བདེ་མཆོག་བཀའ་སྲུང་དཔལ་ལྡན་དུར་ཁྲོད་བདག་པོའི་བསང་མཆོད།

From Khyentse Lineage - A Tsadra Foundation Project
Revision as of 17:21, 6 June 2024 by Mort (talk | contribs)
Wylie title bde mchog bka' srung dpal ldan dur khrod bdag po'i bsang mchod
Location dpal sprul bka' 'bum
Volume 6, Text 17, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Smoke Offerings - bsangs mchod - lha bsang
Colophon

།ཅེས་པའང་དགེ་སློང་རྡོ་རྗེ་འཛིན་པ་གང་གི་བཀའ་བསྐུལ་ནས་རིག་སྟོང་འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་མོས་པ་ཨ་བུ་ཧྲལ་པོས་བྲིས། །

/ces pa'ang dge slong rdo rje 'dzin pa gang gi bka' bskul nas rig stong 'khor lo sdom pa'i rnal 'byor la mos pa a bu hral pos bris/_/

[edit]
༄༅། །བདེ་མཆོག་བཀའ་སྲུང་དཔལ་ལྡན་དུར་ཁྲོད་བདག་པོའི་བསང་མཆོད་བཞུགས།


བདེ་མཆོག་བཀའ་སྲུང་དུར་ཁྲོད་བདག་པོའི་བསང་ནི། རཾ། ཡེ་ཤེས་གཏུམ་མོ་བདེ་ཆེན་ཙན་དྲ་ལི། ། ཕྱི་རུ་བསྲེག་ཟ་འབྱུང་བ་འབར་བའི་མེ། །སྨིན་དང་དྲོད་བསྐྱེད་བཞུ་བསྲེག་ལས་ལ་དབང་། ། ནང་དུ་ཐིག་ལེ་གཏུམ་མོ་ཉི་མའི་དལ། །ཡཾ། ཡང་ཞིང་གཡོ་འདེགས་འབྱུང་བ་ཕྱི་ཡི་རླུང་། ། རྣམ་རྟོག་སྲོག་འཛིན་རྒྱུ་བ་ནང་གི་རླུང་། །དངས་མ་འོད་ལྔ་ཡེ་ཤེས་དོན་གྱི་རླུང་། །འཁོར་འདས་ཁམས་ལ་རླུང་ལྔའི་རང་དབང་བསྒྱུར། །ཁཾ། རླན་ཞིང་སྡུད་བྱེད་ཆུ་ཁམས་འབྱུང་བའི་ཀློང་། །དཔྱིད་ཀྱི་གོང་བུ་ཟླ་གཞོན་བདེ་ཆེན་འཛག །རིག་སྟོང་ཡེ་ཤེས་དོན་གྱི་ཏི་ལ་ཀ །བདེ་བའི་རོལ་མོ་སྣ་ཚོགས་ཅིར་ཡང་སྣང་། །རཾ་ཡཾ་ཁཾ། ཕྱི་རུ་འབྱུང་བ་ནང་དུ་དཀར་དམར་རླུང་། ། དོན་དུ་ཡེ་ཤེས་ཆེན་པོའི་བྱིན་བརླབས་ཀྱིས། །འཁོར་འདས་བདེ་ཆེན་ཀློང་དུ་བཞུ་ཞིང་བསྲེག ། སྣ་ཚོགས་མཆོད་པའི་སྤྲིན་དུ་སྨིན་བསྡུས་ཕྱེ། །ཀྱེ་གཡོ་བའི་རང་བཞིན་དཀྱིལ་འཁོར་རྣམ་པ་བཅུ། གཡོ་བས་སྦར་བ་གཏུམ་མོ་འབར་བའི་མེ། །བདེ་བའི་རང་བཞིན་བདུད་རྩིའི་བསང་མཆོད་འདི། །བདེ་མཆོག་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་བསང་། །ཆགས་པའི་རྡུལ་ཆ་ཟད་པའི་ཧེ་རུ་ཀ །མཁའ་ལ་རི་བོང་འཛིན་པའི་དཀྱིལ་འཁོར་བཞིན། །དཀར་ཆ་སྐུ་ཡི་ངོ་བོར་ལེགས་བཞུགས་པ། །བཀའ་སྲུང་དུར་ཁྲོད་བདག་པོ་ཡབ་ཡུམ་བསང་། །ཟླ་བའི་རང་བཞིན་སྐུ་ཡི་འཕྲོ་འདུ་ལས། །རྟོག་མེད་ཡེ་ཤེས་གསང་བའི་དུར་ཁྲོད་དུ། །རྣམ་རྟོག་ཐོལ་སྐྱེས་རྒྱུ་བའི་སྲོག་བསྐྱེད་པ། །སྲོག་བདག་དུར་ཁྲོད་བདག་པོ་ཡབ་ཡུམ་བསང་། །གཟུང་འཛིན་ཆགས་སྡང་ཤི་བའི་རོས་གང་བའི། །དབུ་མ་སྒྲ་གཅན་ནང་གི་དུར་ཁྲོད་དུ། །དངས་མའི་བདེ་ཆེན་བམ་ལ་རྟག་རོལ་པའི། །རྟོག་བྲལ་དུར་ཁྲོད་བདག་པོ་ཡབ་ཡུམ་བསང་། །དབུགས་བྲལ་ མཾ་ས་བདུད་རྩི་ར་ས་ཡ། །བརྟུལ་ཞུགས་སྤྱོད་འོས་ཕྱི་ཡི་དུར་ཁྲོད་དུ། །གནས་ཡུལ་མཁའ་འགྲོའི་འདུ་བ་ལ་དགྱེས་པ། །ལྷ་མཆོག་དུར་ཁྲོད་བདག་པོ་ཡབ་ཡུམ་བསང་། །ཁྱོད་ནི་བདེ་བའི་རང་བཞིན་གཅིག་པུ་ཞེས། །བདེ་ཆེན་ཐིག་ལེ་དཀར་པོའི་རྣམ་རོལ་གྱིས། །བདེ་མཆོག་དཀྱིལ་འཁོར་འཁོར་ལོའི་བཀའ་སྡོད་ཕྱིར། །བདེ་སྟོང་ཡེ་ཤེས་བསང་གིས་མཆོད་པ་འབུམ། ། ཀྱེ་བདེ་མཆོག་རྣམ་རོལ་ཞུ་བདེའི་བསང་མཆོད་འདིས། །བདུད་རྩིའི་མཆོད་ཡོན་ཟླ་བའི་དབྱིངས་ནས་འཛག །རྩ་འཁོར་མེ་ཏོག་གནས་ཡུལ་ངོ་བོར་བཀྲམ། །ཞུ་བདེའི་དྲི་བསུང་འཛག་མེད་ཀློང་ནས་འཐུལ། །གཏུམ་མོའི་མར་མེ་སྤྲུལ་པའི་འཁོར་ལོར་སྦར། །རྟོག་མེད་ཞལ་ཟས་དགའ་བཞིའི་ངོ་བོར་བཤམས། །བདེ་བའི་རོལ་མོ་བདེ་སྐྱོང་འཁོར་ལོ་སྒྲོགས། ། ཟག་བྲལ་འདོད་ཡོན་བདུད་རྩིའི་བསང་མཆོད་འདིས། །བདེ་མཆོག་དུར་ཁྲོད་བདག་པོ་ཡབ་ཡུམ་བསང་། །གཟུང་འཛིན་དྲི་མ་སྤངས་པའི་རླུང་གི་རྟ། །བདེ་ཆེན་དཀར་ཆ་འཛག་པའི་ཁམས་ཀྱི་ལུག །སྟོང་ཉིད་དབྱིངས་ལ་སྤྱོད་པའི་ཡེ་ཤེས་བྱ། །མཉམ་ཉིད་བདུད་རྩི་རོལ་པའི་རོ་མཉམ་ཁྱི། །རྟོག་བྲལ་རོ་ལ་དགྱེས་པའི་ལྕེ་སྤྱང་སོགས། །བདེ་བའི་རོལ་མོས་སྤྲུལ་པའི་བསྐང་རྫས་འདིས། །ལྷ་མཆོག་ཁྱོད་ཀྱི་དགྱེས་པ་བསྐྱེད་གྱུར་ཅིག །རྟོག་མེད་ཆོས་ཉིད་དབྱིངས་ཀྱི་དུར་ཁྲོད་དུ། །ཁམས་གསུམ་བདེ་ཆེན་གཅིག་གི་ཀློང་དུ་ཤི །དཀར་ཆའི་རུས་དུམ་རྩ་ཁམས་དབྱིངས་སུ་བཀྲམ། །བདུད་རྩི་ཀླད་པ་འཁོར་ལོ་ལྔ་རུ་འཛག །བདེ་བའི་ཐོད་ཕོར་ཐིག་ལེའི་བཅུད་ཀྱིས་བཀང་། །ཐབས་མཁས་རྩིབ་རུས་དགའ་བཞིའི་མཁར་དུ་བརྩིགས། ། ཧ་སིང་གླིང་བུ་དགྱེས་རོལ་དབུགས་ཀྱིས་བསྐུལ། །མཉམ་སྦྱོར་བདེ་ཆེན་བསང་གི་འོད་ཟེར་ལས། །ཤར་བའི་མཆོད་རྫས་ནམ་མཁའི་དབྱིངས་ཁྱབ་པས། །དཔལ་ལྡན་དུར་ཁྲོད་བདག་པོ་འཁོར་བཅས་མཆོད། །དཀར་དམར་ཉི་ཟླ་གནས་ཡུལ་མཁའ་ལ་ཤར། །རྩ་ཁམས་གླིང་བཞི་དགའ་བཞིའི་གནས་སུ་གྲུབ། །ལྷན་སྐྱེས་རི་རབ་གཡོ་མེད་ཀློང་ན་བརྗེད། །མ་དག་སྒྲོ་སྐུར་ཕྱི་ཡི་དམ་རྫས་བཀྲམ། །དག་པའི་བློས་སྤྲུལ་ནང་གི་སྲོག་འཁོར་བྲིས། །གཉིས་མེད་ཟུང་འཇུག་གསང་བའི་མཐུན་རྫས་འདིས། །ལྷ་མཆོག་དུར་ཁྲོད་བདག་པོ་དགྱེས་གྱུར་ཅིག ། བདེ་ཆེན་འཁོར་ལོ་དབྱིངས་ཀྱི་རས་གཞི་རུ། །ཧཾ་ཡིག་ཐིག་ལེ་ཁྱོད་ཀྱི་བྲིས་སྐུར་བཀྲམ། །ཟླ་ཞུན་ལྟར་མཛེས་མཛེས་པའི་ཚོན་རིས་བཀྲ། །གཟུང་འཛིན་རོ་རྐྱང་རྩ་ཡིག་གཏོར་སྣོད་དུ། ། ལས་རླུང་རྒྱུ་བ་མཆོད་པའི་གཏོར་མ་དང་། །དབུ་མ་སྒྲ་གཅན་རྟོག་བྲལ་ཀ་པཱ་ལར། །ཡེ་ཤེས་རླུང་ཁམས་རྟེན་གཏོར་ཆེན་པོར་བཤམས། །ལྷ་མཆོག་ཁྱོད་ཀྱི་དགྱེས་པ་བསྐྱེད་ཕྱིར་དུ། །

སྲིད་གསུམ་འཁོར་ལོ་བསང་གི་མཆོད་པ་སྤེལ། །མཆོད་པའི་རྫས་འདིས་ཐུགས་དམ་བསྐང་གྱུར་ནས། །མཆོག་དང་ཐུན་མོངས་དངོས་གྲུབ་མ་ལུས་སྩོལ། །ཁྱད་པར་བཅུ་དྲུག་དགའ་བའི་ཁྱུ་ཆེན་ལ། །ལས་རླུང་གཅན་གཟན་གདུག་པའི་འཚེ་བྲལ་ཞིང་། །རྡོ་རྗེའི་ལམ་ལ་སློབ་པའི་རྣལ་འབྱོར་བདག །གཟུང་འཛིན་ཤ་ཁྲག་ཟད་པ་དངས་མའི་ལུས། །བདེ་ཆེན་རུས་པ་དཀར་པོའི་ལྷུ་འཁྲོལ་བ། །ལྷ་མཆོག་ཁྱོད་དང་དབྱེར་མེད་སངས་རྒྱས་ཤོག །ཅེས་པའང་དགེ་སློང་རྡོ་རྗེ་འཛིན་པ་གང་གི་བཀའ་བསྐུལ་ནས་རིག་སྟོང་འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་མོས་པ་ཨ་བུ་ཧྲལ་པོས་བྲིས། །