DKYD-KABUM-03-GA-055

From Khyentse Lineage - A Tsadra Foundation Project
Revision as of 13:42, 21 June 2024 by Mort (talk | contribs)

DKYD-KABUM-03-GA-055
Wylie title
Location mdo mkhyen brtse bka' 'bum
Volume 3, Text 54, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
Cycle ཡང་གསང་བླ་མེད་རིག་འཛིན་ཐུགས་ཐིག་ (yang gsang bla med rig 'dzin thugs thig)
[edit]
ཡང་གསང་བླ་མེད་རིག་འཛིན་ཐུགས་ཐིག་ལས༔ ཡི་དམ་ཙིཏྟ་དམར་པོ་བཞུགས༔ «དཔལ་ཆེན་ཧེ་རུ་ཀ་ལ་འདུད༔ ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར༔ སྤྲུལ་པ་སྐུ་ཡི་ཞིང་ཁམས་ནི༔ བྱེ་བ་ཕྲག་བརྒྱར་ཤར་བ་ལས༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང༔ ཕྲིན་ལས་གཅིག་ཏུ་བསྡུས་པ་ཡིས༔ ཨ་ཙར་པདྨ་ཀ་ར་དངཿ ཁྲག་འཐུང་རྒྱལ་པོ་དབྱེར་མེད་འདྲེསཿ དེ་ཉིད་ཁྲོ་བོ་འཆོལ་བའི་སྐུ༔ ཡོངས་བཞེས་གཏུམ་ཆེན་གྲོ་བོ་ལོད༔ བསྒྲུབ་ཅིང་འཁོར་འདས་སྟོང་སྲོག་དབང༔ ཚེ་གཅིག་རིག་འཛིན་བསྒྲུབ་པ་ཡིས༔ གདམས་པ་མཁའ་འགྲོའི་སྙིང་བཅུད་འདི༔ རིན་ཆེན་སྲོག་ལས་འབང་མོད་ཀྱང༔ ད་ལྟ་རིག་འཛིན་ཡབ་ཡུམ་དང༔ མ་འོངས་སྤྲུལ་པའི་མཐར་འཁོབ་ཏུ༔ འགྲོ་དོན་སྤྱོད་པའི་བརྣོགས་ཆོས་བརྟན༔ སྙིང་ལ་འཆིངས་ཤིག་ས་མ་ཡཿ སྤྲོས་བཅས་དཀྱིལ་འཁོར་གནས་དུས་བསྟན༔ ཕུར་པ་ཐོད་སྐུ་གང་རུང་པ༔ གཏོར་མ་སྨན་ར་མཆོད་པའི་བསྐོར༔ ཡིད་མཐུན་བག་དྲོ་བྱིན་ཆགས་བྱ༔ སྤྲོས་མེད་རང་ལུས་སྒྲུབ་རྫས་དཀྱིལ༔ ཕྱི་སྣོད་འདོད་ཡོན་རྫས་མཆོད་འཁོར༔ ཏིང་འཛིན་དམིགས་པའི་བྱེ་ཐག་གོ༔ དངོས་གཞི་ཉམས་ལེན་རིམ་པ་ནི༔ དང་པོ་ཚོགས་ཞིང་གསལ་གདབ་པ༔ »ན་མོ༔ མདུན་གྱི་ནམ་མཁར་འཇའ་འོད་སྤྲིན་ཕུང་དབུསཿ ངོ་མཚར་ཞིང་ཁམས་རྒྱན་བཀོད་ཕུན་སུམ་ཚོགས༔ བླ་མ་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ འཁོར་དུ་ཡི་དམ་དཔའ་བོ་མཁའ་འགྲོ་དང༔ སངས་རྒྱས་བྱང་སེམས་རིག་འཛིན་ཚོགས་ཀྱིས་བསྐོར༔ ཐུགས་རྗེའི་དགྱེས་ཆགས་བདག་ལ་ལྷག་པར་དགོངས༔ བདག་དང་ཕ་མ་མཁའ་མཉམ་སེམས་ཅན་ཀུན༔ ཁྱོད་ལས་རེ་ས་མེད་དོ་ཐུགས་རྗེས་ཟུངས༔ «གཉིས་པ་སྐྱབས་སུ་འགྲོ་བ་ནི༔ »ན་མོ༔ སྐུ་གསུམ་རང་རིག་དོན་གྱི་བླ་མ་དང༔ རོལ་རྩལ་རྩ་གསུམ་རྒྱལ་བ་རབ་འབྱམས་ལ༔ ཡེ་ཤེས་འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ «གསུམ་པ་སེམས་བསྐྱེད་པ་ནི༔ »ཀྱེ་མ༔ འཁྲུལ་སྣང་དྲག་པོའི་འཁོར་བ་འཁྱམས་པ་ཡི༔ རིགས་དྲུག་སྡུག་བསྔལ་གྱིས་མནར་སེམས་ཅན་ཀུན༔ སྐུ་གསུམ་རང་ངོ་འཕྲོད་པར་སེམས་བསྐྱེད་དོ༔ «བཞི་པ་ཡན་ལག་བརྒྱད་པ་ནིཿ» ན་མོཿ བདག་ལུས་རབ་འབྱམས་ཞིང་གི་རྡུལ་སྙེད་ཀྱིས༔ སྐུ་གསུམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ རབ་འབྱམས་ཞིང་གི་ལྷ་མིའི་མཆོད་རྫས་དང༔ བདག་ལུས་ལོངས་སྤྱོད་དངོས་འབྱོར་ཡིད་སྤྲུལ་འབུལ༔ ཐོག་མར་འཁྲུལ་བ་ནས་བཟུང་ད་ལྟའི་བར༔ གསང་སྔགས་དམ་ཚིག་ཉམས་འགལ་རལ་བགྱིས་བཤགས༔ བླ་མ་ཁྲག་འཐུང་སངས་རྒྱས་འདུས་པའི་དཔལ༔ སྦྱོར་སྒྲོལ་གསང་སྔགས་མཛད་ལ་རྗེས་ཡི་རང༔ ཨ་ཏི་ཟབ་གསང་རྡོ་རྗེ་སྙིང་པོ་ཡིས༔ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོང་བར་བསྐུལ༔ སྐལ་ལྡན་གདུལ་བྱ་གྲོལ་བར་མ་གྱུར་བར༔ བདག་དང་འབྲལ་མེད་བཞུགས་པར་གསོལ་བ་འདེབས༔ ཞི་རྒྱས་དབང་དང་དྲག་པོ་མངོན་སྤྱོད་ལས༔ ཐོགས་པ་མེད་པའི་རྫུ་འཕྲུལ་བསྟན་དུ་གསོལ༔ འདིས་མཚོན་དུས་གསུམ་དགེ་པ་ཅི་བསགས་པ༔ ཕ་མ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ «ལྔ་པ་བགེགས་ལ་བཀའ་བསྒོ་བ༔» ཧཱུྃ༔ རང་ཉིད་དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད༔ གཏུམ་རྔམས་རབ་ཁྲོས་སྐུ་རུ་ལམ་གྱིས་གསལ༔ སྣང་བ་རྣམ་པར་དག་པའི་དཀྱིལ་འཁོར་འདིར༔ གློ་བུར་རྣམ་རྟོག་འཁྲུལ་བ་ལས་བྱུང་ཞིང༔ དུག་ལྔ་དྲག་པོའི་དབང་གྱུར་འཁོར་བར་འཁྱམས༔ གླག་ལྟ་བར་ཆད་མ་རུང་བདུད་ཀྱི་སྡེཿ གནས་འདིའི་འཁོར་ཡུག་ཙམ་དུ་མ་ཉེ་བརཿ རྒྱ་མཚོའི་མཐའམ་དམིགས་པ་ཡུལ་དུ་སོངཿ དཀར་ཕྱོགས་དྲེགས་པའི་ཚོགས་རྣམས་ལས་ལ་འདུསཿ གང་དག་བཀའ་ལས་འདའ་ཞིང་དམ་འགལ་རིགསཿ བདག་ཉིད་དཔལ་ཆེན་ཐུགས་ལས་སྤྲུལ་པ་ཡིཿ ཤ་ཟ་ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གངཿ ཁྲག་འཐུང་ཁྲོ་མོའི་ཚོགས་ཀྱིས་ས་གཞི་གངཿ གསོད་བྱེད་ཁྲོ་ཆུང་ཚོགས་ཀྱིས་བར་སྣང་གངཿ ལས་མཁན་གིང་ཕོ་གིང་མོ་སྐར་ལྟར་འཁྲུགསཿ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་དུ་བརློགཿ རྣམ་པར་ཤེས་པ་ཨུར་མོར་སྡུག་བསྔལ་མྱོངཿ དེ་བའི་ནག་ཕྱོགས་འབྱུང་པོ་ཕྱིར་དེངས་ཤིགཿ ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུྃཿ གྷྲྀ་ཧ་ན་གྷྲྀ་ཧ་ན་ཧཱུྃཿ གྷྲྀ་ཧ་ན་པཱ་ཡ་གྷྲྀ་ཧ་ན་པཱ་ཡ་ཧཱུྃཿ ཨ་ན་ཡ་ཧོཿ བྷ་ག་ཝན་བིདྱ་རཱ་ཛ་ཀྲོ་ཏ་ཧཱུྃ་ཕཊཿ «ཚམ་རྔམ་དྲག་པོའི་བརྗིདཿ» ཨོཾ་བཛྲ་ཀྲོ་ཏ་ཨ་རྩིག་ནི་རྩག་ཀྲོ་ཏི་ཤྭ་རི་ཀ་ལ་རཱུ་པཱ་སརྦ་དུཥྟཱནཿ གནོད་བྱེད་མ་ར་ཡ་ཛྭ་ཡ་རཾ་རཾ་ཨུ་ཙ་ཏ་ཡ་ཕཊཿ «ཅེས་བརྗོད་གུ»ལ«་དུད་བའི་བདུག»ཿ« དྲུག་པ་མཚམས་བཅད་པ་ནིཿ» ཧཱུྃཿ སྟེང་ཡང་ཁྲོ་མཚོན་གུར་ཁང་ལཿ མཚོན་ཆའི་ཐོག་དང་སེར་ཆེན་འཕེབསཿ བར་མཚམས་ཁྲོ་མཚོན་རྭ་གུར་ལཿ མཚོན་ཆའི་བུ་ཡུག་རླུང་ལྟར་འཁྲུགསཿ འོག་ཀྱང་ཁྲོ་མཚོན་ས་གཞི་ལཿ མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཕྲོཿ མ་རུང་ལོག་འདྲེན་ལྟ་ཅི་སྨོསཿ འཇིག་རྟེན་མཁའ་འགྲོ་མི་མ་ཡིནཿ དྲེགས་ཚོགས་རྒྱུ་བའི་སྐབས་མེད་དོཿ མཐུ་ཆེན་ཚོགས་ཀྱང་བརླག་ཏ་རེཿ ཨོཾ་བཛྲ་ཙནྚ་ཀྲོ་ཏ་རཀྴ་ཛྭ་ལ་རཾ་རཾ་ཙཀྲ་ཝཱརྟི་རཀྵ་རཀྵ་ཧཱུྃ་ཕཊཿ «བདུན་པ་དམ་བཅའ་བ་ནི༔» སྔོན་ཚེ་འདས་དུས་འཕགས་ཡུལ་ཨ་སུ་རར༔ རྩེ་གཅིག་བསྙེན་ཅིང་བསྒྲུབ་པའི་རྟགས་ཐོན་པ༔ བླ་མ་ཡི་དམ་དབྱེར་མེད་རྔམས་བརྗིད་རྒྱལ༔ ད་ལྟ་སྨོན་ལམ་དུས་སུ་བབ་ལགས་ན༔ སྲོག་གི་ཕྱིར་ཡང་མི་གཏོང་ཁྱོད་བསྒྲུབ་བོ༔ ཞལ་བཞེས་དུས་ལ་བབ་པོ་ས་མ་ཡཿ «བརྒྱད་པ་བྱིན་འབེབ་པ་ནི༔ སྤོས་རོལ་བྱ་ཞིང་གདུང་བའི་བློས༔» ཧཱུྃཿ དབང་དྲག་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བདུད་འདུལ་ཁྲོ་བོ་འཆོལ་བའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་པ༔ བདག་ཅག་སྒྲུབ་པ་པོ་ལ་བྱིན་ཕོབ་ཅིག༔ བྱིན་ཆེན་བྱིན་ཕོབ་བླ་མ་རིག་འཛིན་རྗེ༔ དངོས་གྲུབ་མཆོག་སྩོལ་ཡི་དམ་ཞི་ཁྲོའི་ལྷ༔ དབང་ཆེན་དབང་བསྐུར་རྡོ་རྗེ་རྣལ་འབྱོར་མ༔ གསོལ་བཏབ་ལས་ཀྱི་འབྲས་བུ་མཆིས་པར་མཛོདཿ གུ་རུ་དྷེ་ཝ་ཌཀྐི་ནི་ཛྙཱ་ན་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེམ་ཕེམ་ཧཱུྃ་ཧཱུྃཿཧཱུྃཿ« བཏུ་བ་མཆོད་བ་བྱིན་རླབས་པཿ »མཁའ་ལས་ཡི་གེ་རྃ་ཡྃ་ཁྃ་གསུམ་བྱུང༔ ཕྱི་སྣོད་ནང་བཅུད་མཆོད་པའི་རྫས་རྣམས་ཀྱིས༔ མ་དག་ཉེས་པའི་ཚོགས་རྣམས་བསྲེགས་གཏོར་བཀྲུས༔ སླར་ཡང་སྐུ་གསུང་ཐུགས་ཀྱི་ཡི་གེ་ལས༔ བྱིན་རླབས་འོད་ཞུ་མཆོད་རྫས་བྱེ་བྲག་ཀུན༔ རང་རང་ནུས་པ་ཕུན་སུམ་ཚོགས་པར་གྱུར༔ རྃ་ཡྃ་ཁྃ༔« ལན་གསུམ།» ཨོཾ་བཛྲ་ཨརྒྷཾ་པདྱཱཾ་པུཥྤེ་བྦྷེ་པྤེཨ་ལོ་ཀི་གྷནྤེ་ནི་ཝི་དྱ་ཤབྡ་ཨཱཿཧཱུྃཿ རཱུ་བཱ་ཤབྟ་གྷནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཨོཾ་སརྦ་པརྩ་ཨ་མྲྀ་ཏ་ཧཱུྃ་ཧཱི་ཥྛཿ ཨོཾ་མ་ཧཱ་བཱ་ལིང་ཏ་ཧཱུྃ་ཧྲིཥྛ༔ ཨོཾ་མ་ཧཱ་རཀྟ་྅ཾ་ཧྲཱིཥྛ༔ «བཅུ་གཅིག་དངོས་གཞི་ལྷ་བསྐྱེད་པ་ནི༔» ཨཱཿ སྤྲོས་བྲལ་མ་བཅོས་རིག་པ་དེ་བཞིན་ཉིདཿ རྩལ་ལས་སྒྱུ་མ་ལྟ་བུའི་སྙིང་རྗེ་ཤར༔ དྷུ་ཡི་རིག་པ་རྡོ་རྗེ་ཧཱུྃ་གིས་མཚན༔ དེ་ལས་འོད་འཕྲོས་བརྟན་པ་སྣོད་ཀྱི་ཁམས༔ འོག་མིན་གཏུམ་དྲག་རོལ་པའི་གཞལ་ཡས་ཁང༔ ཕྱི་ནི་རིན་ཆེན་ནང་ནི་ཐོད་བའི་མཁར༔ གྲུ་བཞི་སྒོ་བཞི་རྒྱན་བཀོད་ཕུན་སུམ་ཚོགས༔ རྒྱུ་འབྲས་རྟ་བབ་ཁྱམས་དང་དུར་ཁྲོད་སོགས༔ དག་པ་རབ་འབྱམས་ངོ་བོ་ལྷུན་གྱིས་གྲུབ༔ ནང་དབྱིངས་ཁྲག་གཞག་རྒྱ་མཚོ་ཆེན་པོའི་ཀློང༔ རྡོ་རྗེ་འོད་ཞུ་རྒྱུ་ཡི་ཡི་གེ་དང༔ ཉི་ཟླ་ཡོངས་གྱུར་རྩ་གསུམ་འདུས་བའི་དཔལ༔ ཁྲག་འཐུང་རྒྱལ་པོ་རྡམས་བརྗིད་ཧེ་རུ་ཀ༔ ཁྲོ་བོ་འཆོལ་བ་རྡོ་རྗེ་གྲོ་བོ་ལོད༔ སྐུ་དམོག་དམར་ནག་ཁྲོ་གཏུམ་འཇིགས་པའི་ཉམས༔ ཞལ་གཅིག་ཁྲོ་གཉེར་དྲག་པོའི་ཨཾ་གཙིགས་བསྡམས༔ སྤྱན་གསུམ་དམར་ཟླུམ་ཁྲོ་བོའི་སྡང་མིག་གཡོ༔ དབུ་སྐྲ་ཁམས་ནག་ཨང་མིག་གཡས་སུ་འཁྱིལ༔ སྨ་ར་ཨག་ཚོམ་མེ་སྟག་ཚྭ་ཚྭ་འཕྲོ༔ ཕྱག་གཡས་གནསལྕགས་རྡོ་རྗེ་རྩེ་དགུ་ཕྱར༔ བསྡིག་མཛུབ་རྩེ་ནས་ཁྱུང་གི་སྐར་ཚོགས་འཁྲུགས༔ གཡོན་པས་གནམ་ལྕགས་ཕུར་བུས་དྲེགས་ཚོགས་གཟིར༔ བསྡིག་མཛུབ་རྩེ་ལས་ཐོག་སེར་བུ་ཡུག་འཚུབས༔ བེར་མཐིང་སྟག་ཤམ་རུས་རྒྱན་མགོ་ཕྲེང་དང༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་གཡེངས༔ སྙན་ཆ་ཞོ་འཐུང་རུས་པའི་ཨང་མིག་མཛེས༔ ཁྲོ་བོ་གཏུམ་ཆེན་རྒྱ་སྟག་གྲུས་མའི་སྟེང༔ ཁྲོ་བོ་རོལ་པའི་སྟབས་སུ་འགྱིངས་བག་ལྡན༔ སྐུ་ལས་ཁྲོ་ཆུང་ཚཱ་ཚཱ་སྐར་ལྟར་འཁྲུགས༔ ཡེ་ཤེས་མེ་རི་འབར་བའི་ལོག་འདྲེན་བསྲེགས༔ སྟག་མོ་རྔམས་པའི་དམ་སྲི་བདུད་བཞི་ཡི༔ སྙིང་གི་དཀར་ནག་མཚམས་སུ་སྦར་གྱིས་འདེབས༔ མུ་སྟེགས་བན་བོན་བྱད་མ་ཟས་སུ་ཟ༔ ནམ་མཁར་སངས་རྒྱས་བྱང་སེམས་བླ་བ་དང༔ བར་སྣང་ཡི་དམ་ཞི་ཆགས་ཁྲོ་བོའི་ཚོགས༔ ས་གཞིར་མཁའ་འགྲོ་མ་ཚོགས་སྤྲིན་ལྟར་གཏིབས༔ གསེར་ཁྱམས་དམ་ཚིག་ཤ་ཟ་མཁའ་འགྲོ་དང༔ ཁྲག་ཁྱམས་དབང་ཕྱུག་མ་མོ་ས་མཚམས་འཛིན༔ ཆོས་སྐྱོང་དམ་ཅན་དམག་ཚོགས་དམ་ལ་འདུ༔ དྲེགས་པ་སྡེ་བརྒྱད་སྲོག་སྙིང་འདར་བཞིན་འདུད༔ སྒོ་བཞིར་གིང་ཆེན་སྡེ་བཞི་ལས་ལ་རྔམས༔ དཔྲལ་བར་སྐུ་ཡི་སྤྲུལ་པ་གཤིན་རྗེ་གཤེད༔ མགྲིན་པར་གསུང་གི་སྤྲུལ་པ་ཧྱ་གྷྲྀར༔ སྙིང་ཁར་ཐུགས་སྤྲུལ་རྡོ་རྗེ་གཏུམ་པོའི་རྒྱལ༔ ལྟེ་བར་ཡོན་ཏན་མཁའ་འགྲོ་སེང་གདོང་མཿ གསང་གནས་ཕྲིན་ལས་ཡཀྴ་མེ་དབལ་ནག༔ ཁྲོ་བོ་ཁྲོ་མོ་བྱ་ཁྱུང་ག་རུ་ཊ༔ ལས་ལ་འགྱེད་ཅིང་མངོན་སྤྱོད་ཐོགས་པ་མེད༔ ཁྲག་འཐུང་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་གསལ༔ «བཅུ་གཉིས་དབང་བསྐུར་བ་ནི༔ »ཐུགས་ཀའི་འོད་ཀྱིས་རིགས་ལྔ་སྤྱན་དྲངས་ཤིངཿ ནམ་མཁར་བཞུགས་པའི་ལྷ་རྣམས་ཐམས་ཅད་ཀྱིསཿ ཨོཾ་སརྦ་ཏ་ཐཱ་གཱ་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཧཱུྃཿ ཞེས་གསུངས་བརྡའི་བསྐུལ་དབང་ལྷ་ཡབ་ཡུམ་རོལཿ བྱིན་རླབས་བསྡུས་ཤིང་རིགས་ལྔའི་སྦྱོར་མཚམས་ནསཿ བདུད་རྩིའི་ཆུ་རྒྱུན་གནས་ལྔར་བབ་པ་ཡིསཿ ལུས་གང་སྒོ་གསུམ་ཆ་མཉམ་སྒྲིབ་བཞི་དགཿ དབང་བཞི་ཡོངས་རྫོགས་སྐུ་ལྔའི་འབྲས་བཟང་སྨིནཿ ཆུ་ལྷག་ཡར་ལུད་སྤྱི་བོའི་ནམ་མཁའ་ལཿ རིགས་བདག་ཚེ་ལྷ་ཡབ་ཡུམ་དབུ་རྒྱན་གྱུརཿ སླར་ཡང་གནས་གསུམ་འོད་ཀྱི་འཕྲོ་འདུ་ལསཿ ཡེ་ཤེས་ལྷ་ཚོགས་དབྱིངས་ནས་སྤྱན་དྲངས་བསྟིམཿ« བཅུ་གསུམ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་པཿ» ཧཱུྃཿ ཆོས་དབྱིངས་མ་བཅོས་ཀ་དག་སྦྲོས་བྲལ་ཀློངཿ ཀུན་བཟང་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ལསཿ ཞི་ཆགས་ཁྲོ་བོའི་རྣམ་རོལ་དུ་མར་ཤརཿ གཏུམ་དྲག་རོལ་དང་མེ་རི་འབར་བའི་ཞིངཿ རྔམས་བརྗིད་འབར་བའི་དུར་ཁྲོད་ཆེན་པོ་ལསཿ ཁྲག་འཐུང་རྒྱལ་པོ་བཛྲ་གྲ་བོ་ལོདཿ གཏུམ་ཆེན་རྔམས་པའི་ལྷ་ཚོགས་འཁོར་དང་བཅསཿ ཐུགས་དམ་ཞལ་བཞེས་དུས་ལས་མ་གཡེལ་བརཿ ཐུགས་རྗེ་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ སྐལ་ལྡན་མོས་པའི་བུ་ལ་བྱིན་གྱིས་རློབསཿ གནས་མཆོག་འདི་རུ་བྱིན་ཆེན་བྱིན་ཕོབ་ལཿ དྲག་གཏུམ་འཆོལ་བ་ཆེན་པོའི་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛ་ཛ་སིདྡྷི་ཕ་ལ་ཧོཿ «གདུང་བའི་དབྱངས་ཀྱི་སྤྱན་དྲངས་ལཿ མོས་གུས་སྣང་བ་འགྱུར་བར་བྱཿ བཅུ་བཞི་པ་བཞུགས་སུ་གསོལ་བ་ནིཿ» ཧཱུྃཿ ཡེ་ནས་རང་རིག་ལྷ་དང་འདུ་འབྲལ་མེདཿ སྤྱན་འདྲེན་བཞུགས་སུ་གསོལ་བ་མི་དམིགས་ཀྱངཿ གློ་བུར་མ་རིག་རྣམ་རྟོག་བསལ་བའི་ཕྱིརཿ ཡེ་ཤེས་ལྷ་ཚོགས་བདག་དང་དབྱེར་མེད་བཞུགསཿ ཇི་སྲིད་བྱང་ཆུབ་སྙིང་པོ་མཆིས་ཀྱི་བརཿ འབྲལ་མེད་བརྟན་པར་བཞུགས་ཤིག་ཏིཥྛ་ལྷནཿ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ «བཅོ་ལྔ་པ་ཕྱག་འཚལ་བ་ནིཿ »ན་མོཿ« »ལས་དང་དམ་ཚིག་ཤ་ཟ་ཌཱཀྐི་མཿ ཁམས་གསུམ་དབང་བསྒྱུར་སྟོབས་ལྡན་དྲེགས་པའི་ཚོགསཿ དབང་མེད་བཀའ་རྟགས་ཕྱག་རྒྱའི་ཟིལ་གྱིས་མནན༔ དཔའ་འཁུམ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏི་ཙྪ་ཧོ༔ «བཅུ་དྲུག་ཕྱི་མཆོད་ནི༔» ཧཱུྃཿ འདོད་ཡོན་མཆོད་པའི་ལྷ་མོ་དཔག་མེད་ཀྱིས༔ ཁྲག་ཆེན་ཨརྒྷཾ་སྨན་གྱི་ཞབས་བསིལ་དང༔ དབང་ལྔའི་མེ་ཏོག་ཤ་སྣའི་བདུག་སྤོས་དྲི༔ ཞུན་ཆེན་མར་མེ་མཁྲིས་སྣའི་དྲིས་བྱུག་པ༔ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔ་བཅས༔ གཞན་ཡང་གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷཱུཔྤེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་རཱུ་པཱ་ཤབྡ་གནྡྷེ་རཱའ་ས་སྤརྴེ་པཱུ་ཙཱ་ཧོཿ «བཅུ་བདུན་ནང་མཆོད་འབུལ་བ་ནིཿ» ཧཱུྃཿ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བར༔ རིགས་ལྔའི་ཡེ་ཤེས་བདུད་རྩིར་བྱིན་རླབས་སྨན༔ ཁམས་གསུམ་དུག་གསུམ་རུ་ཏྲ་བསྒྲལ་བ་ཡིས༔ ཤ་ཁྲག་རུས་གླད་སྦྱར་བའི་བཱ་ལིང་ཏཱཿ རྒྱུ་གཉིས་རྐྱེན་བཞིའི་དགྲ་གདོན་སྙིང་ཁྲག་དང༔ མཁའ་དབྱིངས་མཚལ་ཆེན་སྦྱར་བའི་རཀྟའི་བཅུད༔ ཁྲོ་བོ་འཆོལ་བ་འཁོར་དང་བཅས་ལ་འབུལ༔ ཨོཾ་ཨཱཿཧཱུྃཿ སརྦ་པནྩ་ཨ་མྲྀཾ་ཏ་ཁཱ་ཧིཿ མ་ཧཱ་བ་ལཾཾ་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧིཿ «བཅོ་བརྒྱད་གསང་མཆོད་འབུལ་བ་ནིཿ» ཧཱུྃཿ བཅུ་དྲུག་མཛེས་ལྡན་ལྷ་མོ་རི་དྭགས་མིག༔ རྩ་བཅུད་ཁམས་ཀྱི་ཆགས་པ་རབ་གཡོས་པའི༔ བདེ་ཆེན་དགའ་བཞིའི་ཡེ་ཤེས་བདེ་བའི་རོ༔ མ་རིག་རྣམ་རྟོག་གཟུང་འཛིན་རུ་ཏྲ་དང༔ གློ་བུར་འཁྲུལ་སྣང་དགྲ་གདོན་བགེགས་ཀྱི་ཚོགས༔ ཐུགས་རྗེའི་ཤུགས་ཀྱི་བསད་པའི་དུག་ལྔའི་ཁམསཿ གཏུམ་ཆེན་ཁྲོ་རྒྱལ་འཆོལ་བའི་ལྷ་ཚོགས་ལ༔ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ཤོག༔ ཨ་ལ་ལ་ཧོ༔ ཏ་ན་ག་ཎ་པཱུ་ཙ་ཧོ༔ «བཅུ་དགུ་བསྟོད་བ་བྱ་བ་ནི༔» ཧཱུྃཿ གཏུམ་ཆེན་འབར་བ་ཁྲག་འཐུང་དཔལ་ཆེན་པོ༔ རྔམས་བརྗིད་རྒྱལ་པོ་རྡོ་རྗེ་གྲོ་བོ་ལོད༔ སྐུ་མདོག་དམར་ནག་གར་དགུ་རོལ་བའི་ཉམས༔ མཐོང་བ་ཙམ་གྱིས་ཁམས་གསུམ་བརྒྱལ་བར་བྱེད༔ གསུང་ནི་དྲག་པོའི་ང་རོས་ས་གསུམ་གཡོ༔ ཁྲོ་བོ་ཁྲོ་མོའི་གད་རྒྱངས་འབྲུག་སྟོང་ལྡིར༔ རྒྱ་སྟག་ངར་སྐད་སྒྲོགས་པའི་དམ་སྲི་དཔུང༔ སྲོག་སྙིང་འགས་ཤིང་རང་གཤེད་རང་ལ་དབབ༔ ཆོས་སྐུ་འགྱུར་མེད་བདེ་བ་ཆེན་པོ་ལས༔ ཐུགས་མཆོག་རྡོ་རྗེ་ཁྲོས་པའི་ཞེ་སྡང་གཅོད༔ ཁམས་གསུམ་རྣམ་ཤེས་དབྱིངས་སུ་སྤར་མཛད་པའི༔ གཏུམ་ཆེན་འབར་བའི་གསང་བ་གསུམ་ལ་བསྟོད༔ རྩེ་གཅིག་གཡེལ་བ་མེད་པར་ཁྱོད་སྒྲུབ་ན༔ རང་རིག་ཡི་དམ་ལྷ་དང་དབྱེར་མེད་འདྲེས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་གནས་འགྱུར་ཞིང༔ ཁམས་གསུམ་གདུག་བ་འདུལ་བའི་བྱིན་ནུས་སྩོལ༔ «ཉི་ཤུ་བསྙེན་བསྒྲུབ་ལས་གསུམ་གྱི༔ དང་པོ་བསྙེན་བསྒྲུབ་ཆིག་དྲིལ་ནི༔» བདག་ཉིད་གཏུམ་ཆེན་ཧེ་རུ་ཀའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མ༔ གཅེར་མོ་རུས་རྒྱན་གར་སྙབས་རོལ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ འོད་ཀྱིས་ཞིང་ཁམས་རབ་འབྱམས་མཆོད༔ དབང་དང་བྱིན་རླབས་དངོས་གྲུབ་བསྡུས༔ མཁའ་ཁྱབ་སེམས་ཅན་ལས་ཉོན་སྦྱངས༔ གདུག་བ་ཅན་རྣམས་ཚར་བཅད་ཅིང༔ དྲེགས་ཚོགས་སྲོག་སྙིང་བླ་ཡིད་འཕྲོག༔ ཁམས་གསུམ་ཚེ་བསོད་བཀྲག་མདངས་བསྡུས༔ བདག་ཉིད་བཀྲག་མདངས་གཟི་བརྗིད་རྒྱས༔ གསལ་བརྟན་མཐུ་སྟོབས་ནུས་པ་འབར༔ ཆོས་ཉིད་ཁྱབ་བདལ་ཆེན་པོའི་ངང༔ ཨོཾ་མ་ཧཱ་གུ་རུ་བཛྲ་གྲོ་བོ་ལོད་སརྦ་སིདྡྷི་ཝ་ཤཾ་གུ་རུ་ཨཱཿཧཱུྃཿ «བསྙེན་སྒྲུབ་ཆུ་བོའི་གཞུང་བཞིན་བཟླ༔ ཡེ་ནས་རང་རིག་ཡི་དམ་ལྷ༔ ཡིན་པར་ཤེས་པའི་ང་རྒྱལ་བཟུངས༔ རྩ་བའི་དམ་ཚིག་མ་ཉམས་ན༔ འདི་ཉིད་འགྲུབ་རྟགས་ཤིན་ཏུ་ཉེ༔ དངོས་ཉམས་རབ་འབྲིང་ཐ༔ ཞལ་མཐོང་གསུང་ཐོས་དབང་བསྐུར་ཞིང༔ མ་ཚོགས་མཁའ་འགྲོ་དབང་དུ་འདུ༔ ཆོས་སྐྱོང་དམ་ཅན་བྲན་དུ་ཁོལ༔ སྡེ་བརྒྱད་དྲེགས་པའི་སྲོག་སྙིང་ལོན༔ མ་རུང་འབྱུང་པོའི་ཚོགས་རྣམས་འདུལ༔ འདི་ཡི་ཡོན་ཏན་བརྗོད་མི་ལང་༔ རྟགས་མཐོང་བསྙེན་པའི་ཚད་ཡིན་ནོ༔» «དེ་ནས་བསྒྲུབ་པ་ཆེན་པོ་ནི༔» རང་ཉིད་ཁྲག་འཐུང་ཧེ་རུ་ཀའི༔ སྐུ་ལས་ཁྲོ་ཆུང་སྤྲུལ་པ་འཕྲོས༔ སྟོང་གསུམ་འཇིག་རྟེན་ཀུན་སྦྱངས་ཤིང༔ རྣམ་དག་ཁྲོ་བོའི་ཞིང་དུ་གྱུར༔ «ཐུགས་སྲོག་ཧཱུྃ་གླུ་ཀྱུར་ཀྱུར་བཟླ༔ སྐབས་འགར་ལྟ་བའི་ངང་མདངས་བསྐྱངས༔ དམིགས་པས་འཁྲུལ་འཁོར་ཉམས་དང་སྦྱར༔ གཉིས་པ་གོ་ཆའི་ལྷ་བསྒྲུབ་པ༔ སྐུ་མཆོག་གཤིན་རྗེ་གཤེད་གསལ་ཞིང༔» ཨོཾ་ཧྲཱིཥྟི་ཝིཥྟི་ཏ་ན་ན་ཧཱུྃ་ཕཊཿ «གསུང་མཆོག་རྟ་མགྲིན་ལ་དམིགས་དེཿ» ཨོཾ་པདྨ་ཀྲོ་ཏ་ཧྱ་ཧྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ «ཐུགས་མཆོག་གསང་བདག་ལ་དམིགས་ཏ»ེ«༔» ཨོཾ་བཛྲ་ཙནྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ «ཡོན་ཏན་མཁའ་འགྲོ་ལ་དམིགས་ཏེ༔» ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ «ཕྲིན་ལས་མེ་དབལ་ལ་དམིགས་ཏེ༔» ཨོཾ་བཛྲ་ཡཀྴ་རཀྴ་ཛྭ་ལ་པཱ་ཡ་ཧཱུྃ་ཕཊཿ «ཕོ་ཉ་བྱ་ཁྱུང་ལ་དམ»ི«གས་ཏེཿ »ཨོཾ་ཁྲོཾ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་དུཥྟ་ན་མ་ར་ཡ་ཧཱུྃ་ཕཊཿ «ལས་མཁན་སྟག་མོར་གཟི་བྱིན་བསྐྱེད༔» ཨོཾ་ཙནྚི་ཤྭ་རི་མ་ཧཱ་དྷ་དྷི་སརྦ་དུཥྟ་ན་མ་ར་ཡ་ཕཊཿ «བརྒྱ་ཕྲག་ཉེར་གཅིག་སྐབས་དང་སྦྱར༔ སྒྲུབ་ཚེ་ཁྲི་འབུམ་དག་ཏུའོ༔ སོ་སོའི་གྲུབ་རྟགས་མངོན་དུ་གྱུར༔ བསྒྲུབ་པ་ཆེན་པོའི་མན་ངག་གོ༔ ཟབ་པའི་མཐར་ཐུགས་ས་མ་ཏི༔ བསྙེན་བསྒྲུབ་རྟགས་ཐོན་མཐར་ཕྱིན་ནས༔ ལས་ལ་སྦྱོར་བ་སྐབས་དང་བསྟུན༔ པདྨའི་སྙིང་ཁྲག་དམར་འབྱིན་ཆོས༔ སྙིང་ལ་སྦོས་ཤིག་ས་མ་ཡཿ ཉེར་གཅིག་འཛབ་མཇུག་བསྡུ་བ་ནི༔ རྩ་སྔགས་ཤམ་བུར༔» ཤནྟིང་པུཥྟཾ་ཝ་ཤཾ་མ་ར་ཡ་ཕཊཿ རྩ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འགྲུབ་པར་གྱུར་ཅིག༔ ཨོཾ་ཨ་ཨཱཿ ཨི་ཨཱི༔ ཨུ་ཨཱུཿ རྀ་རཱྀཿ ལྀལཱྀཿ ཨེ་ཨཱཻཿ ཨོ་ཨཽཿ ཨཾ་ཨཱཿ ཀ་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྙཱ་ཉ༔ ཊ་ཥྛཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཧོཿ ཡི་དམ་རྩ་བ་གསུམ་གྱི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ སྐྱོབས་པའི་ནུས་མཐུ༔ རྣམ་བཞིའི་ཕྲིན་ལས༔ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེ༔ བདག་ཅག་སྒྲུབ་པ་པོ་རྗེས་སུ་དགོངས་ལ༔ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས༔ མཆོག་གི་དངོས་གྲུབ་རྩ་གསུམ་རྒྱལ་བ་ཞི་ཁྲོའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིང་ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དང༔ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱད༔ ལས་ཆེན་བཅུ་གཉིས་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་རླབས་པར་མཛད་དུ་གསོལ༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ག་ཏེཿཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱཿ «མཆོད་ཅིང་བསྟོད་པའི་རིམ་པ་ནི༔» ཡི་དམ་རྩ་གསུམ་ལྷ་ཚོགས་འཁོར་བཅས་ལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དྲི༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་དངཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགསཿ བདུད་རྩི་སྨན་དང་རཀྟ་བཱ་ལིང་ཏ༔ སྦྱོར་སྒྲོལ་བདེ་བ་ཆེན་པོའི་མཆོད་པ་འབུལ༔ བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུབྦྷེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྡ་རཱུ་པཱ་ཤབྟ་གནྡྷེ་ར་ས་སྤརྴེ་སརྦ་པཉྪ་རཀྟ་བ་ལིང་ཏ་དྷརྨ་དྷརྟུ་ཏ་ན་ག་ཎ་པཱུ་ཙ་ཁ་ཧི༔ «བསྟོད་ཅིང་ཐུགས་དམ་བསྐུལ་བ་ནིཿ» ཧཱུྃཿ སྐྱེ་འཆི་གཉིས་སྤང་འཆི་མེད་རིག་འཛིན་བརྙེསཿ སྐུ་གསུམ་སྟོན་པ་འཇའ་ལུས་རྡོ་རྗེའི་སྐུ༔ ཡི་དམ་དབྱེར་མེད་ཁྲག་འཐུང་རྡམས་བརྗིད་རྒྱལ༔ འཁོར་འདས་སྦྱི་དཔལ་ཧེ་རུ་ཀ་ལ་འདུད༔ ཉི་མ་ལས་ནི་འོད་ཟེར་མཆེད་པ་བཞིན༔ སྤྲུལ་པའི་ཁྲོ་བོ་ཁྲོ་མོ་གིང་ཀ་ར༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཚེ་རབས་སྔོན་ནས་བསྒྲུབ་པའི་ལྷག་པའི་ལྷ༔ བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེའི་གཏེར༔ སྙིགས་དུས་འགྲོ་བ་མགོན་མེད་སྐྱོབས་པ་དང༔ བདག་ཅག་སྨོན་ལམ་འབྲེལ་བའི་སྒྲུབ་པ་པོར༔ མཆོག་ཐུན་དངོས་གྲུབ་སྩོལ་ཞིང་སྣང་སེམས་འདྲེས༔ རྫུ་འཕྲུལ་ཐོགས་མེད་འབྱུང་བཞིར་རང་དབང་བསྒྱུར༔ ཁྱོད་དང་མཁྱེན་བརྩེ་ནུས་པའི་སྟོབས་མཉམ་པརཿ ཞལ་བཞེས་དུས་ལ་བབ་པོ་ས་མ་ཡཿ སྙིགས་དུས་དཀར་ཕྱོགས་ཕམ་ཤིང་ནག་ཕྱོགས་དང༔ རྒྱལ་བསེན་དམ་སྲི་མ་རུང་སྡེ་བརྒྱད་དཔུང༔ གསར་སྐྱེས་འབྱུང་པོ་གདུག་པའི་ཁ་དར་ཚེ༔ ཐུགས་དམ་གནད་ནས་བསྐུལ་ལོ་ཞི་རྒྱས་དབང༔ མངོན་སྤྱོད་དྲག་པོ་རོལ་པའི་དངོས་གྲུབ་སྩོལ༔ ཡེ་ཤེས་ལྔ་ལྡན་འབྲས་བུ་ཐོབ་པར་ཤོག༔ «བཤགས་པ་བྱ་བ་ནི༔» ཚེ་རབས་སྡོན་ནས་ད་ལ་ཐུག་གི་བར༔ ཡི་དམ་ལྷ་ལ་སྤོང་ལེན་ཤོར་བ་དང༔ རྡོ་རྗེ་སློབ་དཔོན་སྐུ་གསུང་ཐུགས་དང་འགལ༔ གསང་སྔགས་དམ་ཚིག་ཉམས་འགལ་རལ་བགྱིས་བཤགས༔« ཡི་གེ་བརྒྱ་པ་ལན་གསུམ་མཐར༔ འ་ཨ་ཧ་ཤ་ས་མ༔ རྟག་མཐའ་བསལ་ཕྱིར་སྤྲོས་བྲལ་དང༔ ཆད་མཐའ་བསལ་ཕྱིར་སྤྱོད་ལམ་ཀུན༔ ཧེ་རུ་ཀ་ཡི་ང་རྒྱལ་ངང༔ རྩ་བསྙེན་ཐུགས་སྲོག་གང་རིགས་བཟླ༔ མན་ངག་རྒྱ་མཚོ་ལྟ་བུའི་བཅུད༔ གསེར་གྱི་ཡང་ཞུན་སུ་ཝརྞཿ ཤིན་དུ་གསང་བའི་གདམ་པ་འདི༔ དམ་སེལ་རླུང་གིས་མ་བསྐྱོད་ན༔ བྱིན་རླབས་རི་གཟར་རྦབ་དང་འདྲ༔ ཤིན་ཏུ་གསང་ཞིང་སྙིང་ལ་སྦོས༔ ས་མ་ཡ༔ ཁ་ཐཾཿ རྒྱ་རྒྱ་རྒྱ༔ སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོ་ནི། ཞལ་ཟས་ཐབས་ཤེས་རྫས་མཆོག་དངཿ ཟས་སྣ་བཏུང་བའི་བྱེ་བྲག་སོགས༔ དམ་ཉམས་སྐྱོན་གྱིས་མ་གོས་ཤིང༔ གཙང་མར་སྦྱར་བའི་ཡོ་བྱད་བཤམས༔ དམ་གཙང་རྣལ་འབྱོར་ཕོ་མོ་ཡི༔ བག་དྲོ་ཉམས་དགའི་ངང་ཉིད་ནས༔ དང་པོ་བྱིན་གྱིས་བརླབ་བ་ནི༔ »རང་གི་ཐུགས་ལས་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱིས་མ་དག་སྐྱོན༔ བསྲེག་གཏོར་བཀྲུས་ཤིང་སྟོང་པར་སྦྱངས༔ སླར་ཡང་བྷན་དྷའི་སྣོད་མཆོག་ཏུ༔ ངོ་བོ་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་ཚོགས་ཀྱི་ལོངས་སྤྱོད་རྫས༔ རོ་བརྒྱ་ནུས་པ་ཕུན་སུམ་ཚོགས༔ མི་ཟད་འདོད་ཡོན་གཏེར་དུ་གྱུར༔ རྃ་ཡྃ་ཁྃཿ «ལན་གསུམ༔» ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ «གཉིས་པ་ཚོགས་མགྲོན་སྤྱན་འདྲེན་པ༔» ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་བྲལ་ཞིང་ཁམས་ནསཿ ཆོས་སྐུ་ཀུན་བཟང་ཡབ་ཡུམ་འཁོར༔ ལྟུག་པོ་བཀོད་སོགས་ལྔ་ལྡན་ཞིང༔ རིགས་ལྔ་ལོངས་སྤྱོད་རྫོགས་པའི་འཁོར༔ མེ་རི་འབར་དང་གཏུམ་དྲག་རོལ༔ པདྨ་འོད་དང་དུར་ཁྲོད་བརྒྱད༔ ཉི་ཤུ་རྩ་བཞིའི་གནས་ཡུལ་ནས༔ རྩ་གསུམ་རྒྱལ་བ་ཞི་ཆགས་ཁྲོ༔ ཀུན་འདུས་བླ་མ་དཔལ་ཆེན་པོ༔ ཧེ་རུ་ཀ་དཔལ་གྲོ་བོ་ལོད༔ དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ དབུ་སྐྲ་ཐོར་གཙུག་ལྡེམས་སེ་ལྡེམ༔ རིན་ཆེན་རུས་རྒྱན་ཁྲ་ལ་ལ༔ དར་གོས་ཅོད་པཎ་པུ་རུ་རུ༔ རྡོ་རྗེའི་གར་སྟབས་ཤིག་སེ་ཤིག༔ ཐོད་རྔ་ཅང་ཏིལ་ཁྲོ་ལོ་ལོ༔ རྐང་གླིང་བཤུགས་གླུ་ཀྱུ་རུ་རུ༔ མཁའ་འགྲོའི་བརྡ་སྐད་སངས་སེ་སང༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ དམ་གཙང་རྣལ་འབྱོར་ཕོ་མོ་དང༔ ཚོགས་ཁང་འདི་ལ་བྱིན་ཕོབ་ཅིག༔ ཚོགས་རྫས་རྣམས་ལ་བཅུད་ཆེན་ཕོབ༔ དགྱེས་པ་ཆེན་པོའི་དངོས་གྲུབ་སྩོལ༔ གུ་རུ་དྷེཝ་ཌཱཀྐི་ནི་བཛྲ་ས་མ་ཡ་ཛ་ཛ༔ «གསུམ་པ་ཚོགས་ཕུད་འབུལ་བ་ནི༔» ཧཱུྃ༔ དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ལ༔ ཟག་པ་མེད་པའི་བདུད་རྩིའི་བཅུད༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱིས་མཆོད༔ ལྷ་ཚོགས་དགྱེས་པ་ཡོངས་བསྐོང་ཞིང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གྷ་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ «བཞི་པ་བསྐང་ཞིང་བཤགས་མཆོད་ནི༔» ཧོཿ རབ་འབྱམས་རྒྱལ་བ་རྒྱ་མཚོ་དང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཕྱི་ནང་གསང་བའི་མཆོད་པ་དང༔ སྤྱན་གཟིགས་ལྷ་མིའི་ལོངས་སྤྱོད་རྫས༔ འདོད་ཡོན་ཚོགས་ཀྱི་འཁོར་ལོ་ཡིས༔ ཐུགས་དམ་བསྐང་ལ་བྱིན་གྱིས་རློབས༔ རྣལ་འབྱོར་ཕོ་མོར་མཉམ་སྦྱོར་བའི༔ ལྷན་སྐྱེས་བདེ་བ་ཆེན་པོས་རོལ༔ རྩ་ཁམས་ལྷ་ཚོགས་ཐུགས་དམ་བསྐང༔ ཚེ་རབས་ཐོག་མ་མེད་པ་ནས༔ ཐ་མ་ད་ལ་ཐུག་གི་བར༔ མ་རིག་འཐིབ་པའི་དབང་གྱུར་པའི༔ སྡིག་པ་མི་དགེའི་ལས་བགྱིས་པ༔ སོ་ཐར་སྡོམ་དང་བྱང་སེམས་བསླབ༔ གསང་སྔགས་ཟབ་མོའི་དམ་ཚིག་ཉམས༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ ཐུགས་དང་འགལ་བ་གང་བགྱིས་པ༔ བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ «ཧེ་རུ་ཀ་ཡི་ཡིག་བརྒྱ་བཟླ༔ ལྔ་པ་བསྒྲལ་ཞིང་བསྟབ་པ་ནི༔ ཚོགས་ཟན་རུས་པ་ཤ་ཁྲག་བཤམས༔» ཨེ་ལས་དྲག་པོའི་ཧཾ་ཁུང་དུ༔ རཱུ་པརྣྲྀ་ཏྲི་ལས་གྲུབ་པའི༔ དགྲ་གདོན་མངོན་སུམ་ཇི་བཞིན་གྱུར༔ ན་མོཿ སངས་རྒྱས་ཆོས་་དང་དགེ་འདུན་སྡེ༔ བླ་མ་ཡི་དམ་མཁའ་འགྲོ་མ༔ དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད༔ དཀྱིལ་འཁོར་ལྷ་ཚོགས་བདེན་པའི་མཐུཿ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན༔ ཆོས་ཉིད་འགྱུར་བ་མེད་པ་དངཿ ཆོས་ཅན་བསླུ་བ་མེད་པའི་སྟོབས༔ གིང་ལང་དབང་ཕྱུག་རྩལ་ཤུགས་ཀྱིས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བྱད་མ་དགྲ་གདོན་འབྱུང་པོའི་ཚོགས༔ དམ་ཉམས་དམིགས་པའི་ཡུལ་གྱུར་ཀུན༔ ཚོགས་ཀྱི་ཐ་མ་རུ་པ་འདིར༔ ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ« ལན་གསུམ་བརྗོད་ཅིང་ཕྱག་རྒྱ་བཞིས༔» ཛཿཧཱུྃ་བྃ་ཧོཿ «དབྱེར་མེད་བསྟིམས་ཞིང་ཕུར་པ་བསྒྲིལཿ» ཧཱུྃཿ དཔལ་ཆེན་ཁྲག་འཐུང་འབར་བ་ཡིས༔ ཕྱག་མཚན་བཛྲ་ཀཱི་ལ་ཡཿ དགྲ་གདོན་བགེགས་ཀྱི་སྙིང་ཁར་གཟིར༔ སྲོག་དབུགས་རཀྟའི་དྭངས་མ་བསྡུས༔ ཚེ་བསོད་བཀྲག་མདངས་གཟི་བརྗིད་ཕྲོག༔ རྣམ་ཤེས་སྐྱེ་མེད་དབྱིངས་སུ་ཕཊཿ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་རྣྲྀ་ཏྲི་ཤ་དྲུན་མ་ར་ཡ་ཕཊཿ ཧཱུྃཿ དཔལ་ཆེན་ཕོ་ཉ་སྒྲོལ་བྱེད་གིང༔ རྣོ་དབལ་གདུག་པའི་མཚོན་ཆ་ཡིསཿ དགྲ་གདོན་མ་རིག་རུ་ཏྲའི་སྡེ༔ ལྔ་ཕུང་ཤ་རུས་དུམ་བུར་གཏུབས༔ རྣྲྀ་ཏྲི་ཤ་ཏྲུན་མ་ར་ཡ་ཕཊཿ ཧཱུྃཿ རུ་ཏྲ་བསྒྲལ་བའི་ཤ་ཁྲག་རུས༔ ནང་རོལ་ཕུང་ཁམས་སྐྱེ་མཆེད་ཀུན༔ ཁྲག་འཐུང་ལྷ་ཚོགས་ཞལ་དུ་སྟོབས༔ ཨ་ལ་ལ་ཧོ་དགྱེས་པར་རོལ༔ མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བཱ་སུ་ཏ་ཀིཾ་ནི་རི་ཏི་ཧ་ལ་ཁ་རཾ་ཁཱ་ཧིཿ དམ་རྫས་རྨད་དུ་བྱུང་བ་ཡི༔ ཡེ་ཤེས་བདུད་རྩི་ཨ་མྲྀ་ཏཿ ཁྲག་འཐུང་ལྷ་ཚོགས་ཞལ་སྐྱེམས་འབུལཿ དགྱེས་པ་བསྐོང་ལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཱཉྩ་ཨམྲྀ་ཏ་ལ་ཁ་རཾ་ཁཱ་ཧིཿ «དྲུག་པ་དགའ་སྟོན་རོལ་བ་ནི༔» ཧོཿ གསང་བ་བསྔགས་ཀྱི་དམ་རྫས་ནི༔ བླ་མེད་ཚོགས་ཀྱི་འཁོར་ལོ་ཆེཿ རྣལ་འབྱོར་དངོས་གྲུབ་བསྒྲུབས་པའི་བཅུད༔ མྱོང་བ་ཙམ་གྱིས་དངོས་གྲུབ་ཐོབ༔ ཆོས་ཉིད་རིག་པའི་རྩལ་འབར་ཞིང༔ བདེ་ཆེན་ཟག་མེད་རྟོག་པ་སྐྱེས༔ ཐེ་ཚོམ་མེད་པར་ཨ་ལ་ལ་ཧོ༔ «རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ༔ རྡོ་རྗེའི་གླུ་དང་གར་གྱིས་མཆོདཿ ཤག་དང་རྩོད་པ་ཀུ་ཅོ་དངཿ ལོག་ལྟ་ཐེ་ཚོམ་སྒྲོ་བསྐུལ་སྤངཿ རྡོ་རྗེ་སློབ་དཔོན་ཕུད་ལྷག་དངཿ དཀྱིལ་འཁོར་ལྷ་ཚོགས་ལྷག་མར་བསྡུཿ བདུད་རྩིའི་བྲན་ཞིང་རྐང་གླིང་སྒྲོགས༔ བཤུགས་གླུ་ལེན་ཞིང་བྱིན་གྱིས་བརླབསཿ བདུན་པ་ལྷག་གཏོར་བསྔོ་བ་ནི༔» པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃཿ ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱའ་ཎཾ་ཨ་ཏེ་ནུཏྤནྣ་ཏོ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱཿ ཕེཾཿ ཚོགས་ཀྱི་ལྷག་ལ་དབང་བ་ཡི༔ དམ་ཚིག་ཤ་ཟ་མཁའ་འགྲོ་དང༔ གིང་ཆེན་སྡེ་བཞི་ལང་ཀ་འབུམ༔ དབང་ཕྱུག་ཉེར་བརྒྱད་ཕོ་ཉའི་ཚོགས༔ ཕ་འབབ་ཚོགས་ཀྱི་ལྷག་གཏོར་བཅུད༔ མི་ཟད་པ་ཡི་གཏེར་དུ་གྱུར༔ ཧེ་རུ་ཀ་ཡི་བཀའ་བཞིན་དུ༔ ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས༔ དམ་ལས་མ་འདའ་ས་མ་ཡ༔ ཌ་ཀ་ཌ་ཀི་གིང་ཀ་ར་ཨུ་ཙི་ཊ་བ་ལིཾ་ཏ་ཁཱ་ཧིཿ «གཙང་མའི་ཕྱོགས་དོར་ལ་བཤལ་ཆུས་བསྐོར༔ བརྒྱད་བ་ཐུགས་དམ་བསྐུལ་བ་ནིཿ» ཤ་ཁྲག་བརྒྱན་པའི་གཏོར་མ་བཤམསཿ འགུགས་གཞུག་དྲག་པོ་ལན་གསུམ་བྱ༔ རྣྲྀ་ཏྲི་ཤ་ཏྲུན་མ་ར་ཡ་ཕཊཿ གཏོར་མ་དགྲ་བགེགས་བསྒྲལ་བའི་དུག་གསུམ་ཤ་ཁྲག་རུས་པའི་རྣམ་པ་ལ་ངོ་བོ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃཿ ཧཱུྃཿ སྣང་བ་རྣམ་དག་སྐུ་གསུམ་ཞིང་ཁམས་ནས༔ རིག་གདངས་རྩ་གསུམ་ཞི་དང་ཁྲོ་བའི་གརཿ ཕྲིན་ལས་དྲག་གཏུམ་འཆོལ་བའི་སྐུར་བཞེངས་པཿ དབང་དྲག་པདྨ་གཏུམ་པོའི་ལྷ་ཚོགས་རྣམས༔ མ་གཡེལ་མ་གཡེལ་ཐུགས་དམ་གནད་ནས་བསྐུལ༔ དེར་སྐབས་ལྔ་ཕྲག་ཐ་མའི་དུས་འདིར་རུཿ འགྲོ་ཀུན་མ་རིག་ལོག་རྟོག་གློ་བུར་རྐྱེནཿ གཟུངས་འཛིན་ཨ་འཐས་དགྲ་གདོན་བགེགས་དཔུང་དང༔ ནད་མཚོན་བྱད་ཕུར་ཡེ་འདྲོགས་དུག་ལྟར་བྱུར༔ འགྲོ་ཀུན་འཁྲུས་སྣང་སྡུག་བསྔལ་ལས་ལ་སྤྱོད༔ འདི་ལ་སྐྱོབས་པའི་ལྟ་གཞན་མ་མཆིས་པའི༔ སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ ཆོས་དབྱིངས་ཁྱབ་བདལ་ངང་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོ་འཆོལ་བའི་སྐུར༔ ཡོངས་བཞེངས་དབང་དྲག་གཏུམ་ཆེན་ཧེ་རུ་ཀ༔ བདག་ཅག་དམ་གཙང་རྣལ་འབྱོར་སྒྲུབ་པ་པོའི༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་ཅིགཿ གཏུམ་དྲག་མེ་ལྟར་འབར་བའི་ཀློང་ནས་བཞེངས༔ སྙིང་རྗེ་ཁྲོས་པའི་ཐུགས་ནི་གར་དགུའི་ཉམས༔ གློག་ལྟར་མྱུར་བའི་རྩལ་ཤུགས་སྟོབས་བསྐྱེད་ལ༔ གཟུང་འཛིན་དགྲ་གདོན་བྱད་མ་ཐལ་བར་རློགས༔ གློ་བུར་གསར་སྐྱེས་འདྲེ་གདོན་ཕྱེ་མར་ཐོངས༔ དྲེགས་པ་སྡེ་བརྒྱད་སྟོབས་ལྡན་སྲོག་སྙིང་ལོན༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ལས་ལ་བསྐུལ༔ སྣང་སྲིད་མ་མོ་མཁའ་འགྲོ་ར་མདར་སྒྲོན༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ༔ བཟློག་སྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབས༔ བསྒྲུབ་པའི་རྣལ་འབྱོར་བདག་ཅག་འཁོར་བཅས་དང༔ བསྲུང་བྱ་དད་ལྡན་དམིགས་པའི་ཡུལ་གྱུར་གྱིས༔ ཆགས་ཆེ་ཉམས་ང་ལོ་ཟླ་ཞག་དུས་སྐེགསཿ རྨིས་ལྟས་མཚན་ངན་ཡས་བདུད་མས་སྲི་ལངཿ ཐན་དང་ཡེ་འདྲོགས་བགེགས་ཀྱི་གནོད་པ་དངཿ གེགས་སྲི་དགྲ་གདོན་བྱད་ཕུར་རྦོད་གཏོང་སོགས༔ དབང་དྲག་ལྷ་ཚོགས་ནུས་པའི་སྟོབས་ཀྱིས་བཟློག༔ སྔང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློག༔ གནོད་པར་བྱེད་པའི་བགེགས་གདོན་སྟེང་དུ་བཟློག༔ བྱད་ཕུར་རྦོད་གཏོང་བྱད་མའི་སྟེང་དུ་བཟློག༔ ཡི་དམ་ལྷ་ཚོགས་རྫུ་འཕྲུལ་སྟོབས་མ་ཞེན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཨོཾ་མ་ཧཱ་གུ་རུ་བཛྲ་གྲ་བོ་ལོད་ཀྲི་ཏ་རཱ་ཛ་ཀྲོ་ཏི་ཤྭ་རི་ཌཱ་ཀ་ཌཱ་ཀི་ནི་རྦད་རྦད༔ སརྦ་མ་ར་ཡ་བྷྱོ་བྷྱོ་བཟློག་བཟློགཿ «གཏོར་མ་དགྲ་གདོན་ཕྱོགས་སུ་འཕངས༔ དགུ་པ་ཆད་ཐོའི་བརྔན་སྤྱིན་པ༔ བྱིན་གྱིས་བརླབས་ལ་འདི་སྐད་དོ༔» ཧཱུྃ༔ སྔོན་ཚེ་འོག་མིན་གཏུམ་དྲག་རོལ་པའི་ཞིང༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའིཿ རྡམས་བརྗིད་ཁྲོ་བོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྔགས་སྲུང་རལ་གཅིག་འདོད་ཁམས་དབང་ཕྱུག་མའི༔ ཅི་ལྟར་ཞལ་བཞེས་ཐུགས་དམ་དྲན་པར་མཛོད༔ བར་དུ་ཟངས་གླིང་དབུ་མའི་གསང་ཕུག་ཏུ༔ རིག་འཛིན་སློབ་དཔོན་པདྨ་ཐོད་ཕྲེང་དང༔ ཤེས་རབ་གསང་ཡུམ་མན་དཱ་ར་བ་ཡིས༔ སྲོག་སྙིང་འཕྲོག་ཅིག་དབང་བསྐུར་དམ་ནོན་ཚེཿ ཡང་གསང་པདྨ་ཐུགས་ཐིག་མེལ་ཚེ་དང༔ ཕྲིན་ལས་གློག་ལྟར་མྱུར་བའི་དམ་བཅའ་དགོངས༔ དེ་རྗེས་རྒྱ་བལ་གཉིས་ཀྱི་ས་མཚམས་སུ༔ ཁྲོ་བོ་འཆོལ་བ་རྡོ་རྗེ་གྲོ་ལོད་ཀྱིས༔ ལྷ་ལྕམ་ཡུམ་ལ་གདམས་པའི་ཕ་ཕོག་བསྩལ༔ བལ་བོད་ལྷ་སྲིན་དམ་ལ་བཏགས་པའི་ཚེ༔ ཀླུའི་དགེ་བསྙེན་བསྙོ་ཁ་ཏཱི་པ་ཙཱ༔ སྲོག་སྙིང་ཕུལ་ཞིང་ཁས་བླང་བྲོ་བོར་ཚེ༔ ཇི་ལྟར་བཀའ་བསྒོས་ཐ་ཚིག་དྲན་པར་མཛོད༔ ད་ལྟ་ལྔ་ཕྲག་ཐ་མའི་དུས་ཀྱི་ཚེ༔ པདྨའི་ཐུགས་སྤྲུལ་འཇའ་ལུས་རྡོ་རྗེ་ཡི༔ རྫུ་འཕྲུལ་ཆོས་ཉིད་ཉམས་ཀྱི་སྣང་བ་ལ༔ བདེ་ཆེན་དབང་དྲག་རོལ་པའི་དུར་ཁྲོད་ནས༔ རྔམས་བརྗིད་རྒྱལ་པོ་ཁྲག་འཐུང་ཡབ་ཡུམ་ཀྱིས༔ དབང་བཞི་ཡོངས་རྫོགས་སྨོན་ལམ་གཏད་རྒྱའི་བཏབཿ དགོངས་གཏེར་ནམ་མཁའ་མཛོད་ལ་དབང་བསྒྱུར་ཚེཿ མ་མོ་གཟའ་དང་རྡོ་རྗེ་ལེགས་པ་ཡིཿ ཁས་བླང་དམ་བཅས་གཉེར་གཏད་ཇི་བཞིན་དུཿ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཨ་ཏིའི་རིང་ལུགས་ཐིག་ལེ་བསྐོར་གསུམ་སྲུངས༔ པདྨའི་རིང་ལུགས་མ་ནོར་འཛིན་པ་ཡི༔ དམ་ཚིག་ལྡན་པའི་རྣལ་འབྱོར་མེལ་ཚེ་གྱིས༔ གཡེལ་བ་མ་མཛད་ཕྲིན་ལས་ཐོགས་མེད་སྒྲུབས༔ སྡང་དགྲ་མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད༔ «བཅུ་པ་བརྟན་མ་སྡེ་བརྒྱད་ལ༔ »ཕ་འབབ་བཤལ་ཆུའི་གཏོར་མར་བརླབས༔ བྷྱོཿ བལ་བོད་གཉིས་ཀྱི་ས་མཚམས་ནས༔ པདྨ་བཛྲ་སྤྱན་སྔ་རུ༔ བསྟན་པ་སྐྱོང་བར་ཁས་བླང་བའིཿ བོད་ཁམས་བརྟན་མ་བཅུ་གཉིས་དང༔ གསང་བའི་དཀྱིལ་འཁོར་ཞལ་མཐོང་ཞིང༔ དབང་ནོད་ཁས་བླང་དམ་བཅས་པའི༔ སྟོབས་ལྡན་དྲེགས་པ་སྡེ་བརྒྱད་ཚོགས༔ བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཧྲཱིང་ཧྲཱིང་ཨ་ཡ་མ་དུ་རུ་ཙ་ཤ་ནཱ་བཱ་ལིང་ཨ་མྲྀ་ཏ་ཁཱ་ཧིཿ «བཅུ་གཅིག་ལས་མཇུག་དམ་སྲི་མནནཿ ཏིང་འཛིན་དམིགས་གནད་ལྡན་པ་ཡི༔ གཏོར་གཞོང་འོག་ཏུ་འགུགས་གཞུགས་བྱ༔» ཧཱུྃཿ གསང་སྔགས་དམ་ཚིག་ཉམས་པ་དངཿ སྒྲུབ་ལ་བར་ཚོད་ཐུགས་རྒྱུད་དཀྲུགས༔ སྨོན་ལམ་ལོག་པའི་དམ་སྲིའི་དཔུང༔ རིམ་པ་དགུ་ཡི་ས་འོག་ཏུ༔ ལས་གཤིན་ཆུ་སྲིན་ཁྲ་རུ་བརྫངསཿ གཏད་པ་ཡིན་ནོ་མ་ཤོར་ཅིག༔ བྱང་ཆུབ་སེམས་མཆོག་མ་སྐྱེས་པར༔ ནམ་ཡང་མ་བཏང་ས་མ་ཡ༔ སྟྃ་བྷ་ཡ་ནན༔ «བཏང་རག་མཆོད་བསྟོད་གོང་ལྟར་བྱ༔ བཅུ་གཉིས་བཤགས་པ་བྱ་བ་ནི༔ »ཧཱུྃཿ རྩ་གསུམ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ ཏིང་འཛིན་མ་གསལ་བསྙེན་སྒྲུབ་རྫས་མ་ཚང༔ རྫས་དང་ཡོ་བྱད་སེར་སྣའི་དབང་གྱུར་ཞིང༔ ཐེ་ཚོམ་ལོག་ལྟ་གཉིས་འཛིན་འཁྲུལ་དབང་ཤོརཿ རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བགྱིས་པ༔ བཤགས་སོ་ཚངས་པ་དོན་གྱི་དངོས་གྲུབ་སྩོལ༔ «ཡི་གེ་བརྒྱ་བ་ལན་གསུམ་མཐར༔ ཆོས་ཉིད་དོན་གྱི་བཤགས་པ་བྱ༔ བཅུ་གསུམ་དངོས་གྲུབ་ལེན་བ་ནི༔» ཧོཿ དགོངས་ཤིག་རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སྟོན་པ་རྔམས་བརྗིད་རྒྱལ་པོ་ཡབ་ཡུམ་དང༔ རྩ་གསུམ་རྒྱལ་བ་རབ་འབྱམས་དཀྱིལ་འཁོར་ལྷ༔ སྒྲུབ་པའི་རྟགས་རྫོགས་དུས་ཀྱི་ཞག་གྲངས་ཐེམས༔ ཁྱོད་ཀྱི་ཞལ་མཐོང་བརྩེ་བའི་རྗེས་སུ་བཟུང༔ དངོས་གྲུབ་སྩོལ་བའི་དུས་ལ་བབ་ལགས་ན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་པ་ལྔ༔ མཆོག་གི་དངོས་གྲུབ་ཁྱེད་དང་དབྱེར་མེད་འདྲེས༔ རིག་འཛིན་རྣམ་བཞིའི་གོ་འཕང་མྱུར་ཐོབ་ཅིང༔ ཐུན་མོང་གྲུབ་པ་བརྒྱད་དང་རབ་འབྱམས་ལས༔ ཐོགས་པ་མེད་པ་མྱུར་དུ་འགྲུབ་པ་ཡིས༔ དངོས་གྲུབ་ད་ལྟ་ཉིད་དུ་སྩལ་དུ་གསོལ༔ «རྩ་སྔགས་ཤམ་བུར༔ »ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལཿ «སྒྲུབ་རྫས་འདོད་གནས་གསུམ་གཏུགས༔ སྤྲོས་མེད་དམིགས་པ་མཆོག་ཏུའོ༔ བཅུ་བཞི་ཉེར་བསྡུས་ལྷར་ལྡང་ནི༔ »ཧཱུྃཿ ཆོས་ཉིད་རྟག་པའི་མཐའ་བསལ་ཕྱིར༔ ཕྱི་སྣོད་དཀྱིལ་འཁོར་ལྷ་ལ་བསྡུ༔ དེ་ཡང་འཇའ་འོད་འཁྱིལ་བའི་ངང༔ གཙོ་བོར་བསྡུས་ཤིང་ཐུགས་སྲོག་བར༔ བསྡུ་ཞིང་ཐུགས་སྲོག་ནཱ་དའི་བར༔ རིམ་ཡལ་བརྗོད་བྲལ་ཀ་དག་ཀློང༔ ཨ་ཨཱ༔ «ཆད་མཐའ་བསལ་བའི་རིམ་པ་ནི༔» སླར་ཡང་ཆུ་ལས་ཉ་འཕར་ལྟར༔ རང་རིག་མ་བཅོས་དོན་གྱི་ལྷ༔ དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད༔ ཡོངས་རྫོགས་སྐུ་རུ་ལམ་གྱིས་གསལ༔ «རྩ་བསྙེན་བདུན་གྱིས་བརྟན་པར་བྱཿ བཅོ་ལྔ་དགེ་བ་སྔོ་བ་ནིཿ »དེང་འདིར་བསྐྱེད་རྫོགས་བཟླས་བརྗོད་མཆོད་བསྒྲུབ་བསྐང་༔ སྦྱོར་སྒྲོལ་ཡེ་ཤེས་ཆེན་པོའི་དོན་སྒོམ་པའིཿ ཟག་བཅས་ཟག་མེད་དགེ་ཚོགས་རྒྱ་མཚོ་དང༔ གཞན་ཡང་དུས་གསུམ་བསགས་པའི་རྣམས་དཀར་དགེ༔ མཁའ་ཁྱབ་སེམས་ཅན་སངས་རྒྱས་ཐོབ་ཕྱིར་བསྔོཿ «བཅུ་དྲུག་སྨོན་ལམ་མཚམས་སྦྱར་བ༔ »སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྡེ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༔ བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས༔ པད་འབྱུང་གཉིས་པ་རྡོ་རྗེ་འཛིན་དབང་གི༔ སྐུ་ཚེ་ཡུན་བརྟེན་བསྟན་པ་ཕྱོགས་བཅུར་རྒྱས༔ བར་ཆད་བགེགས་ཀྱི་གནོད་པའི་མི་ཚུགས་ཤིང༔ དམ་ལྡན་རིག་འཛིན་ཕོ་མོའི་རི་སུལ་གང༔ འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་ཤོག༔ གདུལ་བྱར་གྱུར་པའི་གཟུགས་ཅན་གཟུགས་མེད་རིགས༔ གནས་སྐབས་འཇིགས་ཚོགས་གནོད་པ་ཀུན་ཞི་ཞིང༔ གཞན་ཕན་བྱང་ཆུབ་སེམས་ཀྱིས་རང་རྒྱུད་བརླན༔ སྨིན་བྱེད་དབང་གི་སྒོ་གསུམ་རྡོ་རྗེར་སྨིན༔ བསྐྱེད་རིམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱིས༔ འཁྲུལ་སྣང་རྨི་ལམ་སྒྱུ་མའི་རོལ་གར་རྟོགས༔ རྫོགས་རིམ་རྩ་འབྱོང་རླུང་ཆུན་ཐིག་ལེ་གྲོལ༔ འཕོ་མེད་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག༔ བདག་ཀྱང་བླ་མའི་དགོངས་པ་ཡོངས་རྫོགས་ཤིང༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་བཙན་ཐབས་འཕོས༔ ཅི་གསུང་བཀའ་སྒྲུབ་ཟབ་མོའི་ཉམས་ལེན་གྱིས༔ སྒོ་གསུམ་འཁྲུལ་བའི་བག་ཆགས་ཡོངས་དག་ནས༔ སྐྱེ་ཀུན་བླ་མའི་རྣམ་བཞིའི་ཕྲིན་ལས་ཀྱིས༔ ཕོ་ཉར་གྱུར་ནས་ཐུགས་དགོངས་ཡོངས་རྫོགས་ཤིང༔ ལུས་དང་སྲོག་ལ་འཕོང་པ་མེད་པ་རུ༔ སེམས་ཅན་རྣམས་ཀྱི་བསམ་པ་སྔགས་པར་ཤོག༔ ཕ་མར་གྱུར་པའི་མཁའ་ཁྱབ་འགྲོ་བ་ཀུན༔ མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པ་དང༔ བདག་གི་འབྲེལ་པའི་བསྡུས་པའི་སེམས་ཅན་རྣམས༔ བདེ་ཆེན་དབང་དྲག་རོལ་པའི་ཞིང་ཁམས་སུ༔ ཚོམ་བུ་གཅིག་ཏུ་མངོན་སངས་རྒྱས་ནས་ཀྱང༔ ས་ལམ་ཡོན་ཏན་མིག་འཕྲུལ་ལྟ་བུར་བགྲོད༔ ཆོས་དབྱིངས་ཀ་དག་གཞོན་ནུ་བུམ་སྐུའི་ཀློང༔ ཕྱམ་གཅིག་གདོད་མའི་རྒྱལ་ས་ཟིན་པར་ཤོག༔ «བཅུ་བདུན་པ་བཀྲ་ཤིས་ནི༔» «སངས་རྒྱས་བྱང་སེམས་རྩ་གསུམ་གང་རིགས་མཐར༔ »ཐོག་མའི་སངས་རྒྱས་ཀུན་བཟང་འོད་མི་འགྱུར༔ རྡོ་རྗེ་སེམས་དཔའ་དགའ་རབ་དཔའ་བོ་དང༔ ཤྲཱྀ་སེང་ཧ་གྲུབ་བརྙེས་རིག་འཛིན་བརྒྱད༔ པད་འབྱུང་ཡབ་ཡུམ་རྒྱ་བོད་རིག་འཛིན་ཚོགས༔ བཀའ་བརྒྱུད་བླ་མའི་བཀྲ་ཤིས་གང་ལེགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཐུགས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལ༔ དབང་བསྒྱུར་རིག་འཛིན་འཇལ་ལུས་རྡོ་རྗེ་དང༔ ཡི་དམ་དྲག་ཁྲོས་རྡོ་རྗེ་གྲོ་བོ་ལོད༔ ཡེ་ཤེས་མཁའ་འགྲོའི་གཙོ་མོ་ཝཱ་ར་ཧི༔ རྩ་གསུམ་ལྷ་ཚོགས་བཀྲ་ཤིས་གང་ལེགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ རྡོ་རྗེ་ཕག་མོའི་ཕྲིན་ལས་རོལ་པའི་གར༔ སྲིད་གསུམ་དབང་བསྒྱུར་ཞིང་ཁམས་ལས་ལ་དབང༔ བླ་མེད་ཨ་ཏིའི་བཀའ་ཡི་བྱ་ར་བ༔ སྔགས་སྲུང་རལ་གཅིག་མ་མོ་ཁྲོས་མའི་རྒྱལ༔ དྲག་རྩལ་ཐོགས་མེད་དྲང་སྲོང་རཱ་ཧུུ་ལ༔ འཇིག་རྟེན་དྲེགས་པའི་གཙོ་བོ་དགེ་བསྙེན་ཆེ༔ དམ་ཅན་སྲུང་མའི་བཀྲ་ཤིས་གང་ལེགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔« གཞན་ཡང་བཀྲ་ཤིས་གང་རིགས་ཀྱི་མཐའ་བརྒྱན་པར་བྱའོཿ ཨེ་མ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་དཔལ༔ མངལ་སྐྱེས་མ་ཡིན་རྫུས་སྐྱེས་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལ༔ རྩ་གསུམ་གཞན་ལས་ཐུགས་རྗེའི་སྟོབས་མྱུར་ཞིང༔ དད་པ་ཅན་ལ་བྱིན་རླབས་གློག་ལས་མྱུར༔ དེ་ཡི་བསྒྲུབ་ཐབས་འོ་མའི་རྒྱ་མཚོའི་བཅུད༔ གདམས་པའི་སྙིང་ཁུ་ཡང་ནས་ཡང་བསྡུས་པ༔ མཁའ་འགྲོའི་སྙིང་ཞུན་ཙིཏྟ་དམར་འབྱིན་འདི༔ སྲིན་པོའི་སྙིང་ཤུན་པད་རག་བརྡ་རིས་བཀོད༔ རྡོ་རྗེ་ཕག་མོའི་མཁའ་དབྱིངས་ཀློང་སྒྲོམ་སྦས༔ མ་འོངས་ལྔ་ཕྲག་ཐ་མའི་དུས་ཀྱི་ཚེ༔ བྲེ་ཏ་པུ་རི་མཐའ་འཁོབ་གངས་ཅན་ལྗོངསཿ ལྷ་ལྕམ་སྤྲུལ་པ་ཏཱ་རེའི་མིང་འཛིན་གྱིས༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་སྤྱོད་པའི་ཚེཿ སྒྱུ་མའི་རྣལ་འབྱོར་ཁྲག་འཐུང་དཔའ་བོ་ཞེས༔ གཏེར་སྨྱོན་ཞིག་པོ་སྣང་བ་གདོང་དེད་མཁནཿ སྤྱོད་ངན་ངོམ་ཞིང་ཡོན་ཏན་ནང་དུ་གབ༔ སྦས་པའི་རྣལ་འབྱོར་དེ་ཡི་བརྡ་རིས་ལས༔ ཕབ་ཅིང་ཌཱཀྐི་མ་དང་འདི་འཕྲད་ཚེ༔ རྩེ་གཅིག་ཉམས་བླང་རིག་འཛིན་མཆོག་འགྲུབ་ཅིང༔ ཚེ་ཆོས་བར་ཆད་བདུད་ལས་རྣམ་པར་རྒྱལ༔ མ་རུང་གཟུགས་ཅན་གཟུགས་མེད་དགྲ་གདོན་འཇོམས༔ འགྲོ་དོན་མཐར་བྱིན་སེམས་ཅན་བདེ་ལ་བཀོད༔ ཚེ་ཆོས་རིག་འཛིན་ཞིང་ཀུན་ཡོངས་ཉུལ་ནས༔ འཁོར་བ་དོང་སྤྲུག་མ་དག་སྐྱེ་མཐའ་ཆོད༔ ཐུགས་རྗེས་འགྲོ་བའི་སྡུག་བསྔལ་སེལ་བར་ངེས༔ དེ་ཕྱིར་སྙིང་ལ་སྤོས་ཤིག་ས་མ་ཡ༔ གཞན་ལ་སྤེལ་ཞིང་དམ་སེལ་སྐྱོན་ཞུགས་ན༔ ཆོས་འདིའི་བྱིན་རླབས་ཟུར་ཙམ་ཉམས་འགྱུར་ཞིང༔ མཁའ་འགྲོ་འབུམ་གྱི་སྙིང་ཁྲག་འཕོས་དང་མཚུངས༔ གཅིག་ཤེས་ཀུན་གྲོལ་གསང་ཞིང་ཉམས་བླང་ན༔ འདི་ཕྱིའི་དོན་གཉིས་འབད་མེད་ལྷུན་གྱིས་འགྲུབ༔ པད་འབྱུང་ཉིད་དང་དགོངས་པ་མ་ཉམས་ན༔ དགའ་རབ་དཔའ་བོས་བསླུས་སོ་ཌཱཀྐོ་མ༔ བཀའ་འདི་ཁྲོ་མོ་སྔགས་སྲུང་རལ་གཅིག་མ༔ མཐུ་ལྡན་གདུག་པའི་གཟའ་རྒོད་རཱ་ཧུ་ལ༔ ལས་མྱུར་སྨྱོ་ཁ་ནག་པོ་གསུམ་ལ་གཏད༔ དུས་ཀུན་སྐད་ཅིག་གཡེལ་བ་མེད་པར་སྲུང༔ དམ་མེད་རླུང་ཕྱོགས་ཙམ་དུ་མཐོང་མ་འཇུག༔ བཀའ་འདི་འདས་ན་སྙིང་ཁྲག་ཐང་དུ་འཕོས༔ ས་མ་ཡཿ ན་ར་ཀྐན༔ ཙིཏྟ་རཀྟ་ཁ་ཐཾཿ མཐུ་ལྡན་ལས་མཁན་གིང་ཆེན་སྡེ་བཞི་ཡིས༔ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་ལྟར་ཕོབ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ དམ་ཚིག་གི་རྒྱ༔ སྲོག་གི་རྒྱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ དུས་མཐའི་གཏེར་མིང་སྙོམས་ལས་པ་ཁྲག་འཐུང་དཔའ་བོའི་རྟ་ལོ་སྤྲེལ་ཟླ་ར་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་དུ་ཌཱཀྐི་མའི་བརྡས་བསྐུལ་ཞིང་རྡོ་རྗེ་ཕག་མོའི་བཀའ་རྒྱ་གྲོལ་བ་ལྟར་པད་རག་བརྡ་རིས་ལས་དག་པར་ཕབ་པའི་ཡེ་གེ་འདུ་བྱེད་དམ་ལྡན་འཇིགས་མེད་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་ཤིན་ཏུ་བཀའ་གཉན་ཞིང་གསང་བའི་མན་ངག་གི་སྐོར་ལགས་སོ༔ འདི་ཉིད་བསྒྲུབ་པའི་བྱིན་རླབས་ཀྱིས༔ འགྲོ་བའི་སྡུག་བསྔལ་སེམས་མཛད་མ༔ ཆོས་ཀྱི་བདག་མོ་ཏཱ་རེ་མའི༔ སྐུ་ཚེ་འགྲོ་དོན་མཐར་ཕྱིན་ནས༔ ཐུགས་ཀྱི་བཞེད་དོན་ཡོངས་འགྲུབ་ཤོགཿ