འཕགས་མཆོག་གར་དབང་སྒྲུབ་སྐོར་ལས༔ གསང་བ་ཐབས་ཀྱི་ལམ་མཆོགཿ

From Khyentse Lineage - A Tsadra Foundation Project
Revision as of 14:38, 27 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title 'phags mchog gar dbang sgrub skor las gsang ba thabs kyi lam mchog
Location mdo mkhyen brtse bka' 'bum
Volume 6, Text 10, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Pith Instructions - man ngag  ·  Practical Instructions - lag len - len thabs
Cycle འཕགས་མཆོག་གར་དབང་སྒྲུབ་སྐོར་ ('phags mchog gar dbang sgrub skor)
Deity thugs rje chen po
Colophon

ཁྲག་འཐུང་ལས་ཀྱི་དཔའ་བོས་མཁའ་གསང་ཆགས་པ་ཆེན་པོའི་ཀློང་ནས་སྤྱན་དྲངས་ཤིན་ཏུ་གསང་བའི་མན་ངག་བཀའ་རྒྱ་མའོཿ ཡི་གེའི་རིགས་བྱེད་དམ་ལྡན་དཔལ་གྱི་སེངྒེས་བགྱིས་པའོ།།

khrag 'thung las kyi dpa' bos mkha' gsang chags pa chen po'i klong nas spyan drangs shin tu gsang ba'i man ngag bka' rgya ma'o:_yi ge'i rigs byed dam ldan dpal gyi seng+ges bgyis pa'o//

[edit]
ཧྲི།ཿ འཕགས་མཆོག་གར་དབང་སྒྲུབ་སྐོར་ལས༔ གསང་བ་ཐབས་ཀྱི་ལམ་མཆོག་བཞུགསཿ

།བདེ་ཆེན་ཆགས་པ་ཆེན་པོའི་སྐུརཿ ཡོངས་ཤར་དབང་གི་ལྷ་ལ་འདུདཿ བགྲངས་ཡས་བསྐལ་པ་རྒྱ་མཚོ་རུཿ སྦྱང་མཐར་བྱང་ཆུབ་ཐོབ་འདོད་པཿ ཤིན་ཏུ་ཉམ་ཐག་དཀའ་ཚེགས་གནས༔ སྐྱེ་བ་ལྔ་བདུན་གསུམ་དག་ལས༔ གྲོལ་བར་འདོད་པའང་སྲིད་མཐའ་སྟེཿ ཇི་སྲིད་བར་མ་དོ་ཉིད་དུ༔ འཚང་རྒྱ་གསུངས་པའང་ཡུན་རིང་ཕྱིརཿ ཐབས་ཀྱི་ལམ་མཆོག་ལ་བརྟེན་ནསཿ སྐད་ཅིག་གཅིག་གིས་རྣམ་གྲོལ་ཆེརཿ སངས་རྒྱས་ཐོབ་པའི་མན་ངག་བསྟནཿ དེ་ལ་འདིར་གསང་བ་ལས་ཀྱང་ཆེས་གསང་བ་ཡང་གསང་བླ་ན་མེད་པ་ཐབས་ཀྱི་ལམ་ལ་བརྟེན་ནས་སྐད་ཅིག་གཅིག་གིས་གྲོལ་བར་བྱེད་པའི་མན་ངག་ཉམས་སུ་ལེན་པ་ལཿ ཐོག་མར་རྩ་འབྱོང་ཿ རླུང་ཆུནཿ ཐིག་ལེ་ལས་སུ་རུང་བར་བྱེད་ནས་ཆུ་སྲིན་གྲེ་འགགས་ཀྱི་ཕྱག་རྒྱའི་སྟོབསཿ ཐེམ་བུའི་མན་ངག་ལ་བརྟེན་ནས་རང་ལུས་ཐབས་ལྡན་འབྱོང་བར་བྱེད་པཿ སྒྲ་གཅན་བཤུད་རང་གི་ཤུ་ཏ་ཊས་མེའི་རྩ་བ་ནས་ཨིག་གི་སྒས་རྨ་བྱའི་སྟངས་ཀྱིས་བཟུང་ལཿ ཧིག་གི་སྒྲས་གོ་ལྡོག་ནམ་མཁའི་འཁོར་ལོར་བསྲེས་ཤིང་ཿ བྷ་ཧའི་བསྒྲམ་པའོཿ དེའང་ཉམས་ལེན་གྱི་མཐར་ཕྱིན་ན་རང་ལུས་ཐབས་ལྡན་གྱི་དྲོད་རྟགས་ཐོབ་བོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གཉིས་པ་གཞན་ལུས་ཐབས་ལྡན་ནིཿ དམ་ཚིག་དང་ལྡན་པའི་རྣལ་འབྱོར་པསཿ གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་དབག་ནོད་ཅིང་ཿ བསྐྱེད་རྫོགས་ལ་དྲོད་རྟགས་ཐོབ་པའི་མཐརཿ རྡོ་རྗེ་སློབ་དཔོན་ལས་གནང་བ་ཐོབ་ཅིང་གསང་བའི་དབང་ནོད་པར་བྱས་ནས་བདེ་སྟོང་གི་ཡེ་ཤེས་ཉམས་སུ་ལེན་པར་བྱེད་དོཿ དེ་ལ་ཐོག་མར་ཕྱག་རྒྱ་བརྟག་པའི་རིམ་པ་པདྨ་ཅནཿ དུང་ཅན་མཿ རི་དྭགས་མིགཿ རི་མོ་ཅནཿ གླང་སྣ་མཿལྔ་སྟེ་རིགས་ལྔའི་མཚན་བརྟག་ཐུན་མོང་ལྟར་དུའོཿ ཐུན་མོང་མ་ཡིན་པ་ནི་ཡེ་ཤེས་མཁའ་འགྲོའི་མཚན་བརྟག་གནས་ལྔར་སྨེ་བས་མཚན་ཅིང་གཟུགས་མཛེས་ཡིད་དུ་འོང་བ་ལཿ ལུས་ཆེ་ཆུང་རན་ཞིང་དཀར་ལ་དམར་བའི་མདས་ཆགས་སྣུམ་བག་ཅན་ཅུང་ཟད་ཤ་རྩ་སྨུག་པའོཿ རྩའི་འབྲས་བུ་མིག་ཡིན་ལ་ཕྲ་ཞིང་མཛེས་པ༔ གདངས་སྐད་ཡིན་པས་སྙན་ཞིང་རྣ་བར་འཇེབ་པཿ དྲི་ཞིམ་ཞིང་རྣལ་འབྱོར་ལ་བརྩེ་བའོ༔ ནང་གི་རྟགས་ནི་བློ་ཆོས་ལ་ཕྱོགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་མིག་བཙུན་ཞིང་ཡིད་སྒོམ་པཿ བློ་གྲོས་ཆེ་ཞིང་གཏོར་ཕོད་ལ་དགའ་བཿ འཁོར་བ་ལ་ངེས་འབྱུང་ཤུགས་ཀྱིས་སྐྱེ་བའོཿ གསང་བའི་རྟགས་ནི་པདྨ་དོག་ཤིང་དྲོད་ཆེ་བཿ ཆགས་པ་རྒྱས་ཤིང་བདེ་བ་རྒྱས་པཿ རྣལ་འབྱོར་པ་ལ་མོས་ཤིང་མིག་ཟུར་གཡོ་བཿ གསང་སྤྱོད་དགའ་ཞིང་གསང་ཐུབ་པཿ རྣལ་འབྱོར་པ་དགྱེས་པར་སྐོང་ནུས་པའོཿ གཞན་ཡང་སྤྱི་དང་བྱེ་བྲག་གི་བརྟག་ཐབས་སྤྱི་བཞིན་ནོཿ དེ་ཡང་བྱེ་བྲག་གི་བརྟག་ཐབས་དམ་ཚིག་ལྡན་པའི་རྣལ་འབྱོར་པསཿ ཕྱག་རྒྱ་བླ་མའི་ལུང་དུ་བསྟན་པ་དང་ཿ མིན་ཀྱང་བླ་མ་ཡི་དམ་མཁའ་འགྲོས་ཚོགས་མཚོད་བྱཿ ཆོས་སྐྱོང་ལ་གཏོར་མ་གཏོང་ཿ རྟེན་འབྲེལ་དང་རྨི་ལམ་བརྟགས་ཤིང་བདེན་ཚིག་དམོད་པ་བོར་བས་ཇི་བཞིན་གསལ་བར་འགྱུར་རོཿ དེ་ཡང་ཐེ་ཚོམ་མེད་པར་གལ་ཆེ་ཞིང་ཿ ཐེ་ཚོམ་མང་ན་བདུད་ཀྱི་འཇུག་པའི་བསླུ་བ་ཡོད་དོཿ དེ་ལྟར་ལེགས་པར་བརྟགས་པའི་རིགས་མ་དེ་ཉིད་འགུགས་པའི་ཐབས་ཆོས་ཉིད་བསྲེ་ཞིང་དམིགས་པས་འགུགས་པ་དང་ཿ སྣ་ཚོགས་ཐབས་ཀྱིས་འགུགས་པར་བྱ་བའོཿ ཇི་བཞིན་ཁུག་ནས་དབང་གིས་སྨིན་པར་བྱེད་པ་དག་ནི་གལ་ཆེ་སྟེ་མ་སྨིན་པ་དང་ལྷག་པར་དད་པ་མེད་པ་དག་ནི་ཤིན་ཏུ་བསྟེན་མི་རུང་བར་སྤང་པར་བྱའོཿ དེ་ཉིད་ཇི་ལྟར་བསྟེན་པའི་ཚུལ་ནི་དབེན་པའི་གནས་སུ་བཅུད་ཅན་གྱི་ཟས་བརྟེན་ཞིང་ཿ ཁམས་འཕེལ་བའི་ཐབས་ལ་འབད་པ་ཆགས་པའི་གཏམ་དང་འོ་དང་འཁྱུད་རྒྱ་ནུ་མ་མཉེ་པ་སོགས་ཀྱིས་ཆགས་པ་རབ་ཏུ་རྒྱས་པར་བྱེད་ཅིང་མི་བཟོད་པར་གྱུར་ཚེ་རྡོ་རྗེ་དང་པདྨ་ལ་བལྟ་རེས་བྱས་པས་ཆགས་ཆུ་བྱུང་བ་འཇིབ་པས་ཁམས་ཤིན་ཏུ་རྒྱས་པར་འགྱུར་ལཿ དེ་ནས་གདན་པདྨ་ཉི་ཟླ་བསྒོམས་པའི་སྟེང་དུཿ རྣལ་འབྱོར་པ་ཕོ་མོ་རྟ་མགྲིན་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེསཿ མཁའ་གསང་རྡོ་རྗེ་དང་པདྨ་གསལ་བ་ཕྱག་རྒྱའི་འདུ་ཤེསཿ ཐབས་དེ་ལ་བརྟེན་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པ་ཆོས་ཀྱི་འདུ་ཤེས་ཏེཿ དེ་ལྟར་འདུ་ཤེས་གསུམ་ལྡན་གྱི་ཐ་མལ་ལས་ལྡོག་ཅིང་ཟབ་གསང་གི་ལམ་དུ་འཇུག་པའོཿ བློ་ཆགས་པའི་ངར་དང་བཅས་རྡོ་རྗེས་པདྨར་བསྣུན་ལ་ཡུམ་གྱིས་མི་བཟོད་པར་སྐད་གདངས་བྱུང་ན་རྩ་བཟང་བ་སྟེཿ དལ་བུའི་བསྐྱོད་པས་ལུས་བདེ་བས་ཚིམ་གྱིས་ཁྱབ་པ་སྟེཿ སྤྱི་བོ་ནས་ཁམས་གཡོས་པས་དགའ་བའི་ཡེ་ཤེས་ཞེས་བྱ་བའོཿ ཡང་བསྲུབ་པའི་རྐྱེན་གྱིས་ལུས་ཀུན་ལ་བདེ་བ་རབ་ཏུ་གཡོས་པས་མཆོག་ཏུ་དགའ་བའི་ཡེ་ཤེས་ཞེས་བྱ་བའོཿ མགྲིན་པར་བབ་པ་སྟེ་ཅུང་ཟད་ཆགས་པའི་སྟོབས་ཀྱིས་ཆེར་བསྐྱེད་པའི་བདེ་བར་མི་བཟོད་པའི་སྐད་གདངས་ཕྱུང་བ་སྙིངགར་ཐིག་ལེ་གཡོས་པས་དགའ་བྲལ་ཅེས་པའོཿ དེ་ནས་ཆགས་པ་ཤིན་ཏུ་མི་བཟོད་པའི་རྐྱེན་གྱིས་འདར་ཞིངརབ་ཏུ་བསྐྱོད་པའི་རྐྱེན་གྱིས་བདེ་བ་མི་བཟོད་པར་སྐྱེསཿ ཐིག་ལེ་ལྟེ་བར་གཡོས་པས་རྟོག་པ་རང་འགག་ཏུ་གྱུར་པས་རིག་པ་ཧ་ཕྱེད་དེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་བཟུང་དང་བྲལ་བ་ཧ་ཕྱེད་དེ་བ་མ་བཅོས་པཿ མ་འགགས་བཿ གསལ་ལ་དྭངས་པཿ བརྗོད་མེད་རང་གྲོལ་ཆེན་པོར་ངོ་འཕྲོད་པའི་ཚེཿ ཐིག་ལེ་གསང་གནས་སུ་གཡོས་པ་སྟེཿ བསམ་གྱིས་མི་ཁྱབ་པའི་དགའ་བའོཿ དེར་ཟམ་བུའི་མན་ངག་འོག་རླུང་བསྡམཿ བར་རླུང་བརྒྱངཿ རྒྱབ་རླུང་འཐེནཿ སྟེང་རླུང་ཕྱི་ཕྱུང་ལཿ སྙིང་གའི་ཨ་ལ་ཤེས་པ་གཏད་ཅིངཿ ཐིག་ལེ་བསྐྱིལ་ལོཿ དེ་ཡང་འགྲན་ལྡོག་གི་མན་ངག་གླིང་བཞི་སྡུདཿ ཉི་ཟླ་གྱེན་དུ་བཟློགཿ དར་དམར་གྱེན་དུ་བསྒྲེངཿ ཧིག་གི་སྒྲས་རྒྱ་མཚོ་བྲག་ལ་བཅརཿ རིག་པ་སྤྱི་བོའི་ཧཾ་དང་འགྲོགས་ཤིང་ཿ ཧིག་གི་སྒྲས་སྟོང་འདྲེན་ལན་གསུམ་རེས་རྩ་འཁོར་རེ་རེ་ནས་དྲངས་ཤིང་སྤྱི་བོའི་ཧཾ་དང་བསྲེས་ལ་ཀ་དག་གི་ངང་དུ་དར་གཅིག་འཇོག་གོཿ ལར་བསྒྲམ་པའི་མན་ངག་ཟབ་མོ་ནིཿ སྟག་མོའི་སྐྱུགས་སྟངས་གསུམ་གྱིས་རླུང་ཕྱིར་ཕྱུངཿ ཉ་མོའི་འཇིབ་སྟངས་གསུམ་གྱི་ཆགས་ཆུ་བླངསཿ ཝ་མོའི་སྣུམ་སྟངས་གསུམ་གྱིས་རླུང་ནང་དུ་རྔུབཿ གཡང་མོའི་སྤྲུག་སྟངས་གསུམ་གྱི་དམིགས་གནད་དང་བཅས་ཐིག་ལེཿཀློང་དུ་དཀྲམ་པའོ༔ དེ་ལྟར་འདོད་པ་མ་རྫོགས་ཀྱི་བར་དུ་ཡང་ནས་ཡང་དུ་བསྐྱར་ཞིང་མཐར་ལུས་གན་རྐྱལ་དུ་ཅི་བདེ་བར་དུར་ཁྲོད་ཀྱི་མི་རོ་བཞིན་དུ་བཞག་ལཿ སེམས་ཆོས་ཉིད་ཀྱི་ངང་དུ་ཐུན་གཅིག་ངལ་བསོ་བ་ནི་ཆོས་ཉིད་གནད་ཀྱི་མན་ངག་ཁྱད་པར་ཅན་ནོཿ དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་མྱུར་དུ་ཆོས་ཉིད་ཀྱི་བདེན་པ་མཐོང་ཞིང་ས་ལམ་ཉི་ཟླའི་བསྒྲོད་པ་ལྟར་མངོན་འཚང་རྒྱ་བར་འདོད་ན་བསྐྱེད་རྫོགས་ངལ་དུབ་ཅན་དག་གི་རྗེས་སུ་མ་འབྲང་བར་གསང་སྔགས་གནད་ཀྱི་གདམས་པ་མཁའ་འགྲོའི་ཁ་རླངས་ཆིལ་ལེ་བ་འདི་ཉིད་ཉམས་སུ་ལོངས་ཤིགཿ མྱུར་དུ་གྲོལ་བར་ཐེ་ཚོམ་ཡོད་རེ་ཀན༔ ས་མ་ཡཱཿ རྒྱ་རྒྱ་རྒྱཿ དེ་ཡང་རྒྱུན་དུ་བཅུད་ཅན་གྱི་ཟས་སོགས་ཁམས་གསོ་བའི་ཐབས་ལ་འབད་ཅིང༔ རྡོ་རྗེ་སློབ་དཔོན་ཡབ་ཡུམ་སྲོག་གི་དྭངས་མ་ལྟར་བཟང་ཞིང་ལོག་པར་ལྟ་བ་དང་མི་མཉེས་པར་སྐད་ཅིག་ཀྱང་མི་བྱ་བར་དག་སྣང་མོས་གུས་སྦྱང་བ་དང་ཤེས་རབ་ལས་ཀྱིས་འབྲེལ་བའི་ཕྱག་རྒྱ་ཡང་མིག་གི་འབྲས་བུ་ལྟར་བརྩེ་ཞིང་དམ་ཉམས་ཀུན་གྱི་མ་གོས་བར་བྱ་ཞིང་ཿ མིག་སེར་སླངཿ མཁའ་འགྲོ་མ་ལ་ཚོགས་གཏོར་རྒྱུན་མི་ཆད་པར་གཏོང་ཞིང་བུད་མེད་ཀྱི་རིགས་སུ་ལའང་ཚོགས་བསགས་དང་བཀུར་སྟི་དག་སྣང་མོས་གུས་བྱེད་པ་ལས༔ སུན་འབྱིན་དང་བརྙས་པ་སྤུ་ཙམ་ཡང་མི་བྱཿ ཁམས་ཀྱི་ཐིག་ལེ་དྭངས་མའི་སྣོད་དུ་མ་གཏོགས་པཿ གནས་མིན་དུ་ཡུངས་འབྲུ་ཙམ་ཡང་ཆུད་ཟ་བར་མི་བྱཿ ལུས་རྒུད་དུ་མི་འཇུགཿ བཟའ་བཏུང་ཚོགས་འཁོར་དུ་མོསཿ ཐབས་ལམ་པ་ལ་སྨད་མི་བྱཿ གསང་སྤྱོད་གཞན་དུ་མི་བསྒྲགསཿ ལོག་ལྟ་ཅན་གྲོགས་སུ་མི་བརྟེནཿ སྔགས་ཀྱི་དམ་རྫས་མི་སྤངསཿ རྟག་ཏུ་སྟོང་ཉིད་སྙིང་རྗེ་དང་མི་འབྲལ་བར་བྱའོཿ མདོར་ན་གསང་སྔགས་ཀྱི་རྩ་བ་ནི་དམ་ཚིག་ཡིན་པས་དམ་ཚིག་ལ་སྐྱོན་མ་ཞུགས་པ་ཤིན་ཏུ་གལ་ཆེ་ཞིངཿ ཕྲན་བུ་ཙམ་རེ་ཉམས་པར་གྱུར་ཀྱང་ཕྱིར་བཅོས་ལ་འབད་པ་གནད་དམ་པའོཿ ཨེ་མ་ཧོཿ མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་གསང་བའི་གནསཿ ཐབས་ཀྱི་ལམ་མཆོག་ཚེ་འདིར་གྲོལ་བའི་ཆོསཿ ཡང་གསང་བླ་མེད་མཁའ་འགྲོའི་སྙིང་ཁྲག་བཅུདཿ པདྨ་བདག་གི་སྙིང་ཕྱུང་ལག་མཐིལ་བཀྲམཿ རིན་ཆེན་གསང་བའི་བརྡ་རིས་ཆེན་མོར་ཐོབཿ མནྡར་བའི་མཁའ་དབྱིངས་ཀློང་དུ་སྦས༔ མ་འོངས་ང་སྤྲུལ་ཁྲག་འཐུང་ཧེ་རུ་ཀཿ ཁྲག་འཐུང་ཆགས་པའི་རྡོ་རྗེ་དང་འཕྲད་ནསཿ འབྲེལ་ཚད་དོན་ལྡན་སྐལ་ལྡན་སྨིན་པར་ཤོགཿ གསང་བའི་བཀའ་སྲུང་ཌཱཀྐི་མཆེད་གཉིས་དང་ཿ སྔགས་ཀྱི་སྲུང་མ་ཞིང་སྐྱོང་ཡབ་ཡུམ་གྱིསཿ གཡེལ་མེད་སྲུངས་ཤིག་དམ་ཚིག་སྙིང་གི་རྒྱཿ དམ་ཚིག་ལྡན་ཀྱང་གཅིག་བརྒྱུད་མ་གཏོགས་པཿ སྤེལ་ན་ཧུར་ཐུམ་སྙིངཁྲག་ཐང་དུ་འཕོསཿ བསྟན་པར་འཕང་བའི་དམ་ཚིག་ས་མ་ཡཱཿ སྐུའི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ དམ་ཚིག་གི་རྒྱཿ ཁྲག་འཐུང་ལས་ཀྱི་དཔའ་བོས་མཁའ་གསང་ཆགས་པ་ཆེན་པོའི་ཀློང་ནས་སྤྱན་དྲངས་ཤིན་ཏུ་གསང་བའི་མན་ངག་བཀའ་རྒྱ་མའོཿ ཡི་གེའི་རིགས་བྱེད་དམ་ལྡན་དཔལ་གྱི་སེངྒེས་བགྱིས་པའོ།།