PJCW-KABUM-06-CHA-010
༄༅། །སྤུངས་གཏོར་ཆ་བཞིའི་ཆོ་ག་བསྡུས་པ།
དབུལ་གཏོར་ཆ་བཞིའི་ཡོ་བྱད་འདུ་བྱ་སྟེ། །དང་པོ་བཤམས། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། སམྦྷ་ར་སོགས་ཅི་ནུས་བརྗོད། ཨརྒྷཾ་སོགས། ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བླ་མ་ཡི་དམ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ན་བཞུགས་པ་རྣམས་ལ་འབུལ་ལོ། །བདག་གིས་བླ་མ་ལ་དད་ཅིང་གུས་པ་མ་བགྱིས་པ་དང་། །
བླ་མའི་དཀོར་ལ་འབགས་པ་དང་ཐེག་པ་ཆེན་པོའི་ཆོས་སྤངས་པ་ལ་སོགས་པ་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་ནས་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་སུ་འཚང་རྒྱ་བར་གྱུར་ཅིག །གཉིས་པ་བཤམས་ལ། བསང་སྦྱང་བྱ། སྟོང་པའི་ངང་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། སམ་བྷ་ར་སོགས་དང་། ཨརྒྷཾ་སོགས། ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་ཉན་ཐོས་རང་རྒྱལ་སྤྲུལ་པ་སྐུའི་ཞིང་ཁམས་ན་བཞུགས་པ་རྣམས་ལ་འབུལ་ལོ། །བདག་གི་ཚེ་རབས་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར། སངས་རྒྱས་ཀྱི་དཀོར། ཆོས་ཀྱི་དཀོར། དགེ་འདུན་གྱི་དཀོར། མར་མེའི་དཀོར་ལ་འབག་པ་ལ་སོགས་པ་དཀོར་དང་གླུད་ཐམས་ཅད་བྱང་ཞིང་དག་ནས་སྤྲུལ་པ་སྐུའི་ཞིང་ཁམས་སུ་སངས་རྒྱས་པར་གྱུར་ཅིག །གསུམ་པ་བཤམས་ལ། བསང་སྦྱང་བྱ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། སཾ་བྷ་ར་སོགས་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཕ་མས་གཙོ་བྱས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བསྔོའོ། །ལན་ཆགས་བྲལ་བུ་ལོན་སོད་ཞེ་འཁོན་བྱང་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག །བཞི་བ་བཤམས་ལ། བྱིན་རླབས་གོང་ལྟར་བྱ། ཨོཾ་ཨཱཿཧཱུྃ། ལན་གསུམ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཀླུའི་རྒྱལ་པོ་ཝ་རུ་ཎ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །འཛམ་བུའི་གླིང་དུ་ཆར་ཆུ་དུས་སུ་འབེབས་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པའི་ཕྲིན་ལས་མཛོད་ཅིག །ཀླུ་རྒྱལ་ཀུན་གྱི་རྗེར་གྱུར་པ། །
མཐུ་སྟོབས་རྫུ་འཕྲུལ་རྨད་དུ་བྱུང་། །ཀླུ་རྣམས་མ་ལུས་འདུལ་མཛད་པ། །ཝ་རུ་ཎ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ་གཏོར་མ་འབུལ། ཆུ་སྦྱིན་བཏང་བ་ནི་ཡི་དྭགས་ལ། འཕགས་པ་སྤྱན་རས་གཟིགས་དབང་གི །སོགས། བསིལ་བར་ཤོག །མ་ཎི་བརྒྱ་རྩ་བརྗོད་ལ་གཤེགས། ཆོས་སྦྱིན་དང་བསྔོ་སྨོན་བྱའོ། །