ཆོས་སྒྲུང་ནོར་བུའི་བང་མཛོད་ལསཿ སྒྲོལ་དཀར་སྒྲུབ་ཐབས་རྒྱུན་ཁྱེར་ཡིད་བཞིན་ནོར་བུཿ

From Khyentse Lineage - A Tsadra Foundation Project
Revision as of 11:11, 27 June 2024 by Mort (talk | contribs)
Wylie title chos sgrung nor bu'i bang mdzod las sgrol dkar sgrub thabs rgyun khyer yid bzhin nor bu
Location mdo mkhyen brtse bka' 'bum
Volume 5, Text 22, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Daily Practice - rgyun khyer
Cycle ཆོས་སྒྲུང་ནོར་བུའི་བང་མཛོད་ (chos sgrung nor bu'i bang mdzod)
Deity sgrol ma dmar mo
Colophon

འབྱུང་འཇུག་སྔགས་སུ་གོམ་པ་ན༔ ཕུང་པོ་འོད་སྐུར་དེང་པར་འགྱུར༔ རྟག་ཏུ་འདི་ལ་ནན་ཏན་གྱིས༔ གང་ཞིག་སྟོན་པར་ཕང་བའི་ཆོས༔ མ་སྦས་ལྷུག་པ་དག་པར་ཕབ༔ སྐབས་རྒྱུད་ཡི་གེ་མེད་པའི་སྐོར༔ ས་མ་ཡཱ༔ གུ་ཧྱ༔ དྷ་ཐིམ༔

'byung 'jug sngags su goms pa na: phung po 'od skur dengs par 'gyur: rtag tu 'di la nan tan gyis: gang zhig ston par phang ba'i chos: ma sbas lhug pa dag par phab: skabs rgyud yi ge med pa'i skor: sa ma yA: gu h+ya: d+ha thim:

[edit]
༄༅། །ཆོས་སྒྲུང་ནོར་བུའི་བང་མཛོད་ལསཿ སྒྲོལ་དཀར་སྒྲུབ་ཐབས་རྒྱུན་ཁྱེར་ཡིད་བཞིན་ནོར་བུ་བཞུགསཿ

༄༅།« །པདྨ་ཐོད་ཕྲེང་རྩལ་ལ་འདུད༔ ཤིན་ཏུ་ཟབ་པའི་མཐར་ཐུག་ཆོས༔ ཚེ་འདི་དངོས་གྲུབ་བདེ་བླག་ཏུ༔ སྟེར་བའི་ཨཱརྱ་ཏཱ་རེ་ཡིས༔ རྩ་བའི་ལས་བྱང་ཆེན་མོ་དང་༔ ཚེ་སྒྲུབ་སོགས་ཀྱི་གནད་བསྡུས་པ༔ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ནི༔ ནང་བར་སྔ་མོ་ནས་ལངས་ཏེ༔ རླུང་རོ་བསལ་ཞིང་ཧ་སྤྲུག་བྱ༔ རྟེན་མེད་རིག་པ་ནམ་མཁར་གཏད༔ ངལ་གསོའི་ཤེས་པ་གནད་དུ་དབབ༔ འབྱུང་བཞིའི་སྲོག་རླུང་མཚོན་དུ་བཟུང་༔ བུམ་ཅན་ལྟོ་བར་ཨར་ལ་གཏད༔ དེ་ནས་མདུན་གྱི་ནམ་མཁའ་ནས༔ དབྱངས་ཀྱི་སྒྲ་གདངས་ཀྱིས་བསྐུལ་བའི༔ སྙིང་ཀར་བུམ་གཞུག་ཟུང་འཇུག་སྐུ༔ བླ་མ་དབྱེར་མེད་མཁའ་འགྲོ་མ༔ དཀར་གསལ་སྐར་མདའ་རྒྱུག་པ་བཞིན༔ སྤྱི་བོར་རྒྱངས་ཀྱིས་ནམ་མཁར་ཐོན༔ སྟོང་གསུམ་འོད་ཀྱིས་ཁེང་བྱས་ཏེ༔ སེམས་ཅན་ཀུན་ཀྱི་མ་རིག་དང་༔ སྒྲིབ་གཉིས་བག་ཆགས་བཅས་པ་སྦྱངས༔ ཁྱད་པར་དམྱལ་བ་ཡི་དྭགས་དང་༔ དུད་འགྲོ་ལྷ་མིན་ལྷ་མི་སོགས༔ སྡུག་བསྔལ་རྒྱུ་བཅས་མིང་མེད་སྦྱངས༔ ནམ་མཁར་གཟི་བྱིན་མཚུངས་མེད་ངང་༔ ལམ་གྱིས་བཞུགས་ལ་གསོལ་གདབ་ནི༔ »མཆོག་གསུམ་རྩ་གསུམ་ཀུན་འདུས་རྗེ༔ ཁྱད་པར་གཅིག་ཆོག་བླ་མ་དང་༔ དབྱེར་མེད་ཨཱརྱ་ཏཱ་རེ་མར༔ སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས༔ བདག་གིས་དལ་འབྱོར་ལུས་འདི་རྙེད་པར་དཀའ༔ ནམ་བཞག་གཏན་གྱི་འདུན་མ་བསྒྲུབ་བྱའི་ཕྱིར༔ སྔོན་བསགས་ཚོགས་གཉིས་ཀྱིས་སྨིན་སྐལ་བ་བཟང་༔ དེ་ཡང་མི་རྟག་འགྱུར་བའི་རང་བཞིན་དེ༔ སྤྲོ་བ་དྲག་པོའི་ལེ་ལོ་མེད་པ་རུ༔ སྙིང་ནས་གསང་ཆེན་ཉམས་སུ་ལེན་པར་བྱ༔ སྲིད་པའི་རང་བཞིན་སྡུག་བསྔལ་རང་བཞིན་དེ༔ ཚ་གྲང་དམྱལ་སོང་བཟོད་དཀའི་དུ༔ཁ་ལས༔ ངེས་པར་འབྱིན་ནོ་ཐར་པའི་གྲོང་ལ་མཆི༔ དགེ་དང་སྡིག་པའི་ལས་རྣམས་ཅི་བྱས་ཀྱང་༔ ཆུད་མི་ཟ་བར་རང་རང་འབྲས་བུ་སྨིན༔ བླང་དོར་མ་འཛོལ་ཚུལ་བཞིན་དགེ་བཅུ་སྤྱད༔ ཞི་བ་བདེ་བ་བསིལ་བ་ཐར་བའི་ལམ༔ བླ་མའི་ཐུགས་རྗེ་རང་གིས་བསམ་སྦྱོར་གྱིས༔ མི་གནས་བྱང་ཆེན་ས་ལ་རེག་པར་བགྱི༔ སངས་རྒྱས་དངོས་དང་ཁྱད་པར་མ་མཆིས་པའི༔ ལམ་སྟོན་བླ་མ་དགེ་བའི་བཤེས་གཉེན་གྱི༔ ཅི་གསུང་བཀའ་བསྒྲུབ་སྲོག་ལྟར་བཙའ་བར་བགྱི༔ དེ་ཕྱིར་དུས་དང་རྣམ་པ་ཐམས་ཅད་དུ༔ ལམ་དམན་ལམ་ལོག་སྲིད་པའི་དུ༔ཁ་ལ༔ མ་བཏང་ཐུགས་རྗེས་ཟུངས་ལ་ཕྱག་གིས་དྲོངས༔ ལུས་དང་སྲོག་ལ་ཐུག་ཀྱང་ཉམས་ལེན་གྱི༔ རིམ་པ་ཚུལ་བཞིན་བདག་གིས་སྤྱད་པར་བགྱི༔ «ཞེས་ཁ་ཞེ་མེད་པར་གསོལ་བ་རྩེ་གཅིག་ཏུ་བཏབ་ལ་སྐྱབས་སུ་འགྲོ་བ་ནི༔ »མཚན་དཔེ་ཡོན་ཏན་དགེ་འདུན་དངོས༔ ཟབ་རྒྱས་གསུང་གསང་དམ་པའི་ཆོས༔ འཁྲུལ་མེད་ཡེ་ཤེས་སངས་རྒྱས་ཆེ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ «སེམས་བསྐྱེད་པ་ནི༔» མ་གྱུར་འགྲོ་བ་རིགས་དྲུག་ཀུན༔ ཟབ་མོ་གསང་ཆེན་ལམ་བཟང་ལ༔ ཞུགས་ནས་བྱང་སེམས་གོ་འཕང་ཆེར༔ དཀྲི་ཕྱིར་སྨོན་འཇུག་བྱང་སེམས་བསྐྱེད༔ «དེ་ནས་ཡི་གེ་བརྒྱ་བའི་ལྷ་བསྐྱེད་རིམ༔» ཨཱ༔ བདག་ཉིད་ཐ་མལ་སྤྱི་བོ་རུ༔ བླ་མ་དབྱེར་མེད་རྡོ་རྗེ་སེམས༔ དཀར་གསལ་ཡབ་ཡུམ་ལོངས་སྐུའི་ཆས༔ བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན༔ བབས་པས་ནད་གདོན་སྡིག་སྒྲིབ་ཀུན༔ མ་ལུས་ལྷག་མེད་དག་གྱུར་ཅིག༔ «ཡི་གེ་བརྒྱ་པ་ཅི་ནུས་བཟླ༔ དེ་ནས༔ »རྡོར་སེམས་འོད་ཞུ་རང་ལ་ཐིམ༔ རང་གི་སྒོ་གསུམ་ཤེལ་སྒོང་ལྟར༔ དག་གསལ་སླར་ཡང་རྡོར་སེམས་སྐུ༔ ལམ་གྱིས་མ་འདྲེས་མཚན་དཔེར་ཤར༔ ཨོཾ་ཨཱ༔བཛྲ་ས་ཏྭ་ཧཱུྃ༔ «ཅི་ནུས་བཟླ༔ མཎྜལ་འབུལ་བ་ནི༔» ཕྱི་སྣོད་རི་རབ་གླིང་བཞི་དང་༔ རང་ལུས་རྩ་ཁམས་རྣམ་ཤེས་བརྒྱད༔ སེམས་ཉིད་སྟོང་གསལ་རིག་པའི་རྩལ༔ བླ་མ་མཁའ་འགྲོ་ཉིད་ལ་འབུལ༔ ཏྲཾ༔ གུ་རུ་རཏྣ་མཎྜལ་ལ་ཧཱུཾ༔ «དེ་ཡན་སྦྱོར་མ་ཐུན་མོང་དང་༔ ཐུན་མིན་སྔོན་འགྲོའི་ཆོས་རྣམས་སོགས༔ དེ་ནས་དངོས་གཞིའི་ཁྱད་པར་ནི༔ »མདུན་གྱི་ནམ་མཁར་བཞུགས་པ་ཡི༔ ཨཱརྱ་ཏཱ་རེ་འོད་དུ་ཞུ༔ ཐིག་ལེ་དཀར་གསལ་བྱ་སྒོང་ཙམ༔ གྱུར་པ་ཛ་ཧཱུྃ་བཾ་ཧོའི་བསྟིམ༔ སྐད་ཅིག་རང་ལུས་དགོས་ཞེན་སྦྱོངས༔ དག་གསལ་གཉིས་མེད་ཞིང་ཁམས་ནི༔ རྒྱ་ཁྱོན་མཐའ་དབུས་མེད་པར་གསལ༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཉི་མའི་གདན་གྱི་སྟེང་ཉིད་དུ༔ རིག་པ་ཧྲཱི༔ཡིས་འཕྲོ་འདུ་ལས༔ བདག་ཉིད་སྐད་ཅིག་དབྱིངས་ཀྱི་ལྷ༔ ཨཱརྱ་ཏཱ་རེ་རྗེ་བཙུན་མ༔ སྐུ་མདོག་དཀར་གསལ་སྒྲིབ་གཡོགས་བྲལ༔ བཅོ་ལྔའི་ཟླ་བས་རྒྱབ་ཡོལ་མཛེས༔ མཛེས་པའི་ཞལ་འཛུམ་ཆགས་པའི་ཉམས༔ བརྩེ་བའི་སྤྱན་རས་བདུན་གྱིས་གཟིགས༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ དབུ་སྐྲ་གནག་སྣུམས་ཐོར་ཅོག་དང་༔ ལྷག་མས་སྐུ་རྒྱབ་མཉམ་པར་ཁེབ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས༔ འགྲོ་རྣམས་སྡུག་བསྔལ་དུ༔ཁས་སྐྱོབས༔ ཕྱག་གཡོན་སྟ་ཟུར་ནས་བརྐྱང་སྟེ༔ གདན་ཁར་གནོན་པའི་ཚུལ་ཉིད་ཀྱིས༔ ཨུཏྤལ་སྙན་ཁང་གོ་ཕྱེས་སྟེང་༔ ཚེ་དང་ཡེ་ཤེས་མཆོག་སྩོལ་བའི༔ ཚེ་བུམ་བདུད་རྩིས་གང་བ་ལ༔ ཚེ་ལྷ་ཨ་མི་དྷེ་ཝས་སྤྲས༔ ཞབས་ཟུང་ཕྱེད་སྐྱིལ་སྟབས་ཀྱིས་བཞུགས༔ རྩ་གནས་དཔའ་བོ་མཁའ་འགྲོའི་གང་༔ ཏིལ་གྱི་གོང་བུ་ལྟ་བུར་བཞུགས༔ ཐུགས་ཀར་འོད་ལྔའི་ཐིག་ལེའི་དབུས༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་ནི༔ སྐུ་མདོག་དཀར་གསལ་གྲི་ཐོད་ཅན༔ སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོགས༔ གར་སྟབས་ཁྱུག་ཅིང་བདེ་ཁྱུག་ཁྱུག༔ ཕྱོགས་བཞིར་རིགས་བཞིའི་ཌཱཀྐི་ནི༔ སྔོ་སེར་དམར་ལྗང་ལམ་གྱིས་གསལ༔ རྩ་བའི་སྐུ་ཡི་མཐའ་བསྐོར་དུ༔ བྱིན་རླབས་སྤྲུལ་བསྒྱུར་ལྷ་མོ་ནི༔ ཏཱ་རེ་ཉེར་གཅིག་སྣ་ཚོགས་ཚུལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་བསྒྲུབས༔ དེ་ཡི་མཐའ་བསྐོར་དྲེགས་བྱེད་སྡེ༔ ནུས་མཐུ་ཐོགས་པ་མེད་པ་རུ༔ ཚམ་རྔམས་དྲག་པོའི་ཚུལ་གྱིས་བསྐོར༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ དམ་ཡེ་དབྱེར་མེད་ཚུལ་གྱིསབཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པར་འབུལ༔ སྡིག་ལྟུང་མི་དགེ་མཐོལ་ལོ་བཤགས༔ སྙིང་ནས་དགའ་བའི་རྗེས་ཡི་རངས༔ གསང་ཆེན་བླ་མེད་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་ཡུན་དུ་བཞུགས༔ དགེ་རྩ་རྫོགས་བྱང་རྒྱུ་རུ་བསྔོ༔ གསང་གསུམ་ཡོན་ཏན་རྒྱ་མཚོར་གཏེར༔ ཀུན་འབྱུང་ནོར་བུའི་ཕུང་པོར་བསྟོད༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ ཧྲཱི༔དང་རིགས་བཞིར་སོ་སོ་ལ༔ ཧཱ་རི་ནི་ས་གནས་པ་ལས༔ རང་རང་འོད་ཟེར་འཕྲོས་པ་ཡིས༔ རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ན༔ བཞུགས་པའི་རྒྱལ་བ་སྲས་བཅས་ཀྱི༔ བྱིན་རླབས་དངོས་གྲུབ་ཐམས་ཅད་ཀུན༔ ཡི་གེ་གསུམ་གྱི་རྣམ་པ་རུ༔ དཔག་ཏུ་མེད་པ་སྤྱན་དྲངས་ནས༔ ཐུགས་སྲོག་རྣམས་ལ་ཐིམ་པའི་མོད༔ གསལ་བརྟན་གཟི་བྱིན་མཆོག་ཏུ་འབར༔ «དེ་ལ་དམིགས་པ་མ་ཡེངས་པར༔ ཤུབ་བུའི་ངག་གི་བར་མ་ཆད༔ གསང་སྔགས་འདི་ཉིད་བཟླས་པར་བྱ༔ »ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཧྲཱི༔ཛྙཱ་ན་ཌཱཀྐི་ནི་བྷྲཱུཾཿསརྦ་སིདྡྷི་སྭཱ་ཧཱ༔« ཅེས་པ་རྒྱུན་གྱི་རྣལ་འབྱོར་ཡིན༔ བྱིན་རླབས་རྣོ་སོ་ངར་འདོགས་ནི༔» སླར་ཡང་རིགས་ལྔའི་ཐུགས་ཀ་ནས༔ ཧྲཱི༔དང་ཧ་རི་ནི་ས་ནི༔ དཔག་ཏུ་མེད་པར་འཕྲོས་པ་རྣམས༔ རིགས་ལྔའི་ཌཱཀྐིའི་སྐུ་རུ་གྱུར༔ ཕྱི་སྣོད་ནང་བཅུད་འགྲོ་ཁམས་ཀུན༔ དཔའ་བོ་དཔའ་མོ་ཀྲོང་གིས་གྱུར༔ ཀུན་ཀྱང་གར་བསྒྱུར་རྡོ་རྗེའི་གླུ༔ ཕཻམ་དང་ཧཱ་རི་ནི་སའི་སྒྲ༔ འབྲུག་སྟོང་ལྟ་བུར་བསྒྲག་པ་ལས༔ འགྲོ་བ་དྲུག་གི་འཇིག་རྟེན་ཡང་༔ ཡོམ་ཡོམ་ཤིག་ཤིག་འཕར་ལྡིང་གཡོ༔ སྡུག་བསྔལ་རྒྱུ་དང་འབྲས་བུར་བཅས༔ མིང་མེད་ཀ་དག་ཟུང་འཇུག་ཀློང་༔ སྣང་བ་གཏད་མེད་ངང་ཉིད་ལས༔ མ་བཅོས་དཀྱིལ་འཁོར་ཉག་གཅིག་ཏུ༔ རིག་པ་གཡོ་མེད་ངང་དུ་བཞག༔ ཧྲཱི༔ «གཅིག་ཁོ་ནར་བརྩོན་གྱུར་ཅིག༔ འབྱུང་འཇུག་སྔགས་སུ་གོམ་པ་ན༔ ཕུང་པོ་འོད་སྐུར་དེང་པར་འགྱུར༔ རྟག་ཏུ་འདི་ལ་ནན་ཏན་གྱིས༔ གང་ཞིག་སྟོན་པར་ཕང་བའི་ཆོས༔ མ་སྦས་ལྷུག་པ་དག་པར་ཕབ༔ སྐབས་རྒྱུད་ཡི་གེ་མེད་པའི་སྐོར༔ ས་མ་ཡཱ༔ གུ་ཧྱ༔ དྷ་ཐིམ༔