PJCW-KABUM-04-NGA-022

From Khyentse Lineage - A Tsadra Foundation Project
Revision as of 08:56, 2 June 2024 by Jeremi (talk | contribs)

PJCW-KABUM-04-NGA-022
Wylie title
Location dpal sprul bka' 'bum
Volume 4, Text 22, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །འདུས་མདོའི་དབང་གི་གོ་དོན་ཟིན་བྲིས་བཞུགས་སོ། །


བླ་མ་ལ་ཕྱག་འཚལ་ལོ། །སྒོ་འབྱེད་ཕྱག་རྡོར་གྱི་དབང་གི་དུས་དབང་མི་ཐོབ་པའི་གེགས་བརྒྱད་བཤད་པ་ནི། དབང་གཞུང་ལས། སངས་རྒྱས་ཀུན་གྱི་དངོས་གྲུབ་མཆོག ། ཅེས་པ་ལ་སོགས་པས་བསྟན་པ་ལྟར་ཡིན་ཏེ། སློབ་དཔོན་གྱི་བཀའ་བཅག་ཅིང་བརྙས་པ་བྱེད་པ་དང་གཅིག །རྡོ་རྗེའི་སྤུན་ལ་འཁུ་ལྡོག་གིས་གདུང་སེམས་མེད་པ་དང་གཉིས། བྱང་ཆུབ་ཀྱི་སེམས་དང་ཡི་དམ་གྱི་ལྷ་སྤོངས་པ་དང་གསུམ། སེམས་ཅན་སྡུག་བསྔལ་བ་ལ་སྙིང་རྗེའི་ཐག་པ་གཅོད་པ་དང་བཞི། གསང་བ་སྣོད་མིན་ལ་སྦྱིན་པ་དང་ལྔ། བླ་མ་ལ་བཀུར་སྟི་མེད་ཅིང་སེར་སྣས་བཅིང་བ་དང་དྲུག །རང་བཟོ་དང་ཕོ་ཚོད་ཀྱིས་ཆོས་ལ་དབང་ཟ་བ་དང་བདུན། འདོད་པ་དང་ཁེ་དྲག་གི་དབང་གིས་གསང་བའི་དམ་ཚིག་སྤོངས་པ་དང་བརྒྱད་དོ། ། ལྷ་མིའི་ཐེག་པའི་དུས། རྐྱེན་གྱུར་ལས་ཀྱི་བག་ཆགས་རགས་པ་ཞེས་ངན་སོང་དུ་ལྟུང་བྱེད་ཀྱི་ལས་མི་དགེ་བ་སོགས་ཡིན། འཇིག་རྟེན་ཕ་རོལ་ལ་ཡིད་ཆེས་པ་ནི་ཚེ་ཕྱི་མ་ཡོད་པ་ལ་ཡིད་ཆེས་པ་ཡིན། ལས་རྒྱུ་འབྲས་ནི་རྒྱུ་དགེ་མི་དགེ་གཉིས་ལས་འབྲས་བུ་བདེ་སྡུག་གཉིས་འབྱུང་བ་ལ་ཡིད་ཆེས་པ་ཡིན། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་དེ་ཡིན། གཏན་ཁྲིམས་ཞེས་པ། ཤི་མ་སོང་བར་དུ་སྡོམ་པ་ལེན་པ་དེ་ཡིན། དུས་ཁྲིམས་ཡན་ལག་བརྒྱད་པ་ཞེས་པ་སང་ཉི་མ་མ་ཤར་གྱི་བར་དུ་སྡོམ་པ་ལེན་པ་དེ་ཡིན། རང་གི་འབྲས་བུ་འབྱིན་ནུས་ཀྱི་བར་ཞེས་པ་དགེ་བའི་ལས་གང་བྱེད་ཀྱང་ལས་དེ་མཐར་ཕྱིན་པ་ནས་འབྲས་བུ་བསྐྱེད་ནུས་པ་ཡིན་པས་དེ་ཙམ་ལ་ཟེར་བ་ཡིན། ཁམས་གོང་མར་སྐྱེ་བ་ལ་ཞི་རགས་ཀྱི་བསམ་གཏན་བསྒོམ་ཚུལ་ནི། དཔེར་ན་དང་པོ་བསམ་གཏན་གཅིག་ཀྱང་མ་ཐོབ་པའི་གོང་དུ་རང་རེ་འདོད་ཁམས་པ་རྣམས་ཀྱི་སེམས་རྣམ་པར་རྟོག་པའི་དབང་དུ་གྱུར་པ་འདི་ནི་ཤིན་ཏུ་རགས་པས། བསམ་གཏན་དང་པོ་བའི་སེམས་ཐོབ་ན་ནི་རྣམ་རྟོག་འདི་དག་ཞི་བས་ཤིན་ཏུ་ཞི་བ་ཡིན་པས་དེ་ཐོབ་པར་བྱའོ་སྙམ་ནས་འདོད་ཁམས་ཀྱི་རྣམ་རྟོག་རྣམས་བཀག་ནས་བསྒོམ་པས་བསམ་གཏན་དང་པོ་ཐོབ། དེ་ནས་བསམ་གཏན་དང་པོ་ནི་ད་དུང་རྟོག་དཔྱོད་ཀྱི་བློ་དང་བཅས་པ་ཡིན་པས་རགས་ལ། གཉིས་པ་ནི་རྟོག་དཔྱོད་དང་བྲལ་བ་ཡིན་པས་ཞི་བས་ན་དེ་ཐོབ་པར་བྱའོ་སྙམ་ནས་རྟོག་དཔྱོད་སྤངས་ནས་བསྒོམ་པས་བསམ་གཏན་གཉིས་པ་ཐོབ་པ་སོགས་ས་འོག་མ་དེའི་སྐྱོན་དུ་ལྟ་བས་དེའི་ཆགས་པ་དང་བྲལ་བར་བྱེད་པ་ཡིན། ཟག་པ་དང་བཅས་པའི་དགེ་བ་ཞེས་པ་འཁོར་བའི་བདེ་འབྲས་བསྐྱེད་ཅིང་ཐར་པའི་རྒྱུ་མ་ཡིན་པ་ལ་ཟེར། གཟུགས་ལ་ཆགས་བྲལ་ནི། བདག་ནི་སོགས། དེ་ནས་དཀྱིལ་འཁོར་སྒྲིབ་ལ་སློབ་བུ་རྣམས་ཕྱི་ན་བཞག་བཞིན། བགེགས་གཏོར་གཏོང་། གུ་གུལ་བདུག ། སློབ་མ་རྣམས་ནང་དུ་རྫོགས་པ་དང་སྒོ་བཅད། རྡོར་སེམས་སྒོམ་བཟླས་བྱ། བསྲུང་འཁོར། མཎྜལ་འབུལ། གསོལ་གདབ་ནི། ཀྱེ་རིག་ལྔའི་སོགས། ༤ཡོལ་བ་བཀྲོལ། གཙོ་བོ་ལ་གསོལ་བ། ཀྱེ་མ་བླ་མ་སོགས། ༤ལན་གསུམ། བླ་མས། ཀྱེ་མཁྱེན་ནི་སོགས། སློབ་མས་བདག་ནི་འབྲས་བུ་སོགས། ༤ལན་གསུམ། བླ་མས། ཨེ་མ་ཨེ་མ་སོགས། ༡༢བདུད་རྩི་ལྕེ་ལ་བཞག །འདི་ནི་ཁྱོད་ཀྱི་སོགས། ༧བྱིན་འབེབ་ནི་སློབ་བུའི་སྙིང་གི་ནང་སོགས་ཚིག་རིང་། བྱིན་རྫས་བདུག །སློབ་བུ་རྣམས་ཤར་སྒོ་ནས་ཕྱག་འཚལ་ཏེ། ཀྱེ་ཤར་སྒོ་སོགས། ཕྱོགས་གཞན་དེའི་འགྲེ། མེ་ཏོག་དོར་བ་ནི། ཀྱེ་བདེ་གཤེགས་རིགས་ལྔའི་སོགས། ༤དོར་རོ། ། མིག་དར་བཀྲོལ་བ་ནི། སྟོན་པ་རིགས་ལྔའི་སོགས། ༥ཞེས་བཀྲོལ། དེ་ནས་བླ་མས། ཀྱེ་མ་རིགས་ཀྱི་བུ་སོགས། ༧དཀྱིལ་འཁོར་རྣམ་དག་བཤད། དེ་ཡན་ཆད་སྔོན་འགྲོ་རྣམ་པ་བཅུའོ། ། དབང་བསྐུར་བ་དངོས་ལ་མཎྜལ་ཕུལ། གསོལ་གདབ། ཀུན་བཟང་སོགས། ༢མཆོད་པ་བཀྱག །མེ་ཏོག་མགོའམ་དཔུང་གཡོན་བཏགས་པ། མེ་ཏོག་གང་ལ་སོགས། ༣དེ་ནས་རིགས་དབང་ལྔ་ལས་དང་པོ་མི་བསྐྱོད་པ་ཆུའི་དབང་། སློབ་མ་རྡོར་སེམས་སོགས་ཚིག་རིང་། ཧཱུྃ་གཟུགས་ཀྱི་ཕུང་པོ་སོགས། ༤སྣང་མཐའ་རྡོ་རྗེའི་དབང་ལ། སློབ་མ་སྣང་མཐའ་སོགས། ཚིག་རིང་། ཧཱུྃ་འདུ་ཤེས་སོགས། ༤རིགས་ཀྱི་བུ་སོགས། མིང་དབང་ནི། སློབ་མ་རྣམ་སྣང་སོགས། ཧཱུྃ་རྣམ་ཤེས་སོགས། རིགས་ཀྱི་བུ་སོགས། རིན་འབྱུང་དབུ་རྒྱན་ནི། སློབ་མ་རིན་འབྱུང་སོགས། ཚོར་བའི་སོགས། ༤འོ་རིགས་ཀྱི་བུ་སོགས། དོན་གྲུབ་དྲིལ་བུའི་དབང་ནི། སློབ་མ་དོན་གྲུབ་སོགས། ཨེ་མ་ཧོ་འགྲོ་མཆོག་སོགས། ཧཱུྃ་འདུ་བྱེད་སོགས། ༤འོ་རིགས་ཀྱི་བུ་སོགས། ཀུན་བཟང་རྡོ་དྲིལ་གྱི་དབང་ནི། སློབ་མ་ཀུན་ཏུ་བཟང་པོ་སོགས། ཨོཾ་ཨཱཿཧཱུྃ་ཐབས་དང་ཤེས་རབ་སོགས། འོ་རིགས་ཀྱི་བུ་སོགས། བུམ་དབང་ལ་བུམ་པ་བཅུའི་བདུད་རྩི་གཙོ་བོའི་བུམ་པར་བསྡུས་ཀྱང་རུང་། རེ་རེ་ནས་བསྐུར་ཡང་རུང་སྟེ། ཤར་བུམ། ནུབ་བུམ། དབུས་བུམ། ལྷོ་བུམ། བྱང་བུམ་རྣམས་རིམ་པར། ལྷ་ཐམས་ཅད་སོགས་ནས་ཧཱུྃ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་སོགས། དེའི་རིགས་འགྲེ། སིདྡྷི་ཕ་ལ་ཧཱུྃ་ཨཱཿའོ་རིགས་ཀྱི་བུ་སོགས་ཀྱིས་བུམ་ཆུ་བླུད། ཁྲུས་བྱ། བརྡའི་དབང་ནི། རིག་ལྔའི་སྐུ་བསྟན་ལ། འོ་རིགས་འཁོར་བའི་རྒྱུ་འབྲས་གཉིས་ཡིན། དེ་བཞིན་དུ་ལམ་བདེན་རྒྱུ་འགོག་པ་འབྲས་བུ་ཡིན་པས་དེ་གཉིས་ཐར་བའི་རྒྱུ་འབྲས་གཉིས་ཡིན། དེ་ལ་སྤང་བླང་བྱེད་པའི་དུས། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་ཐོབ་པར་བྱ། ལམ་རང་རྒྱུད་ལ་བརྟེན་དགོས་པ་ཡིན། བདེན་པ་བཞིའི་རྣམ་པ་བཅུ་དྲུག་ནི། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་བཞི་སྡུག་བསྔལ་གྱི་རྣམ་པ་བཞི་ཡིན། རྒྱུ་ཀུན་འབྱུང་། རྐྱེན། རབ་སྐྱེ་བཞི་ཀུན་འབྱུང་གི་རྣམ་པ། འགོག་པ། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བ་བཞི་འགོག་པའི་རྣམ་པ། ལམ་རིག་པ་བསྒྲུབ་པ་ངེས་པར། འབྱིན་པ་བཞི་ལམ་བདེན་གྱི་རྣམ་པའོ། །ཕྱི་གཟུང་ཡུལ་རགས་སྣང་ཞེས་པ། རི་རབ་ཁང་ཁྱིམ་སོགས་དངོས་པོ་རགས་པ་རྣམས་ཡིན། སེམས་ཀྱི་རྒྱུན་ཞེས་པ། སེམས་སྐད་ཅིག་མ་དུ་མ། མཐུད་པའི་ཆགས་སྡང་སོགས་ཀྱི་རྣམ་རྟོག་རགས་པ་རྣམས་ཡིན། རགས་སྣང་རྩོམ་གཞི་ཞེས་པ་ཕྱི་ཡུལ་རགས་པ་རྣམས་རྡུལ་ཕྲན་དུ་མ་འདུས་པ་དང་། རྣམ་རྟོག་རགས་པ་རྣམས་སྐད་ཅིག་དུ་མ་འདུས་པ་ཡིན་པས་རྡུལ་ཕྲན་དང་སྐད་ཅིག་གཉིས་ལ་རྩོམ་གཞི་ཟེར་བ་ཡིན། རྡུལ་ཕྲན་དང་སྐད་ཅིག་དེ་གཉིས་དོན་དམ་བདེན་གྲུབ་ཏུ་འདོད་པས་ཆོས་ཀྱི་བདག་མེད་མ་རྟོགས་པ་ཡིན། ང་དང་ང་ཡི་བ་གཉིས་ཀ་བདེན་མེད་དུ་རྟོགས་པས་གང་ཟག་གི་བདག་མེད་རྟོགས་པ་ཡིན་ནོ། །སོ་སོར་ཐར་ཞེས་བྱ་རྣམས་བརྒྱད། ཅེས་པ་སྤང་བྱ་ལྔ་སྤོང་བ་དགེ་བསྙེན། བརྒྱད་སྤོང་བ་བསྙེན་གནས། བཅུ་སྤོང་བ་དགེ་ཚུལ། ཐམས་ཅད་སྤོང་བ་དགེ་སློང་དང་བཞི་བོ་རེ་རེ་ལ་ཕོ་མོ་གཉིས་རེ་ཕྱེ་བས་སོ་ཐར་རིགས་བརྒྱད་ཡིན། དགེ་བསྙེན་གྱི་སྤང་བྱ་ལྔ་ནི་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་དང་བཞི་རྩ་བ་བཞི་ཡིན་པས་དེའི་སྟེང་དུ་ཆང་དང་ལྔ་ཡིན། བསྙེན་གནས་ཀྱི་བརྒྱད་ནི་དེའི་སྟེང་དུ་གར་སོགས་ཕྲེང་སོགས། མལ་ཆེ་མཐོ། ཕྱི་དྲོས་ཁ་ཟས་དང་གསུམ་སྤང་བ་ཡིན། དགེ་ཚུལ་གྱི་བཅུ་ནི་དེ་བརྒྱད་ལས་གར་སོགས་དང་ཕྲེང་སོགས་སོ་སོར་བརྩིས་པས་དགུ། གསེར་དངུལ་ལེན་པ་བསྣན་ནས་བཅུ་ཡིན། དགེ་སློང་ནི་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་ཡིན་ནོ། །ང་རྒྱལ་ལ་ཁམས་ཀྱི་རབ་དབྱེ་ཞེས་པ་ནི་ཁམས་བཅོ་བརྒྱད་ཀྱི་དབྱེ་བ་སྒོམ་པ་ཡིན་ནོ། །ཁམས་གསུམ་གྱི་ཉོན་མོངས་མཐོང་བས་སྤང་བར་བྱ་བ་ཞེས་པ་ནི། ཁམས་གསུམ་དུ་སྐྱེ་བར་བྱེད་པའི་ཉོན་མོངས་རྣམས་ལ་མཐོང་ལམ་གྱི་དུས་སྤོང་དགོས་པ་ཚོ་གཅིག་དང་སྒོམ་ལམ་གྱི་དུས་སྤང་དགོས་པ་ཚོ་གཅིག་ཡོད་པ་ལས་མཐོང་ལམ་གྱི་དུས་སྤང་དགོས་རྒྱུའི་ཉོན་མོངས་རྣམས་ལ་མཐོང་བས་སྤང་བ་ཟེར་བ་ཡིན། དེ་སྤོང་བྱེད་མཐོང་ལམ་གྱི་དུས་ཀྱི་ཡེ་ཤེས་བཅུ་དྲུག་སྐྱེ་བ་ནི། སྡུག་བསྔལ་ཆོས་ཤེས། སྡུག་བསྔལ་ཆོས་བཟོད། སྡུག་བསྔལ་རྗེས་ཤེས། སྡུག་བསྔལ་རྗེས་བཟོད་བཞི། ཀུན་འབྱུང་ཆོས་ཤེས། ཀུན་འབྱུང་ཆོས་བཟོད། ཀུན་འབྱུང་རྗེས་ཤེས། ཀུན་འབྱུང་རྗེས་བཟོད་དང་བཞི། འགོག་པ་ཆོས་ཤེས། འགོག་པ་ཆོས་བཟོད། འགོག་པ་རྗེས་ཤེས། འགོག་པ་རྗེས་བཟོད་དང་བཞི། ལམ་ཆོས་ཤེས། ལམ་ཆོས་བཟོད། ལམ་རྗེས་ཤེས། ལམ་རྗེས་བཟོད་དང་བཅུ་དྲུག་གོ ། ༈ རང་རྒྱལ་གྱི་སྐབས་སུ། མངོན་རྒྱུའི་བག་ཆགས་ཞེས་པ་ཉོན་མོངས་མངོན་གྱུར་ཞེ་སྡང་དྲག་པོ་ལང་བ་ལྟ་བུ་རིག་རྒྱུ་ཡོད་པ་དེ་ཡིན། ཕྱིའི་རྟེན་འབྲེལ་བཅུ་གཉིས་ནི། ས་བོན། མྱུ་གུ། སྡོང་བུ། ལོ་མ། མེ་ཏོག །འབྲས་བུ་སྟེ་རྒྱུད་དང་འབྲེལ་བ་དྲུག །ས་ཆུ་མེ་རླུང་ནམ་མཁའ་དུས་སྟེ་རྐྱེན་དང་འབྲེལ་བ་དྲུག་གོ །ནང་གི་རྟེན་འབྲེལ་བཅུ་གཉིས། ང་དང་བདག་ཏུ་འཛིན་པ་མ་རིག་པ། དགེ་སྡིག་གི་ལས་བསགས་པ་འདུ་བྱེད། རྣམ་ཤེས་འདི་ནས་ཕ་རོལ་དུ་འཕོ་བ་རྣམ་ཤེས། ཚོར་བ་སོགས་མིང་བཞི་དང་གཟུགས་ནི་མིང་གཟུགས། མིག་རྣ་བ་སྣ་ལྕེ་ལུས་ཡིད་དྲུག་ནི་སྐྱེ་མཆེད། ཕྱིའི་ཡུལ་ནང་གི་རྣམ་ཤེས་བར་གྱི་དབང་པོ་གསུམ་འདུས་པ་ནི་རེག་པ། དེ་གསུམ་ཕྲད་པས་བདེ་སྡུག་ཚོར་བ་ནི་ཚོར་བ། བདེ་བ་ཐོབ་འདོད་དང་སྡུག་བསྔལ་སྤོང་འདོད་ནི་སྲིད་པ། དེ་དང་དུ་ལེན་པ་ནི་ལེན་པ། དེས་སྐྱེ་བ་ཕྱི་མ་སྐྱེ་བ་ལེན་པ་ནི་སྐྱེ་བ། སྐྱེས་ནས་མི་ཤི་བར་རྒ་བ་དང་ཤི་བ་ཡིན་ནོ། །དེ་ལུགས་འབྱུང་དང་ལུགས་ལྡོག་ནི་མ་རིག་པ་ཡོད་ན་འདུ་བྱེད་ཡོད་པ་སོགས་ལུགས་འབྱུང་དང་། མ་རིག་འགགས་ན་འདུ་བྱེད་འགགས་པ་སྐྱེ་ངེས་ཀྱི་རྒྱུ་འགྲུབ་པ། དེས་ཕྱི་མར། སོགས་ལུགས་ལྡོག་ཏུ་གཞུང་འདིར་བཤད་པ་ཡིན་ནོ། །རང་རྒྱལ་རིགས་གསུམ་བཤད་པའི་བསེ་རུ་ལྟ་བུ་ནི་གཅིག་པུ་གནས་པ་ཡིན། ཚོགས་ན་སྤྱོད་པ་ནི་མང་པོ་ལྷན་ཅིག་ཏུ་གནས་པ་ཡིན། བསེ་རུ་ལྟ་བུས་ཚོགས་ལམ་དུ་བསྐལ་ཆེན་བརྒྱ་ཚོགས་བསགས་ནས་སྲིད་པ་ཐ་མའི་ཚེ་ལམ་ལྔ་སྟན་ཐོག་ཅིག་ཏུ་རྫོགས་པ་ཡིན། དེ་བཞིན་དུ་ཚོགས་སྤྱོད་ཆེན་པོའི་ལམ་བཞི་དང་། ཆུང་ངུས་ལམ་གསུམ་སྟན་ཐོག་ཅིག་ཏུ་རྫོགས་པ་ཡིན་ནོ། །མཁས་པ་དྲུག་གི་ཕུང་པོ་ལ་མཁས་པ་ནི་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ལྔ་ཡིན། ༈ སྤྱིར་ཉན་ཐོས་ཀྱི་སྡེ་སྣོད་དུ་མ་གཏོགས་པའི་རང་རྒྱལ་གྱི་སྡེ་སྣོད་ཟུར་བ་ཞིག་དེང་སང་མེད་ཀྱང་། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོའི་ནང་ན་རང་རྒྱལ་གྱི་སྡེ་སྣོད་ཟུར་དུ་ཡོད་པར་བཤད་འདུག་གོ །ཁམས་ལ་མཁས་པ་ནི་མིག་གི་རྣམ་ཤེས་ཀྱི་ཁམས། རྣ་བའི་རྣམ་ཤེས་ཀྱི་ཁམས། སྣའི་རྣམ་ཤེས་ཀྱི་ཁམས། ལྕེའི་རྣམ་ཤེས་ཀྱི་ཁམས། ལུས་ཀྱི་རྣམ་ཤེས་ཀྱི་ཁམས། ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ཏེ་ནང་རྣམ་ཤེས་ཀྱི་ཁམས་དྲུག །དེ་བཞིན་དུ་མིག་གི་དབང་པོ། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ། ཡིད་ཀྱི་དབང་པོ་སྟེ་བར་དབང་པོའི་ཁམས་དྲུག །ཡང་གཟུགས་ཀྱི་ཁམས། སྒྲའི་ཁམས། དྲིའི་ཁམས། རོའི་ཁམས། རེག་བྱའི་ཁམས། ཆོས་ཀྱི་ཁམས་ཏེ་ཕྱི་ཡུལ་གྱི་ཁམས་དྲུག་དང་བཅོ་བརྒྱད་དོ། །སྐྱེ་མཆེད་ལ་མཁས་པར་བྱ་བ་ནི། མིག་གི་སྐྱེ་མཆེད། རྣ་བའི་སྐྱེ་མཆེད། སྣའི་སྐྱེ་མཆེད། ལྕེའི་སྐྱེ་མཆེད། ལུས་ཀྱི་སྐྱེ་མཆེད། ཡིད་ཀྱི་སྐྱེ་མཆེད་དང་དྲུག །གཟུགས་ཀྱི་སྐྱེ་མཆེད། སྒྲའི་སྐྱེ་མཆེད། དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད། རེག་བྱའི་སྐྱེ་མཆེད། ཆོས་ཀྱི་སྐྱེ་མཆེད་དྲུག་དང་བཅུ་གཉིས་སོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ནི་ལས་དགེ་བ་བསྒྲུབ་ན་འབྲས་བུ་བདེ་བ་འབྱུང་བ་གནས་ཡིན་པ་དང་། དགེ་བའི་འབྲས་བུ་སྡུག་བསྔལ་འབྱུང་བ་གནས་མ་ཡིན་པ་སོགས་སོ། །བདེན་པ་ལ་མཁས་པ་ནི། བསྡུ་ན་ཀུན་རྫོབ་དོན་དམ་གཉིས། འབྲིང་དུ་བདེན་བཞི། རྒྱས་པར་བདེན་བཞི་རྣམ་པ་བཅུ་དྲུག་སོགས་སོ། ། ༈ བྱང་སེམས་ཐེག་པའི་སྐབས་སུ་སྲིད་ཞི་ལས་རྣམ་པར་གྲོལ་ཞེས་པ་ནི། ལས་དབང་གིས་འཁོར་བར་སྐྱེ་བ་སྲིད་པའི་མཐའ། ཉན་རང་ལྟར་རང་ཞི་བདེ་ཕྱོགས་གཅིག་ཏུ་ལྟུང་བ་ཞི་བའི་མཐའ་ཡིན་པས་དེ་གཉིས་ལས་གྲོལ་བ་ཡིན། སྤྲོས་པ་ཞི་བ་ཞེས་པའི་སྐབས་སུ། སྤྲོས་པ་ནི་རྟག༡། ཆད་༢སྐྱེ་༣འགགས་༤འགྲོ་༥འོང་༦གཅིག༧། ཐ་དད་༨རྣམས་སྤྲོས་པའི་མཐའ་བརྒྱད་ཡིན་པས་དེ་བརྒྱད་དང་བྲལ་བ་ལ་ཞི་བ་ཟེར་བ་ཡིན། སློབ་པའི་ལམ་བཞི་ཞེས་པ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་བཞི་ཡིན། མཐར་ལམ་ཞེས་པ་ས་བཅུའི་རྒྱུན་མཐའ་ཡིན། ལམ་དེ་ཐམས་ཅད་ཀྱི་བསྒོམ་བྱ་རྣམས་ཞི་ལྷག་གཉིས་ལ་འདུ་བ་ཡིན་ནོ། །བསྡུ་དངོས་བཞི་ནི། སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་བཞི། འཕགས་པ་བཞི་ནི་ཉན་ཐོས་འཕགས་པ། རང་རྒྱལ་འཕགས་པ། བྱང་སེམས་འཕགས་པ། སངས་རྒྱས་འཕགས་པ་བཞི། དེ་བཞིའི་ཡུམ་ནི་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཡིན་ནོ། །བག་ཡོད་ནི་སྡིག་པའི་ལས་ལ་འཛེམ་བག་བྱེད་པ་དེ་ཡིན། དྲན་པ་ནི་སྤང་བླང་གི་གནས་མི་བརྗེད་པར་འཛིན་པ་དེ་ཡིན། ཤེས་བཞིན་ནི་དུས་དང་རྣམ་པ་ཐམས་ཅད་དུ་རང་རྒྱུད་དང་སྤྱོད་ལམ་ལ་བརྟགས་ནས་བྱ་ར་བྱེད་པ་དེ་ཡིན། ༈ བྱ་རྒྱུད་ཀྱི་སྐབས་སུ་དག་པ་གསུམ་ནི། ལྷ་དང་ཆོས་ཉིད་དག་པ། སྔགས་དང་ཏིང་འཛིན་དག་པ། རྫས་དང་ཡོ་བྱད་དག་པའོ། །མཐའ་བཞི་དང་བྲལ་ཞེས་པ་ནི་རྟག་ཆད་ཡོད་མེད་ཀྱི་མཐའོ། །མངོན་རྒྱུ་ཕྲ་མོ། ལྷན་སྐྱེས་བག་ཆགས་ལྷན་སྐྱེས་གནས་པའི་མ་རིག་པ། ཀུན་འགྲོའི་སྒྲིབ་པ་རྣམས་རྟོག་པ་འབྱུང་བ་ཡིན། ལྷ་དྲུག་ནི་བདག་གི་དེ་ཁོ་ན་ཉིད་སྟོང་པར་བསྒོམ་པ་སྟོང་པའི་ལྷ། དེའི་ངང་ལ་རང་སེམས་ཟླ་དཀྱིལ་དུ་བསྒོམ་པ་ཡི་གེའི་ལྷ། དེའི་སྟེང་དུ་ལྷ་རང་གི་སྔགས་རང་སྒྲ་སྒྲོག་པར་སྒྲའི་ལྷ། དེ་གཉིས་འདྲེས་པ་ལས་འོད་ཟེར་སྤྲོ་བསྡུ་དང་བཅས་ལྷར་སྒོམ་པ་གཟུགས་ཀྱི་ལྷ། རང་རིགས་ཀྱི་ཕྱག་རྒྱས་བྱིན་གྱིས་རློབས་པ་ཕྱག་རྒྱའི་ལྷ། གནས་སྐབས་ཐམས་ཅད་དུ་ལྷ་སྣང་དང་མི་འབྲལ་བ་མཚན་མའི་ལྷའོ། །རིགས་གསུམ་གྱི་ལྷ་ནི་སྐུའི་རིགས་འཇམ་དཔལ། གསུང་གི་རིགས་སྤྱན་རས་གཟིགས། ཐུགས་ཀྱི་རིགས་ཕྱག་རྡོར་རོ། །དམ་ཚིག་རྣམས་ནི་དབང་གཞུང་ལས་འབྱུང་བ་ལྟར་ཡིན། ཡེ་ཤེས་བཞི་ནི་མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས་བཞི་ཡིན། ཡེ་ཤེས་ལྔ་ནི་དེ་སྟེང་ཆོས་དབྱིངས་ཡེ་ཤེས་དང་ལྔ་ཡིན་ནོ། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། ཀྲི་ཡོག་གཉིས་ཀ་ལ་བརྟེན་པའི་ཐེག་པ་ཡིན་ཞེས་པ་ནི་ཨུ་པ་ནི་སྤྱོད་པ་ཀྲི་ཡ་དང་མཐུན་ལྟ་སྒོམ་ཡོ་ག་དང་མཐུན་པས་ལོགས་སུ་ཕྱེ་མི་དགོས་པ་ཡིན་ནོ། །ཕྱི་རྒྱུད་ལ་ཀྲི་ཡོག་གཉིས་སུ་འབྱེད་པའི་ལུགས་ཡིན་ཞེས་པ་ནི་ཀྲི་ཡ་ཡོ་ག་གཉིས་ལས་ཨུ་པ་མེད་པའོ། ། ༈ ཡོ་གའི་སྐབས་སུ་མཚན་བཅས་དང་མཚན་མེད་ཀྱི་ཏིང་ངེ་འཛིན་ཞེས་པ་ནི། མཚན་བཅས་ལྷ་སྒོམ་པ་དང་། མཚན་མེད་སྟོང་ཉིད་སྒོམ་པ་ཡིན་ནོ། །རིགས་ལྔའི་དམ་ཚིག་ནི་སངས་རྒྱས་རིགས་ཀྱི་དམ་ཚིག་སོགས་དབང་གཞུང་ལས་འབྱུང་བ་རྣམས་ཡིན། མངོན་བྱང་ལྔ་ནི་གདན་པད་ཟླ་ལ་མངོན་པར་བྱང་ཆུབ་པ། གསུང་ཡིག་འབྲུ་ལ་མངོན་པར་བྱང་ཆུབ་པ། ཐུགས་ཕྱག་མཚན་ལ་མངོན་པར་བྱང་ཆུབ་པ། སྐུ་ཡོངས་རྫོགས་ལ་མངོན་པར་བྱང་ཆུབ་པ། ཏིང་ངེ་འཛིན་ཡེ་ཤེས་སེམས་དཔའ་ལ་མངོན་པར་བྱང་ཆུབ་པའོ། །ཕྱག་རྒྱ་བཞིའི་རྒྱས་འདེབས་པ་ནི། དམ་ཚིག་གི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་བཞི་ལས་ལྷ་རང་རང་གི་དམ་རྒྱ་བཅས་ནས་སྔགས་བརྗོད་ཅིང་དམ་ཡེ་དབྱེར་མེད་དུ་བསྟིམ་པ་དམ་རྒྱ། ལྷ་རྣམས་ཀྱི་ལྐོག་མར་པད་ཟླའི་སྟེང་དུ་རྡོ་རྗེའི་ལྟེ་བར་རང་སྔགས་བཀོད་ནས་བརྗོད་པ་ཆོས་རྒྱ། ལྷ་རྣམས་ཀྱི་ཐུགས་ཀར་སྣ་ཚོགས་རྡོ་རྗེ་རེ་བསམ་ནས་ལྷ་རང་རང་གི་ལས་རྒྱ་བཅའ་ཞིང་སྔགས་བརྗོད་པ་ལས་རྒྱ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་དང་པོའི་རྡོ་རྗེ་རྩེ་ལྔ་བ་རེ་གསལ་བ་ནས་ལྷ་རང་རང་གི་ཕྱག་ཆེན་བཅའ་ཞིང་སྔགས་བརྗོད་པ་ཕྱག་རྒྱ་ཆེན་པོའོ། ། དངས་མ་མི་ཤིག་པ་ལྔ་ཞེས་པ་ནི་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་དངས་མ་ལྔ་འདུས་འོད་ལྔའི་ཐིག་ལེ་སྲན་མའི་འབྲུ་ཙམ་པ་ཞིག་རིག་པ་བྱང་ཆུབ་སེམས་ཀྱི་རྟེན་སྙིང་དབུས་ན་ཡོད་པ་དེའོ། །རིགས་ལྔ་ནི་རྒྱལ་བ་རིགས་ལྔ། ཡེ་ཤེས་ལྔ་ནི་ཆོས་དབྱིངས་ཡེ་ཤེས་སོགས་སོ། ། ༈ མ་ཧཱ་ཡོ་གའི་སྐབས་སུ། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ཅེས་པ་ནི། སྤྱིའི་དམ་ཚིག་ཉན་རང་བྱང་སེམས་ཀྲི་ཡོག་རྣམས་ཀྱི་བསླབ་བྱ། ཁྱད་པར་གྱི་དམ་ཚིག་ནི་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ། ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔའོ། །དང་པོ་སྐུའི་དམ་ཚིག་བླ་མ་དང་རྡོ་རྗེའི་མཆེད་ལྕམ་ལ་གུས་པ། གསུང་གི་དམ་ཚིག་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ། ཐུགས་ཀྱི་དམ་ཚིག་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མི་སྤངས་པ་དང་། གསང་བཅུ་མི་སྨྲ་བ་ཡིན། དང་པོ་བླ་མའི་དུས་བླ་མ་དྲུག་སྟེ་སྤྱིའི་སློབ་དཔོན་ཡུལ་སྤྱིའི་བཀུར་ཞིང་རང་གི་བཀའ་དྲིན་ཐོབ་པ། འདྲེན་པའི་སློབ་དཔོན་དང་པོ་ཆོས་སྒོར་འཇུག་པ་པོ། །ཉམས་ཆགས་སྐོང་བའི་སློབ་དཔོན་དམ་ཚིག་ཉམས་ཆགས་བྱུང་ན་བཤགས་ཡུལ། དམ་ཚིག་དབང་གི་སློབ་དཔོན་དང་པོ་རང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་བསྐུར་བའོ། །ཤེས་རབ་རྒྱུད་ཀྱི་སློབ་དཔོན་གསང་སྔགས་ཀྱི་རྒྱུད་སྡེའི་ཚིག་དོན་འཆད་པ་པོ། མན་ངག་ལུང་གི་སློབ་དཔོན་ཉམས་ལེན་གྱི་ཁྲིད་འཆད་པ་པོ་རྣམས་ཏེ་དེ་ཡང་ཕྱི་མ་གསུམ་གཙོ་བོའོ། །མཆེད་ནི་བཞི་སྟེ་སྤྱིའི་མཆེད་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་སྤུན། རིང་བའི་མཆེད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཚད། ཉེ་བའི་མཆེད་གསང་སྔགས་ཀྱི་སྒོར་ཞུགས་ཚད། ནང་འདྲེས་པའི་མཆེད་བླ་མ་དང་དཀྱིལ་འཁོར་གཅིག་གིས་བསྡུས་པ་རྣམས་སོ། །སྔགས་གསུམ་ནི་རྒྱུ་མ་ནོར་པ་རྩ་བའི་སྔགས་ས་བོན་གྱི་ཡི་གེ། བསྐྱེད་པ་རྐྱེན་གྱི་སྔགས་བསྐྱེད་རིམ་གསལ་འདེབས་དུས་བརྗོད་རྒྱུ། བཟླས་པ་ལས་ཀྱི་སྔགས་བཟླ་བྱ་ཡིན། ཕྱག་རྒྱ་བཞི་ནི་རང་ལུས་ལྷར་སྒོམ་པ་ཕྱག་ཆེན། ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་ཏིང་འཛིན་སེམས་དཔའ་ཕྱག་མཚན་སྒོམ་པ་ལ་སེམས་གཏད་པ་དམ་རྒྱ། སྔགས་ཕྲེང་བཀོད་པ་སོགས་དང་སྔགས་བཟླ་བ་ཆོས་རྒྱ། མཆོད་བསྟོད་སོགས་ཕྲིན་ལས་བྱ་བ་ལས་རྒྱའོ། །བླ་མེད་བྱང་ཆུབ་ཀྱི་སེམས་མི་སྤང་བ་ནི། བདེན་གཉིས་ཟུང་དུ་འཇུག་པའི་ཆོས་ཉིད་དོན་དམ་པའི་གནས་ལུགས་དང་གཅིག །དེ་མངོན་དུ་བྱེད་འདོད་ཀྱི་སྨོན་པ་དང་གཉིས། དེ་མངོན་དུ་བྱེད་འདོད་ཀྱི་སྒོ་ནས་བསྐྱེད་རྫོགས་ཉམས་སུ་ལེན་པ་དང་གསུམ་མོ། །གསང་བཅུ་མི་སྨྲ་བ་ནི། སྤྱི་གསང་བཞི། བར་གསང་བཞི། གསང་བར་འོས་པ་དང་གཉེར་གཏད་པ་གཉིས་སོ། ། སྤྱི་གསང་བཞི་ནི། ལྟ་ཟབ་སྤྱོད་པ་རླང་པོ་དང་། །ལྷའི་མིང་གཟུང་དང་གྲུབ་རྟགས་རྣམས། ། སྤྱི་གསང་རྣམ་པ་བཞི་ཡིན་ནོ། །བར་གསང་བཞི་ནི། སྒྲུབ་པའི་གནས་དུས་གྲོགས་དང་རྫས། ། བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་སོ་ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་ནི། ཤེས་བྱ་ལྟ་བའི་དམ་ཚིག་ལྔ། །བསྒྲུབ་བྱ་བསྒོམ་པའི་དམ་ཚིག་ལྔ། །སྤྱད་བྱ་སྤྱོད་པའི་དམ་ཚིག་བཅོ་ལྔའོ། །ཤེས་བྱ་ལྔ་ནི། ཕུང་ལྔ། འབྱུང་ལྔ། ཡུལ་ལྔ། ཁ་དོག་ལྔ་ལ་སོགས་པ་རིག་ལྔའི་རང་བཞིན་དུ་ཤེས་པ་དང་། བསྒྲུབ་བྱ་བསྒོམ་པའི་དམ་ཚིག་ལྔ་ནི། དེ་བཞིན་གཤེགས་དང་རྡོ་རྗེ་རིན་ཆེན་པདྨ་ལས་རིགས་ལྔ་མེ་ཏོག་གང་ལ་ཕོག་པའི་རིགས་གཙོ་བོར་བྱས་ཏེ་སྒྲུབ་པའོ། ། སྤྱོད་པའི་དམ་ཚིག་ལྔ་ཚན་གསུམ་ལས། དང་པོ་སྤྱོད་བྱ་ལྔ་ནི་ཏ་ན་ག་ན། མ་བྱིན་ལེན། རྫུན། ངག་འཁྱལ་དང་ལྔ་ཡུལ་དུས་གནས་སྐབས་ཀྱི་དབྱེ་བསལ་ཤེས་པའི་ཉམས་སུ་བླང་ངོ་། ། གཉིས་པ་མི་སྤང་བ་ལྔ་ནི་འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་ལྔ་བོ་ཐབས་ཀྱི་ཟིན་པས་དུག་ལྔ་རང་རྒྱུད་དུ་མ་ཤོར་བར་ཉམས་སུ་བླང་ངོ་། །གསུམ་པ་དང་བླང་ལྔ་ནི་དྲི་ཆེན། དྲི་ཆུ། མཱཾ་ས། རཀྟ། ཟིལ་པ་ལྔ་སྟེ་རྫས་སུ་བརྟེན་དུས་གཙང་སྨེར་མི་བལྟ་ཞིང་།

ཐ་མལ་བའི་སྣང་ངོར་བག་མེད་དུ་མི་སྤྱད་པའོ། །ལྷག་པའི་དམ་ཚིག་ནི། གཅན་གཟན་རྒྱལ་པོའི་ཁྲི་མི་བཤིག །ཟ་མ་ཏོག་ཏུ་དུག་མི་བླུག་པ་སོགས་བརྡ་ཚིག་གིས་བསྟན་པ་ཉི་ཤུའོ། །ཨ་ནུ་རང་ལུགས་ཀྱི་དཀྱིལ་འཁོར་གསུམ་ནི་དབྱིངས་སྐྱེ་བ་མེད་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར། ཡེ་ཤེས་འགགས་པ་མེད་པ་རང་བཞིན་ལྷུན་འགྲུབ་ཀྱི་དཀྱིལ་འཁོར། སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དགེའོ། །