DKYD-KABUM-02-KHA-013

From Khyentse Lineage - A Tsadra Foundation Project
Revision as of 10:20, 17 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 2, Text 13, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
[edit]
༅། །ཨ ཏི ཙི ཏྟ སྱ ཏི ལ ཀ ཏ དྤ ཧ ཎཾ སྭོ ྅ ཀྵ ར མ པ བཱ དཱོ བིཾ ཧ ར ཏི སྨ། ༄༅། །ཨ་ཏི་ཐུགས་ཀྱི་ཐིག་ལེ་ལསཿ འཛིན་པ་རང་གྲོལ་གདམས་པ་བཞུགསཿ

«༄༅། །྅྅྅ རིག་སྟོང་དབྱེར་མེད་ཆོས་ཀྱི་དབྱིངསཿ བཟང་མོ་དོན་གྱི་ལྷ་ལ་འདུདཿ ཤིན་ཏུ་རྣལ་འབྱོར་དབང་རབ་མཆོགཿ དབྱིངས་རིག་དབྱེར་མེད་སྐུ་གསུམ་གདངསཿ རྩོལ་མེད་ཉམས་བླངས་འབྲས་བུ་ཆེཿ གདོད་མའི་གཞི་ཐོག་གྲོལ་བ་ལཿ སྤྲོས་བཅས་བོག་འདོན་འཛིན་པ་བྲལཿ དབང་འབྲིང་ལམ་གྱི་ཆ་རྐྱེན་དུཿ འཛིན་པ་རང་གྲོལ་མན་ངག་གནདཿ ཉམས་ཀྱི་ཞེན་པ་རང་ཞིག་ནས༔ གདོད་མའི་སྐུ་གསུམ་མངོན་གྱུར་གྱིཿ ཟབ་ལམ་ཉམས་སུ་ལེན་པ་ལཿ ཐོག་མར་རང་སྣང་དབང་འདུས་ཤིངཿ གཞན་སྣང་ཟིལ་གྱིས་གནོན་པའི་ཕྱིརཿ སྔ་ནོན་མན་ངག་འདི་ལྟ་སྟེཿ དང་པོ་སྐྱབས་སེམས་བསྡུས་པ་ནིཿ» ན་མོཿ སྐུ་གསུམ་ཀུན་འདུས་བླ་མ་ཡུམ་ཆེན་ལཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ ལས་ཉོན་འཁྲུལ་པའི་དབང་གྱུར་འགྲོ་བ་རྣམསཿ སངས་རྒྱས་ཐོབ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེདཿ «ལན་གསུམ་བརྗོད་ཅིང་གསོལ་འདེབས་ལྷར་བསྐྱེད་ནིཿ »མདུན་མཁར་འོད་ཕུང་འཁྲིགས་པའི་གཞལ་ཡས་སུཿ གཞི་དབྱིངས་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ རྣམ་རོལ་དུ་མར་ཤར་བའི་སྒྱུ་འཕྲུལ་ལསཿ བཙོ་མ་གསེར་མདོག་ཞལ་གཅིག་ཕྱག་བཞི་མཿ གསེར་རྡོར་གླེགས་བམ་ས་གནོན་མཉམ་གཞག་རྒྱཿ རྡོ་རྗེ་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས་སྐུའི་ཆསཿ ཡེ་ཤེས་ལྔ་ལྡན་ཕྱོགས་ཀུན་ཐ་ལེར་གཟིགསཿ ཀ་དག་ཡེ་གྲོལ་སྣང་བ་ལྷུན་གྱིས་གྲུབཿ དེ་འོག་རིན་ཆེན་སེང་ཁྲི་མཛེས་པའི་སྟེངཿ བླ་མ་ཧེ་རུ་ཀ་དཔལ་ཡབ་ཡུམ་ལཿ བཀའ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ འཁོར་གྱིས་བསྐོར་ཞིང་ཐུགས་རྗེས་བདག་ལ་གཟིགསཿ ན་མོཿ གཏན་གྱི་སྐྱབས་གནས་བླ་མ་ཡུམ་ཆེན་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ བདག་ཏུ་འཛིན་པ་རང་སར་གྲོལ་ནས་ཀྱངཿ ཡེ་ཤེས་ལྔ་ལྡན་ཆོས་སྐུ་ཐོབ་པར་ཤོགཿ «མོས»་«གུས་རྩེ་གཅིག་གསོལ་བཏབ་ཅིངཿ ཡེ་གྲོལ་གཤིས་ཀྱི་ངང་ཉིད་དུཿ གསོལ་འདེབས་བསྙེན་པ་འདི་ལ་བཤདཿ »ཏདྱ་ཐཱཿ ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སག་ཏེ་བོ་དྡྷི་སྭཱ་ཧཱཿ «ཅིས་ནུས་བཟླས་ཞིངཿ» བླ་མ་ཡབ་ཡུམ་ཐུགས་ཀ་ནསཿ འོད་ཟེར་བ་ཐག་འཛིང་བཞིན་འཕྲོསཿ རང་ལུས་བག་ཆགས་འཛིན་སྟངས་དངཿ ཤ་ཁྲག་གདོས་བཅས་མངོན་ཞེན་སྤྱངསཿ« རྟོག་ཚོགས་སྣ་ཚོགས་འཕྲོ་སད་ཕྱིརཿ »ཕཊཿ ཨ་འཐས་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ རང་རིག་མ་བཅོས་རྗེ་བཙུན་ཁྲོས་མ་ནགཿ མཐིང་གསལ་ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་ཉམསཿ ཞི་ཆགས་སྤྱན་གསུམ་སྡང་མིག་སྲིད་གསུམ་གཟིགསཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་དུང་ལྟར་གཙིགསཿ ཕྱག་གཡས་མི་ལྤགས་གཡང་གཞི་ཕྱར་ཞིང་རྡེབསཿ གཡོན་པའི་མི་རྐང་གླིང་བུས་རང་སྒྲ་སྒྲོགསཿ རུས་པའི་རྒྱན་དྲུག་མི་མགོ་སྙིང་ཕྲེང་བརྒྱནཿ པདྨ་ཉི་མ་རོ་ཡི་གདན་སྟེང་དུཿ ཞབས་གཉིས་དཔའ་མོ་རོལ་བའི་སྟབས་སུ་འགྱིངསཿ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོགས་པ་ཡིསཿ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་རྣམས་གཡོཿ ཤར་ཕྱོགས་བདེ་ཆེན་དཀར་མོ་འཛུམ་པའི་ཞལཿ ལྷོ་རུ་སེར་མོ་དོན་གྲུབ་ཞི་མ་ཁྲོཿ ནུབ་ཕྱོགས་དམར་་མོ་སྒྲ་སྒྲོགས་ཆགས་པའི་ཉམསཿ བྱང་ཕྱོགས་སྣ་ཚོགས་མཐར་ཕྱིན་ལྗང་མོ་ཁྲོཿ ཆ་ལུགས་གཙོ་མོ་དང་མཚུངས་ལས་བཞིའི་བརྒྱནཿ མདའ་དར་རིན་ཆེན་ལྕགས་གྲི་གུག་གཡསཿ གཡོན་པས་བྷནྡྷ་འཛིན་ཅིང་གར་སྟབས་འགྱིངསཿ རང་མདོག་རིགས་མདུན་ཌཱཀྐི་འབུམ་རེས་བསྐོརཿ ཆོས་ཉིད་དྲག་པོའི་རང་ས་འབྲུག་ལྟར་སྒྲོགསཿ ཡེ་ཤེས་དམ་ཚིག་ཤ་ཟ་འཇིག་རྟེན་གྱིཿ མ་མོ་མཁའ་འགྲོ་སྲུང་མ་དམ་ཅན་སྡེཿ དཀར་ཕྱོགས་དྲེགས་པ་སྡེ་བརྒྱད་མཐུ་ལྡན་ཚོགསཿ སྲིད་པའི་རྩེ་མན་དམྱལ་བའི་གཏིང་རུམ་ཡནཿ ཁམས་གསུམ་རིགས་དྲུག་གཟུགས་ཅན་གཟུགས་མེད་ཀུནཿ དབང་སྡུས་ཟིལ་གྱིས་གནོན་པའི་སྟོབས་རྩལ་ལྡནཿ ལྷ་དང་རང་རིག་དབྱེར་མེད་གསལ་སྣང་ཆེཿ ཡེ་ནས་རང་བྱུང་རང་ཤར་ཆེན་པོར་གྲུབཿ དབྱེར་མེད་དུ་མ་རོ་གཅིག་ཆེན་པོའི་ངངཿ ཕཊཿ གཙོ་མོའི་ཐུགས་ཀར་ཉི་དཀྱིལ་དགའ་འཁྱིལ་དབུསཿ བྃ་ཡིག་མཐིང་གའི་མཐའ་སྐོར་སྔགས་ཕྲེང་བསྐོརཿ འོད་འཕྲོས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུསཿ སླར་འཕྲོས་འགྲོ་དྲུག་ལས་ཉོན་བག་ཆགས་སྤྱངསཿ དག་ཞིང་དཔའ་བོ་རྣལ་འབྱོར་མར་བསྒྱུར་ཞིངཿ གཟུགས་སྣང་ལྷར་གསལ་སྒྲ་སྒྲགས་སྔགས་ཀྱི་སྒྲཿ མ་རིག་འཁྲུལ་རྟོག་རིག་པ་ཡེ་ཤེས་ཀློངཿ འཁོར་འདས་མཉམ་ཉིད་ཁྱབ་བརྡལ་ངང་དུ་བཟླཿ «བསྙེན་སྒྲུབ་ནི།» ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་སརྦ་ཀརྨ་ཧཱུྃ་ཕཊཿ «རྩེ་གཅིག་བཟླ་ཞིང་རིག་པ་གཞུར་ལ་དྲངསཿ གང་ཤར་རང་གྲོལ་ཆེན་པོའི་ཉམས་ལེན་སྐྱོངཿ »རིགས་བཞིའི་ཐུགས་ཀར་ཧ་རི་ནི་སས་མཚནཿ གཙོ་མོའི་ཐུགས་ཀའི་སྔགས་ཕྲེང་གཡོན་དུ་འཁོརཿ རིགས་བཞི་འཁོར་བཅས་འཁོར་བའི་སྟོབས་ཤུགས་ཀྱིསཿ ཁམས་གསུམ་རིགས་དྲུག་སེམས་ཅན་རླུང་ལྟར་འཁོརཿ དངངས་སྐྲག་འདར་བརྒྱལ་དབང་བསྡུས་ཟིལ་གྱིས་གནོནཿ སྲོག་སྙིང་སྐྱུག་ཕུལ་ཁས་བླངས་བྲོ་བོར་ཏེཿ ཡེ་ཤེས་ལས་དམ་མཁའ་འགྲོས་དངོས་གྲུབ་ཕུལཿ ལས་བཞི་ལྷུན་གྲུབ་སྲིད་གསུམ་སྲོག་དབང་བསྒྱུརཿ «བསྒྲུབ་སྔགས་དྲག་ཏུ་བཟླ་ཞིང་བརྟུལ་ཞུགས་སྐྱོངཿ རོ་སྙོམས་སྣང་བ་གཏད་མེད་ཆེན་པོར་བཏངཿ བསྐྱེད་རིམ་དམིགས་པའི་འཁྲུལ་འཁོར་གསལ་སྣང་ཐོནཿ དངོས་ཉམས་རྨི་ལམ་རྟགས་མཚན་མཐོང་བའི་ཚེཿ རྫོགས་རིམ་ནམ་མཁའ་ལྟ་བུའི་ཏིང་འཛིན་ནིཿ ལྷ་འདྲེ་གཉིས་རྟོག་གཟུང་འཛིན་དབྱིངས་སུ་གཏོརཿ ཕཊཿ རང་བྱུང་ཡེ་ཤེས་ཤེས་པ་རང་ཐོག་ལྷོདཿ ཅིར་ཡང་མི་དམིགས་རྒྱ་ཆད་ཕྱོགས་ལྷུང་བྲལཿ རྣམ་རྟོག་གྱ་གྱུའི་དགག་སྒྲུབ་ཞེན་པ་ལྷོདཿ སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཉམས་ལེན་གནདཿ མ་བཅོས་རང་བྱུང་ཡེ་ཤེས་ཀྱིཿ གནད་ཀྱི་ངོ་སྤྲོད་སྙན་རྒྱུད་ཞལ་ལས་ཤེསཿ མཆན། ངང་ལུས་འཛིན་ཞེན་ཞིག་ཚེ་གཉན་འབོད་ནིཿ »ཕཊཿ «ཅེས་ལྟ་བའི་ངར་མདངས་ཤུགས་བསྐྱེད་ལཿ» རང་ཉིད་ཁྲོས་མ་ནག་མོའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་གཡང་གཞི་ཐོ་བ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པའི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་པས་སྲིད་གསུམ་གྱི་གཟུགས་ཅན་གཟུགས་མེད་སྡེ་བརྒྱད་འབྱུང་པོ་མ་རུངས་པའི་ཚོགས་དང་བཅས་པ་རྣམས་རང་དབང་མེད་པར་ཤོག་སྐྱ་རླུང་གིས་དེད་པ་བཞིན་དུ་བཀུག་«པར་བསམཿ »ཕཊཿ ཉོན་ཅིགཿ «དང་དུང་དྲག་ཟུང་གཉིས་ཀྱི་མཐརཿ »སྲིད་རྩེ་ནས་མནར་མེད་ཡན་ཆོད་འདུས་ཤིགཿ «དལ་ལ་རིང་བཿ »མྱུར་དུ་འདུས་ཤིགཿ «དྲག་ཅིང་དལ་བཿ »བཀའ་ལས་མ་འདའ་ཞིགཿ «རྔམ་ཞིང་ཟུང་བཿ »དམ་ལས་མ་འདའ་ཞིགཿ «རྔམ་ཞིང་འགྱུར་བཿ »བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིགཿ «དལ་འཇམ་འཁྱུག་པཿ »ཀྱཻཿ མཐོ་སྲིད་པའི་རྩེ་མོ་མན་ཆདཿ དམའ་ན་རག་དམྱལ་ཁམས་ཡན་ཆོད་ན་གནས་པའི་གཟུགས་ཅན་དང་གཟུགས་མེདཿ དཀར་པོ་ལྷ་ཡི་སྡེ་ཚོགསཿ སེར་པོ་གཉན་གྱི་སྡེ་ཚོགསཿ དམར་པོ་བཙན་གྱི་སྡེ་ཚོགསཿ ལྗང་གུས་བདག་གི་སྡེ་ཚོགསཿ སྔོན་པོ་ཀླུ་ཡི་སྡེ༴ ནག་པོ་བདུད་ཀྱི༴ ཁྲ་བོ་གཟའ་ཡི༴ རཀྴ་སྲིན་པོའི༴ ཕོ་མ་མ་ནིང་གི་སྡེ༴ དམུ་དང་ཐེའུ་རང་གི༴ ཕྲ་མེན་མ་མོའི༴ འཇིག་རྟེན་མཁའ་འགྲོའི༴ ཤ་ཟ་མཁའ་འགྲོའི༴ མཐུ་ལྡན་དྲེགས་པའི༴ སྡེ་བརྒྱད་འབྱུང་པོའི་སྡེ་ཚོགསཿ འཁོར་དང་བཅས་པ་སྐད་ཅིག་རང་དབང་མེད་པར་འདིར་ཤོག་འདིར་འདུས་ཤིགཿ ཕཊཿ གཞན་ཡང་རྒྱལ་པོ་བེ་ཧར་མན་ཆོདཿ སེར་གཟུགས་ཁ་འཁྱམས་ཡན་ཆོད༔ ཕོ་གདོན་རྒྱལ་པོའི་སྡེ་ཚོགསཿ དཔལ་ལྡན་ལྷ་མོ་མན་ཆོདཿ གྲོ་རྒྱུག་འདྲེ་མོ་ཡན་ཆོདཿ མོ་གདོནབསེན་མོའི་རིགས་གྱུརཿ དགའ་བོ་འཇོག་པོ་མན་ཆདཿ སྦལ་སྦྲུལ་སྡོམ་སྡིག་ཡན་ཆོདཿ ཀླུ་གདོན་འཛིན་མའིརིགས་གྱུརཿ ཐེ་སེ་རྒྱལ་པོ་མན་ཆོདཿ ས་འབུ་ཐབ་འདྲེ་ཡན་ཆོདཿ གཉན་རིགས་ས་བདག་རིགས་གྱུར་བྱ་མགོ་ལྟེ་ཕུར་མན་ཆོདཿ ར་མགོ་རྐངགཅིག་ཡན་ཆོདཿ བཀའ་འགལ་དམ་སྲིའི་རིགས་གྱུརཿ རོལ་པ་རྐྱ་བདུན་མན་ཆདཿ དམན་བཙན་ཁྲ་མགོ་ཡན་ཆདཿ སྲོག་གཅོད་བཙན་གྱི་སྡེ་ཚོགསཿ གནས་ཉུལ་མཁའའགྲོ་མན་ཆདཿ རིགས་བཞིའི་མི་མོ་ཡན་ཆོདཿ འཇིག་རྟེན་མཁའ་འགྲོའི་རིགས་གྱུརཿ གཟའ་བདུད་མགོ་དགུ་མན་ཆདཿ དུས་འཛིན་ལག་མང་ཡན་ཆོདཿ འཇིག་རྟེན་དབང་བསྒྱུར་སྡེ་ཚོགཿ ནམ་མཁའི་ལྷ་མོ་མན་ཆོདཿ ལྟོ་འཕྱེ་ཆེན་པོ་ཡན་ཆོདཿ འབྱུང་བར་དབང་བའི་རིགས་གྱུརཿ དཔལ་མགོན་སྡེ་ལྔ་མན་ཆདཿ དུག་མགོ་རོ་གཟན་ཡན་ཆདཿ མགོན་པོ་ཕོ་རྒྱུད་ཀྱི་རིགས་གྱུརཿ སྔགས་ཀྱི་སྲུང་མ་མན་ཆད༔ ལྷ་མོ་དུས་འཛིན་ཡན་ཆོདཿ མོ་རྒྱུད་ལྷ་མོའི་རིགས་གྱུརཿ ཤ་ཟ་མཆེད་བདུན་མན་ཆདཿ ས་སྲིན་འབྱུང་པོ་ཡན་ཆདཿ ཤ་ཟ་ཁྲག་འཐུང་རིགས་གྱུརཿ རྗེས་འབྲང་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་ཐམས་ཅད་འདིར་ཤོག་འདིར་འདུས་ཤིགཿ ཕཊཿ གཞན་ཡང་སྐྱེ་མཆེད་མུ་བཞི་མན་ཆོདཿ སུམ་ཅུ་རྩ་གསུམ་ཡན་ཆདཿ ལྷའི་རིགས་སུ་གཏོགས་པཿ སེམས་དཔའ་ཆེན་པོ་མན་ཆདཿ མངལ་འཛིན་རྣམ་ཤེས་ཡ་ཆདཿ མིའི་རིགས་སུ་གཏོགས་པཿ ཐག་བཟང་དེ་དཔོན་མ་ཆདཿ ཕྲག་དོག་ས་འཛིན་ཡན་ཆད་ལྷ་མིན་གྱི་རིགས་སུ་གཏོགས་པཿ སེང་གེ་རབ་བརྟན་མན་ཆདཿ སྲིན་བུ་པདྨ་ཡན་ཆད་དུད་འགྲོའི་རིགས་སུ་གཏོགས་པཿ ཁ་འབར་རྒྱལ་མོ་མན་ཆདཿ ཁ་མེད་ལུས་དུམ་ཡན་ཆད་ཡི་དྭངས་ཀྱི་རིགས༴ མཐུ་ཆེན་སྡེ་བདུན་མན་ཆདཿ བྱུར་འདྲེ་ཕྲན་བུ་ཡན་ཆད་མཁར་རྒྱུའི་རིགསཿ ཆོས་ཀྱི་རྒྱལ་པོ་མན་ཆདཿ ཡུལ་གནས་རྣམ་ཤེས་ཡན་ཆད་དམྱལ་བའི་རིགས༴ ལུས་སྐྱེད་ཕ་མ་མན་བཟུངཿ གནོད་སེམས་ཕྲན་བུ་ཡན་བཟུང་ལན་ཆགས་ཀྱི་རིགས་སུ་གཏོགས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་ཤོག་འདིར་འདུས་ཤིགཿ ཕཊཿ གཞན་ཡང་རྣལ་འབྱོར་པ་བདག་ཅག་ལ་དོ་བསྡོ་ཞིང་ཕོད་བཙུགས་པར་བྱེད་པའི་སྡང་བྱེད་ཀྱི་དགྲཿ གནོད་བྱེད་ཀྱི་བགེགསཿ བར་ཆོད་ཀྱི་རྐྱེནཿ ཚེ་ལེན་གྱི་བདུདཿ ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕགསཿ བདག་འཛིན་རྣམ་རྟོག་ལས་གྱུར་པའི་ལྷ་འདྲེཿ རེ་དོགས་ཆགས་སྡང་ལས་གྱུར་པའི་སྣང་གཟུགསཿ ངར་འཛིན་ཤེས་བྱ་ལས་གྱུར་པའི་ཕན་གནོད་སུ་མངོན་པར་འདུ་ཤེས་པའི་སྲིད་གསུམ་གཟུགས་ཅན་གཟུགས་མེད་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་ཤོག་འདིར་འདུས་ཤིགཿ ཕཊཿ «ཐམས་ཅད་རང་དབང་མེད་པར་འདསཿ ལྷ་མའི་ཁྲོམ་ཚོགས་ཇི་བཞིན་དུཿ ས་གཞིའི་རྡུལ་ལྟར་འཁྲིགས་པར་བསམཿ མི་རྐང་གླིང་བུ་ལན་གསུམ་འབུདཿ སྙིང་རྗེ་བྱང་ཆུབ་སེམས་ལྡན་པསཿ ལྟ་བའི་ངར་དང་མ་བྲལ་བྱཿ དེ་ནས་ཁྲོས་མ་ནག་མོ་ཡིཿ དབང་སྡུད་ཟིལ་གནོན་ཆེན་མོ་ནིཿ »ཕཊཿ« ཅེས་བདག་འཛིན་དབྱིངས་སུ་གཅོདཿ »མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲསཿ མ་གཅིག་རྡོ་རྗེ་རྣལ་འབྱོར་མཿ བདེ་ཆེན་དབྱིངས་ཀྱི་ཌཱཀྐི་མཿ ཁྲོས་མ་ནག་མོ་སྤྱན་འདྲེན་ནོཿ མ་གནས་འདི་ཨོ་རྒྱན་མཁའ་འགྲོའི་གླིངཿ སྤྲིན་ནག་འདུས་པའི་གནས་མཆོག་སྟེཿ ཨུ་ཙ་ལ་ཡི་དུར་ཁྲོད་འཇིགསཿ རི་བོ་ཐམས་ཅད་ཀེང་རུས་རིཿ རྩི་ཤིང་ཐམས་ཅད་མཚོན་ཆར་གཟེངསཿ ཆུ་མིག་ཐམས་ཅད་ཁྲག་རྣག་རྒྱུནཿ སྒྲ་སྐད་ཐམས་ཅད་མཁའ་འགྲོའི་བརྡཿ འབྱུང་ལྔའི་རང་སྒྲ་རྒྱོབ་སོད་སྒྲོགསཿ དུས་གསུམ་སངས་རྒྱས་ཡ་ང་ཞིངཿ ཁྲོ་བཅུ་རྒྱུ་བར་མི་ནུས་ཤིངཿ ཕྱག་ན་རྡོ་རྗེ་འཇིགས་པའི་གནསཿ རྩུབ་འགྱུར་འཇིགས་པའི་གཞལ་ཡས་ནསཿ མ་གཅིག་རྡོ་རྗེ་རྣལ་འབྱོར་མཿ ཁྲོས་མ་ནག་མོ་དེ་ན་བཞུགསཿ སྐུ་སྤྲུལ་བདེ་ཆེན་དཀར་མོ་དངཿ ཡོན་ཏན་སེར་མོ་དོན་གྲུབ་མཿ གསུང་སྤྲུལ་དམར་མོ་སྒྲ་སྒྲོགས་མཿ ཕྲིན་ལས་སྣ་ཚོགས་མཐར་ཕྱིན་བཅསཿ རང་རང་རིགས་ཀྱི་འབུམ་ཕྲག་འཁོརཿ གུས་པའི་ཡིད་ཀྱིས་གསོལ་འདེབས་ཤིངཿ གདུང་བའི་ང་རོས་སྤྱན་འདྲེན་ནོཿ མ་ཐུགས་རྗེས་གཟིགས་ལ་གཤེགས་སུ་གསོལཿ མ་ཁྲོས་མ་ནག་མོ་བྱོན་པའི་ཚེཿ ཆོས་ཉིད་ལྟ་བའི་ཉམས་ལྡན་ཞིངཿ ཡེ་ཤེས་ལྔ་ཡི་ཐུགས་རྗེ་འཕྲོཿ བྱིན་རླབས་དངོས་གྲུབ་ཆར་རྒྱུན་འབེབསཿ ཉོན་མོངས་དུག་ལྔ་རང་སར་གྲོལཿ ཤེས་སྒྲིབ་གཟུང་འཛིན་དབྱིངས་སུ་གཅོདཿ མ་དག་འཁྲུལ་པའི་འཛིན་ཞེན་ཞིགཿ ལྷ་དག་འདྲེར་འཛིན་རྟོག་ངན་གྲོལཿ བདེ་སྟོང་མཉམ་ཉིད་ལྷང་ངེ་བཿ མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབསཿ འཛིན་ཞེན་སེམས་ཀྱི་ཆོ་འཕྲུལ་ལསཿ སྣང་ཞིང་སྲིད་པའིལྷ་འདྲེའི་གཟུགསཿ སྲིད་གསུམ་གཟུགས་ཅན་གཟུགས་མེད་ཀུནཿ གནས་གདོན་ལུས་གདོན་གཙོ་བྱས་པའིཿ འདིར་གནས་སྣང་སྲིད་ལྷ་འདྲེའི་ཚོགསཿ དབང་དུ་སྡུས་ལ་ཟིལ་གྱིས་གནོནཿ མ་ཁྲོས་མ་ནག་མོས་དབང་སྡུད་ཚེཿ ཕྱག་གཡས་མི་ལྤགས་གཡང་གཞི་ནིཿ ཁྲག་དང་རྣག་གི་ཆར་རྒྱན་འབེབསཿ དུག་རླངས་མཚོན་གྱི་འོདཟེར་འཕྲོསཿ ནམ་མཁའི་ཁམས་སུ་གཡུགས་པའི་ཚེཿ སྟེང་གདོན་མ་ལུས་ཆོམ་ལ་འབེབསཿ བར་སྣང་ཁམས་སུ་གཡུགས་པའི་ཚེཿ བར་གདོན་འབྱུག་པོའི་དམྱལ་ཐག་གཅོདཿ དབང་ཆེན་གཞི་ལ་བརྡབ་པ་ཡིསཿ འོག་གདོན་འབྱུང་པོ་རྡུལ་དུ་རློགཿ སྲིད་གསུམ་གནས་སུ་གཡུགས་པ་ཡིསཿ གཟུགས་ཅན་གཟུགས་མེད་དྲན་མེད་བརྒྱལཿ མ་དབང་སྡུད་མཁའ་འགྲོའི་མཐུ་མ་ཆུངཿ མི་ལྤགས་གཡང་གཞི་རྩལ་མ་ཞནཿ ལས་བྱེད་མཁའ་འགྲོ་བང་མ་བུལཿ དབང་དུ་སྡུས་ལ་དཔའ་སྐུམ་ཞིགཿ མ་མཆོག་ཆེན་རྐང་གི་གླིང་བུ་ལསཿ ཆོས་ཉིད་དྲག་པོའི་རང་སྒྲ་སྒྲོགསཿ རིགས་ལྔའི་ཌཱཀྐི་འདར་བྱེད་ནཿ སྲིད་གསུམ་གནས་པ་ལྟ་ཅི་སྨོསཿ ཁྲོ་བོ་ཁྲོ་མོ་བརྒྱལ་བྱེད་ནཿ གདུག་སེམས་ལྡན་པ་སྨོས་ཅི་དགོསཿ སྐུ་གསུམ་ཞིང་གི་རྒྱུད་བསྐུལ་ནཿ སེམས་ཅན་འཛིན་ལྡན་དྲན་པ་ཉམསཿ མ་ལྷ་འདྲེ་རིགས་དྲུག་སེམས་ཅན་དངཿ གནས་གདོན་ལུས་གདོན་འབྱུང་པོའི་ཚོགསཿ ཁྲོས་མ་ནག་མོའི་ཟིལ་གྱིས་གནོནཿ མི་རྐང་གླིང་བུ་ངར་མ་ཆུངཿ སྤྲུལ་པའི་མཁའ་འགྲོ་བང་མ་བུལཿ ཟིལ་གྱིས་གནོན་ལ་འཆིང་བར་མཛོདཿ མ་གཅིག་མཁའ་འགྲོ་སྡེ་ལྔ་མཿ ཕག་ཞལ་ངུར་སྒྲས་སྲིད་གསུམ་གཡོཿ ཞབས་གཉིས་ཁྲིག་ཁྲིག་ས་ལ་རྡེབསཿ རྡོ་རྗེའི་གར་སྟབས་བསྒྱུར་བ་ཡིསཿ ཡེ་ཤེས་མཁའ་འགྲོ་མན་ཆད་དངཿ མནར་མེད་སེམས་ཅན་ཡན་བཟུང་ཀུནཿ སྲིད་གསུམ་གཟུགས་ཅན་གཟུགས་མེད་ཚོགསཿ སྔགས་སྐྲག་འདར་ཞིག་དཔལ་ཞུམ་ནསཿ དབང་དུ་སྡུས་ལ་ཟིལ་གྱིས་གནོནཿ བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ནསཿ སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོགཿ ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་ལཿ གྲངས་མེད་སྤྲུལ་པའི་ཚོགས་དང་བཅསཿ ཕྱི་རོལ་མཚོན་ཆའི་གུར་གྱིས་བསྐོརཿ བྲོས་ཤིང་འཁྱམས་པའི་དབང་མེད་པརཿ དད་ཅིང་གུས་པས་གནས་པར་གྱུརཿ ཕཊཿ «གླིང་བུའི་སྒྲ་སྒྲོགས་གར་སྟབས་མང་དུ་བསྒྱུརཿ ཆོས་ཉིད་ཉམས་ཀྱི་སྣང་བ་གཏད་མེད་བཏངཿ »ཕཊཿ དེ་ལྟར་སྤྲུལ་དག་སྤྲུལ་གཞི་སེམས་ལས་བྱུངཿ ལྷ་འདྲེ་སེམས་ཡིན་དགྲ་གཉེན་འཛིན་པའང་སེམསཿ དགའ་སྡུག་ཆགས་སྡང་རེ་དོགས་གཙག་རྩོག་སོགསཿ བཟང་ངན་གཉིས་རྟོག་བདག་འཛིན་སེམས་ལས་བྱུངཿ ཐམས་ཅད་ཆོད་ཚེ་མ་གཅིག་ཐུགས་ཀློང་འདྲེསཿ བྱིན་གྱིས་རློབས་ཤིག་མ་གཅིག་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་རྡོ་རྗེ་རྣལ་འབྱོར་མཿ རྟོགས་པ་སྤོར་ཅིག་བདུད་འདུལ་ཁྲོས་མ་ནགཿ བར་ཆད་སོལ་ཅིག་རིགས་བཞིའི་མཁའ་འགྲོའི་ཚོགསཿ ལུས་ལ་སྐུ་ཡི་བྱིནགྱིས་བརླབ་ཏུ་གསོལཿ ན་ཚ་ལམ་སློང་རྐྱེན་ངན་གྲོགས་སུ་འཆརཿ མ་གཅིག་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ བར་ཆད་གྲོགས་དང་བདེ་སྡུག་རྒྱན་དུ་ཤརཿ མ་གཅིག་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ ཉོན་མོངས་རྒྱན་ཤར་བདག་འཛིན་རང་སར་གྲོལཿ མ་གཅིག་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ལྟ་བ་གཏད་མེད་རྒྱ་ཡན་བྱིན་གྱིས་རློབསཿ སྒོམ་པ་བློ་བྲལ་གཏད་མེད་བྱིན་གྱིས་རློབསཿ སྤྱོད་པ་ཆལ་མ་ཆོལ་མར་བྱིན༴ འབྲས་བུ་རེ་དོགས་བྲལ་བར་བྱིན༴ ཡི་དམ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ རིག་རྩལ་ཡེ་ཤེས་ལྔ་ཡི་མཁའ་འགྲོ་སྟེཿ ཡེ་ནས་རང་དང་ཡི་དམ་འདུ་འབྲལ་མེདཿ མ་གཅིག་ཁྱོད་ཀྱི་དགོངས་ཀློང་རོ་གཅིག་འདྲེསཿ ཕཊཿ «གང་ཡང་འཛིན་ཞེན་བྲལ་བ་རུཿ རིག་པ་ལས་ཙམ་ངང་དུ་བཞགཿ རེས་འགའ་ལུས་ཀྱི་གྲར་སྟབས་བསྒྱུརཿ ངག་གིས་ཧཱུྃ་ཕཊ་གད་རྒྱངས་སྒྲོགསཿ སེམས་ཀྱི་གང་ཤར་ངོ་ལ་བལྟཿ རེས་འགལ་བརྟུལ་ཞུགས་རོཉལ་གྱིསཿ ངག་གི་སྨྲ་བ་རྒྱུན་བཅད་དེཿ རིག་པ་ནམ་མཁའི་དབྱིངས་སུ་གཏདཿ གང་ཡང་འཛིན་མེད་ཁྲལ་མ་ཁྲོལཿ དགའ་སྡུག་གཉིས་མེད་ཆ་ལ་མ་ཆོལཿ ཉམས་ཀྱི་སྣང་བ་འར་མ་འུརཿ དམ་ཚེག་མོས་གུས་འལ་མ་འོལཿ ལྷ་དང་འདྲེར་འཛིན་དབྱིངས་སུ་ཡལཿ དེ་ཚེ་རང་སྣང་དབང་འདུས་ཤིང་ཿ གཞན་སྣང་ཟིལ་གྱིས་གནོན་པ་སྟེཿ སྔ་མ་སྔ་རུ་ནོན་པ་ཡིསཿ མན་ངག་གདེངས་དང་ལྡན་པའོཿ གཉིས་པ་དངོས་བཞིའི་ཉམས་ལེན་ནིཿ ནམ་མཁའ་སྒོ་འབྱེད་མན་ངག་སྟེཿ ལུས་ནི་དུར་ཁྲོད་རོ་་བཞིན་བཞགཿ རླུང་གནད་སྨད་དུ་བསྐྱིལ་ཞིང་གཟིརཿ ངག་གནད་བག་ཡང་ཅི་དགར་སྤྱོདཿ སེམས་ནི་ནམ་མཁའི་དབྱིངས་སུ་གཏོདཿ རྣམ་རྟོག་གང་ཤར་ཕཊ་གྱིས་གཅོདཿ རྩུབ་ན་ཧ་ཧའི་གད་རྒྱངས་སྒྲོགསཿ བདེན་ངོ་བོའི་རྩ་གདར་བཅདཿ བྱིངས་ན་ནམ་མཁའི་མཐོངས་སུ་གཏདཿ བཟང་རྟོག་ངན་རྟོག་ལུང་མ་བསྟནཿ གང་ཡང་བདག་མེད་རང་གྲོལ་ངངཿ སྤང་བླང་འཛིན་བྲལ་ཆོས་ཉིད་གཤིསཿ གཉུག་མའི་གནད་ལ་གོམ་བྱའོཿ སྐབས་སུ་ཐུགས་དང་རྒྱུད་བསྐུལ་གྱིཿ བྱིན་རླབས་གནད་འབེབས་རིང་མོ་ནིཿ མི་དང་གླིང་བུ་དྲག་ཏུ་བརྒྱུདཿ ཅང་ཏེའུ་དྲིལ་བུའི་སྒྲ་སྒྲོག་ཅིངཿ »ཕཊཿ སྣང་བ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁངཿ འོག་མིན་ཆོས་དབྱིངས་གཏུམ་དྲག་རོལ་པའི་ཞིངཿ རང་རིག་མ་བཅོས་རྗེ་བཙུན་རྣལ་འབྱོར་མཿ གསལ་སྟོང་ཐུགས་ཀའི་འོད་ཀྱིས་ཞིང་ཁམས་བསྐུལཿ བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུནཿ བྱིན་རླབས་ཐུགས་རྗེའིཤུགས་ཀྱིས་རྒྱུད་སྨིན་ནསཿ དབང་དང་དངོས་གྲུབ་ཐོབ་ཅིག་འཛིན་པ་གྲོལཿ ཀུན་བཟང་ཡུམ་དང་དགོངས་པ་མཉམ་པར་གྱུརཿ ན་མོཿ འོག་མིན་ཆོས་དབྱིངས་མཐུས་མཐའ་བྲལ་བ་ནསཿ དང་པོའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་གཉིསཿ ཐུགས་རྒྱུད་དགོངས་པ་རྟོགས་པར་བྱིན་རློབས་ལཿ སྐྱེ་མེད་ཆོས་སྐུའི་རིག་པ་མངོན་གྱུར་སྩོལ༔ ལྔ་ལྡན་ལོངས་སྐུ་ཆེན་པོའི་ཞིང་ཁམས་ནསཿ འཁོར་ལོས་སྒྱུར་རྒྱལ་སྟོན་པ་འོད་མི་འགྱུརཿ ཞི་ཆགས་ཁྲོ་བོའི་འཁོར་ཚོགས་དཔག་ཏུ་མེདཿ བར་སྣང་རྣམ་པར་དག་པར་བྱིན་ཕོབ་ལཿ ཡེ་ཤེས་ལྔ་ལྡན་དངོས་གྲུབ་མཆོག་སྩོལ་ཅིགཿ ཕྱེད་སྤྲུལ་ལོངས་སྐུའི་ཞིང་ཁམས་ཆེན་པོ་ནསཿ སྟོན་པ་རིགས་ཀྱི་གཙོ་བོ་རྣམ་པ་ལྔཿ བྱང་སེམས་རིག་འཛིན་མཁའ་འགྲོའི་འཁོར་དང་བཅསཿ འགྲོ་ཀུན་ཐུགས་རྗེས་འཛིན་པར་བྱིན་རློབས་ལཿ རང་གྲོལ་གཉུག་མའི་གཤིས་ཀྱི་དངོས་གྲུབ་སྩོལཿ ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོ་ནཿ སྟོན་པ་རིགས་ཀུན་ཁྱབ་བདག་དྲི་མ་མེདཿ ཤེས་རབ་ཡུམ་མཆོག་མ་གཅིག་ཡུམ་ཆེན་མོཿ ཐུགས་རྗེ་རང་གྲོལ་སྤྲུལ་པའི་འཁོར་ཚོགས་བཅསཿ གསོལ་བ་འདེབས་སོ་སྐལ་ལྡན་མོས་པའི་བུརཿ ཐུགས་རྗེས་གཟིགས་ཤིག་སྐྱབས་གནས་བླ་མ་རྗེཿ བྱིན་གྱིས་རློབས་ཤིག་མ་གཅིག་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མ་ནགཿ བར་ཆད་སོལ་ཅིག་རིགས་བཞིའི་མཁའ་འགྲོའི་ཚོགསཿ ཕྲིན་ལས་སྒྲུབས་ཤིག་ཞི་ཆགས་ཁྲོ་བོའི་ལྷཿ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངསཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ མ་དག་ལུས་ཀྱི་འཛིན་ཞེན་རང་གྲོལ་ནསཿ རྩོལ་མེད་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ ཐ་མལ་སྒྲ་ཚིག་འཛིན་ཞེན་རང་གྲོལ་ནསཿ འགགས་མེད་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ འཁྲུལ་རྟོག་སེམས་ཀྱི་འཛིན་ཞེན་རང་གྲོལ་ནསཿ སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབསཿ རྩུབ་འགྱུར་ཚལ་གྱི་དུར་ཁོད་ཆེན་པོ་ནསཿ གསང་བདག་སྟོན་པ་དགའ་རབ་དཔའ་བོ་དངཿ ཤེས་རབ་ཡུམ་ཆོག་རྡོ་རྗེ་རྣལ་འབྱོར་མཿ ཐུགས་སྤྲུལ་དཔའ་བོ་དཔའ་མོའི་འཁོར་ཙོགས་བཅསཿ གསོལ་བ་འདེབས་སོ་སྐལ་ལྡན་མོས་པའི་«སོགས་གོང་ལྟར་འགྲེའོ། »འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ནསཿ རིག་འཛིན་རྗེ་བོ་པདྨ་བཛྲ་དངཿ ཤེས་རབ་ཡུམ་ཆོག་བདེ་སྟེར་ཌཱཀྐི་མཿ འཛིན་པ་རང་གྲོལ་རྣལ་འབྱོར་ཕོ་མོའི་ཚོགསཿ གསོལ་བ་འདེབས་སོ་སྐལ་ལྡན༴ «སོགས། »མེ་རི་དགུ་ཀློང་འཁྱིལ་པའི་དུར་ཁྲོད་ནསཿ སྟོན་པ་ཁྲག་འཐུང་ཆེ་མཆོག་འདུས་པ་རྩལཿ ཤེས་རབ་ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་མཿ ཡི་དམ་ཁྲོ་བོ་ཁྲོ་མོའི་འཁོར་ཚོགས་བཅསཿ གསོལ་བ༴ «སོགས།» གཏུམ་དྲག་མེ་ལྟར་འབར་བའིདུར་ཁོད་ནསཿ ཡི་དམ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ ཐབས་མཆོག་གསང་བ་རིགས་ལྔའི་ཧེ་རུ་ཀཿ ཡེ་ཤེས་ལས་མཛད་མཁའ་འགྲོའི་འཁོར་ཚོགས་བཅསཿ གསོལ་བ་འདེབས་སོ༴ «སོགས།» རབ་འཇིགས་ཨུ་ཙ་ལ་ཡི་དུར་ཁྲོད་ནསཿ འཁོར་འདས་དབང་སྡུད་སྣང་སྲིད་ཟིལ་གནོན་མཿ མ་གཅིག་ཡུམ་ཆེན་མཁའ་འགྲོ་ཁྲོས་མའི་རྒྱལཿ ཌཱཀྐི་བྱེ་བ་འབུམ་སྡེའི་ཚོགས་དང་བཅསཿ གསོལ་བ་འདེབས་སོ༴ «སོགས། »སྣང་སྲིད་ཟིལ་གནོན་ཆོས་སྐུའི་ཞིང་ཁམས་ནསཿ ཐབས་མཆོག་བདེ་ཆེན་བཛྲ་ཧེ་རུ་ཀཿ ཤེས་རབ་ཡུམ་མཆོག་བདེ་བ་དབྱིངས་སྒྲོན་མཿ འཛིན་པ་རང་གྲོལ་རིག་འཛིན་ཕོ་མོའི་ཚོགསཿ གསོལ༴ «སོགས། »འབྲལ་མེད་སྤྱི་གཙུག་བདེ་ཆེན་འཁོར་ལོ་ནཿ བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་རྗེཿ ཤེས་རབ་ཡུམ་མཆོག་མཆོག་གིཕོ་ཉ་མོཿ འཛིན་པ་རང་གྲོལ་རྡོ་རྗེ་མཆེད་ལྕམ་འཁོརཿ གསོལ་བ༴« སོགས། »ཡི་དམ་ཁྲོས་མ་རྡོ་རྗེ་རྣལ་འབྱོར་མཿ སྐུ་མདོག་མཐིང་ནག་ནམ་མཁའི་མདོག་གསལ་ལསཿ ཆོས་ཉིད་འགྱུར་བ་མེད་པའི་ཌཱཀྐི་འབུམཿ སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས་པ་ལསཿ སྐུ་གསུམ་ཞིང་ཁམས་ཉུལ་བའི་ཌཱཀྐི་འབུམཿ ཞལ་གདངས་མཆེ་བ་རབ་ཏུ་གཙིགས་པ་ཡིསཿ སྲིད་གསུམ་ཟས་སུ་ཟ་བའི་ཌཱཀྐི༴ ཕྱག་གཡས་མི་ལྤགས་གཡང་གཞི་ཕྱར་བ་ཡིསཿ སྣང་སྲིད་དང་དུ་འདུད་པའི་ཌཱཀྐི༴ གཡོནཔས་མི་རྐང་གླིང་བུའི་སྒྲ་སྒྲོགས་པསཿ སྲིད་གསུམ་ཟིལ་གྱིས་གནོན་པའི་ཌཱཀྐི༴ ཞབས་གཉིས་དྲག་པོའི་སྟབས་བྲོ་འཁྲབ་པ་ཡིསཿ དགྲ་གདོན་ཐལ་བར་བརླག་པའི་ཌཱ༴ དབུ་སྐྲ་དམར་སེར་ས་ལ་འཁྱིལ་བ་ཡིསཿ ཐུགས་རྗེས་རྗེས་འཛིན་མཛད་པའི་ཌཱ༴ བྷ་ག་རྒྱས་ཤིང་ནུ་མ་འབུར་བ་ཡིསཿ བདེ་སྟོང་ཡེ་ཤེས་སྟེར་བའི་ཌཱཀྐིཿ ཕག་སྐད་ནམ་མཁའི་དབྱིངས་སུ་སྒྲོགས་པ་ཡིསཿ ཐུགས་དམ་རྒྱུད་བསྐུལ་མཛད་པའི༴ བད་ཉི་རོ་ཡི་གདན་ལ་འགྱིངས་པ་ཡིསཿ མ་དག་སྐྱེ་སྒོ་གཅོད་པའི་ཌཱཀྐི༴ རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ་ཡིསཿ དོན་དམ་སྙན་རྒྱུད་འཛིན་པའི་ཌཱཀྐི༴ མི་མགོ་སྙིང་གི་ཕྲེང་བས་བརྒྱན་པ་ཡིསཿ འཁྲུལ་པ་དབྱིངས་སུ་དག་པའི༴ སྨ་ར་སྨིན་མ་མེ་ལྟར་འབར་བ་ཡིསཿ ལས་ཉོན་བག་ཆགས་བསྲེགས་པའི༴ བྷནྡྷ་བྱང་སེམས་དཀར་དམར་གཏམས་པ་ཡིསཿ མཆོག་ཐུན་དངོས་གྲུབ་སྟེར་བའི༴ རེས་འགའ་རྡོ་རྗེ་གྲི་གུག་བསྣམས་པ་ཡིསཿ བདག་འཛིན་རྩད་ནས་ཆོད་པའི་ཌཱཀྐི༴ ཐུགས་རྗེའི་ཆགས་པས་ཆུ་རྒྱུན་འབེབས་པ་ཡིསཿ སྦྱོར་བ་ལྷན་སྐྱེས་རྩལ་རྫོགས༴ ཧཱུྃ་ཕཊ་གད་རྒྱངས་སྲིད་གསུམ་གཡོ་བ་ཡིསཿ སྒྲོལ་བ་གནས་སུ་སྤོར་བའི༴ ཐུགས་ཉིད་སྤྲོས་བྲལ་ཡེ་ཤེས་ལྔ་ལྡན་པཿ གཞི་ལམ་འཁྲུལ་མ་མྱོང་བའི་ཌཱཀྐི༴ སྐུ་ཡི་རིགས་ཀྱི་ཌཱཀྐི་དཀར་མོ་འབུམཿ གསུང་གི་རིགས་ཀྱི་ཌཱཀྐི་དམར་མོ་འབུལཿ ཐུགས་ཀྱི་རིགས་ཀྱི་ཌཱཀྐི་མཐིང་ག་འབུམཿ ཡོན་ཏན་རིགས་ཀྱི་ཌཱཀྐི་སེར་མོ་འབུམཿ ཕྲིན་ལས་རིགས་ཀྱི་ཌཱཀྐི་ལྗང་མོ་འབུམཿ གསོལ་བ་འདེབས་སོ་མ་གཅིག་ཡུམ་ཆེན་མོཿ དབང་དང་བྱིན་རླབས་དངོས་གྲུབ་ད་སྩོལ་ཅིགཿ སྐལ་ལྡན་སྒྲུབ་པོ་རྣམས་ལ་བརྡ་ཆོས་སྟོནཿ སྐལ་མེད་ལོག་ལྟ་ཅན་གྱི་སྣང་སེམས་བསྒྱུརཿ ཉམས་པའི་དགྲ་གདོན་རྣམས་ལ་ཆད་པ་ཆོདཿ བདག་ཅག་མོས་པའི་བུ་ལ་བྱིན་མ་ཆུངཿ སྣང་བ་འལ་མ་འོལ་མར་བྱིན་གྱིས་རློབསཿ སྤྱོད་པ་ཆལ་མ་ཆོལ་མར་བྱིན་གྱིས་རློབསཿ འཛིན་པ་ཁྲལ་མ་ཁྲོལ་མར་བྱིན༴ ཉམས་མྱོང་འར་མ་འུར་མར་བྱིན༴ སྐད་ཅིག་མྱུར་བ་ཉིད་དུ་བྱིན་གྱིས་རློབསཿ མ་གཅིག་ཁྱེད་ཀྱི་ཐུགས་ཀློང་དབྱེར་མེད་འདྲེསཿ དགོངས་པའི་རྩལ་རྫོགས་ཉོན་མོངས་དབྱིངས་སུ་དགཿ འཁོར་འདས་མཉམ་ཉིད་སྤྲོས་བྲལ་བདེ་བ་ཆེཿ སྣང་སྲིད་དབང་འདུས་འབྲས་བུ་དེ་ཉིད་མཐོངཿ ཡེ་ཤེས་ལྔ་ལྡན་སྐུ་ལྔ་ལྷུན་གྲུབ་ཅིངཿ འཕོ་བ་ཆེན་པོ་རྡོ་རྗེའི་སྐུར་འགྲུབ་ཤོགཿ ཨེ་ཨཱ་རལླི་གུ་རུ་དྷེ་ཝ་ཌཱ་ཀི་ནི་སརྦ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾ་ཨ་ཨ་ཨཱཿ« དེ་ཚེ་ཉམས་ཀྱི་སྣང་བ་བུརཿ བསྐང་བཞག་མེད་པའི་ཆོས་ཉིད་ལཿ རྟོག་དཔྱོད་བྲལ་བའི་རིག་པའི་གཤིསཿ འགྲོ་འོང་ལས་འདས་ཆོས་ཀྱི་དབྱིངསཿ འབྲས་བུའི་གྲོལ་ས་ཆེན་པོ་སྟེཿ ཡུམ་ཆེན་དགོངས་དོན་རྟོགས་འགྱུར་རོཿ ཁྲེགས་ཆོད་ལྟ་བའི་མཐར་ཐུག་གནདཿ འོད་གསལ་རྫོགས་པ་ཆེན་པོའི་དོནཿ གནད་ཀྱི་མན་ངག་འདིས་རྟོགས་སོཿ གསུམ་པ་རྗེས་ཀྱི་རིམ་པ་ནིཿ ཉམས་ལེན་ཕུང་པོའི་མཆོད་སྦྱིན་བྱཿ གནད་ཀྱི་མན་ངག་ཟབ་མོ་སྟེཿ གསང་བདག་དགའ་རབ་དཔའབོ་ཡིསཿ ཐུགས་ལས་ཐུགས་སུ་བརྒྱུད་པ་སྟེཿ བརྡ་བསྒྱུར་སྤྲུལ་པའི་ཡི་གེ་ལསཿ བཻཌཱུརྻ་ཡི་དགོངས་དོན་ནོཿ བཛྲ་དཔའ་བོས་བརྗོད་པའི་ཚིགཿ ཡི་གེའི་འདུ་བྱེད་ཆོས་ཀྱི་བདགཿ རིག་པའི་ཡེ་ཤེས་ཀྱིས་བགྱིས་པསཿ མ་འོངས་བྱམས་པའི་བསྟན་པའི་བརཿ ཆོས་འདིས་འགྲོ་དོན་འབྱུང་བར་ཤོགཿ མངྒ་ལཾ།། །།