PJCW-KABUM-01-KA-007

From Khyentse Lineage - A Tsadra Foundation Project
Revision as of 08:55, 2 June 2024 by Jeremi (talk | contribs)
Wylie title
Location dpal sprul bka' 'bum
Volume 1, Text 7, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །ངེས་འབྱུང་དང་བརྩོན་འགྲུས་ལ་བསྐུལ་བའི་གཏམ་ཤཱཀྱའི་ཁྱེའུ་ཟུང་གི་གཏམ་རྒྱུད་ལ་སྦྱར་བ།


གང་ཞིག་སྲིད་པའི་རབ་རིབ་ནི། །དག་པ་སྨན་གྱིས་སྦྱངས་གྱུར་པ། །ཐུབ་པ་ཤེས་རབ་སྤྱན་མངའ་བ། །འགྲོ་བའི་དམིགས་བུ་གཅིག་པུར་ངེས། །ལེགས་ལམ་སྟོང་གི་སྦྲུམ་པའི་དཀུ། །མིང་ལ་ནོར་འཛིན་དགའ་མ་ཙམ། །སྲིད་ན་རྒྱལ་བསྟན་རིན་ཆེན་མངལ། །འཛིན་བཟོད་དེ་ཡང་དེ་ཙམ་མོ། །གང་ལ་སྟོན་དང་བསྟན་པ་ནི། །གཅིག་པུ་ཆོས་འདུལ་བདུད་རྩིའི་གཏེར། །བླངས་ལས་འཆལ་བའི་དཔུང་སྙིལ་ལ། །དེ་འོས་དེ་དང་བཅས་པ་ཡིན། །ཡིད་འོང་ལི་ཁྲིས་བྲིས་སམ་ཅི། །གུར་གུམ་ཚོན་གྱིས་ཉུག་གམ་ཅི། །ཐུན་མཚམས་སྤྲིན་གྱི་བླ་གོས་ཅན། །འདི་ཀོ་སུ་ཡི་རྗེས་སྐྱེས་ཡིན། །རལ་བས་མ་ཡིན་ཐལ་བས་མིན། །དེ་ལ་སྐུད་པ་དབྱུག་གུས་མིན། །རྟག་འདི་ཐུབ་པ་ལྷའི་ཡང་ལྷས། །ཕྱག་རྒྱས་བཏབ་པ་གདོན་མི་ཟ། །གང་གིས་བསྟན་པ་རྟ་ཐུལ་ལས། །མཁས་པ་མཆོག་ཟུང་གྲགས་ཆེན་ལས། །འཕྲོག་པ་མིན་ནམ་ཐུབ་བསྟན་ལ། །ཉིན་མོར་བགྱིད་འདི་དེང་སུ་ཞིག །དེ་ཡི་ཕྱི་བཞིན་ལྷུན་པོ་ཡི། །དྲུང་ན་གསེར་རིའི་འཕྲེང་དངར་ལྟའི། །ཚོགས་ཀྱི་མཆོག་གཟིགས་གནོན་པ་ལ། །ཚོགས་མཆོག་ཉིད་དུ་ངོམས་པ་བཞིན། །བློ་གྲོས་བསླབ་པ་རྫོགས་པ་ལ། །རིངས་པ་ཐོབ་ཀྱང་ན་ཚོད་ཀྱིས། ། རེ་ཞིག་ངལ་བསོའི་སྟེགས་ཕྱིན་པར། །སྤོང་བཅུའི་ཁུར་འཛིན་དེ་ཡང་ཡོད། །གཞོན་ནུ་ན་ཚོད་གསལ་བ་དང་། །འགྲོགས་པའི་བློ་གྲོས་བརྩེ་འོས་པ། །རེ་ཞིག་དེ་རྗེས་འབྲང་དེའི་མཐུ། ། སྙན་ཚིག་གཏམ་ལ་དགྱེས་ཚུལ་ངོམས། །དེ་སླད་རྔ་ལ་དབྱུག་གུས་བཞིན། །གཏམ་གྱི་སྦྱོར་བ་ཁྱོད་བྱོས་ཞེས། །བསྐུལ་བ་བཟློག་པའི་ནུས་བྲལ་ཡང་། །སྨྲ་ལ་མོས་པ་རྒྱས་པ་མེད། ། སྔོན་བྱུང་གཏམ་ལས་གྱུར་པའི་ངག །སྙན་ངག་དམ་པའི་གཞི་ཉིད་ཅེས། །མཁས་པའི་གཏམ་དུ་བརྒྱུད་ཀྱང་སྦྱར། །ཐོས་དང་མཐོང་བའང་དེ་ལགས་མོད། །འོན་ཀྱང་དོན་ཆུང་དོན་ལོག་པའི། །ཅ་ཅོ་སྨྲ་ཡུལ་ཁྱོད་མི་འོས། །དོན་བཟང་ལྡན་ཞིང་སྙན་འཇེབས་པའི། །བརྗོད་པའི་བདུད་རྩིས་བདག་སྟོང་གྱུར། །འདོད་པ་དུག་ཅན་ཟས་འདྲ་བའི། །དུག་གི་ཉིང་ཁུར་གང་གྱུར་པ། །ཧ་ལ་ཧ་ལ་འདྲའི་བུད་མེད། །སྒྱུ་མ་དེ་བསྔགས་བདག་སྤོབས་རྒྱས། །དེ་འདྲ་མཁས་པས་སྨད་འོས་གང་། །རུང་བ་མ་ཡིན་མི་མཛེས་པའི། །གཏམ་གྱིས་ཁྱོད་སྙན་གཙེར་བ་ལ། །དགོས་པ་ཅི་ཡོད་གྱི་ན་ཙམ། །དེ་སླད་སྔོན་གྱི་མཁས་པས་མང་བསྟན་པ། །དམ་པའི་སྤྱོད་མཛེས་རྒྱུ་སྐར་ཕྲེང་འདྲ་ལས། །བསོད་ནམས་འདུན་སླད་བདག་གིས་ཉུང་ངུ་ཞིག ། བསྡེབ་པར་བགྱི་ཡི་མེ་ཏོག་ཕྲེང་བཞིན་ལོངས། །གང་གི་ལོངས་སྤྱོད་རྒྱས་པ་ལ། །དབང་པོས་ཀྱང་ནི་སྨོན་འོས་པ། །སེར་སྐྱའི་གྲོང་ཁྱེར་བལྟ་ན་སྡུག །གཉིས་པ་བཞིན་དུ་མཆིས་པ་ལགས། །ཐོག་མ་ཐ་མ་བར་དག་ཏུ། །གཅིག་ཏུ་གནས་པ་མི་བཟད་ལས། །རྩུབ་མོའི་བགྱི་བར་མངོན་ཕྱོགས་པ། །འཕགས་སྐྱེས་པོ་ནི་བདུད་ཉིད་བཞིན། །གཅིག་ཏུ་རབ་དཀར་ཟླ་འདྲ་བའི། །ཤཱཀྱའི་འབྱོར་པ་བཟའ་བ་ལ། །དུས་མེ་ལྟར་རྔམ་དེ་ཡི་དཔུང་། །མ་ལ་གནོད་དང་བཅས་པ་ཡིན། །རིང་ནས་ཐོག་མའི་ལས་ཀྱིས་དང་། །དྲུང་ནས་འདུན་ན་འདོན་གྱི་ཚིག ། ལྕགས་དང་འདྲ་བས་བསྐུལ་བསྐུལ་ནས། །ཁྲོ་བ་རང་གཞན་བདུད་དུ་སྐྱེས། །ཁྲོ་བ་སྤངས་པ་སངས་རྒྱས་ཀྱི། །སྲས་པོ་ཞི་བའི་བདག་ཉིད་ཅན། །སྒོར་ལ་སླར་ཡང་འདུད་འདུད་པ། །དེ་གསོད་པ་ལས་སླ་བ་མེད། འོན་ཀྱང་བླུན་པོ་བརྩེ་བྲལ་བ། །ཁྲོ་བའི་མིག་རྩ་དམར་དང་བཅས། །དེ་དཔུང་བཅོམ་ནས་བདག་ཁོ་ན། །དཔའ་བོ་བཞིན་དུ་དྲེགས་པ་ལེན། །གང་ཞིག་འབྱོར་དང་འདུས་དང་རབ་བསགས་པ། །རྒུད་འབྲལ་འཛད་པའི་བྱ་གཏོང་ཇི་བཞིན་དུ། ། གྲོང་བརླག་ཤཱཀྱའི་བུ་སྨད་ཕྱོགས་ཕྱོགས་སུ། །བཀྲེས་པས་ལག་པ་སྒྲེང་ཞིང་སློང་མོར་རྒྱུ། ། དེ་དབུས་ལང་ཚོའི་རྣམ་པར་རབ་གསལ་བ། །གསར་དུ་ཕ་མ་བྲལ་བའི་མྱ་ངན་ཅན། །གདོང་པ་མཆི་མའི་རི་མོ་སྐྱ་འགྱུར་བ། །བྱིས་པ་ཉེ་དུའི་སྲེད་ཅན་གཉིས་ཤིག་ངུ་། །བཟའ་བ་གང་ལ་བཏུང་བ་གང་ཞིག་ལས། །བརྩེ་བ་སུས་ཤེས་དེ་ལྟར་སྔར་སྤྱད་པའི། །བདེ་བའི་རྗེས་སུ་སེམས་པའི་སྨྲེ་སྔགས་ཅན། །དེ་མཐོང་མི་ལ་མཆི་མར་བཅས་མིན་མེད། །བཟོད་པ་བསྲན་ཆུང་རང་བཞིན་བློ་སྲབ་པ། །འཕྲལ་ལ་ངུ་དགའ་གྲོང་གི་བུད་མེད་དག །བྱིས་པ་དེ་མཐོང་འདུས་ནས་བྲང་བརྡུངས་ཤིང་། །ཉམ་ཐག་སྐད་ཀྱིས་སྙིང་རྗེ་རྗེ་བཞིན་དུ། །དེ་གཉིས་ཀྱི་ནི་མ་ཡི་མིང་པོ་རུ། །གྱུར་པ་ཤཱཀྱའི་སྲས་པོ་ཀུན་དགའ་བོ། །དེ་ཡང་དེར་འོང་དེ་ཡི་བཞིན་རྟོགས་ཤིང་། །བག་གིས་ཤེས་ནས་མིག་རྩ་བརླན་པར་གྱུར། །བྱིས་པ་ཕ་མ་ཡོད་དམ་ཅི། །གང་ལས་གང་དུ་ཇི་ལྟར་འོང་། །འདི་ལྟར་སྨྲ་བའི་རྒྱུ་ཅི་ཞེས། །དེ་གཉིས་ལ་ནི་ཀུན་དགས་དྲིས། ། འཕགས་པ་བདག་ཅག་ཕ་མ་མེད། །རྒྱུ་མེད་བཞིན་དུ་འཕགས་སྐྱེས་པོས། །རྣམ་པར་བཅོམ་ལས་སྡུག་བསྔལ་ཐོབ། །སྐྱབས་མེད་པར་ནི་འཁྱམས་ཤིང་རྒྱུ། །ཤཱཀྱའི་རྒྱལ་རིགས་ཀུན་དགའ་བོ། །ཁྱེད་གཉིས་ཀྱི་ནི་ཞང་པོ་ཡིན། ཕྱོགས་འདིར་ཡོད་ཅེས་གཞན་དག་སྨྲ། །མ་མཐོང་ཕྱིར་ན་སྨྲེ་སྔགས་བགྱིད། །དེ་ཐོས་ནས་ནི་ཀུན་དགའ་བོ། །གཉེན་ལ་སྲིད་པའི་གདུང་བ་སྐྱེས། །བྱིས་པ་དེ་གཉིས་ཕྱི་བཞིན་དུ། །བཀྲིས་ནས་རང་གི་གནས་སུ་འོང་། །མ་ཆགས་ཡང་དག་འཕགས་པའི་རིགས། །འདོད་པ་ཆུང་ཞིང་ཆོག་ཤེས་པའི། །གནས་ལ་ཡིད་རྟོན་དུལ་བ་ལ། །འབྱོར་བའི་བགོ་བྱ་ཅི་ཞིག་ཡོད། །དྲང་བོ་མཆོག་གི་སྣོད་གཅིག་པུར། །སྒོ་བརྒྱ་འགྲིམ་ལས་གང་རྙེད་དེ། །གྱི་ན་ཙམ་ཞིག་རང་འཚལ་ཞིང་། །དེ་དག་དུ་ཡང་ཐུན་མོང་བྱས། ། སྐྱེ་བོས་ལུས་ནི་ཟས་ཀྱིས་ཆུས། །པདྨོ་བཞིན་ཏུ་བསྐྱེད་བྱ་བ། །དེ་ལ་བསྙེན་དུ་མེད་རྒྱུ་དེས། ། དེ་བཞིན་སྐྱ་བོ་ཐངས་པོར་གྱུར། །ཐམས་ཅད་མཁྱེན་ཀྱང་མཁྱེན་བཞིན་ཏུ། །འདྲི་མཛད་ཐུགས་རྗེའི་དགོངས་མངའ་བ། །ཐུབ་པས་དེ་ལུས་སྐེམ་པའི་རྒྱུ། །དྲི་ལ་ཇི་བཞིན་ཉིད་དུ་ཞུས། །འདི་ན་བསྟན་པ་བདུད་རྩིའི་སྒོ། །དཔག་བསམ་གྱི་ནི་ཤིང་འདྲ་བ། །ཀུན་ལ་མཉམ་པར་ངེས་བརྡལ་ན། །དེ་དག་ཅིས་མི་ཞུགས་ཞེས་གསུངས། །མགོན་པོ་དེ་དག་ན་ཚོད་ཕྲ། ། ཀློག་དང་སྤོང་ལ་བརྩོན་ནུས་དཀའ། །དེ་སླད་ཐུབ་པའི་རྒྱལ་མཚན་གྱིས། །དགབ་པ་བདག་གིས་མ་སྤོབས་སོ། །གང་གིས་ཤེས་བྱ་ཅི་ཙམ་པ། །གཟིགས་གྱུར་ཐུབ་པ་བསྙེངས་མེད་པས། ། ཀུན་དགའ་བོ་ཡི་ཚིག་གསན་ནས། །དེ་ལ་ཐུགས་རྗེས་དགོངས་པར་མཛད། །ཀྱེ་མ་འོད་སྟོང་སྐྱེས་མཆོག་གི །བསྟན་ལ་གང་གིས་སྨོན་སྨོན་པ། །དེ་འབྲས་མེད་བགྱིད་བདག་ཆ་མིན། །དེ་སླད་གནས་འདི་གནང་བར་དགོངས། །དགེ་འདུན་གྱི་ནི་སྤྱི་བུད་ལ། །བྱ་རོག་ཟ་བ་སྐྲོད་ནུས་ཤིང་། །ལོ་བདུན་ལོན་པར་གང་གྱུར་པ། །རབ་ཏུ་བྱུང་ཞེས་གནང་བར་མཛད། །ཀྱེ་མ་ཐུགས་རྗེ་ཆེན་པོའི་ཁུར། །གང་གིས་རིང་ནས་བསྣམས་བསྣམས་པ། །སྐྱེ་དགུའི་བཤེས་སུ་རྩལ་ལགས་ན། །གང་དོན་མི་འགྱུར་དེ་ཡོད་མིན། །ཕུན་ཚོགས་ཐུབ་པ་ཉིད་བཞིན་དུ། །རྒྱས་པ་བསྟན་པའི་དགའ་ཚལ་ནི། །ལང་ཚོ་གཞོན་ནུའི་ཐར་ལམ་གྱི། །བརྩེ་དགའི་གསོས་སུ་དེ་རིང་བྱོན། །མཛེས་པ་ལྷ་ཡི་བུ་ཇི་ལྟར། །གཅུག་པ་འཛིན་པའི་གཞོན་ནུ་ཟུང་། །དར་བ་ཚུལ་ཁྲིམས་སྙེ་མ་ཡིན། །ཕོན་པོའི་ཁུར་གྱིས་ལྕི་བར་བྱས། །ཆོས་འདུལ་ནོར་བུའི་དོ་ཤལ་གྱིས། ། སྒེག་འཆང་དགྱེས་པའི་བག་ཡོད་འདིས། །སྐྱེངས་བྱས་མེས་པོ་ཚངས་པ་ཡང་། །བྱེད་པོར་རྫུན་གྱིས་བསྙེན་ནམ་སྙམ། །དེར་ནི་ཀློག་པའི་བརྟུལ་ཞུགས་ལས། །བརྩོན་པར་བྱོས་ཞེས་ཀུན་དགའ་བོས། །བསླབ་ཀྱང་གཞོན་པའི་རྒྱུ་མཚན་གྱིས། །བརྩེ་བའི་གཏམ་དེས་གདུལ་མ་ནུས། །རྫུ་འཕྲུལ་ཆེན་པོ་དབང་ཡོད་པོ། །མཁས་པ་མོའུ་གལ་བུའི་དྲུང་དེར། །ཚིག་གིས་བཅོལ་ནས་དེས་བསླབ་པར། །འཕྲལ་དུ་ཀློག་ཀྱང་རྒྱུན་བཅས་མིན། །བག་བསྐྱངས་རྩེད་མོའི་རྣམ་འགྱུར་ལ། །དགའ་བར་བྱིས་པའི་ངང་ཚུལ་དེར། །འཇམ་པོས་བསླབ་ཀྱང་ཉན་བྲལ་བས། །བསྡིགས་པར་བྱོས་ཞེས་ཀུན་དགས་བསྐུལ། །གང་དུ་གནས་བརྟན་མཛེས་པར་གཤེགས། །གྲོང་ན་གུས་བཅས་གཞོན་ནུ་ཟུང་། །ཕྲག་གོང་གདེགས་པའི་ཁུར་མཛེས་ལས། ། དད་དང་བརྩེ་འོས་འགྲན་པ་བཞིན། །གནས་དང་གནས་པ་ལྷན་ཅིག་པས། །ཉིན་མོར་སྤྱོད་པའི་གནས་བསྙེགས་ལ། །དད་པས་ལྷ་དག་རང་གི་ཚལ། །འདི་ན་སྐད་ཅིག་བཀྲམ་པ་བཞིན། །མར་གད་བཞུས་པའི་དཀྱིལ་འཁོར་ལ། །མེ་ཏོག་ཐིག་ལེའི་ཚོམ་བུ་ཅན། །ཅུང་ཟད་མཐོང་བར་གནས་སྣང་དེར། །ལྷག་མཐོང་མགྲོན་དུ་འབོད་པ་བཞིན། །ཀླུ་ཡི་རྒྱལ་པོ་བསྐྱིལ་བ་ལྟར། །མི་གཡོ་མཉམ་པར་བཞག་པ་ཅན། །ཏིང་འཛིན་གང་གིས་རྣམ་སྤྲུལ་པ། །མེད་བཞིན་སྣང་དང་བཅས་པ་ཡིན། །སྒྲ་ཆེན་པོ་དང་སྒྲ་མཐོན་པོ། །དུཿཁའི་སྒྲ་གདངས་རྣར་རྩུབ་པ། །རིང་བ་མིན་པའི་ས་ཕྱོགས་ཐོས། །རྒྱུ་མཚན་གནས་ལ་གནས་པས་དྲིས། །གཞོན་ནུ་དལ་གྱིས་འགྲོ་བར་བྱོས། །ལེགས་པར་སྒྲིམ་ལ་ལྟོས་ཤིག་དང་། །རྒྱུ་མཚན་ངེས་པར་འགྱུར་སྲིད་ཀྱི། །རྒྱུ་དེ་བདག་གིས་མ་འཚལ་ཏེ། །ཞེས་པ་བླ་མའི་ཚིག་མཉན་ནས། །དེ་གཉིས་དལ་གྱིས་དལ་གྱིས་ནི། །འཇིགས་དང་རབ་དགའ་མཚར་བའི་སེམས། །འགྲན་པ་ལྟ་བུས་དེ་བལྟར་ཕྱིན། །གང་དུ་རབ་འབར་མེ་ཚོགས་འཁྱིལ་བ་ཚེག་ཡར་ཏོག་སྒྲས་ལྕེ་འབབ་པ། ། འཇིགས་དུས་མེ་བཞིན་ལྟ་བར་བཟོད་དཀའ་གཤིན་རྗེ་ལྟ་བུར་འཇིགས་སུ་རུང་། །འབར་བའི་ཤུགས་ཀྱིས་བསྐོལ་བའི་ཟངས་ཞུན་ལྷག་ལྷག་འཁྱིལ་བའི་དབུས་གནས་པ། །དུ་བ་སྔོ་ཕྱུར་ཉམ་ཐག་སྐད་འབྱིན་སྡུག་བསྔལ་སེམས་ཅན་དེ་ལྟར་མཐོང་། །གཞན་དུ་ལྕགས་སྣོད་མེ་ལྕེའི་ཕྲེང་འཁྲིགས་འབར་བའི་མེ་ཡི་ཚོགས་བཅས་པ། །གོ་རེ་ལོངས་བཞིན་ཕྱོགས་ཕྱོགས་རྒྱུ་བའི་མེ་བཞིན་ཚ་དབལ་མཚོན་ཆའི་ལག །གཡོ་བ་དང་ལྡན་དེ་ཡི་ཕྱོགས་ཀུན་གཤིན་རྗེའི་སྐྱེས་བུ་གཏུམ་ལྡན་པས། །བསྐོར་བ་ཕན་ཚུན་འགྲན་པ་བཞིན་དུ་གཉིས་ཤིག་དེ་ན་བཀོད་ཅིང་མཆིས། །དེ་མཐོང་སྐྱི་བུང་བྱེད་ཅིང་འཇིགས་དྲགས་མཉམ་པའི་གོམ་པ་འདོར་ནུས་མིན། ། ཀྱེ་མ་འདི་ཅི་འདི་འདྲ་ཅི་ཞིག་ཀྱི་ཧུད་བཟོད་པར་དཀའ་འདི་ཅི། །འདི་འདྲ་བལྟ་བར་ནུས་པ་མིན་ན་འདི་རུ་ཚུད་པ་ལྟ་ཅི་ཞེས། །ཤིན་ཏུ་ཞུམ་པའི་སྐད་གདངས་དམའ་བས་དེ་དག་ལ་ནི་དེ་གཉིས་འདྲི། །བཟོད་པར་མཛོད་ཅིག་སྐྱེས་སུ་དག །འདི་ན་ལྟད་མོ་མི་བཟོད་པའི། །རྒྱུ་མཚན་གང་ཡིན་བདག་ཅག་འདྲི། །བརྩེ་བཅས་ཡང་དག་འཆད་པར་རིགས། །གང་དུ་འཕགས་པ་ཀུན་དགའ་བོས། །སྲིང་མོའི་བུ་གཉིས་རབ་བྱུང་བ། །ཀློག་པར་མི་བརྩོན་དགེ་འདུན་གྱི། །དཀོར་ལ་བག་མེད་སྤྱོད་པར་བགྱིད། །མི་བཟད་ལས་ཀྱི་ཆད་པ་ནི། །གདུག་པ་ཅན་འདིར་དེ་འཛུད་དོ། །གཞན་ཡང་བག་མེད་སྔར་སྤྱོད་པ། །མང་པོ་འདི་རུ་འཚེད་འདིའོ། ། དེ་སྐད་གཤིན་རྗེའི་སྐྱེས་བུའི་ཚིག །གནམ་ལྕགས་ལྷུང་བཞིན་འཇིགས་འོས་པ། །ཐོས་པས་མིག་ཀྱང་རིག་རིག་པོར། །གྱུར་པའི་ཉམས་ཐག་གཞོན་ནུ་ཟུང་། །སྐྲག་པས་རྟབས་རྟབས་པོར་བགྱིད་ཅིང་། །མྱུར་བར་ཚིག་ལན་ལྡོག་བྲལ་ནས། །མཉམ་པ་མིན་པའི་གོམ་པ་ཅན། ། ཞུམ་བཞིན་མཁན་པོའི་དྲུང་དུ་འོང་། །ཀྱེ་མ་བལྟ་བར་དཀའ་དག་མཆིས། །ཐོས་དང་མཐོང་བ་འདི་འདྲ་ཞེས། །སྨྲས་ཞིང་རང་གི་གཙུག་ལག་ཏུ། །ལ་འུར་འདོང་ཞེས་བསྐུལ་བར་བགྱིད། ། དེ་ཚིག་མཉན་ནས་དེ་དག་འོང་། །གནས་སུ་ཕྱིན་ནས་ཀློག་པ་ཡི། །གནས་ལ་ཤིན་ཏུ་བརྩོན་པ་ཡི། །སྒྲིན་དང་བཅས་པར་དེ་གཉིས་གྱུར། །འོན་ཀྱང་དམྱལ་མེ་མ་རུང་བའི། །འཇིགས་པ་ཟས་ཀྱི་གོང་དྲན་ན། །ཟ་བར་མི་ནུས་དེ་ལས་ཕྱིན། །དྲན་པས་སླར་ལ་སྐྱུགས་པར་བགྱིད། ། མ་ཟོས་པའམ་སྐྱུགས་པའི་རྒྱུས། །བཟའ་བ་བཅུད་དུ་མ་གྱུར་དེས། །དེ་གཉིས་ལུས་ནི་རིང་གྱུར་རྒྱུ། །ཞང་པོས་དྲིས་ནས་མཁན་པོའི་སྨྲས། །སྤོབས་པར་བྱོས་ཞེས་བསྐུལ་བ་ལས། །རྫུ་འཕྲུལ་གྱིས་ནི་ལྷ་ཡུལ་བསྟན། །ངེས་འབྱུང་བདུད་རྩི་ཡུན་རིང་དུ། །བཏུང་བ་གནས་འདིར་སྲིད་མི་སྐྱོ། །འདི་འདྲའི་བདེ་བ་རབ་དགའ་བ། །ཟད་པར་འགྱུར་རམ་མ་ཡིན་ཞེས། །ངེས་པར་སྐྱེས་བུ་མཁས་པ་ཡི། །བརྟག་འོས་གནས་འདི་བླ་མར་དྲིས། །དེས་ཀྱང་ཐུབ་པ་ཀུན་མཁྱེན་པའི། །གསུང་གི་གནས་བཞིན་འཁོར་བ་ཀུན། །མེ་འོབས་ལྟ་བུའི་ཚུལ་འདོམས་ཞིང་། ། སྲིད་བདེའི་མཐའ་ཡང་ངེས་པར་བྱས། །རྒྱུ་དེས་སྲིད་པ་ཐ་མ་པའི། །གང་ཟག་དེ་གཉིས་བརྩོན་པ་དང་། །འབད་པ་རྒྱུན་རིང་འགྲོགས་པ་ཡིས། །འཁོར་བ་འདི་ལས་ཕྱི་རོལ་ལོག ། གང་ཞིག་ཙནྡན་མཆོག་བདར་བཞིན། །བསིལ་བར་གྱུར་བ་རྙོགས་མེད་པའི། །མྱ་ངན་འདས་ཞི་དགྲ་བཅོམ་པ། །མཁས་པ་དེ་གཉིས་མངོན་དུ་བྱས། །མཁའ་ལ་སྐྱིལ་ཀྲུང་བཅས་གཤེགས་པའི། །མདུན་ན་ཆུ་ཡི་བུམ་པ་དག །རྟེན་པ་མེད་པར་འགྲོ་བ་ཡི། །རྫུ་འཕྲུལ་མཐུ་ཡང་ངེས་པར་བསྟན། །གང་གི་ལོ་བདུན་པ་ཁོ་ནར། །ལམ་མཐར་ཕྱིན་པ་མངོན་བྱས་པ། ། ངེས་འབྱུང་ཁ་ལོ་དང་བཅས་པའི། །བརྩོན་པའི་ཤིང་རྟར་ཞོན་ལས་ལགས། །དེ་སླད་རྨོངས་རྒྱུ་བག་མེད་དང་འགལ་བའི། །ངེས་འབྱུང་ཚུལ་ཁྲིམས་བསླབ་མཆོག་སྣོད་ལྟ་བུར། །སྨོན་འཇུག་བདུད་རྩིའི་བཅུད་མཆོག་གང་ཡིན་པ། །བསྙེན་ན་ཀུན་མཁྱེན་རིང་བ་མིན་པ་ལགས། །

དགེའོ། །