བླ་མ་བཀྲ་ཤིས་རྡོ་རྗེའི་མཚན་དོན་གསོལ་འདེབས་བཀྲ་ཤིས་དགེ་ལེགས།

From Khyentse Lineage - A Tsadra Foundation Project
Revision as of 15:50, 6 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title bla ma bkra shis rdo rje'i mtshan don gsol 'debs bkra shis dge legs
Location dpal sprul bka' 'bum
Volume 6, Text 5, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Supplications - gsol 'debs
Colophon

།ཅེས་པ་འདི་ཡང་ཨ་བུ་ཧྲལ་པོས་སྙིང་ཐག་པ་ནས་བྲིས་པ་དགེ། དགེའོ།

/ces pa 'di yang a bu hral pos snying thag pa nas bris pa dge/_dge'o/

[edit]
༄༅། །བླ་མ་བཀྲ་ཤིས་རྡོ་རྗེའི་མཚན་དོན་གསོལ་འདེབས་བཀྲ་ཤིས་དགེ་ལེགས་བཞུགས་སོ། །


བསྐལ་མང་གོང་ནས་མངོན་པར་སངས་རྒྱས་ཀྱང་། །མཐའ་ཡས་འགྲོ་ལ་རྗེས་སུ་བརྩེ་བའི་མཐུས། །ཡང་ཡང་བྱང་ཆུབ་སྤྱོད་པའི་ཚུལ་སྟོན་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གང་ཁྱོད་མཁའ་མཉམ་འགྲོ་བའི་མགོན་གཅིག་པུ། །ཁྱད་པར་གངས་རིའི་ཁྲོད་འདིའི་འགྲོ་རྣམས་ཀྱི། །ཐུན་མོང་མིན་པའི་སྐྱབས་སུ་ངེས་པའི་ཕྱིར། །རྟག་ཏུ་ཐུགས་རྗེས་སྐྱོང་བར་གསོལ་བ་འདེབས། །མེས་དབོན་གསུམ་སོགས་ཆོས་སྐྱོང་རྒྱལ་པོ་དང་། །དགེ་བའི་བཤེས་གཉེན་དུ་མའི་རྣམ་རོལ་གྱིས། །ཁྱོད་ཀྱི་སྤྲུལ་པའི་བཀོད་པ་མཐའ་ཡས་པ། །ལྗོངས་འདིར་རྒྱུན་མི་འཆད་ལ་གསོལ་བ་འདེབས། །ཁྱད་པར་སྙིགས་མའི་དུས་འདིར་མགོན་པོ་ཁྱོད། །བྱང་ཆུབ་སེམས་གཉིས་སྦྱོང་བའི་རྣམ་རོལ་གྱིས། །ཟབ་ལམ་ཐེག་རྩེའི་བསྟན་པ་གསལ་མཛད་ཕྱིར། །འཇིགས་མེད་གླིང་པར་བསྟན་ལ་གསོལ་བ་འདེབས། །ཤིན་ཏུ་གདུལ་དཀའ་ཉོན་མོངས་རག་པའི་འགྲོ། །རྒྱུ་འབྲས་ལམ་གྱིས་གདུལ་དཀའི་ཚུལ་མཁྱེན་ནས། །བརྟུལ་ཞུགས་མཆོག་གི་ཐབས་ཀྱིས་དྲང་བའི་ཕྱིར། །སླར་ཡང་སྤྲུལ་པའི་རོལ་ལ་གསོལ་བ་འདེབས། །འདི་འོག་ཡེ་ཤེས་རྡོ་རྗེའི་རྣམ་རོལ་གྱིས། །རྡོ་རྗེ་སྙིང་པོའི་རིང་ལུགས་བསླང་ནས་སླར། །གཤེ་ཞིང་སྐུར་བ་འདེབས་རྣམས་འདུལ་མཛད་ཕྱིར། །ཁྱོད་གསུངས་མངོན་དུ་གྱུར་ལ་གསོལ་བ་འདེབས། །ཡང་དག་དབེན་པ་མཐོང་བའི་ཆོས་ཉིད་ལ། །གཟུང་འཛིན་འཁྲུལ་བ་མེད་ཕྱིར་རྒྱུ་འབྲས་ལམ། །དག་གྲོལ་ཞེན་རྣམས་བརྟུལ་ཞུགས་སྤྱོད་མཆོག་གིས། །འདུལ་བའི་སྨོན་པ་གྲུབ་ལ་གསོལ་བ་འདེབས། །དེ་ཚེ་གང་ཞིག་གཤེའམ་སྨོད་ཀྱང་རུང་། །མཉམ་པ་ཆེན་པོའི་བཟོད་ཐོབ་བྱང་ཆུབ་སེམས། །མི་སློབ་ལམ་གྱི་དངོས་གཞི་ཡིན་གཟིགས་ནས། །གང་ཐུགས་སྤྱོད་པ་སྐྱོང་ལ་གསོལ་བ་འདེབས། །ཞི་དུལ་སྤྱོད་པས་ཐར་པའི་ས་བོན་ཙམ། །འདེབས་པའི་གཞན་དོན་ཐེག་པ་དམན་པར་ཡང་། །ཡོད་པར་དགོངས་ནས་ཤིན་ཏུ་དཔག་དཀའ་བའི། །བྱང་ཆུབ་སྤྱོད་པར་དགྱེས་ལ་གསོལ་བ་འདེབས། །དད་རྣམས་ལྟ་ཅི་གཤེ་དང་སྐུར་བ་དང་། །ལོག་པར་ལྟ་རྣམས་སྨོན་ལམ་ལ་དབང་བའི། །དབང་གིས་འདུལ་འདི་རྒྱལ་བའི་སྲས་རྣམས་ཀྱི། །ཁྱད་པར་ཆོས་སུ་གཟིགས་ལ་གསོལ་བ་འདེབས། །དགེ་དང་མི་དགེ་མཉམ་པ་ཉིད་གཟིགས་ནས། །སྦྱོར་དང་སྒྲོལ་བ་ངོ་མཚར་ཐབས་ཆེན་པོས། །ངན་འགྲོའི་རྒྱུན་ཅན་སྐད་ཅིག་གཅིག་ཁོ་ནར། །འདྲེན་པའི་ཐབས་མཁས་མངའ་ལ་གསོལ་བ་འདེབས། །མཐུན་པས་མཐུན་པ་འདུལ་བའི་ཚུལ་མཁྱེན་པས། །ཆགས་དང་སྡང་དང་ཆོས་བརྒྱད་ཞེན་པའི་ཐུགས། །གང་ལ་མེད་ཀྱང་ཡོད་ལྟའི་སྒྱུ་འཕྲུལ་གྱིས། །མཐུན་པའི་འགྲོ་དོན་མཛད་ལ་གསོལ་བ་འདེབས། །རྣམ་པར་མི་རྟོག་ཆོས་ཉིད་བདེན་མཐོང་བའི། །ཡེ་ཤེས་མཆོག་གིས་འཇིགས་པ་ལྔ་སྤང་སྟེ། །ཀུན་ཏུ་འགྲོ་བའི་ཆོས་ཉིད་ལེགས་གཟིགས་པ། །འཇིགས་མེད་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས། །དེ་ཚེ་འཇིག་ཚོགས་ལྟ་དང་ཐེ་ཚོམ་དང་། །སྣ་ཚོགས་ལྟ་བས་བསྡུས་པའི་མཐོང་སྤང་གྲངས། །བརྒྱ་དང་བཅུ་གཉིས་ཇི་སྙེད་མ་ལུས་པའི། །སྒྲིབ་པའི་དྲི་མ་མེད་ལ་གསོལ་བ་འདེབས། །རང་དང་གཞན་དང་འཁོར་འདས་མཉམ་པ་ཉིད། །རང་དོན་གཞན་དོན་མཉམ་པར་གྲུབ་ཟིན་ནས། །རབ་ཏུ་དགའ་བའི་ས་མཆོག་ལེགས་བརྙེས་པ། །དགའ་རབ་དཔའ་བོའི་ཞབས་ལ་གསོལ་བ་འདེབས། །སླར་ཡང་གོམས་པའི་ལམ་དུ་སྣ་ཚོགས་པའི། །སྤྲུལ་པའི་སྤྱོད་པས་འགྲོ་བ་འདུལ་བའི་ཕྱིར། །བྱང་ཆུབ་སྤྱོད་པས་འགྲོ་ལ་རྗེས་ཆགས་པ། །སྟོན་མཛད་ཨ་ཙར་དམར་པོར་གསོལ་བ་འདེབས། །སྣ་ཚོགས་ཕྲིན་ལས་ཀུན་ལ་དབང་འབྱོར་བས། །སྣ་ཚོགས་མཛད་པའི་རྣམ་རོལ་དཔག་ཡས་ཀྱིས། །སྣ་ཚོགས་གདུལ་བྱ་འདྲེན་པའི་ཐབས་མཁས་ཅན། །ཁྲག་འཐུང་ལས་ཀྱི་དཔའ་བོར་གསོལ་བ་འདེབས། །མཛད་པ་གཟི་བརྗིད་ཆེན་པོའི་འོད་སྣང་གིས། །ལོག་ལྟ་མེ་ཁྱེར་མིག་གིས་བཟོད་དཀའ་ཡང་། །འཁོར་འདས་ཡིད་ཀྱིས་བསྒྱུར་བའི་མཐུ་མངའ་བ། །ཁྲག་འཐུང་རྔམ་པའི་རྒྱལ་པོར་གསོལ་བ་འདེབས། །བདེ་ཆེན་སྒྱུ་མའི་གར་གྱིས་ཞི་བའི་དབྱིངས། །སྐད་ཅིག་འཁོར་བའི་རྣམ་པར་ལེགས་བསྒྱུར་ཏེ། །སྐལ་མེད་འགྲོ་ཡང་ཐབས་ཀྱིས་རྗེས་འཛིན་པ། །ཁྲག་འཐུང་བདེ་བའི་རྡོ་རྗེར་གསོལ་བ་འདེབས། །ཤེས་རབ་ཡེ་ཤེས་ཆེ་དང་ཐབས་མཁས་པས། །མ་དག་སྲིད་ཞིའི་འགྲོ་ཡང་སྐད་ཅིག་གིས། །རྣམ་དག་ཆོས་སྐུར་སྟོན་པའི་ཐུགས་རྗེ་ཅན། །ཁྲག་འཐུང་ལས་ཀྱི་རྡོ་རྗེར་གསོལ་བ་འདེབས། །ཡང་དག་ཆོས་ཉིད་གཟིགས་པའི་གཟིགས་ངོ་ན། །འཁོར་འདས་མཉམ་པར་བསྡོམ་པའི་སྟོང་ཉིད་དབྱིངས། །མི་ཕྱེད་རྡོ་རྗེའི་དབྱིངས་ལ་མཉམ་གཞག་པའི། །ཁྲག་འཐུང་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །གདུལ་དཀའ་མ་རུང་ཞིང་བཅུ་དྲེགས་པ་ཅན། །དྲེགས་བྱེད་སྲིད་པའི་ལྷ་འདྲེ་གདུག་པ་ཅན། །ཀུན་ཡང་དྲག་པོའི་ལས་ཀྱིས་ཚར་གཅོད་པ། །རྡོ་རྗེ་དྲག་པོ་རྩལ་ལ་གསོལ་བ་འདེབས། །སྔགས་སྐྱེས་ཞིང་སྐྱེས་ཐབས་ཀྱི་སྐལ་བ་ཅན། །ལས་ངན་ལུས་དམན་སྐལ་མེད་རྨོངས་པ་ཅན། །དབྱེ་མིན་ཀུན་ཡང་སྤྱོད་པས་རྗེས་འཛིན་ཕྱིར། །ཆགས་པའི་རྡོ་རྗེ་སྟོན་ལ་གསོལ་བ་འདེབས། །རྒྱུད་དག་ཡེ་ཤེས་གཟིགས་པའི་སྣང་ངོ་ན། །མ་དག་ལུས་འདི་ཁྱོད་ཀྱི་མ་ཡིན་ཏེ། །དག་པའི་ཞིང་ན་སྤྲུལ་པའི་རྣམ་རོལ་བ། །དག་ཆེན་འཇའ་ལུས་རྡོ་རྗེར་གསོལ་བ་འདེབས། །མཐུ་ཆེན་ལྷ་ཡང་ཁྱོད་མཐུས་བྲན་དུ་བཀོལ། །མཐུ་ལྡན་རྒྱལ་རིགས་ཁྱོད་མཐུས་འབངས་སུ་བྱས། །མཐུ་མེད་མཐུ་སྟོན་ཁྱོད་མཐུས་ཟིལ་གྱིས་གནོན། །ཁྲག་འཐུང་མཐུ་སྟོབས་རྡོ་རྗེར་གསོལ་བ་འདེབས། །ཁྱོད་ཀྱི་སྐུ་ཡི་བཀོད་པ་སྣ་ཚོགས་ཀྱིས། །འཛམ་གླིང་འགྲོ་སྐྱོང་མ་དག་སྲིན་པོའི་ཡུལ། །སྤྲུལ་དང་སྤྲུལ་གཞི་ཐ་དད་མེད་ངེས་ཕྱིར། །པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །སྟོང་ཉིད་སྣོད་དུ་སྙིང་རྗེའི་དྲག་ལ་རོལ། །རྟོགས་པས་མྱོས་པའི་སྣ་ཚོགས་མཛད་སྤྱོད་ཀྱིས། །མ་རྟོགས་འགྲོ་ལ་སྒྱུ་མའི་ཚུལ་སྟོན་པ། །ཁྲག་འཐུང་སྣ་ཚོགས་རྡོ་རྗེར་གསོལ་བ་འདེབས། །བདེ་ཆེན་ཞིང་ནས་སྡུག་བསྔལ་མིང་མེད་ཕྱིར། །སྡུག་བསྔལ་འགྲོ་ཡང་ཏིལ་ལ་མར་བཞིན་དུ། །བདེ་ཆེན་མཆོག་དང་དབྱེ་བ་མེད་གཟིགས་པ། །བདེ་ཆེན་ཆགས་པའི་རྡོ་རྗེར་གསོལ་བ་འདེབས། །འཛམ་གླིང་འགྲོ་འདི་འདོད་པ་སྣ་ཚོགས་ཏེ། །འདོད་པའི་དོན་ཀུན་གཅིག་གིས་བསྒྲུབ་དཀའ་ཡང་། །སྐྱེས་བུའི་རྩལ་གྱིས་འཕྲལ་ལ་དབང་འབྱོར་པ། །འཛམ་གླིང་སྐྱེས་བུ་མཆོག་ལ་གསོལ་བ་འདེབས། །ཁྱོད་ཀྱི་མཛད་པ་རྣམ་ཐར་རྒྱ་མཚོ་ཀུན། །སྣ་ཚོགས་མཚན་གྱི་ལེགས་པར་སྟོན་པས་ན། །ཁྱོད་མཚན་རྣམ་གྲངས་ཐོས་པའི་མོས་གུས་ཀྱིས། །ཡིད་ཆེས་འབྲལ་མེད་གཅིག་གིས་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བདེན་མཐུས་བྱིན། །དུས་འདི་ནས་བཟུང་སྐྱེ་དང་ཚེ་རབས་ཀུན། །རིགས་ཀྱི་བདག་པོ་ཁྱོད་དང་མི་འབྲལ་ཞིང་། །ཁྱོད་མཉེས་འབའ་ཞིག་བདག་གིས་འགྲུབ་པར་ཤོག །ཕྱི་སྐྱོན་བདུད་རིགས་ལྷ་འདྲེའི་ཐོ་མི་འཚམས། །ནང་སྐྱོན་ཐེ་ཚོམ་དུག་གི་རོ་མི་ལྡང་། །བར་རྐྱེན་ལས་ངན་གྲོགས་ཀྱིས་དབྱེན་མི་སྦྱོར། །ཕྱི་ནང་བར་གསུམ་བར་ཆད་དབྱིངས་སུ་སོལ། །ལོག་པའི་རྟེན་འབྲེལ་རྒྱུ་དང་རྐྱེན་ཟད་ནས། །ལེགས་པའི་རྟེན་འབྲེལ་རྒྱུ་ལ་རྒྱུན་རིང་ཞིང་། །རྟེན་འབྲེལ་ཟབ་མོའི་གནད་ཀུན་ལེགས་རྟོགས་ཏེ། །ལམ་མཆོག་རྟེན་འབྲེལ་མཆོག་ཏུ་འགྲིགས་པར་ཤོག །ཕྱི་ཡི་རྟེན་འབྲེལ་འབྱུང་བ་ཆ་སྙོམས་ཤིང་། །ནང་གི་རྟེན་འབྲེལ་རྣམ་རྟོག་དགེ་བར་འཆར། །བར་གྱི་རྟེན་འབྲེལ་མཐུན་པའི་གྲོགས་འཛོམས་པས། །ཕྱི་ནང་བར་གསུམ་རྟེན་འབྲེལ་དགེ་བར་ཤོག །མདོར་ན་བདག་གི་སྒོ་གསུམ་སྤྱོད་པ་ཀུན། །མགོན་པོ་ཁྱེད་མཉེས་དགྱེས་པའི་མཆོད་སྤྲིན་དུ། །གྱུར་ནས་བྱང་ཆུབ་སྤྱོད་པ་ཡོངས་རྫོགས་ཏེ། །ཆོས་སྐུའི་ཀློང་དུ་ཐུགས་ཡིད་འདྲེས་པར་ཤོག །ཐོགས་མེད་མཁའ་ལ་ཉི་མ་ཤར་བ་བཞིན། །བླ་མའི་མཛད་པར་བར་ཆད་ཡོད་མིན་ཡང་། །སྙིགས་མའི་སྟོབས་ཀྱི་སྒྲིབ་པའི་སྤྲིན་ཚོགས་ཀུན། །བདག་གི་མོས་གུས་རླུང་གིས་གཏོར་བར་ཤོག །རིང་ནས་གོམས་པའི་སྒྲིབ་པའི་བག་ཆགས་ལས། །སྐྱེས་པའི་འགྲོ་བ་བར་ཆད་རང་བཞིན་ཕྱིར། །བདག་གི་རྒྱུད་ཀྱི་ཐར་པའི་བར་ཆད་ཀུན། །བླ་མ་མཆོག་གི་ཐུགས་རྗེས་སེལ་བར་ཤོག །མོས་གུས་སྣོད་དུ་བྱིན་རླབས་ཆར་རྒྱུན་འཁྱིལ། །དམ་ཚིག་ཞིང་སར་དངོས་གྲུབ་འབྲས་བུ་སྨིན། །རྟེན་འབྲེལ་མཆོག་གིས་ཐར་ལམ་ལམ་བདེ་ཞིང་། །མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་པར་ཤོག །ལྷ་དང་བླ་མ་དགྱེས་པའི་སྒོ་ཕྱེས་ཤིག །མ་དང་མཁའ་འགྲོ་འདུ་བའི་རྟེན་འབྲེལ་འགྲིགས། །སྣོད་དང་བཅུད་ཀུན་དགེ་མཚན་དཔལ་འབར་ཏེ། །འཕྲལ་ཕུག་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་ཨ་བུ་ཧྲལ་པོས་སྙིང་ཐག་པ་ནས་བྲིས་པ་དགེ། དགེའོ། །

དགེའོ། །དགེའོ། །