་ཁྱོད་མ་གཡེལ་ཆོས་ཀྱི་དབྱིངས་ནས་བཞེངསཿ བསྟན་དགྲ་ལས་ངན་དམ་ཉམས་དགྲ་བོ་འདིསཿ དང་པོ་སངས་རྒྱས་བསྟན་པ་ཐབས་ཀྱིས་བཤིགསཿ བར་དུ་དཀོན་མཆོག་དབུ་འཕང་ཟོལ་གྱིས་སྨདཿ ད་ལྟ་རྣལ་འབྱོར་བདག་ལ་ཕོད་དུ་བཙུགསཿ ལྷ་ཁྱོད་མཐུ་མེད་ཞེས་སྨྲ་ཁྱད་དུ་བསདཿ སྒྲུབ་ལ་བར་གཅོད་ཆོས་སྤྱོད་སྤྱི་ལ་སྡངཿ བདག་གི་རྒྱུད་དཀྲུགས་བསམ་དོན་བཤོལ་བྱེད་ཅིངཿ མི་ཁ་སྒྲོགས་ཤིང་ཀུན་དང་དབྱེན་སྦྱོར་བྱེདཿ འདི་ལ་མྱུར་དུ་མངོན་སྤྱོད་མི་མཛད་ནཿ རྣལ་འབྱོར་བདག་ནི་ཡིད་ཆད་ཀུན་ཀྱིས་བརྙསཿ ཁྱོད་བསྟེན་སྒྲུབ་པའི་དོན་སྟོར་ཅི་ཞིག་བྱཿ དེ་བས་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ དམ་ཉམས་དགྲ་བོའི་སྟེང་དུ་ད་ཆོས་ཤིགཿ «ཅེས་བརྗོད་རཀྟ་བསྒྲེང་བྱས་ལཿ འཕེན་པའི་ཕྱོགས་བྱིན་ལིང་ག་བརྒྱངཿ ཟོར་ཆེན་གཏོར་ཆུང་ཁྲག་སྐྱེམས་དངཿ དཀར་གཏོར་གསེར་སྐྱེམས་བཅས་བཤམས་ལཿ སྡེ་བརྒྱད་རྣམས་ལ་གཏོར་མ་སྦྱིནཿ རང་ཉིད་ཡེ་ཤེས་གཟར་བསྐྱེད་ལཿ མེ་མཚོན་གཟའ་མཆོག་ཆེན་པོ་དངཿ རྡེའུ་ལས་བྱེད་ཕོ་ཉར་བསྐྱེདཿ རྫས་རྣམས་ནད་མཚོན་དུག་ཏུ་བསམཿ མེ་མཚོན་ལག་ཏུ་ཐོགས་བྱས་ལཿ ཕོ་ཉ་བསྐུལ་བ་འདི་ལྟར་རོཿ »ཧཱུྃཿ གསང་བདག་བཀའ་ཉན་ལས་བྱེད་མཐུ་བོ་ཆེཿ མི་སྲུན་ཆེན་པོ་གཟའ་བདུད་ར་ཧུ་ལཿ དམར་ནག་དབུ་དགུ་ཕྱག་བཞི་སྤྱན་སྟོང་ལྡནཿ ལྟོ་ཞལ་འཇིགས་པས་དགྲ་བགེགས་ཟས་སུ་ཟཿ སྦྲུལ་མཇུག་གཡོ་བས་རྒྱ་མཚོ་ཆེན་པོ་དཀྲུགསཿ ཐུགས་ལས་ལས་བྱེད་ཕོ་ཉ་སྐར་ལྟར་འཁྲུགསཿ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ་པོ་ཀྱེཿ ཧཱུཾཿ རྒྱུག་བྱེད་ལས་མཁན་ཕོ་ཉ་ནིཿ དམར་པོ་ལག་གཡས་རལ་གྲི་དངཿ གཡོན་པས་ནད་ཀྱི་རྐྱལ་བ་འཛིནཿ རང་འདྲའི་སྤྲུལ་པ་དཔག་མེད་འཕྲོཿ ཁྱོད་ཀྱི་ཐུགས་དམ་དུས་ལ་བབཿ ཞིང་བཅུ་ཉམས་པ་བདུན་ལྡན་པའིཿ དམ་ཉམས་དགྲ་བོ་ལས་ངན་འདིའིཿ ཚེ་སྲོག་དྲོན་མོ་མྱུར་དུ་ལོངསཿ ཤ་ཁྲག་རུས་པ་ཞལ་དུ་སྟོབསཿ སྒོ་ང་བྲག་ལ་བརྡབ་པའམཿ ལོ་ཏོག་སེར་བས་བཅོམ་པ་བཞིནཿ སྐད་ཅིག་ཉིད་ལ་རྡུལ་དུ་རློགཿ« རང་ཉིད་ཡེ་ཤེས་གཟའ་མཆོག་གིཿ སྙིང་ཁའི་གསང་བདག་ཐུགས་ཀ་ནསཿ འོད་ཟེར་དམར་པོ་གློག་ཞགས་ལྟརཿ ཤིན་ཏུ་མྱུར་བར་འཕྲོས་པ་ཡིསཿ གཟའ་བདུད་ལ་ཕོག་དེ་མ་ཐགཿ ཐུགས་ལས་ལས་བྱེད་ཕོ་ཉའི་ཚོགསཿ འཕྲོས་པས་དགྲ་བོ་མི་ནོར་ཡུལཿ ཐལ་བའི་རྡུལ་དུ་བརླག་པར་བསམཿ» ཨོཾ་ཀེ་ཏ་ཀེ་ཏ་ར་ཧུ་ལ་རྒྱུག་བྲེང་བྲེང་མ་ར་ཡ་ཧཱུྃ་ཕཊཿ «ཅེས་བརྗོད་དམིགས་པ་གསལ་གདབ་ལཿ མེ་མཚོན་དགྲ་ལིང་ཕྱོགས་སུ་རྡེགཿ སླར་ཡང་གཟའ་བདུད་ཆེན་པོ་ལཿ དམག་ལྟོའི་ཚུལ་དུ་གཏོར་འབུལ་བྱཿ དེ་ནས་ཟོར་ཆེན་བཏགས་བྱས་ལཿ »ཧཱུཾཿ མ་རུངས་གདུག་པ་འདུལ་མཛད་ར་ཧུ་ལཿ སྔོན་གྱི་ཞལ་བཞེས་ཐུགས་དམ་དུས་ལ་བབཿ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བོ་འདིསཿ བྱང་ཆུབ་སྒྲུབ་དང་རང་གཞན་དོན་བཤོལ་ཞིངཿ བསམ་པ་དཀྲུགས་ཤིང་བདེ་བ་སྒྲིབ་བྱས་ནསཿ སྡུག་བསྔལ་སྣ་ཚོགས་རྒྱུད་ལ་སྦྱོར་བྱེད་འདིཿ ད་ལྟ་ཉིད་དུ་སྒྲོལ་བར་མི་མཛད་ནཿ ཁྱོད་ཉིད་རྡོ་རྗེ་ཅན་གྱིས་བརླག་པར་འགྱུརཿ བདག་ཀྱང་གྲོང་མཐའི་ཁྱི་བཞིན་ཀུན་ཀྱིས་བརྙསཿ འོད་གསལ་རྫོགས་ཆེན་བསྟན་པ་ནུབ་ལ་ཉེཿ དེ་བས་མངོན་སྤྱོད་ཕྲིན་ལས་དུས་ལ་བབཿ ཧྲཱིཿ ཤག་རུ་རཾ་«སོགས་»ཨོཾ་ཀེ་ཏ་ཀེ་ཏ་རྦད་རྦད་བྷྱོ་བྷྱོ་བཟློག་བཟློགཿ «ཅེས་བརྗོད་ཟོར་ཆེན་དགྲ་ཕྱོགས་འཕངཿ ཤིན་ཏུ་དོ་གལ་ཆེ་བས་ནཿ ཁྲོས་པའི་ཡུས་བཅས་འདི་སྐད་དོཿ »ཀྱེ་མ་ཀྱེ་ཧུད་ར་ཧུ་ལཿ སངས་རྒྱས་རིན་ཆེན་སྙིང་པོ་དངཿ པདྨ་འབྱུང་གནས་ཀུ་མ་རཿ ཀློང་ཆེན་རབ་འབྱམས་ལ་སོགས་པའིཿ སྤྱན་སྔར་ཁྱོད་ཀྱིས་དམ་བཅས་པཿ དགྲ་བོ་སྒྲོལ་བར་མ་ཆད་དམཿ རྣལ་འབྱོར་སྐྱོང་བར་མ་ཆད་དམཿ སྒྲུབ་ལ་སྡང་བའི་སྐྱེ་བོ་རྣམསཿ ལོ་དང་ཟླ་བར་མི་འགྱང་བརཿ ང་ཡིས་ཟས་སྐལ་བྱའོ་ཞེསཿ སྨྲས་པའི་དམ་ཚིག་དུས་ལ་བབཿ མྱུར་མགྱོགས་ལྡན་པའི་ཕོ་ཉ་རྣམསཿ བྲན་དུ་བཀོལ་ལ་མྱུར་དུ་རྒྱུགསཿ དགྲ་བོའི་སྲོག་དབུགས་ཞལ་དུ་རྔུབསཿ གནམ་གྱི་འཇུ་ཐག་རྩད་ནས་ཆོདཿ ས་ཡི་རྟེན་ཕུར་རྨིང་ནས་ཕུདཿ སྐྱོབ་པའི་ལྷ་རྣམས་དུག་གིས་དཀྲོགསཿ འགོ་བའི་ལྷ་ལྔ་བརྒྱལ་དུ་ཆུགཿ དོ་ནུབ་ནམ་གྱི་གུང་ཐུན་ལཿ དགྲ་བོ་བསད་པའི་བསད་རྟགས་དངཿ དགྲ་ཤ་ཟོས་པའི་ཟོས་རྟགས་དང་ཿ དགྲ་ཁྲག་འཐུང་བའི་འཐུང་རྟགས་དངཿ དགྲ་ནོར་འཕྲོགས་པའི་རྟགས་མཚན་རྣམསཿ དམ་ལྡན་རྣལའབྱོར་བདག་ལ་སྟོནཿ འུར་བ་འུར་བ་དགྲ་ལ་རྒྱུགཿ བྲེང་བྲེང་དགྲ་བོའི་སྲོག་ལ་རྒྱུགཿ ཐུན་ཐུན་དགྲ་བོའི་བླ་ཚེ་ལཿ འདུས་འདུས་དགྲ་བོའི་ཁྲག་ལ་རྒྱུགཿ བྷྱོ་བྷྱོ་མི་ནོར་ལོངས་སྤྱོད་ལཿ སྐད་ཅིག་ཙམ་གྱིས་རྡུལ་དུ་བརླགཿ ཀེ་ཏ་ཀེ་ཏ་ར་ཧུ་ལ་ཛ་ཛཿ ལ་ཤ་ཀི་ཡོ་ཧི་ཧ་འགྲམ་ཟ་ཡོང་མ་མ་ཏྲཾ་ཏ་ཙིཏ་ག་ན་རཾ་རུ་ཤཀ་ཧྲཱིཿ དགྲ་བོའི་བླ་ཚེ་སྲོག་དབུགས་ཁ་རྗེ་དབང་ཐང་མི་ནོར་ལོངས་སྤྱོད་དང་བཅས་པ་མཱའ་ར་ཡ་བྷྱོ་བྷྱོཿ མཱ་ར་ཡ་རྦད་རྦདཿ ཁཱ་ཧི་ཁཱ་ཧིཿ« ཅེས་བརྗོད་འོ་དོད་ཆོ་ངེ་སྒྲོགཿ གོས་དང་རལ་བ་ས་ལ་བརྡབཿ གཟའ་མཆོག་སྡེ་བརྒྱད་དམག་དཔུང་བཅསཿ དགྲ་བོའི་ཡུལ་དུ་སོང་གྱུར་ནསཿ ལྷག་མ་མེད་པར་བརླག་པར་བསམཿ དངོས་སུ་འོད་དག་བཅས་ཏེ་འགྲོཿ སྙིང་ཁྲག་དམར་པོའི་གདམས་པ་སྟེཿ སྙིང་འདྲའི་བུ་ལ་ཤོར་ར་རེཿ འདི་ནི་ཤིན་ཏུ་གལ་ཆེན་ལསཿ དུས་མིན་བྱས་ན་རང་ལ་སྡིགཿ བརྒྱུད་འཛིན་སྙིང་འདྲའི་སློབ་བུ་ལསཿ གཞན་ལ་གསེར་སྲང་བརྒྱ་ཡི་འབའཿ ཁྱད་པར་སློབ་དཔོན་མི་དད་ཅིངཿ སེམས་ཅན་སྡུག་ལ་སྦྱོར་བ་ལསཿ གདམས་པ་འདི་ནི་ཨ་ཐམ་རྒྱཿ འདི་ཉིད་གཞན་ལ་སྦྱིན་པའི་དུསཿ བསྐང་བ་སྟོང་རེ་གནད་དུ་ཆེཿ ལན་རེར་གསུམ་ལས་སྤེལ་མི་བྱཿ གཟའ་མཆོག་དགྲ་ལ་བཀྱེས་བྱས་ནསཿ ནང་དུ་ལྡོག་མ་ཐག་ཉིད་དུཿ ཞི་བའི་བསྙེན་པར་ནན་ཏན་བྱཿ ནང་པར་ཉི་མ་ཤར་མ་ཐགཿ བསྐང་གསོལ་ནན་གྱིས་སྒྲུབ་པའོཿ ཆོ་འཕྲུལ་འགྱེད་པར་བྱེད་ན་ནིཿ དྲག་པོའི་བཤོས་བུ་དགུ་བསྐོར་ལཿ གཏོར་མའི་ནང་དུ་ར་སྙིང་ཕྱེཿ བྱུག་ཅིང་ཁྲག་ཆུའི་སྦྲུས་པར་བྱཿ ཕྲིན་ལས་བཅོལ་བའི་མགོ་ཉིད་དུཿ »གཟའ་མཆོག་ཆེན་པོ་འཁོར་ཆོ་འཕྲུལ་བདག་པོ་བརྒྱད་ཀྱིས་བསྐོར་བར་བསམཿ ཧཱུཾཿ གཟའ་མཆོག་ཆེན་པོ་ར་ཧུ་ལཿ འཁོར་དུ་ཆོ་འཕྲུལ་བདག་པོར་བཅསཿ ཤ་ཁྲག་དམར་གཏོར་འདི་བཞེས་ལཿ བསྟན་དགྲ་ལས་ངན་དུས་ལ་བབཿ མ་རུངས་དམ་ཉམས་དགྲ་བོ་འདིསཿ རྣལ་འབྱོར་བདག་ལ་ཕོད་དུ་བཙུགསཿ སྲུང་མ་ཁྱོད་རྣམས་ཁྱད་དུ་བསདཿ འདི་ལ་ཆོ་འཕྲུལ་སྣ་ཚོགས་སྟོནཿ མི་འདོད་ལྟས་ངན་ཐོག་ཏུ་ཕོབཿ ལས་མཁན་ཆོ་འཕྲུལ་བདག་པོ་རྣམསཿ དགྲ་བོའི་སྟེང་དུ་ད་རྒྱུག་ཅིགཿ ཨོཾ་ཀེ་ཏ་ཀེ་ཏ་ཨ་ཡ་མ་དུ་རུ་ཙ་ཤ་ན་དམ་ཉམས་པའི་དགྲ་བོའི་མིང་ནས་བོས་ཤིགཿ སྟེང་ནས་ནོན་ཅིགཿ སྒོ་རྡུང་ཅིགཿ ཆོ་འཕྲུལ་སྣ་ཚོགས་ཁྱེས་ཤིགཿ «ཅེས་བཟླས་ཞུབ་ཆེན་སིལ་གྱིས་འོངཿ ཆོ་འཕྲུལ་སྣ་ཚོགས་དགྲས་མཐོང་འགྱུརཿ འདི་ཡང་གུད་དུ་སྦས་པའོཿ ཤིན་ཏུ་ཟབ་པའི་མན་ངག་སྟེཿ སྙིང་འདྲ་གཅིག་ལ་ཤོར་ར་རེཿ རྒྱ་རྒྱ་རྒྱཿ ཅེས་པའང་བདག་འདྲ་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་བསྟན་དགྲ་འཇོམས་པའི་གཤེད་དུ་ཕབ་པའོཿའུྃཿ གདུག་པ་འདུལ་མཛད་སྐུ་ལ་འདུདཿ ཙཀྲ་རླུང་གི་འཁོར་ལོ་ནིཿ སྐྱེར་བའི་འ་ལག་གཡོན་འཁོར་ལཿ ར་ཁྲག་ཡིག་མགོ་ཕྱིར་བསྟན་པསཿ རྩ་སྔགས་ཤམ་དུ་བསད་སྔགས་མཐརཿ དམ་ཉམས་པའི་དགྲ་བོའི་མིང་རུས་ལོ་འདི་ཞེས་བྱ་བའི་ཡས་ཀྱི་འཇུ་ཐག་རྩད་ནས་ཆོད་ཅིགཿ མས་ཀྱི་རྟེན་ཕུར་རྨིང་ནས་ཕུད་ཅིགཿ སྲོག་གི་ཀ་བ་མྱུར་དུ་ཆོག་ཅིགཿ ཚེ་ཡི་ཆུ་མིག་ཕུགས་ནས་སྐོམས་ཤིགཿ བསོད་ནམས་རི་བོ་རྩེ་ནས་སྙིལ་ཞིགཿ དབང་ཐང་སྒོ་ང་བྲག་ལ་རྡོབ་ཅིགཿ རླུང་རྟའི་རྩི་ཤིང་མེ་ཡིས་སྲེགས་ཤིགཿ འགོ་བའི་ལྷ་སྲུང་གཤེད་དུ་ཕོབ་ཅིགཿ སྐྱོབས་པའི་ལྷ་རྣམས་དགྲ་རུ་ལྷོངས་ཤིགཿ སྲུང་བའི་ཙཀྲས་རང་སྲོག་ཆོད་ཅིགཿ སྨན་དང་དམ་རྫས་དུག་ཏུ་སྒྱུར་ཅིགཿ བྱིན་རླབས་རིམ་གྲོ་མཐུ་རུ་བསྒྱུར་ཅིགཿ རང་སྲུང་མཚོན་ཆས་རང་ལ་སྡིགས་ཤིགཿ མི་འདོད་སྣ་ཚོགས་ཆར་ལྟར་ཕོབ་ཅིགཿ ཚེ་སྲོག་དྲོན་མོ་མྱུར་དུ་ལོངས་ཤིགཿ ཤ་ཁྲག་དྲོན་མོ་ཞལ་དུ་སྟོབས་ཤིགཿ བསད་རྟགས་དོན་སྙིང་མྱུར་དུ་སྟོན་ཅིགཿ ཕུང་བར་གྱིས་ཤིག༔ བརླག་པར་གྱིས་ཤིགཿ ཀེ་ཏ་ཀེ་ཏ་བྷྱོཿ བྲེང་བྲེང་བྷྱོཿ འུར་འུར་བྷྱོཿ རྒྱུག་རྒྱུག་བྷྱོཿ ཐུན་ཐུན་བྷྱོཿ ཞེས་བྲིས་མཐའ་རུ་མེ་རི་དངཿ ལོགས་བཞིར་གཟའ་ཞལ་མཚམས་བཞིར་མིགཿ དབུས་སུ་ལིང་གར་དྲི་མས་བྱུགསཿ དགྲ་ཡི་ཕྱོགས་སུ་འཛུགསབྱ་ཞིངཿ རང་ཉིད་ཞི་བའི་བསྒོམ་བཟླས་དངཿ གཟའ་བདུད་བསྐུལ་ཞིང་ཕྲིན་ལས་བཅོལཿ འདི་ཉིད་ལས་ལ་སྦྱར་བ་ནཿ རྡོ་རྗེ་ཅན་ཡང་བརླག་པར་འགྱུརཿ འཁོར་ལོ་སྒྱུར་བའང་ལྟ་ཅི་སྨོསཿ ཐུགས་ལ་མནག་པའི་མན་ངག་འདིཿ སྙིང་འདྲ་གཅིག་ལ་ཤོར་ར་རེཿ ཁ་ཐཾ་ཁ་ཐཾཿ ན་རཀ་ཀནཿ ས་མ་ཡཱཿ རྒྱ་རྒྱཿ བདག་འདྲ་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ས་ཁམས་སྟག་གི་ལོར་ཤོག་དྲིལ་བཀོད་པ་རེ་ཞིག་གསང་རྒྱ་བྱས་ནས་ཕྱིས་ཆུ་ཁམ་སྟག་ལོར་དག་པར་ཕབ་པའོཿ