འཕགས་མཆོག་གར་དབང་སྒྲུབ་སྐོར་ལས༔ སྤྲོས་བཅས་སྤྲོས་མེད་སྒྲུབ་ཐབསཿ

From Khyentse Lineage - A Tsadra Foundation Project
Revision as of 14:40, 27 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title 'phags mchog gar dbang sgrub skor las spros bcas spros med sgrub thabs
Location mdo mkhyen brtse bka' 'bum
Volume 6, Text 11, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Cycle འཕགས་མཆོག་གར་དབང་སྒྲུབ་སྐོར་ ('phags mchog gar dbang sgrub skor)
Deity thugs rje chen po
Colophon

རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་མཁའ་དབྱིངས་རཀྟའི་མཚོ་ཀློང་ནས་སྤྱན་དྲངས་པའོཿ ཡི་གེ་པ་ནི་རང་སློབ་དཔལ་གྱི་སེངྒེས་སོ།།

rig 'dzin mthu stobs bdud 'dul rtsal gyis mkha' dbyings rak+ta'i mtsho klong nas spyan drangs pa'o:_yi ge pa ni rang slob dpal gyi seng+ges so//

[edit]
ཧྲི།ཿ འཕགས་མཆོག་གར་དབང་སྒྲུབ་སྐོར་ལས༔ སྤྲོས་བཅས་སྤྲོས་མེད་སྒྲུབ་ཐབས་བཞུགསཿ

སྟོན་པ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོཿ འཕགས་མཆོག་ཐུགས་རྗེ་ཆེན་པོ་གར་གྱི་དབང་ཕྱུག་འཁོར་བ་ཡོངས་གྲོལ་སྒྲུབ་པ་ལཿ སྤྲོས་བཅས་དང་སྤྲོས་མེད་གཉིས་སུ་ཡོད་པ་ལསཿ དང་པོ་སྤྲོས་བཅས་ཀྱི་ལུགས་ལྟར་ནཿ བཀྲ་ཤིས་ཡིད་མཐུན་གྱི་གནས་སུ་སྟེགས་བུ་གཙང་མའི་ཁར་རྡུལ་ཚོན་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གང་རུང་གི་དབུས་སུཿ མན་ཤེལ་སྐུ་རྟེན་ཐོད་པ་མཚན་ལྡན་དང་བཅས་པ་བཤམས་ལཿ གཏོར་མ་སྨན་རཀ་ཕྱི་ནང་གསང་མཆོད་སོགས་ཚོགས་གཏོར་མཆོད་པས་མཐའ་བསྐོར་ཞིང་ཿ ཕྱི་རྒྱུད་འཇིག་རྟེན་པ་ལ་གཏོར་མ་སྦྱིནཿ སྐྱབས་སེམས་དང་ཡན་ལག་བཅུ་བ་སྔོན་དུ་འགྲོ་བས་ལྷའི་བསྐྱེད་རིམ་ལ་འཇུག་ཅིང་ཿ དེའང་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་རོལ་རྩལ་སྙིང་རྗེའི་སྒྱུ་མའི་རང་གདངས་ལསཿ རྒྱུའི་རིག་པའི་ངོ་བོ་ཡི་གེ་ཧྲིཿདམར་པོ་རིང་ཆ་ཚེག་དྲགས་དང་བཅས་པ་འོད་ལྔའི་ཟེར་མདངས་ལྡན་པར་བསྐྱེད་ལཿ དེའི་འོད་ཀྱིས་སྣོད་བཅུད་སྦྱང་ཿ སླར་ཡང་ཕྱི་སྣོད་རི་བོ་པོ་ཊ་ལ་ཕྱི་ཤེལ་དཀར་གྱི་མཆོད་རྟེན་གྱི་རྣམ་པ་ལཿ སྒོ་གྲུ་རྟ་བབས་ཆོས་འཁོར་རི་དྭགསཿ འདོད་སྣམ་ཕ་གུ་དྲྭ་ཕྱེད་མདའ་ཡབ་ཆོས་འཁོར་གདུགས་ཏོག་སོགས་རྒྱན་བཀོད་ཕུན་སུམ་ཚོགས་པཿ ནང་རང་བྱུང་སྤྲུལ་པའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་འཁོར་བའི་སྐྱོན་གྱི་མ་གོས་པའི་པདྨ་དཀར་པོ་འདབ་མ་སྟོད་དང་ལྡན་པའི་སྟེང་དུ་འཁོར་བའི་མ་རིག་པའི་མུན་པ་བསལ་ཕྱིར་ཉི་མའི་གདན་དང་ཿ ཉོན་མོངས་པའི་ཚ་གདུང་སེལ་ཕྱིར་ཟླ་བའི་གདན་ཡངས་པའི་ཁརཿ རྒྱུའི་རིག་པ་ཧྲཱི༔ཡིག་དམར་པོ་བབསཿ འོད་ཟེར་ཡར་འཕྲོསཿ འོད་ཟེར་དཔག་ཏུ་མེད་པའི་རྩེ་མོ་ལས་མཆོད་པའི་ལྷ་མོ་ཕྱི་ནང་གསང་མཆོད་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོདཿ སྐུ་གསུང་ཐུགས་མཉེས་ཤིང་ཚིམ་ནས་སླར་ཡང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐབས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཧྲཱིཿཡིག་ལ་ཐིམཿ སླར་ཡང་འོད་ཟེར་མར་འཕྲོས་པས་འགྲོ་བའི་ལས་ཉོན་སྡིག་སྒྲིབ་སྡུག་བསྔལ་དང་བཅས་པ་སྦྱང་ཿ འབྱུང་ལྔའི་དྭངས་བཅུད་བསྡུས་ནས་ཧྲཱི༔ཡིག་ལ་ཐིམཿ བཀྲག་མདངས་གཟི་བརྗིད་རབ་ཏུ་རྒྱསཿ ཧྲཱིཿཡིག་འོད་དུ་ཞུ་བ་ལས་སྐད་ཅིག་གིས་འཕགས་མཆོག་ཐུགས་རྗེ་ཆེན་པོ་གར་གྱི་དབང་ཕྱུག་དཀར་ལ་དམར་པའི་མདངས་ཆགས་པ་དར་གྱི་སྟོད་གཡོགས་སྨད་དཀྲིས་ཅནཿ རུས་པ་དང་རིན་པོ་ཆེའི་རྒྱན་ཆས་བརྒྱན་ཅིང་སེམས་ཉིད་ངལ་བསོའི་བཞུགས་སྟངས་ཅནཿ ཤེལ་དཀར་གྱི་ཕྲེང་བ་དང་པདྨ་དཀར་པོའི་ཡུ་བ་བསྣམས་པ་དབུ་གཙུག་ན་རིགས་བདག་ཨ་མི་དྷེ་ཝས་བརྒྱན་ཅིངཿ རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པར་བསྐྱེདཿ དེའི་ཕྱོགས་བཞིར་པདྨ་དཀར་པོ་འདབ་བཞིའི་སྟེང་དུ་པདྨ་ཕྱོགས་མདོག་འདབ་བརྒྱད་ཀྱི་ཁར་ཟླ་བའི་དཀྱིལ་འཁོར་ཡངས་པའི་དབུས་སུ་ཧཾ་དཀར་སེར་དམར་ལྗང་བཞི་འོད་དུ་ཞུ་བ་ལས་རྗེ་བཙུན་སྒྲོལ་མ་རིགས་བཞི་དཀར་སེར་དམར་ལྗང་མདོག་ཅན་དར་གྱི་སྟོད་གཡོགས་སྨད་དཀྲིས་ཅན་རིན་པོ་ཆེའི་རྒྱན་གྱི་བརྒྱན་པཿ ཕྱག་གཡས་མཆོག་སྦྱིན་དང་ཿ གཡོན་དཀོན་མཆོག་གསུམ་མཆོད་ཀྱི་ཕྱག་རྒྱས་པདྨའི་ཡུ་བ་བསྣམས་པཿ ཞབས་གཉིས་བརྐྱང་བསྐུམ་དཔའ་མོའི་བཞུགས་སྟངས་ཅནཿ རིན་པོ་ཆེའི་སྲོག་ཞུས་མཛེས་པར་བརྒྱན་པའོཿ དེའི་ཕྱིར་རྩ་གསུམ་རིག་འཛིན་དཔའ་བོ་ཌཱཀྐིའི་ཚོགས་དང་ཿ ནམ་མཁར་སངས་རྒྱས་བྱང་སེམས་སྤྲིན་ཕུང་གཏིབ་པ་ལྟར་བཞུགས་བར་བསམས་ལཿ གཙོ་བོའི་གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་ལས་འོད་ཟེར་འཕྲོས་པསཿ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་ཿ ཁྱད་པར་པོ་ཊ་ལ་ནས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྤྱན་དྲངས་ནས་གཉིས་སུ་མེད་བར་བསྟིམཿ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་བྱཿ རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དམར་གསལ་པདྨ་རཱ་གའི་མདངས་དང་ལྡན་པཿ ཞགས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་བའི་དབུས་སུུ་ཧྲཱི༔ ཡིག་དཀར་པོ་བཀྲག་མདངས་ལྡན་པ་རིང་ཆ་ཚེག་དྲག་དང་བཅས་པའི་མཐར༔ ཨོཾ་མ་ཎི་པདྨེ་ཧཱུྃཿ ཞེས་འབྲུ་དྲུག་ཡིག་མགོ་ནང་བསྟན་གཡས་སུ་བཀོད་པ་སྔགས་ཀྱི་རང་སྒྲ་དང་བཅས་པ་དམིགས་ལ་ལྷ་སྔགས་ཏིང་འཛིན་གསུམ་གསལ་ཐེབས་བར་བཟླས་པ་ལ་འབད༔ གསལ་སྣང་ཐོན་པའི་ཚེ་ཡིག་དྲུག་གཡས་སུ་བཀོད་པ་གཡོན་དུ་དྲག་ཏུ་འཁོར་བའི་རྐྱེན་གྱིས་ཧྲཱིཿ ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ལ་མཉེས་མཆོད་ཕུལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ནས་ཧྲཱི༔ ལ་ཐིམ་པར་བསམ་ཞིང་བཟླཿ སླར་ཡང་འོད་ཀྱི་འཕྲོ་འདུ་ལས་སྣང་བ་ལྷཿ སྒྲ་གྲགས་སྔགསཿ དྲན་རྟོག་ཐུགས་ཀྱི་ལམ་ཁྱེར་གནད་དུ་ཕྱིན་བར་བཟླའོཿ སླར་ཡང་གནད་ཀྱི་ཉམས་ལེན་སྒྱུ་མ་ལམ་ཁྱེར་དང་གཟུང་འཛིན་དབྱིངས་གྲོལ་ལྟ་བའི་ངང་ནས་བཟླས་པ་སྒྲུབ་པའི་གཞུང་ངོ་ཿ གཞན་ཡང་ལས་བཞིའི་འགྲོ་དོན་མཐའ་སྡུད་དང་༔ ལས་སྦྱོར་དམིགས་པས་ཁ་བསྒྱུར་བའོ༔ ཁྱད་བར་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་འོད་གསལ་འདུས་མ་བྱས་པའི་རང་གདངས་སྐྱོང་བ་གནད་དོཿ མཐར་བདག་དབང་ལེན་པ་དང་བསྐང་བ་ཚོགས་མཆོད་རྒྱས་པར་བྱཿ བཀའ་གཏེར་གྱི་སྲུང་མ་རྣམས་ལ་གཏོར་མ་སྦྱིན་པར་བྱའོཿ ༈ གཉིས་པ་སྤྲོ་པ་མེད་པའི་ཉམས་ལེན་ནིཿ ཡུལ་དུས་གནས་དང་དཀྱིལ་འཁོར་སྒྲུབ་རྫས་ལ་མ་ལྟོས་པར་རིག་པ་ཡེ་ནས་རྣམ་པར་དག་པ་ཐུགས་རྗེ་ཆེན་པོའི་སྐུར་རྫོགས་པ་སྟེཿ དེའི་རང་གདངས་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་འབད་མེད་དུ་སྒྲུབ་པ་སྟེཿ སྤྲོས་བཅས་ལ་མ་ལྟོས་པར་རང་ཉིད་ལྷ་ལ་ལྷ་ཉིད་རང་གི་ངོ་བོར་རྫོགས་པ་ཡུལ་ལྔའི་སྣང་ཆ་མཆོད་པའི་རྫས་དང་བྱ་བྱེད་ཆོས་ཉིད་ཀྱི་རོལ་གར་དུ་ཤེས་པས་སྤྲོས་བཅས་ཀྱི་འཛིན་པ་ལས་གྲོལ་ཞིང་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ཞེས་བྱ་བའོཿ དེའང་སྙིང་རྗེ་ཆེན་པོ་ནི་ཉམས་ལེན་གྱི་གཞུང་དངོས་གཞི་སྟེ་འབྱོང་བར་བྱའོཿ དེ་ལྟར་བསྒྲུབས་པས་རབ་དངོསཿ འབྲིང་ཉམསཿ ཐ་མ་རྨི་ལམ་དུ་འཕགས་པས་ཞལ་གཟིགས་ཤིང་ལུང་སྟོནཿ དབང་དང་བྱིན་རླབས་ཐོབ་པར་ཐེ་ཚོམ་མེད་ཅིང་སྐྱེ་འདིར་འཛིན་ཞེན་གྲོལ་ཞིང་ཿ སྙིང་རྗེ་ཆེན་པོས་རྒྱུད་བརླན་ཞིང་པོ་ཊ་ལའམ་པདྨ་འོད་དུ་གྲོལ་བར་ཐེ་ཚོམ་མེད་དོཿ གཞན་ཡང་ཚེ་རབས་དྲན་པ་དང་ཿ མངོན་ཤེས་རྫུ་འཕྲུལ་ཐུན་མོང་གི་ཡོན་ཏན་བརྗོད་ཀྱིས་མི་ལོངས་པར་ཐོབཿ ཤིན་ཏུ་ཟབ་པའི་མཐར་ཐུག་པདྨ་བདག་གི་སྙིང་དང་འདྲ་བའི་གདམས་ངག་སྟེཿ ད་ལྟ་རྗེ་འབངས་ཚོགས་ལ་གཏདཿ མ་འོངས་ང་སྤྲུལ་སྙིང་གི་བུ་དང་འཕྲད་ནས་སེམས་ཅན་ཐསམ་ཅད་ཡང་དག་ལམ་དུ་འགོད་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གཏེར་རྒྱཿ སྦས་རྒྱཿ ཟབ་རྒྱཿ ཨི་ཐིཿ གུ་ཧྱཿ རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་མཁའ་དབྱིངས་རཀྟའི་མཚོ་ཀློང་ནས་སྤྱན་དྲངས་པའོཿ ཡི་གེ་པ་ནི་རང་སློབ་དཔལ་གྱི་སེངྒེས་སོ།།