བཀའ་སྲུང་གཟའ་བདུད་ཆེན་པོ་ཡིཿ ཕྲིན་ལས་དུག་མཚོ་ཁོལ་མཿ

From Khyentse Lineage - A Tsadra Foundation Project
Wylie title bka' srung gza' bdud chen po yi phrin las dug mtsho khol ma
Location mdo mkhyen brtse bka' 'bum
Volume 7, Text 48, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
Colophon

ཞེས་པའང་རྣལ་འབྱོར་མཐུ་སྟོབས་བདུད་འདུལ་རྩལ་གྱིས་མེ་བྱི་ཟླ་ཚེས་ཀྱི་ཐོ་རངས་ཁར་རྨི་ལམ་དུ་བྲག་རི་རུ་སྤལ་ཁ་གདང་བ་འདྲ་བ་ཞིག་ནས་རྡོ་སྒྲོམ་ཞིག་རྙེད་པའི་ནང་ནས་ཤོག་དྲིལ་ཞིག་བྱུང་བ་སྐྱབས་རྗེ་ཡིན་སྙམ་པའི་བླ་མ་ཞིག་གིས་བཀའ་རྒྱ་མཛད་པ་ཞག་གསུམ་ཙམ་ནས་ཟིན་ཐོ་བྲིས་པ་ཕྱིས་ས་སྟག་ཟླ་ཚེས་ལ་ཡེ་ཤེས་པས་བསྐུལ་མ་བྱུང་བར་བརྟེན་ནས་གཏན་ལ་ཕབ་པའི་ཡིགེ་པ་ནི་འཇིགས་མེད་ངོ་མཚར་གྱིས་བྲིས་པ་ཤིན་ཏུ་གསངཿ རྒྱ་རྒྱ་རྒྱཿ

zhes pa'ang rnal 'byor mthu stobs bdud 'dul rtsal gyis me byi zla tshes kyi tho rangs khar rmi lam du brag ri ru spal kha gdang ba 'dra ba zhig nas rdo sgrom zhig rnyed pa'i nang nas shog dril zhig byung ba skyabs rje yin snyam pa'i bla ma zhig gis bka' rgya mdzad pa zhag gsum tsam nas zin tho bris pa phyis sa stag zla tshes la ye shes pas bskul ma byung bar brten nas gtan la phab pa'i yige pa ni 'jigs med ngo mtshar gyis bris pa shin tu gsang:_rgya rgya rgya:

[edit]
འུྃཿ བཀའ་སྲུང་གཟའ་བདུད་ཆེན་པོ་ཡིཿ ཕྲིན་ལས་དུག་མཚོ་ཁོལ་མའོཿ གུ་ཧྱཿ

«དུས་གསུམ་རྒྱལ་བ་ཀུན་ཀྱི་གསང་བའི་བདགཿ རབ་ཁྲོས་ལྷ་སྲིན་སྡེ་བརྒྱད་རྗེ་བོའི་ཚུལཿ འཛིན་མཛད་བཀའ་སྲུང་གཟའ་བདུད་རཱ་ཧུ་ལཿ གཅིག་སྒྲུབ་དུག་མཚོ་ཁོལ་མ་འདིར་བསྟན་བྱཿ དེ་ཡང་དབེན་པའི་གནས་སུ་བྲིས་སྐུ་དངཿ མེ་མཚོན་བླ་རྡོ་སྲུང་འཁོར་ཕ་ཝཾ་ལོངཿ སྒྲུབ་གཏོར་མཁར་ཐབས་འབུལ་གཏོར་སྦྲུལ་དཀྲིས་ཅནཿ སྨན་ཕུད་རཀྟ་དྲག་མཆོད་རྣམ་ལྔ་དངཿ གཞནཡང་དར་ཟབ་མཚོན་ཆ་ལ་སོགས་པཿ སྤྱན་གཟིགས་སྣ་ཚོགས་གཅལ་དུ་བཀྲམ་བྱས་ལཿ དང་པོ་གསང་བདག་བསྐྱེད་པའི་རིམ་པ་ནིཿ »ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭབྷཱ་ཝ་ཤུདྡྷོ྅ཧཾཿ སྟོང་པའི་ངང་ལས་དུར་ཁྲོད་གཞལ་ཡས་ཁངཿ ཉི་ཟླ་པདྨ་བམ་ཆེན་བརྩེགས་པའི་སྟེངཿ ཧཱུྃ་ལས་བདག་ཉིད་ཡི་དམ་གསང་བའི་བདགཿ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པཿ གཡས་པས་གནམ་ལྕགས་རྡོ་རྗེ་ནམ་མཁར་གདེངསཿ གཡོན་པས་སྡིག་མཛུབ་རྩེ་ནས་བྱ་ཁྱུང་འཕྲོསཿ སྤྱན་གསུམ་དམར་ཟླུམ་ཞལ་གདངས་མཆེ་བ་གཙིགསཿ ཞབས་གཉིས་འདོར་སྟབས་བསྒྲད་ཅིང་ཤིན་ཏུ་བརྗིདཿ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་དགུས་བརྒྱནཿ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགསཿ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པཿ སྤྱན་དྲངས་གཉིས་མེད་བསྟིམ་ཞིང་དགྱེས་པར་བཞུགསཿ སྙིང་ག་དཔལ་གྱི་བེའུའི་ཁོང་སེང་དུཿ མཐིང་ནག་རྡོ་རྗེའི་ལྟེ་བར་ཧཱུྃ་གི་མཐརཿ རྩ་བའི་སྔགས་ཀྱིས་གཡས་སུ་འཁོར་བར་བསམཿ ཧཱུྃ་བཛྲ་ཙཎྜ་ཕཊཿ «གོང་བསྙེན་འབུམ་ཕྲག་བཟླས་པའི་མཐརཿ དངོས་གཞི་སྒྲུབ་པའི་རིམ་པ་ནིཿ ཡི་དམ་ལྷ་ཡི་ང་རྒྱལ་གྱིསཿ» ཨོཾ་སྭབྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾཿ རང་གི་མདུན་དུ་ཐོད་མཁར་དམར་ནག་འཇིགས་སུ་རུང་བའི་དབུས་སུ་ཁྲག་ཞག་གི་རྒྱ་མཚོ་འཁྱིལ་བཿ སྐྱི་གཡའ་ཞིང་ཉམ་ང་བ་དེའི་དབུས་སུ་རཱ་ཧུ་ལ་དམར་ནག་མི་བཟད་པའི་ཉམས་ཅན་དབུ་དགུ་ཕྱག་བཞི་པཿ སྐུ་སྨད་དུག་སྦྲུལ་དུ་འཁྱིལ་བཿ ཕྱག་དང་པོ་གཉིས་ན་རལ་གྲི་སྦྲུལ་ཞགསཿ འོག་མ་གཉིས་ན་རྭ་ཡི་མདའ་གཞུ་འགེང་བཿ སྐུ་ལུས་ཐམས་ཅད་མིག་གིས་གང་བཿ གཡས་ཞལ་གསུམ་དཀར་ལ་བཞད་པཿ གཡོན་ཞལ་གསུམ་ནག་ལ་རྔམས་པཿ དབུས་ཞལ་གསུམ་དམར་ལ་ཁྲོ་ཞིང་དུག་གི་ཁ་རླངས་འཕྱོ་བཿ སྟེང་ན་བྱ་རོག་གདོང་ཅན་གདུག་པའི་སྐད་ངན་སྒྲོག་པ་གསལ་བར་གྱུརཿ རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས་བསྐྱེད་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་པར་གྱུརཿ ཧཱུྃཿ དད་པ་དང་ནི་དམ་ཚིག་གིསཿ ཚུར་བྱོན་ཚུར་བྱོན་སྲུང་མ་ཆེཿ སྔོན་གྱི་བསྐལ་པའི་དང་པོ་ལཿ རྡོ་རྗེ་འཆང་དང་མར་མེ་མཛདཿ ཤཱཀྱ་ཐུབ་པ་རྡོ་རྗེ་འཛིནཿ པདྨ་ཐོད་ཕྲེང་ལ་སོགས་པའིཿ སྤྱན་སྔར་ཁས་བླངས་དམ་བཅས་བཞིནཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ རཱ་ཧུ་ལ་བཛྲ་ས་མ་ཡ་ཛ་ཛཿ «བཞུགས་གསོལ་ཕྱག་འཚལ་ནིཿ »ཧཱུྃཿ བཀའ་ཡི་སྲུང་མ་དམ་ཚིག་ཅནཿ དྲག་པོའི་གནས་མཆོག་དམ་པ་འདིརཿ དམ་ཡེ་དབྱེར་མེད་དགྱེས་པར་བཞུགསཿ ཐ་ཚིག་དྲན་པས་ཕྱག་བགྱིའོཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷནཿ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ «མཆོད་པ་འབུལ་བ་ནིཿ »ཧཱུྃཿ གཟའ་བདུད་ཆེན་པོ་རཱ་ཧུ་ལཿ ཁྱེད་ལ་མཆོད་པ་འབུལ་བ་ནིཿ དམར་ཆེན་ཨརྒྷཾ་མཚོ་ལྟར་བསྐྱིལཿ དབང་པོ་ལྔ་ཡི་མེ་ཏོག་དངཿ ཤ་ཆེན་གསུར་དུད་སྤྲིན་ལྟར་གཏི་བསཿ ཚིལ་ཆེན་སྣང་གསལ་སྐར་ལྟར་བཀྲཿ མཁྲིས་པའི་དྲི་ཆབ་ཤ་རུས་ཀྱིཿ ཞལ་ཟས་དང་ནི་རོལ་མོའི་ཚོགསཿ འབུལ་ལོ་དགྱེས་པར་བཞེས་སུ་གསོལཿ ཨརྒྷཾ་«སོགས་ནསཿ »ཤབྟ་སརྦ་པུ་ཙ་ཧོཿ ཧཱུྃཿ གཞན་ཡང་མཆོད་པ་འབུལ་བ་ནིཿ ཤ་ཁྲག་དམར་གཏོར་རི་ལྟར་སྤུངསཿ དམ་རྫས་སྨན་དང་རཀྟའི་ཚོགསཿ རྨད་དུ་བྱུང་བའི་མཆོད་པ་རྣམསཿ བཞེས་ལ་རྣམ་བཞིའི་ཕྲིན་ལས་སྒྲུབསཿ སརྦ་པཉྩ་རཀྟ་བཱ་ལིཾ་ཏ་མ་ཧཱ་སུ་ཁ་པཱུ་ཙ་ཧོཿ «དེ་ནས་བསྟོད་པ་བྱ་བ་ནིཿ »ཧཱུྃཿ འཇིགས་བྱེད་ཆེན་པོ་གཟའ་བདུད་རཱ་ཧུ་ལཿ སྐུ་མདོག་དམར་ནག་དབུ་དགུ་ཕྱག་བཞི་པཿ སྤྱན་སྟོང་ལྡན་ཞིང་སྦྲུལ་མཇུག་རྒྱ་མཚོ་དཀྲུགསཿ དགྲ་བགེགས་སྒྲོལ་བའི་མཐུ་ཆེན་ཁྱོད་ལ་བསྟོདཿ སྔོན་གྱི་ཁས་བླངས་དམ་བཅའ་རྗེས་དགོངས་ཤིངཿ དམ་ཚིག་ལྡན་ལ་བཀའ་ཡི་བྱ་ར་མཛོདཿ དམ་ཉམས་རྣམས་ལ་སྲོག་གཅོད་ཕོ་ཉར་འགྱེདཿ ལེགས་ཉེས་སྟངས་འཛིན་ཁྱོད་ལ་ཕྱག་འཚལ་བསྟོདཿ «བཟླས་པ་བྱ་བ་ནིཿ »རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཟའ་བདུད་ཀྱི་ཐུགས་ཀའི་ཀྵ་ལ་ཕོགཿ སྔོན་གྱི་དམ་བཅའ་དྲན་ནས་ལས་བཞིའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམཿ ཧྲཱིཿ ཤག་རུ་རཾ་ན་ག་ཙིཏྟ་ཀྲམཿ མ་མ་ཡོ་ཟ་འགྲམ་ཧ་ཧི་ཡོ་གི་ཤ་ལ་ཛ་ཛཿ «འབུམ་ཕྲག་བཟླས་རྗེས་རྟགས་མངོན་འགྱུརཿ ལས་བྱེད་ཕོ་ཉའི་སྒྲུབ་པ་ནིཿ »མེ་མཚོན་རཱ་ཧུ་ལ་རུ་གསལབའི་ཐུགས་ཀར་དྷེའུ་ནི་ལས་གཟའ་བདུད་དམར་པོ་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ནད་རྐྱལ་ཐོགས་པ་ཞབས་གཅིག་དང་ལྡན་པར་བསམཿ «རྩ་སྔགས་ཤམཿ »རཱ་ཧུ་ལ་ཀེ་ཏ་ཀེ་ཏ་ཧཱུྃ་ཕཊཿ «ཁྲི་ཚོ་བཟླས་པས་འགྲུབ་པར་འགྱུརཿ དེ་ནས་ཐུགས་དམ་བསྐང་བ་ནིཿ གུ་གུལ་དཀར་པོ་ཚིལ་ཆེན་དངཿ ར་གསུར་བདུག་ཅིང་ཕུད་སྦྲེང་ལཿ རོལ་མོ་དབྱངས་ཀྱིས་འདི་སྐད་དོཿ »ཧཱུྃཿ ཁྱབ་འཇུག་ཆེན་པོ་རཱ་ཧུ་ལཿ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནིཿ མཁར་ཐབས་དམར་ནག་བཤོས་བུ་དངཿ ར་ཡི་དབང་པོ་རྣམ་ལྔས་བརྒྱནཿ མེ་མཚོན་བླ་རྡོ་ཙ་ཀྲ་དངཿ རྟེན་ཕུར་ཕྱག་མཚན་ལ་སོགས་པའིཿ རྟེན་རྫས་རྣམས་ཀྱིས་ཐུགས་དམ་བསྐངཿ གཟའ་ཡི་བཤོས་བུ་སྦྲུལ་གྱིས་བརྒྱནཿ དམ་རྫས་བདུད་རྩི་རཀྟ་དངཿ འདོད་ཡོན་རྣམ་པ་ལྔའི་མཆོད་པཿ གསུར་ཆེན་ར་གསུར་སྤོས་དཀར་དུདཿ དཀར་གསུམ་མངར་གསུམ་འབྲས་ཆེན་དངཿ ཤ་ཁྲག་སྙིང་སྣ་གསོན་ཁྲག་བཅུདཿ རྩི་སྨན་བཟའ་བཅའ་སྣ་ཚོགས་ཀྱིསཿ གཟའ་བདུད་ཆེན་པོའི་ཐུགས་དམ་བསྐངཿ དར་ཚོན་སྣ་ཚོགས་ཅོད་པཎ་དངཿ སྟག་གཟིགས་རྒྱལ་མཚན་གཡང་གཞི་དངཿ མདའ་མདུང་རལ་གྲི་མཚོན་ཆའི་རིགསཿ རྟ་དང་བ་གླང་གཡག་ལུག་རཿ སྤྱན་གཟིགས་དཀོར་ཆ་བསམ་མི་ཁྱབཿ མདོར་ན་དངོས་འབྱོར་ཡིད་སྤྲུལ་ཚོགསཿ ནམ་མཁའ་མཛོད་དུ་རབ་སྤྲུལ་ནསཿ གཟའ་བདུད་ཆེན་པོའི་ཐུགས་དམ་བསྐངཿ ལས་མཁན་རྣམས་ཀྱི་ཐུགས་དམ་བསྐངཿ ཐུགས་དམ་གཉན་པོ་བསྐངས་མཛོད་ལཿ བཀའ་དང་བསྟན་པ་གཉན་པོ་སྲུངསཿ སྒྲུབ་པའི་རྟགས་སྟོན་དམ་ཚིག་སྲུངསཿ ལས་བཞིའི་ཕྲིན་ལས་འགྲུབ་པར་མཛོདཿ «སླར་ཡང་མཆོད་ཅིང་ཕྲིན་བཅོལ་ནིཿ »ཧོཿ དགོངས་སུ་གསོལ་ལོཿ གསང་བའི་བདག་པོ་གདུག་པ་འདུལ་ཕྱིར་མི་སྲུན་པའི་ཚུལ་འཆང་བཿ རྣལ་འབྱོར་ཡོངས་ཀྱི་སྲོག་ཤིངཿ སྒྲུབ་པ་པོའི་ལས་མཁནཿ སངས་རྒྱས་བསྟན་པའི་བྱ་ར་བཿ རྫོགས་ཆེན་བཀའ་ཡི་སྲུང་མཿ གཟའ་བདུད་ཆེན་པོ་རཱ་ཧུ་ལ་ཁྱོད་ལ་དགྱེས་པའི་མཆོད་པ་རྒྱ་ཆེན་པོ་གསོལ་ལོཿ འབུལ་ལོཿ མཆོད་དོཿ སྒྲུབ་པའི་རྟགས་ཕྱུངཿ བཀའ་དང་བསྟན་པ་སྲུངསཿ འཁོར་དང་གང་ཟག་སྐྱོངསཿ སྡང་བའི་དགྲ་སོདཿ གནོད་པའི་བགེགས་ཐུལཿ ཅི་བཅོལ་བའི་ལས་ཐོགས་མེད་དུ་འགྲུབ་པར་མཛོད་ཅིགཿ བཀའ་ཡི་ལས་མཁན་ཆེན་པོཿ དམ་ཉམས་ཡོངས་ཀྱི་སྲོག་གཅོདཿ སྒྲུབ་པ་པོའི་ཕོ་ཉཿ ལས་ལ་མྱུར་ཞིང་གཏུམ་དྲག་ལྡན་པ་ཐམས་ཅད་ལ་འབུལ་ལོཿ གསོལ་ལོཿ མཆོད་དོཿ ཉིན་གྱི་བྱ་ར་མཛོད་ཅིགཿ མཚན་གྱི་མེལ་ཚེ་མཛོད་ཅིགཿ སྡང་བྱེད་དགྲའི་སྐྱེ་རྒྱུད་ཆོད་ཅིགཿ གནོད་བྱེད་བགེགས་ཀྱི་དམག་དཔུང་ཟློག་ཅིགཿ བཅོལ་བའི་ཕྲིན་ལས་གཉན་པོ་འགྲུབ་པར་མཛོད་ཅིགཿ ཧཱུྃཿ སྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལཿ བཅོམ་ལྡན་རྡོ་རྗེ་འཆང་དང་མར་མེ་མཛདཿ ཤཱཀྱ་ཐུབ་པ་ལ་སོགས་བཀའ་བསྒོས་ཤིངཿ དེ་རྗེས་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ སིནྡྷི་རྒྱ་མཚོ་རོལ་བའི་མཚོ་གླིང་དུཿ བཀའ་བསྒོས་དམ་ལ་བཏགས་ཤིང་སྲུང་མར་བསྐོསཿ ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུཿ རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་དངཿ རྫོགས་ཆེན་རྣལ་འབྱོར་ཀློང་ཆེན་རབ་འབྱམས་ཀྱིསཿ ཡེ་ཤེས་ཐིག་ལེའི་དཀྱིལ་འཁོར་ཞལ་ཕྱེས་ཚེཿ ཇི་ལྟར་ཁས་བླངས་དམ་བཅས་ཐ་ཚིག་ལྟརཿ རྣལ་འབྱོར་བདག་གི་བཅོལ་བའི་ཕྲིན་ལས་སྒྲུབསཿ སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པའི་ཚེཿ རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱེས་བུ་རྣམསཿ ཆོས་བཞིན་སྤྱོད་ཀྱང་འགལ་རྐྱེན་དར་བའི་ཚེཿ དམ་ཉམས་སྒྲོལ་ཞིང་བསྟན་པ་སྲུང་བ་དངཿ དམ་ཚིག་ལྡན་ཞིང་སྒྲུབ་པའི་རྣལ་འབྱོར་ལཿ བུ་ལྟར་སྐྱོངས་ཤིང་ཇི་བཅོལ་ལས་རྣམས་ཀུནཿ ཐོགས་མེད་སྒྲུབ་པའི་ཐུགས་དམ་གཉན་པོ་དགོངསཿ ལྷ་ཁྱོད་བོས་པའི་ཚེ་ན་སྙན་མ་སྲཿ གཡབ་པའི་ཚེ་ན་མྱུར་དུ་སྤྱན་མ་རྡུལཿ བསྒྲུབ་པའི་ཚེ་ན་ཕྲིན་ལས་ཡུན་མ་རིངཿ ཁྱད་པར་ཟབ་གསང་རྡོ་རྗེ་སྙིང་པོ་ཡིཿ བསྟན་པ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཤིངཿ རྡོ་རྗེ་སློབ་དཔོན་སྐུ་ཚེ་མཛད་ཕྲིན་སྤེལཿ བསྟན་འཛིན་བུ་སློབ་སྒྲུབ་པའི་རྒྱལ་མཚན་ཚུགསཿ ཆོས་ལ་སྐུར་ཞིང་བསྟན་ལ་སྡང་བ་ཡིཿ མ་རུང་དགྲ་བགེགས་ཐལ་བ་རྡུལ་དུ་རློགཿ རྟག་ཏུ་ཉེས་པ་སུབས་ལ་ལེགས་པ་ཆོསཿ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོདཿ «ཅེས་བརྗོད་ཕུད་གཏོར་གཙང་སར་གཤེགསཿ རྒྱུན་གཏོར་སྐབས་སུ་བསྡུ་རིམ་དངཿ ཤིས་བརྗོད་བསྔོ་སྨོན་སྤྱི་ལྟར་བྱཿ བསྒྲུབ་དུས་ཐོ་རངས་གུང་དང་ནིཿ ཉི་མྱུར་སྲོད་ལ་བཟླས་པར་བརྩོནཿ གནད་དྲུག་ཞལ་གདམ་མན་ངག་གསུམཿ གཞན་ལས་ཤེས་པར་བྱ་བའོཿ རྫོགས་ཆེན་བཀའ་ཡི་བྱ་ར་བཿ མི་སྲུན་གཟའ་བདུད་ཆེན་པོ་ཡིཿ ཡང་གསང་སྒྲུབ་པའི་གནད་གཅིག་པུཿ སྙིང་འདྲ་གཅིག་ལ་ཤོར་ར་རེཿ རྒྱ་རྒྱ་རྒྱཿ ཞེས་པའང་རྣལ་འབྱོར་མཐུ་སྟོབས་བདུད་འདུལ་རྩལ་གྱིས་མེ་བྱི་ཟླ་ཚེས་ཀྱི་ཐོ་རངས་ཁར་རྨི་ལམ་དུ་བྲག་རི་རུ་སྤལ་ཁ་གདང་བ་འདྲ་བ་ཞིག་ནས་རྡོ་སྒྲོམ་ཞིག་རྙེད་པའི་ནང་ནས་ཤོག་དྲིལ་ཞིག་བྱུང་བ་སྐྱབས་རྗེ་ཡིན་སྙམ་པའི་བླ་མ་ཞིག་གིས་བཀའ་རྒྱ་མཛད་པ་ཞག་གསུམ་ཙམ་ནས་ཟིན་ཐོ་བྲིས་པ་ཕྱིས་ས་སྟག་ཟླ་ཚེས་ལ་ཡེ་ཤེས་པས་བསྐུལ་མ་བྱུང་བར་བརྟེན་ནས་གཏན་ལ་ཕབ་པའི་ཡིགེ་པ་ནི་འཇིགས་མེད་ངོ་མཚར་གྱིས་བྲིས་པ་ཤིན་ཏུ་གསངཿ རྒྱ་རྒྱ་རྒྱཿ