རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་ཉམས་ལེན་སྙིང་པོ།

From Khyentse Lineage - A Tsadra Foundation Project
Revision as of 15:07, 5 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title rgyal ba'i sras kyi bslab bya mdor bsdus nyams len snying po
Location dpal sprul bka' 'bum
Volume 2, Text 45, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Synopsis - mdor bsdus
Colophon

།རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་པ། ཐེག་པ་མཆོག་ལ་སློབ་པར་འདོད་པའི་སྐལ་བཟང་མཆེད་ཀྱི་བཞེད་བཞིན་རྨོངས་པ་ཨ་བུ་ལྷོད་པོས་འཕྲལ་དུ་བྲིས་པ་དགེའོ། །མངྒ་ལམ། །

/rgyal ba'i sras kyi bslab bya mdor bsdus pa/_theg pa mchog la slob par 'dod pa'i skal bzang mched kyi bzhed bzhin rmongs pa a bu lhod pos 'phral du bris pa dge'o/_/mang+ga lam/_/

[edit]
༄༅། །རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་ཉམས་ལེན་སྙིང་པོ་བཞུགས།


རྒྱལ་ཀུན་ཡབ་གཅིག་རྒྱལ་སྲས་གཞོན་ནུའི་ཚུལ། །སྙིང་རྗེའི་མངའ་བདག་མཁྱེན་རབ་རལ་གྲི་ཅན། །ཕུལ་བྱུང་ནུས་པས་བདུད་སྡེ་ཚར་གཅོད་པ། །རིགས་གསུམ་དབྱེར་མེད་འཇམ་དཔལ་དཔའ་བོས་སྐྱོངས། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། །རྒྱལ་སྲས་རྣམས་ཀྱིས་བསླབ་པར་བྱ་བའི་གནས། །མ་ལུས་འགྲོ་བའི་ཕན་བདེའི་རྒྱུ་གཅིག་པུ། །བྱང་ཆུབ་སེམས་ཀྱི་བསླབ་པ་མདོར་བསྡུ་ན། །བརྒྱུད་པའི་ཁུངས་དང་ཕན་ཡོན་ངོ་བོ་དང་། །ངེས་ཚིག་དབྱེ་བ་ཇི་ལྟར་བླང་བའི་ཚུལ། །བསླབ་བྱ་དངོས་དང་རྣམ་པ་བདུན་ཡིན་ནོ། །དང་པོ་བརྒྱུད་པའི་ཁུངས་ཀྱི་ཆེ་བ་ནི། །སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དེས། །ཤཱཀྱ་ཐུབ་པ་ཆེན་པོར་ཐུགས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །སངས་རྒྱས་བྱེ་བ་མང་ལ་བསྙེན་བཀུར་ནས། །ཚོགས་རྫོགས་ཞིང་འབྱོངས་གདུལ་བྱ་སྨིན་པའི་མཐར། །སྙིགས་མ་ལྔ་བདོ་ཚེ་ལོ་བརྒྱ་པའི་དུས། །མི་མཇེད་འཛམ་གླིང་རྡོ་རྗེ་གདན་དབུས་སུ། །སྨོན་ལམ་སྟོབས་ཀྱིས་མངོན་པར་རྫོགས་སངས་རྒྱས། །རིགས་ཅན་གསུམ་གྱི་གདུལ་བྱ་རྗེས་སུ་བཟུང་། །ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། །རྒྱལ་སྲས་གྲངས་མེད་ལུང་བསྟན་བྱང་ཆུབ་བཀོད། །བསྟན་པའི་རྒྱུན་བཞག་རྒྱལ་ཚབ་ལུང་ཡང་བསྟན། །ས་བཅུའི་དབང་ཕྱུགས་སེམས་དཔའ་མཆེད་གཉིས་ལ། །བསྟན་པ་གཏད་ནས་མྱ་ངན་འདའ་ཚུལ་བསྟན། །སྲས་ཀྱི་ཐུ་བོ་འཇམ་དཔལ་གཞོན་ནུ་ཡིས། །རྒྱལ་བས་ལུང་བསྟན་འཕགས་པ་ཀླུ་སྒྲུབ་དང་། །རྒྱལ་སྲས་མཚུངས་མེད་ཞི་བ་ལྷ་རྗེས་བཟུང་། །ས་བཅུའི་དབང་ཕྱུག་རྒྱལ་ཚབ་མི་ཕམ་པས། །ཐོགས་མེད་རྗེས་བཟུང་བྱམས་ཆོས་སྡེ་ལྔ་བཤད། །དེ་སླད་བརྒྱུད་པའི་བཀའ་སྲོལ་གསུམ་ཡིན་ཏེ། །ལམ་ཟབ་ལྟ་བ་རྒྱ་ཆེན་སྤྱོད་པའི་སྲོལ། །ཟབ་ཅིང་རྒྱ་ཆེན་རྣམས་གསུམ་རིམ་པ་ལྟར། །ལྟ་བ་དབུ་མ་སྤྱོད་པ་ཕར་ཕྱིན་དྲུག །ས་ལམ་ཏིང་འཛིན་དྲོད་ཚད་གཙོ་བོ་རུ། །རང་རང་གཞུང་གིས་སྟོན་ཕྱིར་དེ་ལྟར་རོ། །དེ་ལྟར་བརྒྱུད་གསུམ་མན་ངག་བདུད་རྩིའི་ཀླུང་། །རྒྱ་བོད་མཁས་པ་སྟོང་ལས་ལེགས་འོང་བ། །གང་ཐུགས་བུམ་པ་བཟང་པོར་ལེགས་བསྐྱིལ་ནས། །བསྐལ་བཟང་འགྲོ་ལ་རྩོལ་མཁས་རྒྱལ་བའི་སྲས། །ཐུབ་པས་ལུང་བསྟན་ཀུན་མཁྱེན་ཆོས་རྗེ་ཡིན། །དེ་ལས་རིང་བརྒྱུད་སྙན་ནས་སྙན་དུ་དང་། །ཉེ་བརྒྱུད་དགོངས་པའི་གཏད་རྒྱ་ཐོབ་གྱུར་པ། །བསྟན་པའི་མངའ་བདག་གཏེར་ཆེན་རྣམ་གཉིས་ནས། །རིམ་བརྒྱུད་རྩ་བའི་བླ་མའི་བར་དུའོ། །གཉིས་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི། །རྒྱས་པར་དབྱེ་ན་བགྲངས་ལས་འདས་ན་ཡང་། །མདོ་རུ་བསྡུ་ན་རྣམ་པ་ལྔ་ཡིན་ཏེ། །མིང་དོན་གནས་འགྱུར་མི་དགེའི་གཉེན་པོ་བྱེད། །དགེ་འབྲས་གོང་འཕེལ་ངན་སོང་སྒོ་འཕར་གཅོད། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པའོ། །དང་པོ་གང་ཟག་འཁོར་བའི་སེམས་ཅན་ཞིག །རྒྱལ་བའི་སྲས་ཞེས་མིང་གི་ཅོད་པན་ཐོབ། །འཁོར་བའི་བཙོན་རར་ཉོན་མོངས་འཆིང་བས་བཅིང་། །བདག་བལྟས་བསྲུང་བའི་ཉམ་ཐག་བཙོན་བུ་དེ། །བྱང་ཆུབ་སེམས་བསྐྱེད་མོད་ལ་སྐད་ཅིག་གིས། །ལྷར་བཅས་འགྲོ་བའི་ཕྱག་གི་ཡུལ་དུ་གྱུར། །གཉིས་པ་ངེས་པའི་སྡིག་པ་ཟིལ་གནོན་ཞིང་། །མ་ངེས་སྡིག་ལྟུང་ཕྲ་མོ་དྲུང་འབྱིན་པ། །སྐར་མའི་ཚོགས་ལ་ཉི་མའི་དཀྱིལ་འཁོར་དང་། །རྩ་སྤུར་ཕྲལ་དུ་དུས་མཐའི་མེ་བཞིན་ནོ། །གསུམ་པ་སྨོན་པ་བྱང་ཆུབ་སེམས་བསྐྱེད་ལས། །དགེ་འབྲས་འཕེལ་ཆེ་བཟའ་ཤིང་སྡོང་པོ་བཞིན། །བྱང་ཆུབ་བར་དུ་མངོན་མཐོའི་འབྲས་བཟང་དང་། །མཐར་ཐུག་བསོད་ནམས་མཐའ་ཡས་རྒྱལ་བར་འགྱུར། །འཇུག་སེམས་བསྐྱེད་པས་བསོད་ནམས་དམ་པའི་རྒྱུ། །གོང་འཕེལ་འཇུག་པ་ཐོབ་ལ་མ་ཉམས་པའི། །སེམས་དཔའ་ཆེན་པོ་བག་མེད་གཉིད་ལོག་ཀྱང་། །ཚོགས་གཉིས་གོང་འཕེལ་བརྩོན་ལྡན་གཞན་ལས་ལྷག །བཞི་པ་བསམ་པ་བཟང་ལྡན་རྒྱལ་བའི་སྲས། །རྣམ་སྨིན་ངན་འགྲོར་འཕེན་པའི་ཀུན་སློང་རྒྱུན། །གཅོད་ཕྱིར་བདེ་ནས་བདེ་བའི་ལམ་འགྲོ་ཡང་། །གནས་སྐབས་དྲན་པ་ཉམས་དང་བག་མེད་པའི། །དབང་ཕྱིར་གནས་ངན་མཆི་ཡང་བྱང་སེམས་ཀྱི། །རིགས་སད་ཐར་འགྱུར་མཛའ་བོའི་བུ་མོ་བཞིན། །ལྔ་པ་བྱོན་དང་བཞུགས་དང་འབྱུང་འགྱུར་གྱི། །རྒྱལ་བ་ཀུན་དང་རྒྱལ་བའི་སྲས་པོ་ཀུན། །བགྲོད་པ་གཅིག་པའི་ལམ་ཆེན་འདི་ཡིན་ཏེ། །

ལམ་མཆོག་འདི་དང་བྲལ་ལ་ཀུན་མཁྱེན་མེད། །དེས་ན་རང་བཞིན་གནས་རིགས་རྒྱལ་བའི་ཁམས། །བྱང་ཆུབ་སེམས་ཀྱི་རྒྱས་འགྱུར་དང་འགྲོགས་པ། །ཆུ་ལུད་དྲོད་གཤེར་འཛོམ་པའི་ས་བོན་བཞིན། །གོང་འཕེལ་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འགྱུར། །གསུམ་པ་ངོ་བོ་ཟུར་གཉིས་ལྡན་པ་སྟེ། །ཤེས་རབ་སྟོབས་ཀྱིས་རྫོགས་པའི་བྱང་ཆུབ་དང་། །སྙིང་རྗེའི་མཐུ་ཡིས་མཐའ་ཡས་འགྲོ་ཁམས་ལ། །དམིགས་ལྡན་གཞན་ཕྱིར་སངས་རྒྱས་ཐོབ་འདོད་བློས། །སྨོན་དང་འཇུག་པའི་བདག་ཉིད་འགྲོ་འདོད་དང་། །འགྲོ་བ་དངོས་ལྟར་རྣམ་པར་དབྱེ་བའོ། །བཞི་པ་ངེས་ཚིག་རྫོགས་པའི་བྱང་ཆུབ་ཕྱིར། །བྱ་དཀའི་གནས་དང་བསྐལ་ཡུན་འགྲོ་མང་མཐའ། །མི་སྐྱོའི་སེམས་སྟོབས་གོ་ཆ་མཆོག་བགོས་པའི། །དཔའ་བོ་འདི་མཚུངས་སྲིད་ན་གཞན་མེད་ཕྱིར། །ལྔ་པ་དབྱེ་བའི་གནས་ལ་དབྱེ་སྒོ་བདུན། །གཅིག་ཏུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །གཉིས་སུ་ཚོགས་གཉིས་བདེན་གཉིས་སྨོན་དང་འཇུག །གསུམ་དུ་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ། །བཞི་རུ་ཚོགས་སྦྱོར་ལམ་དང་མ་དག་ས། །དག་ས་སངས་རྒྱས་ས་ན་གོ་རིམ་བཞིན། །མོས་སྤྱོད་ལྷག་བསམ་རྣམ་དག་རྣམ་པར་སྨིན། །ཐུགས་རྗེ་ཆེན་པོ་སྒྲིབ་ཀུན་སྤང་བའོ། །ལྔ་རུ་ལམ་ལྔར་ལས་དང་པོ་དང་ནི། །ཡོངས་སུ་སྦྱངས་བྱས་ཆོས་མཐོང་རྣམ་པར་གྲོལ། །བསམ་གྱིས་མི་ཁྱབ་པ་ཡི་སེམས་བསྐྱེད་རིམ། །དྲུག་ཏུ་ཕྱིན་དྲུག་ལ་ལྟོས་སེམས་བསྐྱེད་དྲུག །བདུན་པ་ས་མཚམས་དབྱེ་བ་ཉི་ཤུ་གཉིས། །རེ་རེའང་དཔེ་གྲོགས་ཆོས་མཐུན་གསུམ་གསུམ་མོ། །དྲུག་པ་ལེན་ཚུལ་དགེ་བའི་བཤེས་ལས་དང་། །རང་གི་སྟོབས་ཀྱིས་སྲས་བཅས་རྒྱལ་ལས་སོ། །དང་པོ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། །སྔོན་འགྲོ་ཁྱད་པར་བཞི་དང་ལྡན་པ་སྟེ། །དང་པོ་ལེན་ཡུལ་བཤེས་གཉེན་ཁྱད་པར་ཅན། །དེ་ལ་མཎྜལ་ཕུལ་ཞིང་གསོལ་བ་གདབ། །གཉིས་པ་བློ་སྦྱོང་གདམས་ངག་ཁྱད་པར་ཅན། །སྲིད་མཐར་སྐྱོ་བསྐྱེད་ཞི་མཐར་ཞེན་པ་དགག །མཐའ་གཉིས་སྤངས་པའི་ལམ་ལ་བསྔགས་པ་བརྗོད། །གསུམ་པ་སྐྱེ་རྒྱུ་ཐབས་ལམ་ཁྱད་པར་ཅན། །ཡན་ལག་བདུན་གྱིས་ཚོགས་གཉིས་རྒྱ་ཆེན་བསགས། །བཞི་པ་སྡོམ་རྩ་རྟེན་མཆོག་ཁྱད་པར་ཅན། །ཡུལ་དང་དུས་མཚམས་གང་གི་ཆེད་ཡིན་པ། །ཐུན་མིན་གསུམ་ལྡན་སྐྱབས་འགྲོས་གཞི་བཟུང་ངོ་། །གཉིས་པ་དངོས་གཞི་དགོངས་སུ་གསོལ་བ་གསུམ། །སྔོན་འགྲོ་སྨོན་དང་འཇུག་པ་སྟབས་གཅིག་བླང་། །གསུམ་པ་མཇུག་ཏུ་བདག་གཞན་དགའ་བ་བསྒོམ། །རང་གིས་བླང་ཚུལ་རྒྱལ་བ་སྲས་དང་བཅས། །ཐོགས་མེད་མཁྱེན་ལྡན་མཐའ་ཡས་འགྲོ་ལ་དགོངས། །ཡུལ་དེར་ཡན་ལག་བདུན་བྱ་སྡོམ་པ་བླང་། །དགའ་བ་སྒོམ་ཞིང་སྨོན་ལམ་གདབ་པའོ། །བདུན་པ་བསླབ་བྱ་བསྲུང་ཐབས་སྲུང་བྱ་གཉིས། །སྲུང་ཐབས་དྲན་པ་དང་ནི་ཤེས་བཞིན་གཉིས། །འདི་མེད་བསླབ་གསུམ་བསྲུང་བར་འདོད་པ་དེ། །གོ་མཚོན་མེད་པའི་དཔའ་བོ་གཡུལ་འཇུག་འདྲ། །ངན་འགྲོའི་གཡང་སར་རང་སྲོག་བརླག་པར་ཟད། །དང་པོ་དྲན་པ་ཐོས་བསམ་བསྒོམ་པའི་ཆོས། །མི་བརྗེད་རང་གི་རྒྱུད་དང་འདྲིས་བྱ་ཞིང་། །ཁྱད་པར་བསླབ་བྱའི་གནས་ཀུན་ལེགས་བསླབས་ཏེ། །ཡང་ཡང་བསྔོ་བགྲང་བྱ་ཞིང་དྲན་གསོའོ། །གཉིས་པ་ཤེས་བཞིན་སྤྱོད་ལམ་དུས་ཀུན་ཏུ། །བདག་གི་ཅི་བྱས་སེམས་འདི་དགེའང་མིན། །རྒྱལ་བའི་སྲས་ཀྱི་སྤྱོད་ལས་མ་ཉམས་སམ། །ཡང་དང་ཡང་བརྟགས་རང་རྒྱུད་བྱ་ར་བྱ། །གཉིས་པ་བསྲུང་བྱ་སྡོམ་སྡུད་དོན་བྱེད་གསུམ། །དང་པོ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། །རྩ་ལྟུང་བསྲུང་དང་དེ་ཡི་ཡན་ལག་གོ། རྩ་ལྟུང་གཅིག་བཞི་བཅོ་བརྒྱད་རིམ་པ་ལྟར། །ཐབས་ལ་མཁས་དང་བྱང་ཆུབ་སེམས་དཔའི་ས། །ནམ་མཁའི་སྙིང་པོའི་མདོ་ཡི་རྗེས་སུ་འབྲང་། །དང་པོ་སྨོན་སེམས་མི་གཏོང་བསྲུང་བ་སྟེ། །མཐའ་ཡས་འགྲོ་བ་སངས་རྒྱས་ཉིད་ཐོབ་ཕྱིར། །བདག་གི་དགེ་ཚོགས་བསྒྲུབ་ཅིང་མི་དགེ་སྤོང་། །སྙམ་པ་མི་བརྗེད་དམ་པ་གསུམ་འབྲེལ་བར། །དགེ་ཚོགས་གང་འགྲུབ་སྒྲུབ་ལས་གཞན་ཡོད་མིན། །དོན་འདི་བསླབ་པ་ཀུན་གྱི་སྡོམ་གཅིག་སྟེ། །ཤེས་སླ་དོན་འདུས་གནད་ཟབ་ཕུལ་དུ་བྱུང་། །མཚུངས་བྲལ་དྲིན་ཆེན་བླ་མའི་མན་ངག་ལས། །དོན་འདི་ཁོ་ན་རྩལ་དུ་བཏོན་ནས་གསུངས། །གཉིས་པ་སེར་སྣ་འདོད་ཆགས་ཁོང་ཁྲོ་དང་། །གཏི་མུག་ཀུན་སློང་བཞི་ཡིས་རིམ་པ་བཞིན། །ཆོས་ནོར་མི་སྟེར་བདག་བསྟོད་གཞན་ལ་སྨོད། །བརྡེག་བཙོག་བྱེད་དང་ཤད་སྦྱང་ལེན་མི་བྱེད། །ཡང་དག་ཆོས་སྤོང་ཆོས་མིན་སྟོན་པའོ། །གསུམ་པ་རྒྱལ་བློན་ཕལ་ལ་འབྱུང་ཉེ་བའི། །ལྟུང་བའི་རྣམ་གྲངས་ལྔ་ལྔ་བརྒྱད་རིམ་བཞིན། །དང་པོ་དཀོན་མཆོག་དཀོར་འཕྲོག་ཆོས་སྤོང་ལས། །ཚུལ་ལྡན་ཚུལ་འཆལ་ཁྲིམས་གཅོད་བསླབ་འདེབས་སོགས། །མཚམས་མེད་ལས་བྱེད་ལོག་ལྟ་ལྔ་ཡིན་ནོ། །གཉིས་པ་སྔ་མ་ལྔ་ལས་ལོག་ལྟ་ཕྲི། །དེ་ཚབ་གྲོང་ལྗོངས་གྲོང་ཁྱེར་གྲོང་བརྡལ་དང་། །ཡུལ་འཁོར་འཇོམས་པ་གཅིག་བརྩིས་བསྣན་པའོ། །གསུམ་པ་བློ་མ་སྦྱང་ལ་སྟོང་ཉིད་སྟོན། །རྫོགས་པའི་བྱང་ཆུབ་ཕྱིར་བཟློག་ཐེག་དམན་བཅུག །སོ་སོར་ཐར་པ་སྤངས་ནས་སེམས་བསྐྱེད་སློབ། །ཉན་རང་ཐེག་པར་རང་འབྲས་མེད་པར་འཛིན། །རྙེད་བཀུར་རྒྱུ་ཡིས་བདག་བསྟོད་གཞན་ལ་སྨོད། །རང་གི་ཟབ་དོན་མ་རྟོགས་རྟོགས་རྫུན་བྱེད། །དགེ་སློང་ཆད་པས་གཅོད་འཇུག་སུག་འབུལ་ལེན། །སྤང་བའི་ལོངས་སྤྱོད་ཁ་ཏོན་པ་ལ་སྦྱིན། །དེ་ལྟར་རྩ་ལྟུང་ཚུལ་རྣམས་ལེགས་བསྲུང་ཤིང་། །ཉམས་ན་བཅོས་ཚུལ་རབ་འབྲིང་ཐ་མ་གསུམ། །རབ་ཀྱིས་སྟོང་ཉིད་ལྟ་བའི་ངང་ལ་བཤགས། །སྡིག་ལྟུང་རང་བཞིན་མེད་ཤེས་འགྱོད་ཚངས་མཆོག །འབྲིང་གིས་རིག་སྔགས་ལྷ་ལ་གསོལ་བ་གདབ། །དེ་ཡང་ཉིན་མོ་གསོ་སྦྱོང་སྡོམ་པ་བླང་། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ། །གཅིག་ཏུ་མོས་པའི་གསོལ་འདེབས་རྒྱུ་བསྐུལ་འབད། །ཐོ་རངས་བདག་གི་ལྟུང་བ་སྦྱང་བའི་ཕྱིར། །རྨི་ལམ་སྤྲུལ་བ་སྟོན་ཞེས་གསོལ་བཏབ་ཉལ། །བྱང་སེམས་སྤྲུལ་བས་ལྟུང་ལས་ལྡང་བར་བྱེད། །དེ་ལྟར་མ་བྱུང་སྐྱ་རེངས་འཆར་བའི་དུས། །སྐྱ་རེངས་འཕྲིན་གསོལ་སྔར་བཞིན་བཤགས་པས་དག །ཐ་མས་གཉེན་པོ་སྟོབས་བཞི་ཚང་བ་ཡི། །ཕུང་པོ་གསུམ་པ་ལ་སོགས་འགྱོད་བཤགས་བྱ། །དངོས་སུ་བྱང་སེམས་དགེ་འདུན་ཚོགས་པའི་དབུས། །ནོངས་པ་བསྒྲགས་ནས་མཐོལ་བཤགས་སྒོ་ནས་བཤགས། །གང་ཡང་སྡོམ་པ་གསར་དུ་བླང་བར་བྱ། །གཉིས་པ་དེ་ཡི་ཡན་ལག་དུས་ཀུན་ཏུ། །རང་རང་གཞན་ལ་འཕྲལ་ཡུན་གནོད་པའི་ལས། །མ་ལུས་སྙིང་ནས་བརྟགས་ཏེ་སྤང་བར་བྱ། །གཉིས་པ་དགེ་བ་ཆོས་སྡུད་ཚུལ་ཁྲིམས་ལ། །སྨོན་འཇུག་གཉིས་ལས་སྨོན་པའི་བསླབ་བྱ་ལྔ། །དང་པོ་སེམས་ཅན་བློས་མི་བཏང་བ་ནི། །འགྲོ་བ་རིགས་གཏོགས་གང་ཡང་རུང་གཅིག་ལ། །གནོད་པ་སྤོང་དང་ཕན་འདོགས་ནུས་པའི་སྐབས། །བྱུང་ཡང་མི་བྱེད་སྙམ་དུ་དམ་བཅའ་བའི། །བློ་སྐྱེས་སྨོན་སེམས་རྩད་ནས་གཏོང་འགྱུར་ཕྱིར། །གནས་སྐབས་ཁྲོ་བའི་དབང་དུ་གྱུར་ན་ཡང་། །ཕུགས་སུ་བསམ་པ་བཟང་པོའི་སྨོན་ལམ་གདབ། །སེམས་ཅན་ཀུན་དོན་བསྒྲུབ་སྙམ་འབྲལ་མི་བྱ། །གཉིས་པ་སེམས་བསྐྱེད་ཕན་ཡོན་དྲན་པ་ནི། །རྒྱས་པར་ཕལ་བོ་ཆེ་ལས་འབྱུང་བ་དང་། འབྲིང་དུ་སྤྱོད་འཇུག་ལེའུ་དང་པོའི་དོན། །མདོར་བསྡུས་བྱམས་སྨོན་ལས་བྱུང་ཚིགས་བཅད་སོགས། །ཤེས་བྱས་ཡང་དང་ཡང་དུ་དེ་དོན་བསམ། །མདོར་ན་སྲིད་ཞིའི་བདེ་ལེགས་ཇི་སྙེད་པ། །བྱང་ཆུབ་སེམས་ཀྱི་མཐུ་ལས་བྱུང་བའི་ཚུལ། །དུས་ཀུན་མི་བརྗེད་དྲན་པས་ངེས་ཤེས་བསྐྱེད། །གསུམ་པ་བྱང་ཆུབ་སེམས་ཀྱི་སྟོབས་བསྐྱེད་པ། །ཕྱག་མཆོད་ལ་སོགས་ཡན་ལག་བདུན་པ་དང་། །ཆོས་སྤྱོད་བཅུ་སོགས་དམིགས་མེད་ལྟ་བའི་རྩིས། །ཟིན་པའི་བསོད་ནམས་ཡེ་ཤེས་ཚོགས་གཉིས་བསགས། །བཞི་པ་སེམས་སྦྱོང་པ་ལ་རྣམ་པ་གསུམ། །རྒྱུ་ལ་སྦྱོང་བ་ཚད་མེད་རྣམ་བཞི་སྟེ། །དང་པོ་དམིགས་ཡུལ་བདེ་འདོད་སྡུག་བསྔལ་ཅན། །བདེ་ལྡན་ཆགས་སྡང་ཅན་བཞིར་རིམ་པ་བཞིན། །ལྡན་འདོད་བྲལ་འདོད་མི་འབྲལ་ཞི་འདོད་པའི། །སེམས་ཅན་ཆོས་དམིགས་དམིགས་པ་མེད་པ་བསྒོམ། །སེམས་དངོས་སྦྱོང་བ་ཉིན་མཚན་དུས་དྲུག་གི། །ཉིན་རེ་བཞིན་དུ་བྱང་སྡོམ་ལེན་པ་ཡིན། །ཆོ་ག་རྒྱས་བསྡུས་གང་ཡང་རུང་བ་ཡིས། །མི་ཆགས་བྱང་ཆུབ་སེམས་སྡོམ་བསྐྱར་ཞིང་བླང་། །བསླབ་བྱ་ལ་སྦྱང་བདག་གཞན་མཉམ་པ་དང་། །བརྗེ་བ་བདག་བས་གཞན་གཅེས་བསྒོམ་པ་གསུམ། །དང་པོ་བདག་དང་འགྲོ་ཀུན་བློ་མཐུན་པར། །བདེ་འདོད་སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་བཞིན་གཞན་ལ་མི་སེམས་ཚུལ་མིན་གྱིས། །དེས་ན་བདག་དང་འགྲོ་ཀུན་མཚུངས་པ་རུ། །ཕན་པ་སྒྲུབ་ཅིང་གནོད་པ་སྤོངས་ལ་བརྩོན། །གཉིས་པ་བདག་གི་བདེ་དགེ་ཇི་སྙེད་པ། །གོས་ཕུད་བཞིན་དུ་འགྲོ་ཀུན་ལ་སྦྱིན་ཞིང་། །འགྲོ་བའི་སྡིག་སྡུག་བདག་གིས་ལེན་པ་སོགས། །བདག་གཞན་གོ་ས་སྤོས་ལ་ཡང་ཡང་བསྒོམ། །གསུམ་པ་རང་དོན་བསྒྲུབ་བློ་ཀུན་སྤང་ནས། །དངོས་སུ་ལུས་དང་སྲོག་དང་ལོངས་སྤྱོད་ཀྱིས། །འགྲོ་བའི་ཉེར་འཚོ་མ་ལུས་བསྒྲུབ་བྱ་ཞིང་། །བྱ་དཀའ་རྒྱལ་སྲས་སྤྱོད་ལ་སློབ་པའོ། །ལྔ་པ་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །མི་བརྗེད་བྱང་ཆུབ་སེམས་མཆོག་དྲན་པའི་རྒྱུ། །དཀར་ནག་ཆོས་བརྒྱད་བླང་དོར་བྱ་བ་སྟེ། །མཆོད་འོས་བསླུ་དང་འགྱོད་མེད་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་རྒྱུ་སྤྱོད། །ནག་ཆོས་བཞི་སྤངས་ཤེས་བཞིན་རྫུན་མི་སྨྲ། །འགྲོ་ཀུན་ཐེག་ཆེན་ལ་གཞུག་རྒྱལ་སྲས་གུས། །ཀུན་ལ་རྒྱུ་དྲང་གཡོ་མེད་ངེས་པར་བསླབ། །གཉིས་པ་འཇུག་པའི་བསླབ་བྱ་ཕར་ཕྱིན་དྲུག །སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་སྟེ། །ངོ་བོ་ཁྱད་ཆོས་བཞི་ལྡན་དག་པའི་ཚོགས། །བསྒྲུབ་ཚུལ་བཞི་བསྒྲུབ་ཆགས་པ་བདུན་པོ་སྤོངས། །དམ་པ་གསུམ་གྱིས་ཟིན་པར་ཉམས་སུ་བླང་། །ཁྱད་ཆོས་མི་མཐུན་ཕྱོགས་ཉམས་མི་རྟོགས་ལྡན། །འདོད་པ་ཀུན་རྫོགས་ཐེག་གསུམ་ལམ་ལ་འགོད། །ཡོན་ཏན་རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ་བཞིར་ལྡན། །ཆགས་པ་མི་མཐུན་ཕྱི་བཤོལ་ཆོག་པར་འཛིན། །ལན་དང་རྣམ་སྨིན་མི་མཐུན་ཕྲ་མོ་དང་། །རྣམ་པར་གཡེང་ལ་ཆགས་པ་སྤང་བྱ་ཞིང་། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །བསྔོ་བས་རྒྱས་ཐེབས་དམ་པ་གསུམ་ལྡན་བྱ། །གསུམ་པ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་ལ། །དབྱེ་བ་མང་ཡང་བསྡུ་ན་བསྡུ་དངོས་བཞི། །སྦྱིན་པས་འཁོར་བསྡུས་དམ་ཆོས་སྙན་པར་བཤད། །དོན་སྤྱོད་སྒྲུབ་གཞུག་དོན་མཐུན་རང་གིས་སློབ། །དེ་ལྟར་བརྩོན་པས་ཉམས་སུ་བླངས་བྱས་ན། །གནས་སྐབས་ཕན་བདེ་ཀུན་འདུ་གནོད་སྡུག་སྤོང། །ལམ་ལྔ་ས་བཅུའི་སྤངས་རྟོགས་མངོན་བྱས་ནས། །མཐར་ཐུག་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ། །རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་མཐའ། །ནམ་མཁའི་མཐའ་དང་སེམས་ཅན་མཐའ་ཡས་པའི། །བློ་མཐའི་རྗེས་འགྲོ་ཚད་བཟུང་མི་འོས་ཀྱང་། །དང་པོ་ལས་ཅན་གང་ལ་བསླབ་པའི་གནས། །གལ་འགགས་ཆེ་རྣམས་འདི་རུ་ཅུང་ཟད་བསྟན། །དེ་དགེ་དྲི་མེད་ཟླ་བ་ལྟར་དཀར་བས། །མ་ལུས་འགྲོ་རྒྱུད་ཐེག་མཆོག་སྣོད་རུང་ཞིང་། །རྒྱལ་བའི་ལམ་ལ་བརྩོན་པ་མཐར་བྱས་ནས། །སྐྱེ་དགུའི་འདྲེན་པ་རྒྱལ་བའི་དབང་པོར་ཤོག །བདག་ཀྱང་དེང་ནས་སྐྱེ་དང་ཚེ་རབས་སུ། །མཚུངས་མེད་དྲིན་ཆེན་བླ་མའི་བཀའ་འཁོར་དུ། །སྐྱེས་ནས་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ཅིང་། །ཐོས་བསམ་སྒོམ་པའི་དགའ་བས་འདའ་གྱུར་ཅིག །རྒྱལ་བའི་སྲས་ཀྱི་བསླབ་བྱ་མདོར་བསྡུས་པ། ཐེག་པ་མཆོག་ལ་སློབ་པར་འདོད་པའི་སྐལ་བཟང་མཆེད་ཀྱི་བཞེད་བཞིན་རྨོངས་པ་ཨ་བུ་ལྷོད་པོས་འཕྲལ་དུ་བྲིས་པ་དགེའོ། །མངྒ་ལམ། །