DKYD-KABUM-02-KHA-019

From Khyentse Lineage - A Tsadra Foundation Project
Revision as of 10:21, 17 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 2, Text 19, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
[edit]
༅། །སཾ གུ ཧྱ མངྒར྄ ཧ ཎཾ སྭོ ྅ ཀྵ ར སྱཱ སྲོ ཏ སྱཱ སྠི ཏི ཀྲྀ ཡཱ པ ཉྩ ཤ ཁོ དྷཱ ར ཎཾ བཾ ཧར ཏི སྨ། །༄༅། །ཡང་གསང་འཛིན་པ་རང་གྲོལ་གྱིཿ རྒྱུན་གྱི་ཉམས་ལེན་སྤར་བཅངས་བཞུགསཿ

«༄༅། །྅྅྅ ཆོས་ཀུན་དུ་མ་རོ་གཅིག་ཏུཿ རྟོགས་མཛད་དབྱིངས་ཀྱི་རྗེ་མོ་ལཿ གུས་བཏུད་ཕྱག་འཚལ་བྱིན་རླབས་སྩོལཿ ཉོན་མོངས་ཞི་ཞིང་འཛིན་པ་གྲོལཿ རྟོག་ཚོགས་དབྱིངས་སུ་གཅོད་པ་ཡིཿ གདམས་པ་བསྟན་ནོ་ཉམས་སུ་ལོངསཿ མ་རིག་འཁྲུལ་བ་ལས་བསྐྱེད་པའིཿ ལྷ་འདྲེ་བཟང་ངན་གཙང་དང་བཙོགཿ རེ་དོགས་དགའ་སྡུག་ཆགས་སྡང་འཁོནཿ ནད་རིམས་བར་ཆད་གློ་བུར་བགེགསཿ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེཿ རང་སྣང་དབང་དུ་འདུས་གྱུར་ནཿ གཞན་སྣང་ཟིལ་གྱིས་ནོན་གྱུར་ཞིངཿ འཁུ་འཕྲིག་ནང་ནས་ཆོད་གྱུར་ནཿ ཕྱི་རྐྱེན་མཁའ་ལ་སྤྲིན་བཞིན་དེངསཿ འཇིགས་མེད་རྒྱལ་པོའི་བཙན་ས་ཟིནཿ དེ་ཕྱིར་དེ་དོན་རྟོགས་ཀྱིས་ལཿ གདམས་པ་འདི་ཉིད་ཉམས་སུ་ལོངསཿ ཐོག་མར་དབང་སྡུད་ཟིལ་གནོན་ནིཿ »ཕཊཿ རྒྱུ་མེད་རྐྱེན་བྲལ་མཁའ་ལ་འཇའ་སྣང་བཞིནཿ བདག་ཉིད་གསང་བ་ཡེ་ཤེས་མཁའ་འགྲོ་མཿ དམར་གསལ་ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོཿ གཡས་པས་བམ་ཆེན་རོ་ཡི་ཤུན་ལ་རྡེབསཿ གཡོན་པས་མཆོག་ཆེན་མི་རྐང་གླིང་བུ་འབུདཿ ཞབས་གཉིས་དཔའ་མོ་རོལ་པའི་སྟབས་སུ་འགྱིངསཿ ཐོར་ཚུགས་རིན་ཆེན་རུས་པའི་རྒྱན་དྲུག་གསོལཿ སྲིད་རྩེ་མནར་མེད་ཡན་བཟུང་ཁྱབ་པར་གསལཿ ཕཊཿ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་གདངས་ལསཿ མཐིང་གསལ་སྐུར་ཤར་གཏི་མུག་གདོན་ཚོགས་ཀུནཿ རིག་སྟོང་བློ་འདས་ཆེན་པོར་དབང་བསྡུས་ནསཿ གཏད་མེད་རྒྱ་ཡན་ངང་དུ་ཟིལ་གྱིས་གནོནཿ ཕཊཿ མེ་ལོང་ཡེ་ཤེས་དཀར་གསལ་སྐུར་ཤར་བསཿ ཞེ་སྡང་ལས་གྱུར་ཕོ་གདོན་འབྱུང་པོའི་ཚོགསཿ འདུས་མ་བྱས་པའི་ངང་དུ་དབང་བསྡུས་ནསཿ ཞེན་མེད་རང་གྲོལ་ངང་དུ་ཟིལ་གྱིས་ནོནཿ ཕཊཿ མཉམ་ཉིད་ཡེ་ཤེས་མཁའ་འགྲོ་སེར་གསལ་ཤརཿ ང་རྒྱལ་ལས་གྱུར་དྲེགས་པའི་དམག་ཚོགས་ཀུནཿ བརྟུལ་ཞུགས་རོ་སྙོམས་ཆེན་པོར་དབང་བསྡུས་ནསཿ ཕྱོགས་ལྷུང་བྲལ་བའི་ངང་དུ་ཟིལ་གྱིས་ནོནཿ ཕཊཿ སོར་རྟོགས་ཡེ་ཤེས་རང་རྩལ་དམར་མོར་ཤརཿ འདོད་ཆགས་ལས་གྱུར་མོ་གདོན་བསེན་མོའི་རིགསཿ ཆགས་མེད་བདེ་བ་ཆེན་པོར་དབང་བསྡུས་ནསཿ དགའ་བྲལ་ལྷན་སྐྱེས་ངང་དུ་ཟིལ་གྱིས་ནོནཿ ཕཊཿ བྱ་གྲུབ་ཡེ་ཤེས་སྣ་ཚོགས་སྐུར་ཤར་བསཿ ཕྲག་དོག་ལས་གྱུར་ནད་རིམས་ཡམས་ཀྱི་བདགཿ རེ་དོགས་བྲལ་བའི་ངང་དུ་དབང་བསྡུས་ནསཿ གང་ཤར་གཉེན་པོ་བྲལ་བར་ཟིལ་གྱིས་ནོནཿ ཕཊཿ ང་ནི་ཡེ་ནས་ཡུམ་ཆེན་ཐུགས་ཀློང་འདྲེསཿ ང་མེ་ང་ངར་འཛིན་ལྷ་དང་འདྲེར་ཤར་བཿ སྙིང་རྗེ་ཁྲོས་པའི་ལྕགས་ཀྱུས་སྙིང་ནས་དྲོངསཿ ལྷག་མཐོང་ལུ་གུ་རྒྱུད་ཀྱི་ཞགས་པས་འཆིངསཿ ཆེད་འཛིན་ཐོབ་ཤོར་བྲལ་བའི་ལྕགས་སྒྲོག་སྡོམཿ གྲགས་སྟོང་བརྗོད་པ་བྲལ་བའི་དྲིལ་བུས་མྱོསཿ ཆོས་སྐུ་སྐྱེ་མེད་ཀློང་དུ་རྒྱས་བཏབ་བོཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ« མི་ནུས་པ་ལ་ལོངས་སྤྱོད་ཅིང་ཿ མི་རུང་བ་ཀུན་དང་དུ་བླང་ཿ མི་ཕོད་པ་ལ་ཐོག་བརྫིས་བྱ༔ གང་ལའང་རེ་དོགས་མེད་པ་ནིཿ དམ་པ་ནག་པོའི་ཁྱད་ཆོས་སོཿ གཉིས་པ་ཕུང་པོ་མཆོད་སྦྱིན་ནིཿ» ཕཊཿ ན་མོ་རྡོ་རྗེ་འཆང་དངོས་སྟོན་པ་དྲི་མ་མེདཿ དགའ་རབ་དཔའ་བོ་གུ་རུ་ཐོད་ཕྲེང་རྩལཿ མ་གཅིག་མཁའ་འགྲོ་གསང་བ་ཡེ་ཤེས་དང་ཿ དམ་པ་རྒྱ་གར་ཨ་མ་ལབ་སྒྲོན་མརཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ« ལན་གསུམཿ» ཕཊཿ དགྲ་གདོན་བགེགས་རིགས་འབྱུང་པོས་གཙོར་བྱས་པའིཿ མཐའ་མེད་འཁོར་བར་འཁྱམས་པའི་སེམས་ཅན་ཀུནཿ གཟུང་འཛིན་སྒྲོག་གྲོལ་མ་རིག་གཉིད་སངས་ནསཿ རྫོགས་སངས་རྒྱས་པའི་འབྲས་བུ་ཐོབ་པར་ཤོགཿ «ལན་གསུམཿ »ཕཊཿ རང་རིག་དབུ་མའི་ལམ་བརྒྱུད་ནམ་མཁར་འཕགསཿ རང་ལུས་མཎྜལ་རི་རབ་གླིང་བཞིར་བཅསཿ འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པཿ བཀའ་བརྒྱུད་བླ་མ་མཁའ་འགྲོའི་ཚོགས་ལ་འབུལཿ ཕཊཿ ཆོས་སྐུ་ཡུམ་ཆེན་ལོངས་སྐུ་གསང་ཡེ་མཿ སྤྲུལ་སྐུ་མ་གཅིག་ལབ་ཀྱི་སྒྲོན་མ་ལཿ གསོལ་བ་འདེབས་སོ་ཉོན་མོངས་རང་སར་གྲོལཿ བདུད་བཞི་དབྱིངས་སུ་ཆོད་པར་བྱིན་གྱིས་རློབསཿ སངས་རྒྱས་ཀུན་འདུས་སྟོན་པ་དྲི་མ་མེདཿ རིག་འཛིན་སློབ་དཔོན་པད་འབྱུང་ཧེ་རུ་ཀཿ དྲིན་ཆེན་བླ་མ་དམ་པ་རྒྱ་གར་བརཿ གསོལ་བ་འདེབས་སོ་བདག་རྒྱུད་གྲོལ་བ་དངཿ བདུད་བཞི་དབྱིངས་སུ་ཆོད་པར་བྱིན་གྱིས་རློབསཿ བག་ཆགས་སྣང་གཟུགས་ཕུང་པོ་གཟན་དུ་འཁྱོལཿ རང་སེམས་འགྱུ་བ་དངོས་མེད་ནམ་མཁའི་ཁམསཿ གཏད་མེད་རྒྱ་ཡན་ངང་དུ་གྲོལ་ནས་ཀྱངཿ འཁོར་འདས་རོ་སྙོམས་བཙན་ས་ཟིན་པར་ཤོགཿ ཕཊཿ རང་རིག་སྤྲུལ་པའི་མཁའ་འགྲོ་དམར་མོར་གྱུརཿ ནམ་མཁར་འཕགས་ཤིང་བེམ་པོ་ཆེ་ཚོ་ལྡནཿ ཐོད་པ་བྲེག་པ་སྟོང་གསུམ་ཁྱབ་པའི་ནངཿ བེམ་པོ་བཞག་ཅིང་ཐུགས་ཀའི་འོད་ཟེར་གྱིསཿ ཤ་ཁྲག་རུས་གསུམ་མེར་གྱིས་ཞུ་བ་ལསཿ ཡེ་ཤེས་བདུད་རྩིའི་ཕུང་རླངས་མཆོད་སྤྲིན་འཕྲོཿ ཟག་མེད་ཤ་ལྔ་བདུད་རྩིའི་ལྔའི་རང་བཞིནཿ བླ་མ་ཡུམ་ཆེན་དཀོན་མཆོག་སྲི་ཞུའི་མགྲོནཿ མ་མགོན་གཟའ་རྡོར་མགོན་པོ་ཡོན་ཏན་མགྲོནཿ མཐོ་རིས་ངན་སོང་རིགས་དྲུག་སྙིང་རྗེའི་མགྲོནཿ གནས་གདོན་ལུས་གདོན་ལན་ཆགས་བགེགས་རིགས་མགྲོནཿ ལས་བྱེད་མཁའ་འགྲོས་ཐོད་པའི་བདུད་རྩི་མཆོདཿ ཚོགས་རྫོགས་སྒྲིབ་དག་ཐུགས་དམ་གཉན་པོ་བསྐངཿ ཤ་འཁོན་བུ་ལོན་ལན་ཆགས་གནོད་སེམས་བྱངཿ ཀུན་ཀྱང་སྡུག་བསྔལ་ཀུན་བྲལ་བདེ་ལྡན་ཤོགཿ ཕཊཿ རང་ལུས་གཡང་གཞི་ས་སྟེང་ཁྱབ་པའི་སྟེངཿ ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་གྱུརཿ གནས་གདོན་ལུས་གདོན་ནད་རིམས་ཡམས་བདག་གཙོསཿ སྣང་ཞིང་སྲིད་པའི་ལྷ་འདྲེ་འབྱུང་པོ་དངཿ དམ་སྲི་ཐེའུ་བྲང་ཟ་འདྲེ་ཤི་གཤེད་རིགསཿ ཤ་ཟོ་ཁྲག་འཐུང་རུས་མུར་པགས་པ་གྱོནཿ ནང་རོལ་རྐང་དང་ལྷ་བ་བཅས་པ་ཀུནཿ སེང་གེས་ཤ་ལ་ཟོས་བཞིན་ལྷག་མེད་རོལཿ བྲམ་ཟེ་སྐྱེ་བདུན་ཤ་རུ་བྱིན་རླབས་པསཿ མྱོང་ཚད་ན་ཚ་སྡུག་བསྔལ་ཟུག་གཟེར་བྲལཿ ལུས་སེམས་ཟག་མེད་བདེ་བས་ཚིམ་གྱུར་ཅིགཿ ཕཊཿ ཁས་ཞན་དབང་ཆུང་གློ་བུར་ལྷགས་པ་ཡིཿ ལྷག་མར་རེ་བ་ཉམས་ཆུང་འབྱུང་པོའི་རིགསཿ གང་འདོད་འདོད་ཡོན་གཏེར་ལ་ལོངས་སྤྱོད་ཅིངཿ བྱང་ཆུབ་སེམས་ཀྱི་མྱུ་གུ་འཁྲུངས་པར་ཤོགཿ ཕཊཿ «གསུམ་པ་མཇུག་བསྡུ་བསྔོ་སྨོན་ནིཿ »ཕཊཿ བདག་ཉིད་ཡེ་ནས་མ་གཅིག་གསང་ཡེ་མཿ སྣང་སྲིད་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་དལཿ རེ་དོགས་བཟང་ངན་གཙང་བཙོག་འཁུ་འཕྲིག་ཟདཿ གང་ལའང་སྤང་བླང་མེད་པར་ལོངས་སྤྱོད་པསཿ འཇིགས་མེད་བརྟུལ་ཞུགས་ལམ་སློང་བཙན་ས་ཟིནཿ གཞི་གྲོལ་ཀ་དག་ཆེན་པོའི་ཀློང་དུ་ཨཱཿ ཕཊཿ ཟག་བཅས་ཤ་ཁྲག་ལུས་ཀྱི་མཆོད་སྦྱིན་དངཿ ཟག་མེད་རོ་སྙོམས་ཆེན་པོའི་དགེ་ཚོགས་རྒྱུནཿ འཁྲུལ་སྣང་བདག་བཟུང་མཁའ་ཁྱབ་སེམས་ཅན་ཀུནཿ ཞེན་མེད་རིག་པའི་ཀློང་དུ་གྲོལ་ཕྱིར་བསྔོཿ ཕྱོགས་ལས་རྣམ་རྒྱལ་སྒོམ་མེད་རྣལ་འབྱོར་པཿ ཁམས་གསུམ་སྲིད་པ་གསུམ་ལ་དབང་བསྒྱུར་ཞིངཿ སྲིད་དང་ཞི་བའི་ལམ་ལ་ཞུགས་པ་ཀུནཿ རོ་སྙོམས་བརྟུལ་ཞུགས་ཆེན་པོས་ཟིལ་གྱིས་ནོནཿ འཁོར་བ་དོང་སྤྲུགས་ཆོས་སྐུ་ཡུམ་ཆེན་མོའིཿ གོ་འཕངས་མཆོག་ལ་བཙན་ས་ཟིན་པར་ཤོགཿ «གཏད་མེད་རྒྱ་ཡན་ངང་ཉིད་དུཿ སྣང་སེམས་རོ་གཅིག་ཅི་དགར་སྤྱོདཿ ཨ་ཙར་དམ་པ་ནག་པོ་ཡིསཿ ལེགས་འདུས་རྡོ་རྗེ་སྒྲོན་མ་ལཿ ཉམས་ལེན་སྤར་བཅངས་མར་གནང་བཿ ཡུམ་ཆེན་གསང་བ་ཡེ་ཤེས་ཀྱིསཿ ཐུགས་ཀྱི་ཀློང་དུ་སྦས་པ་བཞིནཿ ཚིག་དོན་མ་འཁྲུལ་ཡི་གེའི་ལམཿ སླར་ཡང་ཨ་ཙར་ནག་པོས་ཕབཿ སྨོན་ལམ་གཏད་རྒྱ་ཇི་བཞིན་དུཿ གཏེར་གྱི་བདག་མོ་ཉིད་དང་འཕྲད་ཿ བྱིན་རླབས་ཚན་ཁ་ཤིན་ཏུ་ཆེཿ སྣོད་མིན་ལག་ཏུ་ཤོར་ར་རེཿ ས་མ་ཡཱཿ གུཧྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ རྒྱ་རྒྱ་རྒྱཿ ཨྠིྀཿ ཡི་གེར་འདུ་བྱེད་ཉེར་གནས་སློབ་བུ་བདེ་ཆེན་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པའོཿ ཉམས་ལེན་སྤར་བཅངས་མ་བསེ་རུ་ལྟ་བུའོ།། །།