མདོ་སྡེ་རྒྱན་གྱི་དོན་བསྡུས་འཕགས་པའི་དགོངས་རྒྱན།

From Khyentse Lineage - A Tsadra Foundation Project
Wylie title mdo sde rgyan gyi don bsdus 'phags pa'i dgongs rgyan
Location dpal sprul bka' 'bum
Volume 2, Text 46, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Commentary Synoptic - bsdus don 'grel pa
[edit]
༄༅། །མདོ་སྡེ་རྒྱན་གྱི་དོན་བསྡུས་འཕགས་པའི་དགོངས་རྒྱན་བཞུགས་སོ། །


རྒྱ་གར་སྐད་དུ། སཱུ་ཏྲ་ཨ་ལཾ་ཀ་ར་པཎྜཱི་ཏྦ། བོད་སྐད་དུ། མདོ་སྡེ་རྒྱན་གྱི་དོན་བསྡུས་པ། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །མ་བཤད་པའི་སྐྱོན་དང་། བཤད་པའི་སྐྱོན་དང་། ཕྱིན་ཅི་ལོག་ཏུ་བཤད་པའི་སྐྱོན་གསུམ་དང་བྲལ་བར་བཤད་པར་བྱའོ། །དེ་ནི་སྟོན་པ་དང་། སྟོན་པའི་ཚིག་དང་། བསྟན་པར་བྱ་བའི་ཆོས་དང་། བསྟན་པར་བྱ་བའི་ཐབས་བླ་ན་མེད་པའོ། །དང་པོ་ལ་སྟོན་པའི་དབྱེ་བ་དང་། སེར་སྣ་འགག་པ་དང་། ཆོས་བསྟན་པ་དོན་ཡོད་པ་དང་གསུམ་མོ། །རྒྱལ་སྲས་ཚིག་ནི་མི་ཞན་དང་། །ཞེས་བྱ་བ་ལ་སོགས་པ་ཚིག་བརྒྱད་ཀྱིས་སྟོན་པའི་ཚིག་གོ། རྒྱལ་བ་བྱམས་པས་བཤད་པའི་མདོ་སྡེ་རྒྱན་བསྟན་པར་བྱ་བའི་ཆོས་ནི་གཅིག་སྟེ། ཉེས་པ་བརྒྱད་ཀྱི་གཉེན་པོ་ཐེག་པ་མཆོག་གོ། དེ་བསྟན་པར་བྱ་བའི་ཐབས་བླ་ན་མེད་པ་ལ་གཉིས་ཏེ། ཟབ་པ་དང་། རྒྱ་ཆེ་བའོ། །དེ་ཡང་རྣམ་པ་གསུམ་དང་ལྡན་པའི་དབང་དུ་བྱས་ནས་བཤད་དེ། སྒྲ་ནི་ངེས་པར་རྟོག་པའི་དབང་དུ་བྱས་ནས་བཤད་པ་དང་། སྒྲུབ་པ་ཉམས་སུ་ལེན་པའི་དབང་དུ་བྱས་ནས་བཤད་པ་དང་། བྱང་ཆུབ་སེམས་རིགས་དང་ལྡན་པའི་དབང་དུ་བྱས་ཏེ་བཤད་པའོ། །དེ་ཡང་སྡེ་སྣོད་གསུམ་དུ་བསྡུས་ནས་རྣམ་པ་བཞིའི་སྒོ་ནས་བཤད་པ་ཡིན་ནོ། །དེ་ལྟར་གཞུང་གི་དོན་བསྡུ་ན་རྣམ་པ་ལྔ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་མཐར་ཐུག་པའི་དོན་ནོ། །མིང་རྒྱུ་མཚན་ལ་སོགས་པ་ལྔ་ནི་མི་གཞག་སྟེ། གཞུང་ནས་བརྗོད་བྱར་མ་བཞག་པ་དང་། འབྱོར་བའི་ཚུལ་བླ་ན་མེད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་གང་ཞེ་ན། འབྱོར་བའི་དོན་ཚུལ་བླ་མེད་གྱུར་པ་ལྔ་ཡི་བདག་ཉིད་སྟོན་པར་བྱེད། ཅེས་གོང་མ་དང་སྦྱར་བ་དང་། འོག་མ་དང་སྦྱར་བ་གཉིས་བྱམས་པའི་དགོངས་པ་ཡིན་ལ། གོང་མ་དང་སྦྱར་བ་ནི་རྒྱུད་བླ་མ་བརྒྱུད་པ་ལས་ཤེས་ཏེ། །དེ་དབྱིག་གཉེན་གྱིས་འོག་མ་དང་སྦྱར་བའི་བཤད་པ་འདི་ཡིན་ཏེ། །གང་ལ་བསླབ་པར་བྱ་བའི་ཡུལ་ཐེག་པ་ཆེན་པོ་བཀར་བསྒྲུབ་པ་དང་། སེམས་བསྐྱེད་ཀྱི་ཡུལ་སྐྱབས་འགྲོ་མཆོག་ཏུ་བསྒྲུབ་པ་དང་། ཉེ་བར་ལེན་པའི་རྒྱུ་ཐེག་པ་ཆེན་པོའི་རིགས་བསྒྲུབ་པ་བསྟན་ཏེ་བསྒྲུབ་པར་བྱ་བ་གསུམ་དུ་བསྡུས་པ་ཡིན་ནོ། །བྱེ་བྲག་ཏུ་ཤེས་པར་བྱ་བ་ནི་གཉིས་ཏེ། སེམས་བསྐྱེད་དང་། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེ་བྲག་ཏུ་ཤེས་པར་བྱའོ། །བསམ་པར་བྱ་བ་ནི་གཉིས་ཏེ། ཟབ་པ་དེ་ཁོ་ན་ཉིད་དང་། རྒྱ་ཆེ་བའི་ཐབས་ལ་མཁས་པའི་དེ་ཁོ་ནའོ། །བསམ་གྱིས་མི་ཁྱབ་པ་ལ་གཉིས་ཏེ། མངོན་པར་ཤེས་པ་ལ་སོགས་པའི་མཐུ་བསམ་གྱིས་མི་ཁྱབ་པ་དང་། དགའ་བ་དང་དད་པ་ལ་སོགས་པ་བདག་དང་གཞན་ཡོངས་སུ་སྨིན་པ་བསམ་གྱིས་མི་ཁྱབ་པའོ། །ཡོངས་སུ་གྲུབ་པའི་དོན་ནི་གཅིག་སྟེ། །མངོན་པར་བྱང་ཆུབ་པར་མཐར་ཐུག་པ་ཉིད་དོ། །འདི་ནི་ཇི་ལྟར་ཤེས་པར་བྱ་བ་གང་ཡིན་ཞེ་ན། སྒྲུབ་པའི་སྐབས་ཞེས་སྨོས་པའི་ཕྱིར། མཐར་ཡང་ཉེས་པ་ཀུན་གྱི་དྲི་མེད་པ། རྣམ་པ་ཐམས་ཅད་མཁྱེན་ཉིད་འཐོབ། རིན་ཆེན་སྣོད་ནི་བྱེ་བ་ལྟར། སངས་རྒྱས་ཉིད་ནི་ཡང་དག་བསྟན། ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན། སྡོམ་དང་པོ་སོགས་ནས་བྱང་ཆུབ་བོ་ཞེས་ཚིགས་སུ་བཅད་ནས་གང་ལ་བསླབ་པར་བྱ་བའི་ཡུལ་ཡོངས་སུ་རྫོགས་པའི་དོན་བསྟན་པའོ། །དེ་ལ་ཇི་ལྟར་བསླབ་པར་བྱ་ཞེ་ན། མོས་པ་སོགས་ནས་བསྟན་པ་ཡིན། ཞེས་བྱ་བ་གསུངས་ཏེ། མགོན་པོ་ནས་ཆུ་བོའི་འགྲོས་ལྟ་བུའི་བཤད་པ་འདི་ཡིན་ཏེ། ཐོག་མར་ཐེག་པ་ཆེན་པོ་མཆོག་ཏུ་གྲུབ་པ་ལས་བརྩོན་ནས་མོས་པ་འབྱུང་ངོ་། །མོས་པ་ལས་ཆོས་འཚོལ་བ་འབྱུང་ངོ་། །དེ་སྟོན་པར་བྱེད་པ་དགེ་བའི་བཤེས་གཉེན་ལ་རག་ལས་པས་ཆོས་སྟོན་པའོ། །དེ་ནས་སྒྲུབ་པ་ནན་ཏན་དུ་བྱ་བ་ཡིན། བསྒྲུབ་པའི་སྐབས་ཞེས་རང་མིང་ནས་སྨོས་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་ཡིན་ནོ། །བྱེ་བྲག་ཏུ་ཤེས་པར་བྱ་བ་ནི། ཡང་དག་པར་གདམ་ངག་དང་རྗེས་སུ་བསྟན་པ་ཡིན་ནོ། །བསམ་པར་བྱ་བ་དེ་ཁོ་ན་ཉིད་ཟབ་པ་དང་། རྒྱ་ཆེ་བའི་ཐབས་ལ་མཁས་པའི་སྐབས་སོ། །ཐབས་ཀྱང་རྣམ་པ་གསུམ་སྟེ། །བསྡུ་བའི་དངོས་པོ་བཞི་དང་། ཐབས་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞིས་བསྡུས་པས་དཀོན་མཆོག་མཆོད་པ་ལ་སོགས་པ་བསྟན་པ་དང་། ལས་ཀྱི་བསྡུས་པས་བྱང་ཆུབ་ཀྱི་ཕྱོགས་མཐུན་ཆོས་བསྟན་པའོ། །བསམ་གྱིས་མི་ཁྱབ་པ་ནི་ཡོན་ཏན་གྱི་སྐབས་སོ། །ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོར་རང་གི་རིག་པར་བྱ་བ་ནི་མཐར་ཐུག་པའི་སྐབས་ཡིན་ཏེ། དེ་ལྟར་ན་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་མདོར་བཞག་པ་དང་། དཔེ་ལྔས་མཚོན་ནས་བཀོད་པ་འོག་མ་དང་མ་སྦྱར་བ་ཡིན་ནོ། །གོང་མ་དང་སྦྱར་བ་རྟོགས་པ་བརྒྱུད་དེ་འོངས་པ་འདི་ཡིན་ཏེ། ཐེག་པ་ཆེན་པོ་འབྱོར་བའི་དོན་ཚུལ་བླ་ན་མེད་པ་ལྔ་སྟེ། གང་ཞེ་ན། རིགས་མཆོག་དང་ལྡན་པའི་གང་ཟག་དོན་ཤེས་པར་ནུས་པ་ལ་ཕྱིན་ཅི་མ་ལོག་པར་དོན་སྟོན་པ་དང་། སྟོན་པའི་ཚིག་དྲི་མ་མེད་པ་བསྟན་པ་དང་། འགྲོ་བ་ལྔ་པོ་སྡུག་བསྔལ་ལས་བསྒྲལ་ཆེད་ཡིན་པ་དང་། དེའི་རྒྱུ་སྙིང་རྗེ་ཆེན་པོ་དང་ལྡན་པའི་བདག་ཉིད་དང་། བསྟན་པར་བྱ་བའི་ཆོས་ཐེག་པ་ཆེན་པོར་གྱུར་བའོ། །དེ་ལྔ་ནི་ཚིག་བཅད་དང་པོའི་དོན་ཏེ། དཔེ་ལྔས་མཚོན་པའི་དོན་ལྔ་སྟེ། མདོར་བསྟན་པའོ། །དེ་ལྔའི་རྒྱས་པར་བཤད་པ་འདི་ཡིན་ཏེ། དོན་ཤེས་ཀྱི་རྒྱས་བཤད་ནི་དམིགས་པར་བྱ་བའི་ཡུལ་ཐེག་པ་ཆེན་པོའི་རྒྱུ་འབྲས་བུ་དང་བཅས་པའི་བྱང་ཆུབ་ཀྱི་སྐབས་ཀྱི་བར་རོ། །དོན་སྟོན་གྱི་རྒྱས་བཤད་ནི་ཐེག་པ་ཆེན་པོ་ལ་མོས་པ་ཆོས་ཚོལ་བ་ཇི་ལྟ་བ་བཞིན་དུ་སྟོན་པའི་སྐབས་སོ། །རབ་ཏུ་བྱེད་པ་ངག་དང་། ཚིག་རྣམས་དྲི་མེད་ཀྱི་རྒྱས་བཤད་ནི། རྒྱལ་སྲས་ཚིག་ནི་མི་ཞེན་པ་ནས་ཡན་ལག་དྲུག་ཅུ་བསམ་གྱིས་མི་ཁྱབ་ཀྱི་བར་རོ། །སྡུག་བསྔལ་བསྒྲལ་ཕྱིར་གྱི་རྒྱས་བཤད་ནི། སྒྲུབ་པའི་སྐབས་ནས་ཚད་མེད་པ་རྣམ་པར་དབྱེ་བའི་འགྲོ་ལ་སྙིང་རྗེའི་ཕྱིར་ཏེ། དེ་ཡི་བདག་ཉིད་ཀྱི་རྒྱས་བཤད་ནི། རྣམ་པར་དབྱེ་བ་ལས་བརྩམས་ཡན་ཆད་དོ། །ཐེག་མཆོག་བསྟན་པའི་རྣམ་པ་ཆོས་ཀྱི་རྒྱས་བཤད་ནི། ངོ་ཚ་རྣམ་པར་དབྱེ་བ་ནས་བཟུང་སྟེ། མཐར་ཐུག་པའི་སངས་རྒྱས་ཀྱི་སའི་མཚན་ཉིད་རྫོགས་ཀྱི་བར་གྱིས་སོ། །དེ་ལྟར་ལུས་རྣམ་པར་བཞག་ནས། དེ་ལྟར་ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པའི་ཚུལ་གཉིས་སུ་བཤད་པས་མདོ་སྡེའི་དོན་བཤད་པ་ཡིན་ལ། ཚིག་བཅད་གཉིས་པས་རྒྱས་བཤད་དེ། ཐེག་པ་ཆེན་པོའི་ཆོས་ནི་དགའ་བ་བསྐྱེད་པའི་མདོ་སྡེའི་རྒྱན་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ལུས་ཅན་དགའ་བ་བསྐྱེད་པའི་རྒྱན་ཡིན་ན། འདི་ལ་དྲི་བ་ལྔ་འབྱུང་སྟེ། དྲི་བ་དང་པོ་ནི་ཐེག་པ་ཆེན་པོ་འདི་ལ་བཀར་གྲུབ་ན་བཅོམ་ལྡན་འདས་ལས་ཁྱད་པར་འཕགས་པའི་སྒྲ་དང་དོན་ཅི་ཞིག་བྱམས་པས་བོགས་ཕྱུང་དུ་ཡོད་ནས་དགའ་བ་བསྐྱེད་པར་བྱ་ཞེ་ན། ལན་དུ་གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ལ་སོགས་པའོ། །དྲི་བ་གཉིས་པ་ནི་ཐེག་པ་ཆེན་པོ་ལས་འགའ་ཞིག་གི་ཚེ་རྣམ་པར་འཚེ་བ་བཤད་པ་དང་། གང་ཡང་མེད་པ་ཉིད་དུ་སྟོན་པའི་ཕྱིར་དགའ་བ་བསྐྱེད་པ་མ་ཡིན་ནོ་ཞེ་ན། ལན་དུ་ཇི་ལྟར་མནམས་ན་རབ་དཀུ་ལ་མན་ཆད་སྨྲས་སོ། །དྲི་བ་གསུམ་པ་ནི་ཐེག་པ་ཆེན་པོ་ལས་བསྐལ་བ་དཔག་ཏུ་མེད་པར་དཀའ་བ་སྤྱད་པ་སྣ་ཚོགས་འབྱུང་བས་དེའི་ཕྱིར་དགའ་བ་བསྐྱེད་པ་མ་ཡིན་ནོ་ཞེ་ན། ལན་དུ། ཆེས་དཀའ་རྒྱ་ཆེན་ཞེས་བྱ་བ་སྨྲས་སོ། །དྲི་བ་བཞི་པ་ནི། རྟོག་པ་ནི་རང་ལ་ཕན་པ་འཚོལ་བ་ཡིན་ན། འདི་ལས་ནི་གཞན་ལ་ཕན་པའི་ཕྱིར་དང་། རང་ལ་སྡུག་བསྔལ་བསྐྱེད་པས་དགའ་བ་བསྐྱེད་པ་མ་ཡིན་ནོ་ཞེ་ན། ལན་དུ། རིན་ཆེན་རིགས་ལྡན་རིན་ཐང་མེད་ལ་སོགས་པའོ། །དྲི་བ་ལྔ་པ་ནི་ཐུན་མོང་དུ་གྲགས་པའི་སྡུད་པ་པོ་མེད་པའི་ཕྱིར་དང་། བདག་ཅག་ལ་གྲགས་པ་ཁོ་ན་ཐེག་པ་ཆེན་པོ་ཡིན་ཏེ། ཐེག་པ་ཆེན་པོ་བཀའ་མ་ཡིན་ཞེ་ན། ལན་དུ། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་མན་ཆད་སྨྲས་སོ། །མདོར་བཞག་པ་འཕྲོས་སོ། །བསྟན་བཅོས་རྣམ་བཞག་གཞན་ཡང་ཚིག་དང་པོ་གཉིས་ཀྱིས་བསྟན་བཅོས་ཀྱི་མཚན་བཤད་པ་དང་། དེ་ལས་འཕྲོས་པས་ལེའུ་དང་པོའི་མདོར་བཞག་བསྟན་ལས་སྐྱབས་འགྲོ་བསྟན་པས་རྒྱས་བཤད་བསྟན། ཉེར་ལེན་གྱི་རྒྱུ་རིགས་དང་རྐྱེན་སེམས་བསྐྱེད་ནས་འབྲས་བུ་མཐར་ཐུག་གི་བར་གྱིས་ཤིན་ཏུ་རྒྱས་པར་བསྟན་ཏོ། །རྒྱལ་བ་བྱམས་པས་མཛད་པའི་བསྟན་བཅོས་མདོ་སྡེའི་རྒྱན་གྱི་ཐོག་མར་མཚན་བཤད་པའི་སྒོ་ནས་ལུས་རྣམ་པར་བཞག་པ་ལ་གསུམ་སྟེ། བྱེད་པ་དང་། བྱ་བ་དང་། དགོས་པའོ། །བྱེད་པ་ལ་རྣམ་པར་དབྱེ་བ་བདུན་ཏེ། བྱེད་པ་པོ་དང་། བྱེད་པའི་ལས་དང་། བྱེད་པ་དང་། བྱེད་པ་པོའི་ཆེད་དང་། རྒྱུའི་དོན་དང་། འབྲེལ་བའི་དོན་དང་། གནས་ཀྱི་དོན་ནོ། །བྱ་བ་ལ་ལྔ་སྟེ། བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གི་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཉིད་དོ། །དེ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་འདིས་རིམ་པ་བཞིན་རྣམ་པར་བཀྲོལ་བས་མཁས་པ་དགའ་བ་བསྐྱེད་པའི་ཕྱིར་རྒྱན་དུ་བཞག་གོ། ཆོས་དེ་རང་བཞིན་གྱི་རྒྱན་དང་ལྡན་ན་བསྟན་བཅོས་འདིས་རྒྱན་དུ་བྱས་པ་ཅི་ཡོད་ཅེ་ན། གཟུགས་རྒྱན་རང་བཞིན་ལ་སོགས་པ་སྨོས་སོ། །དགོས་པ་ནི། ཕན་ཡོན་རྣམ་པ་གསུམ་སྟེ། སྒྲིབ་པ་སྤོང་བ་དང་། འབྱོར་བའི་རྒྱུ་དང་། འཕགས་པའི་ནོར་ལ་སྤྱོད་པའི་རྒྱུའོ། །ཁ་ཅིག་འདི་སྐད་དུ། འདི་བཀའ་མ་ཡིན་ན་ཕན་ཡོན་ལྟ་སྨོས་ཀྱང་ཅི་དགོས་སྙམ་པ་ལ། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། གཏན་ཚིག་དང་བསྒྲུབ་བྱ་བླ་ན་མེད་པའི་ཐབས་སུ་གྲུབ་པ་དང་། དེ་ལ་སྐྲག་པའི་ཉེས་དམིགས་རྒྱུ་དང་བཅས་པ་དང་། སྐྲག་པར་མི་བྱ་བའི་གཏན་ཚིག་དང་། དགག་པ་མི་འགྲུབ་པའི་རྒྱུ་མཚན་དང་། གནས་མ་ཡིན་པ་ལ་སྐྲག་མི་དགོས་པ་དང་། མ་མོས་པ་ཉིད་ཀྱིས་གྲུབ་པ་དང་། རང་གི་མ་མོས་པ་སྤང་པར་མི་རིགས་པ་དང་། སྤོང་བའི་རྒྱུ་ཚུལ་བཞིན་མ་ཡིན་ཡིད་བྱེད་དགག་པ་དང་། ཁོངས་སུ་མ་ཆུད་པས་སྤང་བར་མི་རིགས་པ་སྟེ་བཅུའོ། །དེ་ལ་སྔར་ལུང་མ་བསྟན་པས་གཏན་ཚིག་བདུན་མདོར་བསྟན། འགའ་ཞིག་རྒྱས་བཤད་ཟེར་ཡང་རུང་། སྔར་ལུང་མ་བསྟན་པས་སྒྲུབ་པ་དང་མ་ངེས་པ་སྤང་པ་དང་། སྤྱོད་ཡུལ་མ་ཡིན་སྒྲུབ་པར་བྱེད་པ་སྟེ་གསུམ་མོ། །ཐེག་པ་ཆེན་པོར་གྲུབ་པའི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བར་མོས་པ་བསྒྲུབ་པར་བྱ་བ་ལ་སྐྱབས་འགྲོའི་ཁྱད་པར་སྡོམ་དུ་བསྟན་པ། སྐྱབས་སུ་འགྲོ་བ་ལ་སྤྲོ་བ་བྱ་བ། ཁྱད་པར་རྒྱས་པར་བཤད་པ། སྐྱབས་སུ་འགྲོ་བའི་དོན་བརྗོད་པ། སྐྱབས་སུ་འགྲོ་བའི་ཕན་ཡོན་ནོ། །ཁྱད་པར་རྒྱས་པར་བཤད་པ་ལ། ཀུན་ཏུ་འགྲོ་བ། ཁས་ལེན་པ། རྟོགས་པ། ཟིལ་གནོན་རྒྱས་བཤད་དོ། །ཁས་ལེན་ལ། སྤྱིའི་ཁྱད་པར། སངས་རྒྱས་ཀྱི་སྲས་སུ་འགྱུར་བའི་ཁྱད་པར། ལུས་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར། སངས་རྒྱས་ཀྱི་གདུང་རྒྱུན་མི་གཅོད་པའི་ཁྱད་པར། བློན་པོ་ཆེན་པོ་ལྟ་བུའི་ཁྱད་པར་རོ། །དེའི་ཉེས་པར་ལེན་པའི་རྒྱུ་སྒྲུབ་པར་བྱ་བའི་རིགས་ལ། རིགས་ཡོད་པ། མེད་པ། རིགས་ཀྱི་ཁྱད་པར་རམ་མཛད་ནས་དབྱེ་བ་ཟེར་ཕན་ཡོན། འབྲས་བུ་ཁྱད་པར་དུ་འཕགས་པའོ། །ཡོད་པ་བསྟན་བཤད་དོ། །གཉིས་པ་བྱེ་བྲག་ཏུ་ཤེས་པར་བྱ་བ་ལ། བསམ་པ་སེམས་བསྐྱེད་དང་། སྦྱོར་བ་རང་གཞན་གྱི་དོན་སྒྲུབ་པ་གཉིས་ལས། དང་པོ་ལྷན་ཅིག་བྱེད་རྐྱེན་སེམས་བསྐྱེད་ལ་མཚན་ཉིད་དང་། སྐྱོན་ཡོན་གྱི་དབྱེ་བ། ལམ་རྒྱུད་ལ་མངོན་པར་རྟོགས་པའི་དབྱེ་བ། རྣམ་པར་བཞག་པའི་བརྡར་བཏགས་ཀྱི། དོན་དམ་གྱི། དེའི་དབྱེ་བ། སེམས་མ་བསྐྱེད་པ་སྨད་པ། སེམས་བསྐྱེད་པ་བསྔགས་པ། མི་ཕྱེད་པའི་སྡོམ་པ་ཐོབ་པ། སེམས་མི་ལྡོག་པར་བསྟན་པ། སྡུག་བསྔལ་གྱིས་མི་འཇིགས་པ། སེམས་ཅན་ཡལ་བར་འདོར་བ་དགག་པ། ལེ་ལོ་སྨད་པར་རིགས་པའོ། །བསྡུ་ན་མཚན་ཉིད་དང་དབྱེ་བའོ། །དོན་དམ་གྱི་དབྱེ་བ་ལ། དོན་དམ་གྱི་མཚན་ཉིད། རབ་དགའི་རྒྱུ་མཚན། དོན་དམ་གྱི་རྣམ་བཞག་བསྟན་བཤད་དོ། །གཉིས་པ་བསྒྲུབ་པ་ལ། མཚན་ཉིད་དང་། རང་གཞན་གྱི་དོན་ཁྱད་པར་མེད་པར་བསྟན་པའོ། །སྒྲུབ་པའི་མཚན་ཉིད། གཞན་དོན་ཁྱད་པར་དུ་བྱ་བ། གཞན་དོན་སྒྲུབ་པའི་དབྱེ་བ། སྒྲུབ་པ་ཕུན་སུམ་ཚོགས་པ། སྒྲུབ་པའི་ཁྱད་པར་དང་། སྤྱོད་ཡུལ་བསྔོ་བ་དང་། གཞན་གྱི་ཉེས་པ་བཟོད་པ་དང་། སྒྲུབ་པའི་ཆེ་བ་ཉིད་དོ། །བསམ་པར་བྱ་བ་དེ་ཁོ་ན་ཉིད་ལ། ཡུལ་དོན་དམ་པའི་བདེན་པ། ཡུལ་ཅན་ཡེ་ཤེས་ཆེན་པོ་གཉིས་ལས། དང་པོ་ལ་མཚན་ཉིད། བདག་ལྟ་ཕྱིན་ཅི་ལོག་འགག་པ། ཕྱིན་ཅི་ལོག་སྨད་པ། བདག་མེད་ཀྱང་ཞི་བར་རུང་བའོ། །གཉིས་པ་ལ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། དེ་ཇི་ལྟར་རྟོགས་ཚུལ། བསྒོམ་ལམ། དོན་དམ་པའི་ཡེ་ཤེས་ཀྱི་ཆེ་བའོ། །བཞི་པ་བསམ་གྱིས་མི་ཁྱབ་པ་ལ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཐུ་དང་ཡོངས་སྨིན་གཉིས་ལས། དང་པོ་ལ། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ། ཆེ་བའི་ཡོན་ཏན་ནོ། །ལས་ལ་མཐོང་༡སྟོན་༢འོད་ཟེར་༣རྣམ་རོལ་༤སྤྲུལ་༥ཞིང་༦དག །ཡོངས་སུ་སྨིན་པ་ལ་གཉིས་ཏེ། བདག་དང་གཞན་ནོ། །དང་པོ་ལ། བསྟན་བཤད་བསྡུས་གསུམ་མོ། །གཞན་སྨིན་ལ། སྨིན་པའི་རང་བཞིན། སྨིན་པའི་རབ་དབྱེ། ཕན་བདེའི་བསམ་པ། སྨིན་པའི་སྦྱོར་བ་དྲུག་གིས་བསྒྲུབ་པ། སྨིན་པའི་མཇུག་བསྡུ་བའོ། །ལྔ་པ་ཡོངས་སུ་འགྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་། མཐུན་པའི་ངོ་བོ་ཉིད་བཤད་པ་ལ། བསྟན་བཤད་གཉིས། དང་པོ་ལ་གསུམ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཡང་དག་པ་གྲུབ་པའི་རྒྱུད་དང་། ངོ་བོ་ཉིད་དང་དཔེའོ། །གཉིས་པ་རྒྱས་བཤད་ལ། སངས་རྒྱས་ཉིད་གཉིས་སུ་མེད་༡པའི་མཚན་ཉིད་མཐུ་དང་བཅས་པ་བཤད་པ་ལ། སྐྱབས་གནས་བླ་ན་མེད་པ་དང་། དེའི་བཤད་པ། དེའི་གནས་ཡོངས་སུ་༣གྱུར་བ། མཛད་པ་ལྷུན་༤གྱིས་གྲུབ་པ། རྒྱུན་མི་འཆད་པ་དང་ཟག་པ་མེད་པའི་དབྱིངས་ཟབ་པ་དང་། འབྱོར་བ་རྣམ་པར་དབྱེ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་༧མཛད་པའི་རྒྱུ་དང་། ཆོས་ཀྱི་དབྱིངས་༨རྣམ་པར་དག་པ་དང་། སྐུ་གསུམ་དང་ཡེ་ཤེས་༩རྣམ་པར་དབྱེ་བ། སངས་རྒྱས་ཐམས་ཅད་གཅིག་པ་དང་ཐ་དད་པ་ལས་གྲོལ་བ་དང་། སངས་རྒྱས་ཉིད་ལ་འཇུག་༡༡པའི་ཐབས་དང་། ཕན་ཚུན་མཛད་པ་གཅིག་༡༢པ་དང་། སངས་རྒྱས་ཉིད་ལ་༡༣སྤྲོ་བར་བྱ་བའོ། །སྐྱབས་བླ་ན་མེད་པ་ལ། ཉོན་མོངས་དང་འཚེ་བ་ལས་སྐྱོབ་པ། འཆི་བ་ལ་སོགས་པ་ལས་སྐྱོབ་པ། དེ་གཉིས་བཤད་པ། སྐྱབས་བླ་ན་མེད་པའི་རྒྱུ་མཚན། ཡུལ་དུས་རྣམ་པར་རྫོགས་པའོ། །གནས་ཡོངས་སུ་གྱུར་པ་ལ། གཉེན་པོ་ཕུན་སུམ་ཚོགས་པ། གཞན་ལས་ཁྱད་པར་དུ་འཕགས་པ། ཡོན་ཏན་གྱི་དབྱེ་བ། དཔེ་རྣམ་པ་གསུམ་ལས། དང་པོ་སངས་རྒྱས་ཀུན་ཏུ་སོང་བར་བསྟན་པ། གཉིས་པ་ཐམས་ཅད་དུ་སོང་ཡང་སྣོད་མིན་ལ་མི་སྣང་བར་བསྟན་པ་གཉིས་སུ་འདུ། ཟག་མེད་ཀྱི་དབྱིངས་ཟབ་པ་ལ། མཚན་ཉིད། གནས་པ། ཕྲིན་ལས་ཟབ་པ། ཟབ་མོ་བསྟན་པར་དཀའ་བ། ཟབ་པ་དང་སེམས་ཅན་སངས་རྒྱས་ལ་ཁྱད་མེད་པར་བསྟན་པའོ། །དང་པོ་རྣམ་པར་དག་པའི་མཚན་ཉིད་ཟབ་པ། བདག་མཆོག་གི་མཚན་ཉིད་ཟབ་པ། ལུང་མ་བསྟན་པའི་ཚུལ་གྱིས་ཟབ་པ། རྣམ་པར་གྲོལ་བའི་མཚན་ཉིད་ཟབ་པའོ། །འཕྲིན་ལས་ཟབ་པ་ལ། ཡོན་ཏན་༡གནས་དང་སེམས་ཅན་༢སྨིན་མཛད་ལ། མཐར་ཐུགས་གཤེགས་༣དང་ཆོས་༤སྟོན་ཕྲིན་ལས་དང་། མཛད་པ་༥གཅིག་དང་ཡེ་ཤེས་དུས་གཅིག་༦འཇུག །རྣམ་པར་མི་༧རྟོག་ཡེ་ཤེས་སྣ་ཚོགས་དང་། ཡེ་ཤེས་མི་འཇུག་ཡེ་ཤེས་ཁྱད་པར་འཕགས། ཞེས་སོ། །འབྱོར་བ་རྣམ་པར་དབྱེ་བ་ལ། མཐུ་ཕུལ་དུ་བྱུང་བ། རྣམ་པའི་རབ་ཏུ་དབྱེ་བ་དང་། གཞན་དུ་གྱུར་པའི་འབྱོར་བའི་རབ་ཏུ་དབྱེ་བའོ། །སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་རྒྱུ་ལ་བདུན་ཏེ། ཇི་ལྟར་སྨིན་པར་མཛད་པ་དང་། ཡ་མཚན་ཆེ་བ་ཉིད་དང་། སྨིན་པའི་ཐབས་མང་བ་དང་། ལྷུན་གྱིས་གྲུབ་ཅིང་འདུ་བྱེད་པ་དང་བྲལ་བ་དང་། དེའི་དཔེ་དང་། གཅིག་ནས་གཅིག་ཏུ་སྨིན་པ་དང་། ངོམ་པ་དང་འཕེལ་བ་མེད་པར་བསྟན་པའོ། །ཆོས་དབྱིངས་རྣམ་པར་དག་པ་ལ། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པའོ། །སྐུ་གསུམ་ལ། མདོར་བསྟན་རྒྱས་བཤད་གྲངས་ངེས་སོ། །ཡེ་ཤེས་ལ་བསྟན་བཤད་དེ་དག་ཐོབ་པའི་རྒྱུའོ། །དེས་གང་ལ་བསླབ་པར་བྱ་བའི་ཡུལ་བསྒྲུབ་པར་བྱ་བ་སོགས་ལྔ་སོང་ངོ་། །གཉིས་པ་དེ་ལས་ཇི་ལྟར་བསླབ་པའི་ཚུལ་ལ་ཡང་ལྔ་ཡོད་པའི་རྣམ་པ་དང་པོ་ཐེག་ཆེན་བཀར་སྒྲུབ་དང་འཕྲེང་བའི་མོས་པའི་ལེའུ་ལ། མོས་པའི་རྣམ་པ་རབ་དབྱེ། བར་དུ་གཅོད་པ། ཕན་ཡོན། ཐེག་པ་ཆེན་པོ་མོས་པ་ལེན་དུ་གཞུགས་པ། ཞུམ་པ་དགག་པ། མོས་པའི་བསོད་ནམས་ཀྱི་ཁྱད་པར། མོས་པའི་འབྲས་བུའོ། །མོས་ནས་ཚོལ་བའི་ཕྱིར། ཆོས་ཚོལ་བའི་ལེའུ་ལ། དམིགས་པ་ཡོངས་སུ་ཚོལ་ཏེ་རྙེད་པ་དང་། ཡིད་ལ་བྱེད་པ་དང་། ཆོས་ཀྱི་དེ་ཁོ་ན་ཉིད་དང་། དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བ་དང་། ཤེས་བྱ་ཡོངས་སུ་ཚོལ་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོངས་སུ་ཚོལ་བ་དང་། རྣམ་པར་རིག་པ་ཙམ་དང་། མཚན་ཉིད་དང་རྣམ་པར་གྲོལ་བ་དང་། ངོ་བོ་ཉིད་མེད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། ཐེག་པ་གཅིག་པ་ཉིད་དང་། རིགས་པའི་གནས་དང་། ཁམས་བརྟས་པ་ཉིད་དང་། ཆོས་ཚོལ་བའི་རབ་ཏུ་དབྱེ་བ། རྒྱུ་ཉིད་དུ་དང་། སྤང་བྱ་རྣམ་པར་རྟོགས་པ་ཡོངས་སུ་ཚོལ་བ་དང་། མཇུག་བསྡུ་བ་ཕན་ཡོན་དང་བཅས་པའོ། །དེ་ཁོ་ན་ཉིད་སྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བ་ལ། སྒྱུ་མའི་མཚན་ཉིད་དང་། དུས་གཅིག་ཏུ་རྟོགས་པར་སྤྱོད་པ་དང་། ཐར་བའི་དཔེ་དང་། དཔེ་དང་སྦྱར་བ་དང་། དགོས་པ་དང་། རྒྱུ་མཚན་དང་སྦྱར་བ་དང་། དཔེའི་དབྱེ་བ་དང་། མི་མཐུན་པ་དང་གཉེན་པོའི་དབྱེ་བ། སྤང་བའི་ཚུལ་དང་སྒྱུ་མ་ལ་སོགས་པ་དཔེ་བརྒྱད་ཀྱི་དོན་བསྟན་པའོ། །ཆོས་ཚོལ་ནས་གཞན་ལ་སྟོན་པའི་ཕྱིར་དེ་ལ། ཆོས་ལ་སེར་སྣ་དགག་པ། ཆོས་དོན་མེད་པ་མ་ཡིན་པ། སྟོན་པའི་རྣམ་པར་དབྱེ་བ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་། ངག་ཕུན་སུམ་ཚོགས་པ་དང་། ཚིག་ཕུན་སུམ་ཚོགས་པ་དང་། ཡི་གེ་ཕུན་སུམ་ཚོགས་པ་དང་། སྟོན་པའི་ཆེ་བའི་བདག་ཉིད་དང་། དོན་ཕུན་སུམ་ཚོགས་པ་དང་། ལྡེམ་པོར་དགོངས་པ་དང་། དགོངས་པ་རྣམ་པར་དབྱེ་བ་དང་། ཤིན་ཏུ་རྒྱས་པ་བསྡུས་པ་ཕན་ཡོན་དང་བཅས་པ་བསྟན་པ། ཆོས་བསྟན་པའི་ཕན་ཡོན་ནོ། །དེ་ལྟར་ལུང་གི་ཆོས་བཀར་བསྒྲུབ། དེ་ལ་མོས་ཚོལ་བཤད་ནས། དེ་ཙམ་གྱིས་བརྩོན་པ་མི་འདོར་བར་བསྒྲུབ་དགོས་པས་དེའི་འོག་ཏུ་སྒྲུབ་པའི་ལེའུ་ལ། སྒྲུབ་པ་རྣམ་པར་དབྱེ་བ། སྒྲུབ་པ་ལ་བག་ཡོད་དུ་བྱ་བ་དང་། ཉོན་མོངས་ཁོ་ནས་ཉོན་མོངས་པ་ལས་ངེས་པར་འབྱུང་བ་དང་། ཐེག་པ་དམན་པ་ཡིད་ལ་བྱེད་པ་སྤང་པ་དང་། རང་བཞིན་གྱིས་དབུ་མ་ལ་སྐྲག་པ་སྤང་བ། ཆགས་པ་ལས་སྐྱེས་པའི་ལྟུང་བ་དགག་པ། ཇི་ལྟར་གང་དུ་སྒྲུབ་པ་དང་། སྒྲུབ་པའི་འཁོར་གསུམ་ཡོངས་སུ་དག་པའོ། །བྱེ་བྲག་ཏུ་ཤེས་པར་བྱ་བ་སེམས་བསྐྱེད་དེ་གོང་ནས་གོང་དུ་འཕེལ་ཞིང་མི་ཉམས་པའི་ཐབས་གདམས་ངག་ཡིན་པའི་ཕྱིར་གདམས་ངག་རྗེས་སུ་བསྟན་པའི་ལེའུ་ལ། མོས་པ་རྣམ་པར་འཕེལ་བ། ཚོགས་བསགས་པ་ལ་སོགས་པ་དང་། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ལས་གདམ་ངག་རྙེད་པ་དང་། དེ་ལ་དམིགས་པའི་སེམས་དྲུག་བསྟན་པ་དང་། ཡིད་ལ་བྱེད་པ་བཅུ་གཅིག་བསྟན་པ་དང་། ཞི་གནས་ཀྱི་སེམས་དགུ་བསྟན་པ་དང་། བསམ་གཏན་ལས་སུ་རུང་བའི་ཡོན་ཏན་དང་བཅས་པ་ཐོབ་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། མཐོང་ལམ་དང་། དེའི་མཚན་ཉིད་རྣམ་པར་བཞག་པ་དང་། ཆེ་བའི་བདག་ཉིད་དང་། བསྒོམ་པའི་ལམ་དང་། གདམས་ངག་གི་ཆེ་བའི་བདག་ཉིད་བསྟན་པའོ། །བསམ་པར་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པས་སྤྱོད་པའི་ས་ལ་གཙོ་བོར་དེ་ཁོ་ན་ཉིད་ཡིན་པས་སྔར་བཤད་ཅིང་། རིགས་ལ་གནས་ནས་ཐབས་རྒྱ་ཆེ་བ་རྣམས་ལ་གོམ་ནས་གཞན་དོན་དུ་གཟུགས་ཀྱི་སྐུ་སྒྲུབ་པའི་ཕྱིར་བསམ་པར་བྱ་བ་ལ། དགེ་བའི་ལས་ཐམས་ཅད་དང་འབྲེལ་བ་ཐབས་དང་ལྡན་པའི་སྤྱོད་པ་སྤྱིར་བཤད་པ་དང་། ཀུན་ནས་སློང་བའི་ལྡང་བའི་འཁོར་གསུམ་ཡོངས་སུ་དག་པའི་ཐབས་སོ། །བསྡུ་དངོས་བཞི་དང་འབྲེལ་བའི་ཕྱིན་དྲུག་བཤད་པ། ཚད་མེད་པ་དང་འབྲེལ་བའི་མཆོད་པ་དང་། བསྟན་པ་བཤད་པ་དང་། ལམ་དང་འབྲེལ་བའི་བྱང་ཆུབ་ཕྱོགས་ཀྱི་ཆོས་མང་བཤད་པའོ། །དང་པོ་ལ་ཀུན་ནས་སློང་བའི༴ལྡང་བའི༴འཁོར་གསུམ་ཡོང་སུ་དག་པའི་ཐབས་སོ། །གཉིས་པ་ཕྱིན་དྲུག་སྤྱིར་བསྟན་པ། སྦྱིན་བརྩོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་བསྟན་བཤད་དོ། །དང་པོ་ནི་དེ་ཡང་གྲངས་དང་དེའི་ཕྱོགས་སོགས་བཅུའོ། །བཤད་པའི་ཡོན་ཏན་ལ། ཁྱད་པར་འཕགས་པའི་ཡོན་ཏན། སངས་རྒྱས་སྲས་རྣམས་སློང་དང་སོགས་ནས། ཡོན་ཏན་བཞིར་ནི་ཤེས་པར་བྱ། ཞེས་པའི་བར་རོ། །རྣམ་པར་དག་པའི་ཡོན་ཏན་སློབ་པ་མཐོང་བ་སོགས་ནས་མཚུངས་པ་མེད་ཀྱི་བར་རོ། །མཆོག་གི་ཡོན་ཏན་ནི་སྦྱིན་བརྟེན་སོགས་ནས་མཆོག་ཏུ་འདོད་ཀྱི་བར་རོ། །སྦྱིན་བརྩོན་བྱེ་བྲག་ཏུ་བཤད་པའི། དང་པོ་སྦྱིན་པ་ནི། བྱང་ཆུབ་སེམས་དཔའི་སོགས་ནས། བྱང་ཆུབ་སེམས་ལས་གཞན་མིན་གྱི་བར་རོ། །བརྩོན་འགྲུས་བྱེ་བྲག་ཏུ་བཤད་པ་ལ་བསྟན་བཤད་དོ། །གཙོ་དང་སོགས་ནས་ཐོས་ནས་ཕམ་པ་མེད་ཀྱི་བར་རོ། །གཉིས་པ་བསྡུ་དངོས་བཞི་ལ། ངོ་བོ་དང་། བྱེད་པ་དང་། ལས་དང་། གྲངས་ངེས་དང་། རབ་དབྱེ་དང་། ཕན་ཡོན་ནོ། །གཉིས་པ་ཚད་མེད་པ་བཞི་དང་འབྲེལ་བའི་མཆོད་པ་དང་བསྟེན་པ་བསྟན་པ། དེ་དག་གི་མཇུག་བསྡུ་བ་ལས། དང་པོ་མཆོད་པ་ལ། མཆོད་པའི་རྣམ་བཞག་རྒྱས་པར་བཤད་པ། དེའི་དོན་བསྡུས་ཏེ་བསྟན་པ། མཆོད་པའི་དབྱེ་བ། མཆོད་པ་མཆོག་གོ། བསྟེན་པ་ལ་བསྟན་བཤད། བསྟེན་པའི་རབ་དབྱེ། བསྟེན་པ་མཆོག་གོ། གསུམ་པ་ཚད་མེད་པ་ལ། ཚངས་པའི་གནས་པ་སོགས། ཚད་མེད་བཞིར་སྤྱིར་བཤད་པ་དང་། སྙིང་རྗེ་བྱེ་བྲག་ཏུ་བཤད་པའོ། །མཚན་ཉིད་དང་། དམིགས་པའི་ཁྱད་པར། དམིགས་པ་མེད་པའི་ཁྱད་པར་རོ། །དམན་ལྷག་དེ་དག་གི་གཡོ་དང་མི་གཡོ་སོགས་གི་དབྱེ་བ་འབྲས་བུ་རྒྱུ་འབྲས་རྟགས་གསུམ་ཟེར། དབྱེ་བའོ། །སྐྱོན་ཡོན་གྱི་དབྱེ་བའོ། །སྙིང་རྗེ་རྣམ་པར་དབྱེ་བའོ། །སྙིང་རྗེ་རྣམ་པར་དབྱེ་བ་ལ། དམིགས་པའི་རབ་ཏུ་དབྱེ་བ་དང་། འབྲས་བུ་ལྔ་དང་། སྲིད་ཞིར་མི་གནས་པ་དང་། འཁོར་བ་ཡོངས་སུ་ཤེས་པ་དང་། སྙིང་རྗེའི་རྣམ་པར་དབྱེ་བ། ལྗོན་ཤིང་གི་དཔེ་དང་། ཕན་ཡོན་དང་། སྙིང་རྗེ་ཆགས་པ་དང་བྲལ་བ་དང་། སྙིང་རྗེས་བྱམས་པས་ཁྱད་པར་དུ་འཕགས་པ། སྐྲག་པ་དང་དགའ་བའི་རྒྱུ་མཚན་དང་། སྙིང་རྗེའི་སྡུག་བསྔལ་གྱིས་བདེ་བ་ཟིལ་གྱིས་གནོན་པ་དང་། སྙིང་རྗེས་སྦྱིན་པའི་ཕན་ཡོན། སྡུག་བསྔལ་ཁས་ལེན་པ་དང་། རྣམ་པ་གསུམ་པོ་དང་དེའི་འབྲས་བུ་འཕེལ་བ་དང་། སྦྱིན་པ་ལ་སྤྲོ་བ་བསྐྱེད་པ་དང་། གཞན་བདེ་བས་བདག་བདེ་བ་ཉམས་སུ་མྱོང་བ་དང་། སྦྱིན་པ་ལ་རྗེས་སུ་སྟོན་པ་དང་། བརྩེ་བས་སྦྱིན་པ་ཁྱད་པར་དུ་འཕགས་པ་དང་། ཉེ་བར་སྤྱད་པས་ཁྱད་པར་གྱིས་དགའ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཉེ་བར་བསྒྲུབ་པ་དང་། སྙིང་རྗེའི་རྐྱེན་རྣམ་པ་བཞི་དང་། སྙིང་རྗེ་ཆེན་པོ་མཆོག་གི་རྣམ་པར་དབྱེ་བའོ། །བཞི་པ་ལམ་དང་འབྲེལ་བའི་བྱང་ཆུབ་ཀྱི་ཕྱོགས་ལ། ངོ་ཚའི་རྣམ་པར་དབྱེ་བ་དང་། བསྟན་པ་དང་། མི་སྐྱོ་བ་དང་། བརྟན་བཅོས་ཤེས་པ་དང་། འཇིག་རྟེན་ཤེས་པ་དང་། རྟོན་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། ཚོགས་གཉིས་དང་། དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག །འཕགས་པའི་ལམ་དང་། ཞི་གནས་དང་། ལྷག་མཐོང་དང་། ཐབས་ལ་མཁས་པ་དང་། གཟུངས་དང་། སྨོན་ལམ་དང་། ཏིང་ངེ་འཛིན་དང་། ཆོས་ཀྱི་སྡོམ་དང་། དེའི་སྐད་ཅིག་མ་དང་། བདག་མེད་པ་དང་། ངོ་ཚ་ལ་སོགས་པའི་ལས་མདོར་བསྡུས་ཏེ་བསྟན་པའོ། །བསྟན་པ་ལ། མཚན་ཉིད་མདོར་བསྟན། མིང་གི་རྣམ་གྲངས། མིང་དེ་སྒྲུབ་པ་དང་བཅས་པ་དང་། དབྱེ་བ་དང་། མི་འགྱུར་བར་བསྟན་པའོ། །མི་སྐྱོ་ལ། གཞི་རྟེན་ངོ་བོ་དབྱེ་བར་འདོད། ཚོགས་ལ། མཚན་ཉིད་དང་། ངེས་ཚིག་བྱེད་ལས་དབྱེ་བའོ། །བཞི་པ་བསམ་གྱིས་མི་ཁྱབ་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གྱི་ལེའུ་ལ། སྒྲུབ་པའི་ཡོན་ཏན། རབ་ཏུ་བསྔགས་པའི་ཡོན་ཏན་གཉིས་ལས། དང་པོ་ལ། ངོ་མཚར་ཆེ་བ་དང་མི་ཆེ་བ་རྣམ་པར་དབྱེ་བ་དང་། སེམས་མཉམ་པ་ཉིད་དང་། ཕན་འདོགས་པ་རྣམ་པར་དབྱེ་བ་དང་། ལན་དུ་ཕན་འདོགས་པ་དང་། སྨོན་པ་དང་། སྦྱོར་བ་ཆུད་མི་ཟ་བ་དང་། ཡང་དག་པའི་སྦྱོར་བ་དང་། ཡོངས་སུ་ཉམས་པ་དང་། ཁྱད་པར་ཅན་གྱི་ཆོས་རྣམ་པར་དབྱེ་བ་དང་། བཅོས་མ་དང་བཅོས་མ་མ་ཡིན་པའི་ཡོན་ཏན་དང་། འདུལ་བ་རྣམ་པར་དབྱེ་བ་དང་། ལུང་མངོན་སུམ་མངོན་སུམ་མིན། དངོས་དང་གསང་སྟེ། དུས་རིང་པོ་ཐུང་དུ་རྫོགས་པའི་བྱང་ཆུབ་ལུང་བསྟོན་པ། བསྟན་པ་དང་། ངེས་པར་འགྱུར་བ་དང་། གདོན་མི་ཟ་བར་བྱ་དགོས་པ་དང་། རྟག་པར་བྱ་བ་དང་། གཙོ་བོའི་དངོས་པོ་དང་། གདགས་པ་རྣམ་པར་བཞག་པ་དང་། ཡོངས་སུ་ཚོལ་བ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །དཔག་ཏུ་མེད་པ་དང་། བཤད་པའི་འབྲས་བུ་དང་། ཐེག་པ་ཆེན་པོ་དང་། དེའི་འབྲས་བུའོ། །སྒྲུབ་པའི་ཡོན་ཏན་སོང་། རབ་ཏུ་བསྔགས་པའི་ཡོན་ཏན་ལ། བྱང་ཆུབ་སེམས་དཔའི་རྣམ་པར་དབྱེ་བ་དང་། དེའི་མཚན་གྱི་རྣམ་པར་དབྱེ་བའོ། །ཡོངས་སུ་གྲུབ་པ་མཐར་ཐུགས་པའི་དོན་ལ། རྟགས་དང་། ཕྱོགས་དང་། ལྷན་པའི་བསམ་པ་དང་། སྐྱེ་བ་དང་། གནས་པ་དང་། ས་རྣམ་པར་དབྱེ་བ་དང་། བསྟན་བཤད་པ་ལ། མཚན་ཉིད་གང་ཟག་བསླབ་པ་སོགས་སོ། །རྟགས་ལ་བཞུགས་པའི་རྟགས་དང་། ཕ་རོལ་ཏུ་ཕྱིན་པའི་རྟགས་དང་། དེའི་ཕན་ཡོན་ནོ། །སྤྱོད་པ་དང་། སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་དབྱེ་བའོ། །དེ་ཡང་བསྡུ་ན་གཉིས་ཏེ། རྒྱུའི་ཁྱད་པར་དང་། ངོ་བོའི་སྒོ་ནས་སོ། །དེ་རྒྱུ་ལ་དྲུག་སྟེ། རྟགས་ཕྱོགས་བསམ་པ་ཡོངས་འཛིན་སྐྱེ་བ་སའི་སྒོ་ནས་སོ། །ངོ་བོའི་སྒོ་ནས་བཅོ་བརྒྱད་དེ། ཚད་མེད། རྣམ་ཐར་སོགས་དང་། ཉོན་མོངས་མེད་པ་དང་། སྨོན་གནས་མཁྱེན་པ། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་དང་། མཚན་དང་། དཔེ་བྱད་དང་། ཡོངས་སུ་དག་པ་དང་། སྟོབས་དང་། མི་འཇིགས་པ་དང་། བསྲུང་མེད་དྲན་པ་ཉེར་གནས་དང་། བག་ཆག་བཅོམ་པ་དང་། བསྙེལ་བ་མི་མངའ་དང་། ཐུགས་རྗེ་ཆེན་པོ་དང་། མ་འདྲེས་པའི་ཡོན་ཏན་དང་། ཐམས་ཅད་མཁྱེན་པའི་ཡོན་དང་། ཕ་རོལ་ཏུ་ཕྱིན་པ་རྫོགས་པ་དང་། སངས་རྒྱས་ཀྱི་མཚན་ཉིད་རྣམ་པར་དབྱེ་བའོ། །སྨྲས་པ། རྒྱལ་སྲས་རྒྱུ་སྐར་དབུས་ན་ཉི་ཟླ་བཞིན། །ཟླ་བྲལ་སྟོན་པའི་རྒྱལ་ཚབས་མི་ཕམ་རྗེའི། །ཐེག་ཆེན་མདོ་སྡེའི་རྒྱན་གྱི་བསྡུས་པའི་དོན། །མཁས་པ་ཛྙཱ་ན་ཤྲི་ཡིས་རྣ་རྒྱན་ལྟར། །༡བྲི་བསྣན་ཅུང་ཟད་བྱས་འདི་མཚུངས་མེད་པའི། །བཤེས་གཉེན་དམ་པའི་གསུངས་ལ་བརྟེན་པ་ལས། །རང་བཟོས་སྦྱར་བའི་ཡན་ལག་སྤངས་པའང་། །བདག་བློ་པད་རྩ་ལྟ་བུར་ཆེས་ཕྲ་བས། །༢མ་རྟོགས་པ་དང་ལོག་པར་རྟོགས་པ་སོགས། །མཆིས་ཚེ་ཐོག་མེད་སྡིག་དང་ཆབ་གཅིག་པར། །རྒྱས་བ་སྲས་དང་བཅས་པ་རྣམས་ལ་ནི། གནོང་འགྱོད་དྲག་པོས་རབ་ཏུ་བཤགས་པར་བྱ། །༣གལ་ཏེ་ལེགས་བྱས་འབྲས་བུ་དགུང་ཟླའི་འོད། །རབ་དཀའ་གང་དེས་མ་རྣམས་མ་རིག་པའི། །མུན་པ་ཆེན་པོ་བསལ་ནས་ཡེ་ཤེས་ཀྱི། །རང་བཞིན་བྱམས་པའི་གོ་འཕང་འཐོབ་ཕྱིར་བསྔོ། །༤བདག་ཀྱང་འདི་ནས་བྱང་ཆུབ་མ་ཐོབ་པར། །དམ་པ་རྣམས་དང་ནམ་ཡང་འབྲལ་མེད་པར། །དམ་ཆོས་ཚུལ་བཞིན་བསྒྲུབ་པའི་ལུས་ཐོབ་སྟེ། །རྒྱལ་བསྟན་རིན་ཆེན་འཛིན་པའི་མཆོག་ཐོབ་ཤོག །དགེའོ། །