སྨན་གྱི་སྒྲུབ་ཐབ་བདུད་རྩི་བུམ་བཟང་།

From Khyentse Lineage - A Tsadra Foundation Project
Revision as of 09:43, 21 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DKYD-KABUM-03-GA-020
Wylie title sman gyi sgrub thab bdud rtsi bum bzang
Location mdo mkhyen brtse bka' 'bum
Volume 3, Text 20, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Medicinal Pills - Making and Activating Practices - sman sgrub
Colophon

།སྨན་གྱི་སྒྲུབ་པ་བདུད་རྩིའི་བུམ་བཟང་འདི། །རང་སློབ་འཚོ་བྱེད་བློ་གྲོས་དཔལ་འབར་དང༌། །བདེ་ཆེན་འོད་ཟེར་གཉིས་ཀྱི་བསྐུལ་བའི་ངོར། །དུས་མཐའི་གཏེར་མིང་འཇའ་ལུས་རྡོ་རྗེ་ཡི། །དག་པའི་སྣང་ངོར་ཤར་བཞིན་འཕྲལ་དུ་བཀོད། །དགེ་བའི་འགྲོ་ཀུན་དུག་གསུམ་ནད་ལས་གྲོལ། །སྐུ་ལྔ་ལྷུན་རྫོགས་འབྲས་བཟང་མངོན་གྱུར་ཤོག །

/sman gyi sgrub pa bdud rtsi'i bum bzang 'di/_/rang slob 'tsho byed blo gros dpal 'bar dang*/_/bde chen 'od zer gnyis kyi bskul ba'i ngor/_/dus mtha'i gter ming 'ja' lus rdo rje yi/_/dag pa'i snang ngor shar bzhin 'phral du bkod/_/dge ba'i 'gro kun dug gsum nad las grol/_/sku lnga lhun rdzogs 'bras bzang mngon gyur shog_/

[edit]
༄༅། །སྨན་གྱི་སྒྲུབ་ཐབ་བདུད་རྩི་བུམ་བཟང་བཞུགས་སོ། །

«༄༅། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །བདེར་གཤེགས་མཆེད་བརྒྱད་ཡུམ་ཆེན་མོ། །ཨོ་རྒྱན་སྨན་གྱི་བླ་མ་ལ། །རྟག་ཏུ་གུས་འདུད་དངོས་གྲུབ་སྩོལ། །འགྲོ་བ་ལས་ཉོན་དྲག་པོའི་མཐུས། །བཞི་བརྒྱ་རྩབཞིའི་ནད་ཀྱིས་གཟིར། །སྐྱོབས་ཕྱིར་སངས་རྒྱས་སྨན་གྱི་བླའི། །ཐུགས་རྗེས་དུག་ཀྱང་བདུད་རྩི་རུ། །བསྒྱུར་བ་སྨན་ལ་སྨོས་ཅི་དགོས། །དེ་ཡི་གདམས་པ་ཟབ་མོ་ནི། །གཙང་མའི་སྟེགས་བུ་བྱི་དོར་བྱས། །འདབས་བརྒྱད་སྟེང་དུ་ཚོམ་བུ་བཀོད། །མཐའ་བསྐོར་མེ་ཏོག་གཅལ་དུ་བཀྲམ། །དབུས་སུ་གཙང་མའི་སྣོད་དག་ཏུ། །སྨན་དང་སྣང་བརྙན་ལེགས་པར་བཤམས། །མཆོད་པའི་མཐའ་བསྐོར་སྤོས་ཀྱིས་བདུག །ཤར་གྱི་ཕྱོགས་སུ་ཁ་བལྟ་ཞིང༌། །སྐྱབས་སེམས་སྔོན་ཏུ་འགྲོ་བ་ཡིས། །»སྣང་སྲིད་ཐམས་ཅད་བཻཌཱུརྱའི་རང་བཞིན། །འོད་སྣང་ལས་གྲུབ་ཞིང་ཁམས་བཀོད་པའི་དབུས། །པད་ཟླའི་གདན་ལ་ཨཱཿཡིག་ཡོངས་གྱུར་ལས། །འགྲོ་བའི་དོན་མཛད་སངས་རྒྱས་སྨན་གྱི་བླ། །ས་གནོན་མཉམ་བཞག་བཻཌཱུརྱའི་མདངས། །རོ་དྲུག་ནུས་པ་བརྒྱད་ལྡན་རྣམ་རྒྱལ་འཛིན། །མ་རིག་རྒྱུ་ལས་རྣམ་པར་གྱུར་པའི་ནད། །བཞི་བརྒྱ་རྩ་བཞིའི་སྡུག་བསྔལ་སེལ་མཛད་ཅིང༌། །རྣམ་པར་མ་གྱུར་བདེ་ལས་སྦྱོར་མཛད་པ། །ཁྱོད་ལ་སྐྱབས་མཆིས་ཕྱག་འཚལ་མཆོད་པ་འབུལ། །ཉེས་པ་མི་འཆབ་དགེ་བ་རྗེས་ཡི་རངས། །མ་རིག་ནད་ལས་དབུགས་འབྱིན་ཆོས་འཁོར་བསྐོར། །བསྐལ་བར་འཚོ་བཞེས་དགེ་བ་རྫོགས་བྱང་བསྔོ། །མགོན་པོ་ཁྱོད་ཀྱིས་ཐུགས་དང་རོ་གཅིག་ཤོག །སྙིང་ཁར་ཟླ་གདན་ཨཿཡིག་གིས། །ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་ཟེར་འཕྲོ་འདུས་རྒྱལ་བ་མཆོད། །བྱིན་རླབས་ཐུགས་རྗེའི་སྨན་བཅུད་བསྡུས། །སླར་འཕྲོས་འགྲོ་བའི་ལས་ཉོན་དང༌། །དུག་གསུམ་ལས་གྱུར་ནད་ལས་གྲོལ། །སྨན་བླའི་གོ་འཕང་མྱུར་ཐོབ་བསམ། །ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱཻ་གུ་རུ་བཻཌཱུརྱ་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བྷུདྡྷ་ཡ། ཏདྱཾ་ཐཱཿ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ་རཱ་ཛཱ་ས་མུངྒ་ཏེ་སྭཱ་ཧཱ། «བདག་བསྐྱེད་བཟླས་པ་ཅི་འགྲུབ་མཐར། མདུན་བསྐྱེད་སྨན་གྱིས་བྱིན་རླབས་ནི། »མདུན་མཁར་འོད་སྣང་ལས་གྲུབ་བལྟ་ན་སྡུག །བཻཌཱུརྱ་ཡི་ཞིང་ཁམས་བཀོད་མཛེས་དབུས། །རིན་ཆེན་སེང་ཁྲི་པདྨ་ཟླ་བའི་གདན། །ཨཱཿཡིག་མཐིང་མདོག་འོད་འཕྲོས་རྒྱལ་བ་མཆོད། །བྱིན་རླབས་བསྡུས་ཤིང་འགྲོ་བའི་ལས་ཉོན་སྦྱངས། །ཡོངས་གྱུར་འགྲོ་བའི་དོན་མཛད་བཅོམ་ལྡན་འདས། །ཐུགས་རྗེས་བདག་ཉིད་ཨོ་རྒྱན་སྨན་གྱི་བླ། །མཐིང་མདོག་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན། །རྣམ་པར་རྒྱལ་བའི་སྡོང་པོ་ཕྱག་མཐིལ་བཀྲམ། །གཡོན་པས་མཉམ་བཞག་ཨིནྟྲ་ནི་ལ་ཡི། །ལྷུང་བཟེད་ཉོན་མོངས་ནད་སེལ་སྨན་བཅུད་གཏམ། །ཆོས་གོས་ཤམ་ཐབས་གཙུག་ཏོར་མཚན་དཔེའི་བརྒྱན། །རྡོ་རྗེ་སྐྱིལ་ཀྲུང་འོད་ཟེར་འབར་བར་བཞུགས། །ཤར་ནས་རིམ་བཞིན་ཤཱཀྱའི་རྒྱལ་པོ་དང༌། །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་རྒྱལ་པོ་ཡུམ་ཆེན་མོ། །ཕྱོགས་མཚམས་པདྨ་ཟླ་བའི་གདན་ལ་འཁོད། །དེའི་ཕྱིར་སྨན་གྱི་ལྷ་མོ་མཆེད་བརྒྱད་དང༌། །དྲང་སྲོང་རིག་འཛིན་བྱང་སེམས་ལྷ་རྣམས་དང༌། །གནོད་སྦྱིན་སྡེ་དཔོན་ཚོགས་དང་བཅས་རྣམས་གསལ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འཁོར་བཅས་གནས་འདིར་བྱོན་པ་ལེགས། །བདག་དང་སེམས་ཅན་བསོད་ནམས་སྐལ་བར་ལྡན། །ཐུགས་རྗེ་བརྩེ་བ་ཆེན་པོའི་བཞུགས་སུ་གསོལ། །བདག་སོགས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགས། །དགེ་ལ་ཡི་རངས་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱི། །བདེར་གཤེགས་བཅོམ་ལྡན་སྨན་གྱི་བླ་མ་དང༌། །འགྲོ་བའི་སྐྱབས་གཅིག་ཤཱཀྱ་སེང་གེ་མཆོག །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་རྒྱལ་པོ་ཡུམ་ཆེན་མོ། །ལྷ་མོ་རིག་བྱེད་བློ་གྲོས་མཆོག་མ་དང༌། །གཟི་བརྗིད་འོད་འཆང་སྨུག་ཟིལ་ཏོང་ཀྲ་མ། །མདངས་ལྡན་བདུད་རྩི་མ་སྟེ་ལྷ་མོ་བརྒྱད། །དྲང་སྲོང་རིག་འཛིན་ལྷ་དང་གནོད་སྦྱིན་ཚོགས། །སྔོན་གྱི་ཐུགས་བསྐྱེད་ཐུགས་དམ་རྗེས་དགོས་ལ། །འགྲོ་བ་ནད་ཀྱིས་གདུང་ལ་ཐུགས་རྗེས་གཟིགས། །སྨན་རྣམས་བདུད་རྩིར་བྱིན་གྱིས་རླབ་ཏུ་གསོལ། །ལྷ་རྣམས་ཀྱིས་ནི་བདུད་རྩི་ལྟ་བུ་དང༌། །ཀླུ་རྣམས་ཀྱིས་ནི་གཙུག་ནོར་ལྟ་བུ་སྟེ། །དྲང་སྲོང་རིག་འཛིན་རྣམས་ཀྱི་བཅུད་ལེན་དུ། །བདུད་རྩི་སྨན་འདི་བྱིན་གྱིས་རླབ་ཏུ་གསོལ། །རླུང་མཁྲིས་བད་ཀན་འདུ་བ་རྣམ་བཞི་ཡིས། །བསྐྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི་དང༌། །གནོད་པས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །འགྲོ་བའི་བར་ཆད་ཞི་བར་མཛད་དུ་གསོལ། །གཙོ་བོའི་ཐུགས་ཀར་པདྨ་ཟླ་བའི་སྟེང༌། །ཨཱཿཡིག་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་ཀྱི་རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་དང༌། །སྨན་གྱི་ལྷ་མོ་དྲང་སྲོང་རིག་འཛིན་ཚོགས། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི་དང༌། །གནོད་སྦྱིན་ལྷ་ཀླུ་རྣམས་ཀྱིས་གསོ་བའི་སྟོབས། །སྲིད་གསུམ་འབྱུང་ལྔའི་ཁམས་ན་གནས་པ་ཡིས། །བདུད་རྩི་གསོ་བྱེད་སྨན་གྱི་བྱིན་ནུས་བཅུད། །འོད་ཟེར་ཁ་དོག་ལྔ་ལྡན་ཚུར་ལ་བསྡུས། །མདུན་རྟེན་ལ་ཐིམས་གཟི་བརྗིད་བྱིན་ནུས་འབར། །ཏདྱ་ཐཱཿ གྷུ་མེ་གྷུ་མེ། །ཨི་མེ་ནི་མེ་ཧི་མ་ཏི་མ་ཏི་སབྟ་ཏ་ཐཱ་ག་ཏ། ས་མཱ་དྷྱ་དྷིཥྛི་ཏེ། ཨ་ཏེ་མ་ཏེ། པཱ་ལེ་པཱ་པམ་ཤོ་དྷ་ནི། སརྦ་པ་པཾ་ན་ཤ་ཡ་མ་མ་བུདྡྷ་བུདྡྷཏྟོ་མེ་ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ་མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ། ནི་བཱ་ར་ཎི། བུདྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷིཥྛ་ན། རཀྵནྟུ་མེ། སརྦ་དེ་བཱ་ས་མེ་ཨ་ས་མེ་ས་མ་ནྭ་ཧ་རནྟུ། སརྦ་བུདྡྷ་བོ་དྷི་ས་ཏྭ། ཤ་མེ་ཤ་མེ་པྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་དྲ་བ་བྱཱ་ཏ་ཡ། པཱུ་ར་ཎེ་པཱུ་ར་ཎེ་པཱུ་ར་ཡ་མེ། སརྦ་ཨཱ་ཤཱ་ཡ་བཻཌཱུརྱ་པྲ་ཏི་བྷཱ་སེ་སརྦ་པཱ་པཾ་ཀྵ་ཡངྐ་རི་སྭཱ་ཧཱ།« གཟུངས་རིང་བཟླས་མཐར་གཟུངས་ཐུང་ཅི་ནུས་བཟླ། །བདུད་རྩི་བྱིན་འཇུག་དམིགས་པའི་འཁྲུལ་འཁོར་གནད། །མོས་གུས་ཅན་ལ་བྱིན་རླབས་འཇུག་ཐག་ཉེ། །ཞག་གསུམ་ཞག་བདུན་གང་ནུས་ཅི་ལྕོགས་བྱ། །ཐུན་མཐར་དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད། »།བླ་མ་བདེར་གཤེགས་སྨན་གྱི་ལྷ་ཚོགས་ལ། །བདག་སོགས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱི། «།ཞེས་ཡན་ལག་བདུན་པ་འབུལ། »།བདེ་གཤེགས་མཆེད་བརྒྱད་ཐུབ་དབང་ཡུམ་ཆེན་མོ། །ལྷ་མོ་མཆེད་བརྒྱད་དྲང་སྲོང་རིག་འཛིན་དང༌། །བྱང་སེམས་གནོད་སྦྱིན་ལྷ་ཀླུ་དཀར་ཕྱོགས་སྐྱོང༌། །བདུད་རྩི་སྨན་གྱི་ལྷ་ཚོགས་རྣམས་ལ་བསྟོད། །མོས་གུས་ཆུང་ཤིང་ཐེ་ཚོམ་ལོག་པར་ལྟ། །སྙིང་རྗེ་ཆུང་ཤིང་བྱང་ཆུབ་སེམས་ཉམ་ཞིང༌། །རང་རིག་ཡེ་ནས་ཆོས་སྐུར་མ་རྟོག་པར། །གཉིས་འཛིན་འཁྲུལ་བས་དབང་གྱུར་བཟོད་པར་གསོལ།« །ཡི་གེ་བརྒྱ་པ་བཟླས་ཤིང་གཤིས་ལུགས་སྐྱོངས། »།སྨན་གྱི་རྒྱལ་པོ་མཆེད་བརྒྱད་ཐུགས་བསྐྱེད་ཀྱིས། །ཕ་མ་ཉམ་ཐག་སྡུག་བསྔལ་གྱིས་གཟིར་བས། །འགྲོ་ཀུན་ལས་དང་ཉོན་མོངས་དུག་ལྔའི་ནད། །རླུང་མཁྲིས་བད་ཀན་བཞི་བརྒྱ་རྩ་བཞི་དང༌། །སྟོང་ཕྲག་བརྒྱད་ཅུའི་བགེགས་ལས་རྣམ་པར་གྲོལ། །ཡེ་ཤེས་བདུད་རྩི་སྨན་གྱི་ནུས་པ་ཐོབ། །ཐུགས་རྗེ་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ནས། །མཁའ་ཁྱབ་འབྲེལ་བས་བསྡུས་པའི་སེམས་ཅན་ཀུན། ལྟ་ན་སྡུག་པའི་ཞིང་དུ་སྐྱེ་བར་ཤོག «།དེ་ནས་རྗེས་ཀྱི་རིམ་པ་ནི། »།མདུན་བསྐྱེད་ལྷ་ཚོགས་འོད་ཞུ་བཻཌཱུརྱའི། །ལྷུང་བཟེད་ནང་དུ་བདུད་རྩིའི་རྒྱ་མཚོ་གྱུར། །འོད་ཟེར་ཁ་དོག་སྣ་ཚོགས་ཁྱིལ་ལེ་བས། །རླུང་མཁྲིས་བད་ཀན་ཚ་གྲང་འདུ་བའི་ནད། །སེལ་བས་རང་རང་ནུས་བཅུད་ལྡན་པར་གྱུར། །སྱད་ཡ་ཐེ་དན། ཁ་ཊེ། ཁ་ཊེ། ཁ་ཊེ། ཁ་ཊེ། བི་ཁ་ཊེ། ཙ་ལེ་བི་ཙ་ལེ་བི་མ་ལེ་བི་ལ་མ་བེ། བཱ་ལེ་བ་ལ་བ་ཏེ། ཙནྡྲེ་ཙ་ར་ཎེ་ཨ་མྲྀ་ཏ་ནིརྒྷོ་ཥེ་སྭཱ་ཧཱ། སཾ་གྷ་ས་པཱ་རི་ཝཱ་ར་དཱ་ན་པ་ཏི་ས་པ་རི་ཝཱ་ར་སྱ་ཙ་སརྦ་བྱཱཏྟི་ཤིཾནྟ་ཀུ་རུ་ཀུ་རུ་སྭཱ་ཧཱ།« བརྒྱ་རྩ་བརྒྱད་ཀྱིས་རབ་ཏུ་གནས།» རླུང་ལས་གྱུར་དང་མཁྲིས་པ་ལས་གྱུར་པ། །བད་ཀན་ལས་གྱུར་ཚ་གྲང་འདུ་བ་ལས། །གྱུར་པའི་ནད་རྣམས་ཐམས་ཅད་རབ་བཅོམས་ཏེ། །ཀུན་ལ་སྨན་འདིས་རྟག་ཏུ་དགེ་བར་ཤོག །སྟོབས་ལྡན་གནོད་སྦྱིན་དེད་དཔོན་ཆེན་པོ་དང༌། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི་པོ། །ལྷ་ཀླུ་གནོད་སྦྱིན་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །རྟག་ཏུ་སྨན་འདི་སྲུང་ཤིང་དགེ་བར་མཛོད།« །རྟེན་འབྲེལ་སྙིང་པོ་ལན་གཅིག་དང༌། །ཤིས་པར་བརྗོད་ཅིང་མེ་ཏོག་འཐོར། །དམིགས་མེད་ངང་ལ་མཉམ་པར་བཞག། །ལས་ལ་སྦྱར་ཚེ་རང་ཉིད་སྨན་བླ་བསྒོམ། །སྨན་གཟུངས་བཟླས་ཤིང་སྦྱིན་ལ་གཏོང་བའི་ཚེ། །འཚོ་བྱེད་བདུད་རྩིའི་ལུས་གང་ནད་རྣམས་ཞི། །དྲང་སྲོང་རིག་འཛིན་ལྷ་མོའི་ཚོགས་ཀུན་ཀྱིས། །གང་ལ་གང་འདུལ་ནད་རྣམས་བསལ་བར་བསྒོམས། །གུ་རུ་གསོལ་བཏབས་སྨན་གྱི་གཟུངས་བཟླའོ། །ཚེ་ཟད་མ་ཡིན་བར་ཆད་སེལ་བར་ངེས། །སྨན་གྱི་སྒྲུབ་པ་བདུད་རྩིའི་བུམ་བཟང་འདི། །རང་སློབ་འཚོ་བྱེད་བློ་གྲོས་དཔལ་འབར་དང༌། །བདེ་ཆེན་འོད་ཟེར་གཉིས་ཀྱི་བསྐུལ་བའི་ངོར། །དུས་མཐའི་གཏེར་མིང་འཇའ་ལུས་རྡོ་རྗེ་ཡི། །དག་པའི་སྣང་ངོར་ཤར་བཞིན་འཕྲལ་དུ་བཀོད། །དགེ་བའི་འགྲོ་ཀུན་དུག་གསུམ་ནད་ལས་གྲོལ། །སྐུ་ལྔ་ལྷུན་རྫོགས་འབྲས་བཟང་མངོན་གྱུར་ཤོག ། །།