DKYD-KABUM-07-JA-061

From Khyentse Lineage - A Tsadra Foundation Project
Revision as of 10:38, 28 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 7, Text 61, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
[edit]
༄༅ཿ ཡང་གསང་ཐུགས་ཐིག་ཆ་ལག་ལསཿ དཔལ་ལྡན་ལྷ་མོའི་མཆོད་ཕྲིན་བཞུགསཿ

«༄༅ཿ ྅྅྅྅྅྅ཿ དབྱིངས་དང་ཡེ་ཤེས་དབྱེར་མེད་པའིཿ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་ཿ སྟང་དཔྱལ་གཉིས་མེད་རོལ་པ་ལསཿ ཞི་ཆགས་ཁྲོ་བོའི་སྐུར་ཤར་བཿ རྩ་གསུམ་ལྷ་ལ་གུས་པས་འདུདཿ མ་མོ་འབུམ་ཐིག་གི་རྒྱུད་ལས་དུག་མཚོ་ཁོ་ལ་མ་གསང་བ་ཡང་ཕྱུང་གི་རྒྱུད་ཀྱི་སྙིང་པོ་མ་མོ་འབུམ་གྱི་སྟོང་སྲོག་སྟེཿ མིང་བརྒྱ་མ་ལ་མཚན་སྟོང་མཿ ཕྱི་ལྟར་དཔལ་ལྡན་དམག་ཟོར་རྒྱལ་མོཿ ནང་ལྟར་འདོད་པ་ཁམས་ཀྱི་དབང་ཕྱུག་མཿ གསང་བ་ལྟར་དུ་རྡོ་རྗེ་དྲག་མོ་རྒྱལ་ཞེས་གྲགས་པཿ སྔགས་ཀྱི་སྲུང་མའི་སྤྲུལ་བསྒྱུར་གྱི་ཕོ་ཉ་ཆེན་མོ་སྒྲུབ་པའི་ཐབས་ལཿ གྲི་གུག་བསྣོལ་མ་ཞེས་བྱ་བ་བཤད་པར་བྱའོཿ མ་མོ་འདི་ཉིད་སྒྲུབ་པའི་རྟེནཿ སྐུ་རྟེན་རཀྟའི་སྣང་བརྙན་དང་ཿ གསུང་རྟེན་དར་མཐིང་སྔགས་བྱང་ཅནཿ ཐུགས་རྟེན་བླ་རྡོ་སྲོག་འཁོར་ལཿ གསང་བའི་རྟེན་དུ་བེ་ཅོན་ནོཿ མཆོད་རྫས་བ་ལིང་གཏོར་མ་དང་ཿ དྲག་པོའི་མཆོད་པས་མཐའ་བསྐོར་ཅིང་ཿ སྤྱན་གཟིགས་འདོད་ཡོན་ལོངས་སྤྱོད་ཚོགསཿ དངོས་སམ་ཡིད་ཀྱིས་སྤྲུལ་ཏེ་བཀོདཿ རང་ཉིད་ལྟ་བ་གྱད་ཀྱི་ལྷཿ ཡི་དམ་ལྷ་ཡི་ང་རྒྱལ་གྱིསཿ »རཾ་ཡཾ་ཁཾཿ« ལན་གསུམཿ »རང་ཉིད་ལྷ་ཡི་ཐུགས་ཀ་ནསཿ རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུསཿ མ་དག་ཉེས་སྐྱོན་བསྲེགས་གཏོར་བཀྲུསཿ སླར་ཡང་སྙིང་པོ་འབྲུ་གསུམ་གྱིསཿ འོད་ཀྱིས་སྤྱངས་སྤེལ་བསྒྱུར་བ་ལསཿ ཤ་ལྔ་བདུད་རྩི་ལྔའི་རང་བཞིནཿ ཡེ་ཤེས་ལྔ་ལྡན་འོད་ཟེར་འཕྲོསཿ ཟག་མེད་བདེ་ཆེན་བསྐྱེད་པར་གྱུརཿ ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿ སརྦ་པཉྩ་རཀྟ་བ་ལིངྟ་མ་ཧཱ་སུ་ཁ་པུཙྪ་ཨཱཿཧཱུྃཿ «ལན་བདུནཿ མ་མོ་བསྐྱེད་ཅིང་སྤྱན་འདྲེན་ནིཿ »ཧཱུྃ་བྷྱོཿ མདུན་དུ་རླུང་ནག་འཚུབ་མའི་དབུསཿ དུག་ཁྲག་རྒྱ་མཚོ་འཁྱིལ་བའི་ཀློངཿ རྫུ་འཕྲུལ་ཤུགས་ལྡན་དྲེའུ་དམརཿ སྲིན་པོའི་ཡ་མགལ་མ་གལ་གྱིཿ སྒ་ཡི་སྔ་རུ་ཕྱི་རུ་དངཿ སོག་པའི་ཨ་འཇོག་ཆུ་སྲིན་ཡོབཿ སྤྲུལ་གྱིས་གོང་སྨེད་གློ་ལེན་བྱསཿ མི་ལྤགས་གཡང་གཞིའི་གདན་གྱི་ཁརཿ བྷྱོ་ལས་འདོད་ཁམས་དབང་ཕྱུག་མཿ བཀའ་སྲུང་མ་མོ་མཐུ་མོ་ཆེཿ མཐིང་ནག་དུག་ཆེན་ཧ་ལའི་མདོགཿ སྲིན་གདོང་ཞལ་གདེངས་མཆེ་བ་གཙིགསཿ སྤྱན་གསུམ་བསྐལ་པའི་མེ་ལྟར་འབརཿ སྲིན་གྱི་པགས་པས་སྟོད་གཡོགས་དངཿ མི་རྩིབ་རེ་ལྡེའི་ཤམ་ཐབས་ཅནཿ སྦྲུལ་དང་མི་མགོའི་ཕྲེང་བས་བརྒྱནཿ ཕྱག་གཡས་བེ་ཅོན་ནམ་མཁར་ཕྱརཿ གཡོན་པས་ཐོད་ཁྲག་ཞལ་དུ་རྡུབཿ དཔྲལ་བར་ཚེས་བརྒྱད་ཟླ་བ་དངཿ ལྟེ་བར་རྟ་བདུན་འོད་ཟེར་འཕྲོསཿ ཞབས་གཉིས་འགྱིངས་སྟབས་དྲེལ་རྟ་ཞོནཿ སྟོང་གསུམ་སྐད་ཅིག་ཉིད་ལ་སྐོརཿ སྔ་ལོང་ནད་ཀྱི་རྐྱལ་བ་དངཿ ཕྱི་ལོང་ཚོན་གྱི་དྲུ་གུ་བཀལཿ དབང་རྟགས་རིགས་ལྔ་དབུ་ལ་བརྒྱནཿ རྨ་བྱའི་སྒྲོ་ཡི་པྲོག་ཞུ་གསོལཿ སྔོན་རྒྱུག་ཕོ་ཉ་ཆེན་མོ་ནིཿ དམར་མོ་སེང་གེའི་གདོང་བ་ཅནཿ ལྕགས་ཀྱུ་ནད་རྐྱལ་དགྲ་ལ་བརྡེགཿ གཡས་སུ་སྲིན་པོ་ཁྱབ་རྒྱུག་ནིཿ སྨུག་ནག་ཁྲམ་ཤིང་ཞགས་པ་འཛིནཿ རྒྱབ་ཏུ་ནག་མོ་ཆུ་སྲིན་གདོངཿ སྤུ་གྲི་སྲིན་པོའི་གློ་སྙིང་ཐོགསཿ གཡོན་དུ་བདུད་མོ་མི་ཟན་མཿ དགྲ་སྟྭ་རྒྱུ་མའི་ཞགས་པ་འཛིནཿ མ་མོ་འབུམ་དང་ལས་མཁན་ཚོགསཿ དཔལ་མགོན་བདུན་ཅུའི་འཁོར་ཚོགས་བཅསཿ ས་གསུམ་གནས་ཀུན་ཡོངས་ཁྱབ་གྱུརཿ རང་གི་ཐུགས་ཀའི་འོད་ཟེར་གྱིསཿ མ་མོའི་ཐུགས་སྲོག་བསྐུལ་པ་ཡིསཿ མུ་ལེའི་མཐིང་མཚོ་ཡོངས་འདུས་ཤིངཿ ཉི་ཤུ་རྩ་བཞིའི་གནས་ཡུལ་སོགསཿ གར་བཞུགས་དག་པའི་ཞིང་ཁམས་ནསཿ མ་མོ་ཆེན་མོ་འཁོར་དང་བཅསཿ སྔོན་གྱི་དམ་ཚིག་དྲན་གྱིས་ལཿ ཡུད་ཙམ་གཅིག་གིས་གཤེགས་སུ་གསོལཿ བྷྱོ་མ་མ་རཀྨོ་བྷྱོཿ སརྦ་ས་མ་ཡ་ཛཿ ཙིཏྟ་ཧྲིང་ཧྲིང་ཛ་ཛཿ «སྤོས་དང་རོལ་མོའི་སྒྲ་ཡིས་དྲངསཿ བཞུགས་སུ་གསོལ་ཞིང་ཕྱག་འཚལ་བཿ »བྷྱོཿ དབྱིངས་ནས་སྐུར་བཞེངས་དབང་ཕྱུག་མཿ འདོད་པ་ཁམས་ལ་དབང་སྒྱུར་ཞིངཿ སྲིད་གསུམ་འདུལ་བའི་མཐུ་མོ་ཆེཿ མ་མོ་འཁོར་བཅས་བཞུགས་སུ་གསོལཿ མཐུ་ལྡན་དྲག་མོ་ཁྱོད་ཉིད་ལཿ རྩེ་གཅིག་གུས་པས་ཕྱག་འཚལ་ལོཿ མ་མ་རཀྨོ་ས་མ་ཡ་ཏིཥྛ་ལྷནཿ པྲ་ཏིཙྪ་ཧོཿ« མཆོད་པའི་བྱེ་བྲག་འབུལ་པ་ནིཿ »བྷྱོཿ མ་གཅིག་ལྷ་མོ་དཔལ་ལྷ་མོཿ ཁྱོད་ལ་མཆོད་པ་འབུལ་བ་ནིཿ ཁྲག་གི་ཨརྒྷཾ་བཙན་དུག་ཆུཿ དབང་ལྔའི་མེ་ཏོག་ཤ་ཆེན་སྤོསཿ ཚིལ་ཆེན་སྣང་གསལ་མཁྲིས་ཆེན་ཆངཿ ཤ་སྣའི་ཞལ་ཟས་རྐང་གླིང་སྒྲཿ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དངཿ རོ་མངར་རེག་བྱ་འཇམ་ལ་སོགསཿ སྣ་ཚོགས་རྫས་ཀྱི་མཆོད་པ་འབུལཿ དགྱེས་སྐོང་མཆོག་དང་ཐུན་མོང་གིཿ དངོས་གྲུབ་མ་ལུས་སྩལ་དུ་གསོལཿ དམ་རྫས་མ་ཧཱ་བཱ་ལིངྟ་ཿ རྒྱན་ལྡན་ལྷུན་པོའི་སྤོ་ལྟར་མཐོཿ སརྦ་པཉྩ་ཨམྲྀ་ཏཿ མ་ཧཱ་རཀྟ་མཚོ་ལྟར་བསྐྱིལཿ རྨ་བྱའི་རྒྱལ་མཚན་སྟག་གཟིག་དོམཿ དཀོར་ཆ་ལོངས་སྤྱོད་དཔག་མེད་རྫསཿ ནང་གི་མཆོད་པ་འབུལ་གྱིས་བཞེསཿ ཏིང་ངེ་འཛིན་གྱི་རྣམ་རོལ་ལསཿ ཟག་མེད་བདེ་བ་རབ་བསྐྱེད་པའིཿ དགའ་བ་བཞི་ཡི་ཡེ་ཤེས་ཀྱིསཿ རྣམ་རོལ་དཔག་མེད་ཀུན་ཁྱབ་ཆེཿ གསང་བའི་མཆོད་པ་དཔག་མེད་འབུལཿ དགྱེས་སྐོང་མཆོག་དང་ཐུན་མོང་གིཿ དངོས་གྲུབ་མ་ལུས་སྩལ་དུ་གསོལཿ མ་ཧཱ་བཱ་ལིངྟ་པཉྩ་རཀྟ་སརྦ་པཱུཙྪ་ཁཱ་ཧིཿ «བསྟོད་པ་ནིཿ »བྷྱོཿ དགྱེས་པའི་དཔལ་སྟེར་འདོད་ཁམས་དབྱིངས་ཕྱུག་མཿ དཔལ་ལྡན་ལྷ་མོ་འཁོར་བཅས་ས་མཚམས་ཉུལཿ སྔགས་ཀྱི་སྲུང་མའི་ལས་མཁན་མཐུ་མོ་ཆེཿ མིང་བརྒྱ་མཚན་སྟོང་མ་མོ་ཀུན་ཀྱི་གཙོཿ ལྷ་མིན་གཡུལ་བཟློག་དཔལ་ལྡན་དམག་ཟོར་མཿ སྲིད་པ་གསུམ་གྱི་དམག་གི་སྣ་འདྲེན་མཿ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཡུམ་ཆེན་མོཿ བེ་ཅོན་དགྲ་བོའི་ཀླད་ཁྲག་འགེམས་ལ་བསྟོདཿ འདོད་ཁམས་འདི་ན་རང་དབང་སྒྱུར་བའི་ཚེཿ རྗེ་མོའི་བཀའ་བཞིན་གསང་སྔགས་བསྟན་པ་སྲུངཿ དཔལ་ཆེན་ཧེ་རུ་ཀ་ཡིས་དབང་བསྐུར་ཅིངཿ དུས་དྲུག་སྲིད་པ་གསུམ་ལ་བྱ་ར་བྱེདཿ རིགས་སྔགས་ལྷ་མོ་འབུམ་གྱི་མཐུ་ནུས་བླངཿ ཉམས་པ་མ་ལུས་སྒྲོལ་བར་དམ་བཅས་པའིཿ རུ་ཏྲའི་མགོ་བོར་སྙིང་ཁྲག་ཐུགས་ཀར་འཛིནཿ སྲིན་མོ་ཁམ་གསུམ་ཕུང་བྱེད་མ་ལ་བསྟོདཿ གཏུམ་དྲག་མེ་ལྟར་འབར་བའི་དུར་ཁྲོད་དུཿ དབང་ཆེན་རྟ་ཕག་ཡབ་ཡུམ་རོལ་པའི་ཚེཿ སྦྱོར་སྒྲོལ་བླ་ན་མེད་པའི་དབང་བསྐུར་ཅིངཿ བླ་མེད་གསང་བ་མཆོག་གི་སྲུང་མར་བསྐོསཿ རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱནཿ རྫུ་འཕྲུལ་ཤུགས་ལྡན་དྲེའུ་དམར་གྭ་པ་བཅིབསཿ མི་ལྤགས་མགོ་ཕྲེང་རེ་རྩིབས་ཤམ་ཐབས་གསོལཿ ཡུམ་ཆེན་རྡོ་རྗེ་དྲག་མོ་རྒྱལ་ལ་བསྟོདཿ ལས་མཁན་བཞི་དང་རེ་ཏི་མཆེད་བརྒྱད་སོགསཿ ཤ་ཟ་སྟོང་དང་མ་མོ་བྱེ་བ་འབུམཿ དཔལ་མགོན་བདུན་ཅུ་དྲེགས་པ་སྡེ་བརྒྱད་ཚོགསཿ འཁོར་ཚོགས་སྤྲུལ་པ་བཅས་ལ་བདག་བསྟོད་དོཿ དཔལ་ཆེན་ཧེ་རུ་ཀ་དང་གཤིན་རྗེ་གཤེདཿ རྟ་ཕག་ཡབ་ཡུམ་དམ་ཚིག་དྲན་གྱིས་ཤིགཿ «སྲོག་སྔགས་བཟླ་ཞིང་དབང་བསྡུ་བཿ »རང་གི་ཐུགས་སྲོག་ས་བོན་ལསཿ འོད་འཕྲོས་མ་མོའི་ཐུགས་ཀ་རུཿ ཉི་དཀྱིལ་བྷྱོཿམཐིང་སྔགས་ཀྱིས་བསྐོརཿ དེ་ལ་ཕོག་པས་ཐུགས་རྒྱུད་བསྐུལཿ སྲིད་པ་གསུམ་གྱི་བཀྲག་མདངས་དངཿ གཟི་བརྗིད་མཐུ་སྟོབས་ནུས་པ་ཀུནཿ བསྡུས་ཤིང་མ་མོའི་ཐུགས་ཀར་ཐིམཿ བཀྲག་མདངས་གཟི་བརྗིད་རབ་རྒྱས་ཤིངཿ སྲིད་པ་གསུམ་གྱི་བདག་མོར་གྱུརཿ བྷྱོཿཏྲག་རཀྨོ་བྷྱོཿ བྷྱོ་རཀྨོ་ཐུན་བྷྱོཿ ཁ་ལ་རཀྵེ་ན་མ་མོ་བྷྱོཿ ཏྲག་རཀྨོ་ཨ་བྷྱ་ཏཱ་བྷྱ་ཐུན་བྷྱོཿ ཏྲག་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ དུང་དུང་ཧྲིང་ཧྲིང་ས་མ་ཡཿ ཙིཏྟ་ཧྲིང་ཧྲིང་ཛ་ཛཿ «སྲོག་སྙིང་བསྡུ་བ་དམིགས་པ་ཡིསཿ ལྡེ་ཁ་བླ་མའི་ཞལ་ལས་ཤེསཿ མ་མོ་འབུམ་གྱི་སྟོང་སྲོག་གིཿ སྙིང་པོ་གསང་བའི་སྔགས་འདི་ཉིདཿ བཟླས་པ་ཙམ་གྱིས་མ་མོ་འགྲུབཿ ཡང་གསང་གཅིག་བརྒྱུད་ས་མ་ཡཿ ཐུན་མཚམས་སྐབས་སུ་གཏོར་འབུལ་ནིཿ »བྷྱོཿ རྒྱལ་བ་ཀུན་ཀྱི་ཕྲིན་ལས་མཿ འདོད་ཁམས་དབང་སྒྱུར་བསྟན་སྲུང་ཆེཿ དཔལ་ལྡན་རྡོ་རྗེ་དྲག་རྒྱལ་མཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ བཞུགས་གསོལ་མོས་པས་ཕྱག་འཚལ་ལོཿ བཱ་ལིང་དམ་རྫས་གཏོར་མ་ནིཿ སྔགས་དང་ཕྱག་རྒྱས་བྱིན་བརླབས་ཤིངཿ བདུད་རྩི་སྨན་དང་རཀྟས་བྲནཿ མི་ཟད་འདོད་ཡོན་ལྔ་ལྡན་འདིཿ མ་མོ་ཆེན་མོ་འཁོར་བཅས་ལཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐངཿ དགྱེས་སྐོང་དམ་ཚིག་ཉམས་ཆགས་དངཿ ཁྱོད་ཀྱི་ཐུགས་དང་འགལ་བགྱིས་བཤགསཿ ལྟ་བ་ཆོས་ཉིད་སྤྲོས་དང་བྲལཿ སྒོམ་པ་འཛིན་ཞེན་ཡེངས་འཁྲུལ་བྲལཿ སྤྱོད་པ་སྤང་བླང་རེ་དོགས་ཞིགཿ མ་མོ་དགྱེས་པ་བསྐྱེད་གྱུར་ཅིགཿ སྲིད་གསུམ་དབང་སྒྱུར་རྫུ་འཕྲུལ་ཅནཿ ཉི་ཤུ་རྩ་བཞི་གནས་ཉུལ་ཞིང་ཿ དམ་ཚིག་ལྡན་ལ་གྲོགས་བྱེད་པའིཿ མཐུ་ལྡན་དཔའ་མོ་ཁྱོད་ལ་བསྟོདཿ སྲིད་པའི་བདེ་སྡུག་ཁྱོད་ལས་བྱུངཿ འབྱུང་བ་ལྔ་ལ་དབང་བསྒྱུར་ཅིངཿ འཁོར་འདས་ཀུན་ལ་དབང་པས་ནཿ གདུག་རྩུབ་ཀོ་ལོང་མ་སྡོམ་པརཿ དགྱེས་པའི་མདངས་ཕྱུང་འཛུམ་ཞལ་སྟོནཿ རྣལ་འབྱོར་དམ་ལྡན་སྒྲུབ་པ་པོསཿ གཉེར་པའི་ལས་དང་བསམ་པའི་དོནཿ ཞི་རྒྱས་དབང་དང་དྲག་པོའི་ལསཿ ཐོགས་པ་མེད་པར་མྱུར་འགྲུབ་མཛོདཿ «ལས་བཅོལ་སྐབས་སུ་གྲངས་བསོག་གོཿ རྗེས་ལ་མངའ་གསོལ་ཕྲིན་བཅོལ་ནིཿ »ཧཱུྃ་བྷྱོཿ འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ནསཿ ལག་ན་རྡོ་རྗེ་དབང་ཆེན་ཡབ་ཡུམ་གྱིཿ དབང་རྟགས་རིགས་ལྔའི་ཅོད་པཎ་དབུ་ལ་བརྒྱནཿ དམ་རྫས་ཡེ་ཤེས་བདུད་རྩི་ལྕེ་ལ་བཞགཿ དྲག་པོའི་རྒྱན་ཆ་དུ་མས་སྐུ་ལ་བརྒྱནཿ སྲིད་པ་གསུམ་གྱི་བདག་མོར་མངའ་གསོལ་ལོཿ དཔལ་ལྡན་འདོད་པ་ཁམས་ལ་དབང་སྒྱུར་མཿ རྒྱལ་བའི་བསྟན་སྲུང་ཆེན་མོ་ཁྱོད་ལས་གངཿ དེ་ཕྱིར་བསྟན་སྲུང་མཆོག་ཏུ་མངའ་གསོལ་ལོཿ འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་མངའ་གསོལ་རྟགསཿ རིན་ཆེན་བེ་ཅོན་འབར་བ་གཡས་ན་བསྣམསཿ དབང་ཆེན་རྟ་ཕབ་ཡབ་ཡུམ་མངའ་གསོལ་རྟགསཿ དམ་ཚིག་རྡོ་རྗེ་ཕྱེད་པས་སྤྱི་བོར་བརྒྱནཿ སྐུ་གསུམ་ལྷུན་གྲུབ་བདག་མོར་མངའ་གསོལ་ལོཿ ཀླུ་ཡིས་མངའ་གསོལ་སྦྲུལ་གྱི་ཆུན་པོས་བརྒྱནཿ བདུད་ཀྱིས་མངའ་གསོལ་དུག་རླང་མུན་པ་འཚུབཿ མ་མོས་མངའ་གསོལ་ནད་ཀྱི་རྐྱལ་བ་བཀལཿ གཟའ་ཡིས་མངའ་གསོལ་ཁྲག་མཚོ་ཁོལ་མར་རོལཿ བཙན་གྱིས་མངའ་གསོལ་གྲི་ཐབ་ཆོ་འཕྲུལ་གཏོངཿ དམུ་ཡིས་མངའ་གསོལ་ཐན་དང་ལྟས་ངན་འགྱེདཿ སྡེ་བརྒྱད་དམག་དཔོན་ཆེན་མོར་མངའ་གསོལ་ལོཿ ཉི་ཤུ་རྩ་བཞིའི་གནས་དང་ཡུལ་ལ་དབངཿ མ་མོ་མཁའ་འགྲོ་ཀུན་ཀྱི་ཚོགས་གྲལ་འགྲིམཿ སྦྱོར་སྒྲོལ་གསང་སྔགས་སྤྱོད་པའི་གྲོགས་མཛོད་ཅིགཿ དུས་དྲུག་སྲིད་གསུམ་མ་ལུས་ཁྱབ་པར་ཉུལཿ དབང་སྒྱུར་ཆེན་མོ་རྡོ་རྗེ་དྲག་མོ་རྒྱལཿ གསང་སྔགས་བསྟན་སྲུང་ཆེན་མོར་མངའ་གསོལ་ལོཿ ཧེ་རུ་ཀ་ཡི་སྤྱན་སྔར་ཁས་བླངས་ལྟརཿ རྡོ་རྗེ་འཆང་དབང་སངས་རྒྱས་བསྟན་པ་སྲུངཿ དམ་པའི་ཆོས་ཀྱི་སྒྲོན་མེས་གླིང་བཞིར་ཁྱབཿ བསླབ་གསུམ་རྣམ་དག་འཕགས་པའི་དགེ་འདུན་གྱིསཿ འཛམ་གླིང་ཐ་གྲུར་ཡངས་པའི་ཡུལ་ཁྱབ་མཛོདཿ ཁྱད་པར་གསང་སྔགས་ནང་རྒྱུད་ཡོ་ག་གསུམཿ བསྟན་པའི་སྙིང་པོ་བླ་མེད་སྦྱོར་སྒྲོལ་ཟབཿ འོད་གསལ་རྡོ་རྗེ་སྙིང་པོའི་གཉེར་གཏད་བཞིནཿ ཇི་བཞིན་སྲུང་བར་ཁས་བླངས་བྲོ་བོར་ལྟརཿ ཉིན་མཚན་ཀུན་ཏུ་གཡེལ་བ་མེད་པར་སྲུངསཿ སྤེལ་མཛད་དཔལ་ཆེན་རྡོ་རྗེ་སློབ་དཔོན་དངཿ བདེ་བའི་འབྱུང་གནས་ཤེས་རབ་ཡུམ་ཆེན་མོཿ ཉམས་ལེན་བུ་མཆོག་རྣལ་འབྱོར་བདག་ཉིད་ཀྱིསཿ མ་ལྟར་སྒྲུབ་པོ་བྱམས་པ་ཆེན་པོས་སྐྱོངསཿ སྲིང་ལྟར་སྒྲུབ་པོ་བརྩེ་སེམས་རྒྱུན་མ་གཅོདཿ མཛའ་ལྟར་བསྒྲུབ་པོ་གདུང་ཤུགས་དྲག་པོས་འགྲོགསཿ བྲན་མོར་བསྟེན་ནོ་གཞུང་བཟང་རྒྱུན་མ་བཅདཿ ཕོ་ཉར་མངག་གོ་མཐུ་དང་རྩལ་མ་ཞནཿ ཞི་བའི་ཕྲིན་ལས་ནད་གདོན་བར་ཆད་སོལཿ རྒྱས་པའི་ཕྲིན་ལས་ཚེ་ཆོས་འབྱོར་པ་སྤེལཿ དབང་གི་ཕྲིན་ལས་སྲིད་གསུམ་དགོས་དགུ་སྡུསཿ དྲག་པོའི་ཕྲིན་ལས་དགྲ་གདོན་ལོག་འདྲེན་ཚོགསཿ ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིགཿ མདོར་ན་བདག་གིས་བྱང་ཆུབ་མ་ཐོབ་པརཿ འབྲལ་བ་མེད་པར་འགྲོག་ཅིང་གྲོགས་མཛོད་ཅིགཿ བཀྲ་ཤིས་དཔལ་འབར་འཛམ་གླིང་ཡོངས་ཁྱབ་ཅིངཿ བདེ་ལེགས་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོགཿ ཨེ་མ་ཧོཿ «སྙིང་ཉེ་མཐུ་ཆེ་འཕྲག་ཡངས་དྲག་རྩལ་ལྡནཿ རང་ལ་ཀོ་ལོང་མེད་ཅིང་དགྲ་ལ་སྡངཿ འགྲུབ་ཐག་ཉེ་ཞིང་འབྲལ་མེད་དངོས་གྲུབ་སྟེརཿ ལྷ་མོ་འདི་ནི་ཡིད་བཞིན་ནོར་བུ་འདྲཿ མ་མོ་འབུམ་ཏིག་རྒྱུད་ལ་གུད་དུ་སྦསཿ བུ་ལའང་བསྟན་པར་ཕངས་བའི་གདམས་པ་སྟེཿ ད་ལྟ་ལྷ་ལྕམ་རིགས་སྲས་གཉིས་ལ་གཏདཿ མ་འོངས་ང་སྤྲུལ་ཡབ་ཡུམ་སྲས་གསུམ་གྱིསཿ ཐུགས་ཐིག་བསྟན་པ་འཛིན་པའི་གྲོགས་སུ་ཤོགཿ རང་ཉིད་གསུམ་དང་བརྒྱུད་འཛིན་བུ་གཅིག་ལསཿ གཞན་དུ་སྤེལ་ན་པདྨ་བཛྲ་ངསཿ སྙིང་ཁྲིག་འཕོས་དང་ཁྱད་པར་ཡོད་རེ་ཀནཿ དེ་ཕྱིར་སྙིང་ལ་ཆོངས་ཤིག་ས་མ་ཡཿ སྲུང་མ་མཐུ་སྟོབས་རྫུ་འཕྲུལ་ལྡནཿ ཁྱེད་རྣམས་འགྲོ་དོན་མཐར་ཕྱིན་ནསཿ ཡང་གསང་ཆོས་ཀྱི་བྱིན་རླབས་ཀྱིསཿ བྱེ་མའི་གྲངས་ཀྱི་འགྲོ་བ་སྒྲོལཿ མཐར་ཐུག་ང་ཡི་ཐུགས་ཀློང་དུཿ དབྱེར་མེད་མངོན་འཚང་རྒྱ་བར་ཤོགཿ ཅེས་པ་འདིའང་བདག་ཉིད་ཁྲག་འཐུང་དཔའ་བོ་བགྲང་བྱ་ཉི་ཤུའི་དུས་ནས་སོ་བདུན་མན་དུལ་ན་གྲངས་བཅུ་གསུམ་གྱི་བར་དུ་བརྡ་རྟགས་ཤར་ཡང་ཕབ་པར་མ་ནུས་པར་བཤོལ་འགྱང་དུ་ཤོར་ཞིང་ཕྱིའི་དུས་རྟགས་མངོན་གྱུར་གྱི་སྐབས་སུ་རང་ལོ་ཞེ་དྲུག་པ་ཞེ་སྡང་སྦྲུལ་གྱི་ལོར་འཚུབ་སློང་དང་ནད་ཟུག་དྲག་པོས་རང་ཉིད་ཤིན་ཏུ་མནར་བར་མགོ་ཟླ་བའི་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་ཚེ་ཉེར་ལྔ་ལ་དྲང་སྲོང་དྲི་མ་མེད་པའི་གསུངས་བཞིནཿ བདག་ཉིད་རྡོ་རྗེ་ལྗགས་ཀྱི་བཀས་སྡུད་པོ་བྱས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་སྦྱོར་སྒྲོལ་ལས་ཀྱི་དཔའ་བོ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་མ་མོ་འབུམ་གྱི་སྲོང་སྲོག་ལ་དབང་བའི་རྒྱུར་གྱུར་ཅིག། དགེའོ།། །།