PJCW-KABUM-06-CHA-006

From Khyentse Lineage - A Tsadra Foundation Project
Revision as of 08:52, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །བླ་མ་བཀའ་དྲིན་ཅན་འཇིགས་མེད་རྒྱལ་བའི་མྱུ་གུའི་གསོལ་འདེབས་སྨོན་ལམ་དང་བཅས་པ་བཞུགས་སོ། །


རྒྱལ་བའི་གསུང་ངག་ལེགས་བཤད་རིན་པོ་ཆེ། །ཟབ་དོན་གདམས་པ་འཆད་ལ་དབང་ འབྱོར་བས། །སྙིང་པོའི་བསྟན་པའི་དམ་ཆོས་སྤེལ་མཛད་པ། །དྲིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །གཞི་འབྲས་དབྱེར་མེད་གཉུག་མ་སེམས་ཀྱི་གཤིས། །ལམ་ཟབ་ཡང་དག་རྟོགས་པས་མངོན་བྱས་ནས། །མ་ནོར་ཇི་བཞིན་གཞན་ལ་སྟོན་མཛད་པ། །དྲིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྙིགས་མའི་དུས་འདིར་རྡོ་རྗེ་རྣལ་འབྱོར་གྱི། །ལམ་བཟང་བརྒྱུད་པའི་ཆུ་བོ་ཉག་ཕྲ་ཚེ། །རང་གིས་སྒྲུབ་དང་གཞན་ལ་འཆད་པ་ཡིས། །བསྟན་པའི་སྲོག་ཤིང་མཛད་ལ་གསོལ་བ་འདེབས། །དང་པོ་སྨིན་བྱེད་དབང་གིས་སྒོ་ཕྱེ་ནས། །བར་དུ་ཉམས་ལེན་གདམས་པའི་ཁྲིད་ཀྱིས་བསྐྱངས། །ཐ་མར་ཉམས་མྱོང་གནད་ཀྱིས་གེགས་སྐྱོན་བསལ། །མ་ནོར་ཐར་ལམ་སྟོན་ལ་གསོལ་བ་འདེབས། །བསལ་བཞག་བྲལ་བའི་སེམས་ཉིད་རིན་པོ་ཆེ། །རང་ངོ་མ་ཤེས་འཁྲུལ་བས་བསླད་པ་ལ། །ཐབས་མཆོག་ཟབ་མོའི་གནད་གསང་ལ་བརྟེན་ནས། །གནས་ལུགས་ཇི་བཞིན་སྟོན་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་རྣམ་འཕྲུལ་རིན་པོ་ཆེ། །རྒྱལ་བ་ཀུན་དང་དབྱེར་མེད་ཆོས་ཀྱི་རྗེ། །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །སྙིང་ནས་བཀའ་དྲིན་དྲན་པས་གསོལ་བ་འདེབས། །བདག་སོགས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱེད་ཀྱིས་འབྲལ་མེད་རྗེས་བཟུང་ནས། ། ཆོས་སྐུའི་ཀློང་དུ་རོ་གཅིག་མ་གྱུར་བར། །ཐུགས་རྗེ་མཆོག་གིས་བྱིན་གྱིས་བརླབ་ཏུ་གསོལ། ། སྟོང་གཟུགས་འོད་ལྔའི་སྣང་བ་བླ་མའི་སྐུ། །འཛིན་མེད་རང་རིག་ངང་དུ་རྩལ་རྫོགས་ཏེ། །མ་དག་ཤ་ཁྲག་རྡོས་པའི་ལུས་སྤངས་ནས། །ཉམས་ལེན་སོར་སྡུད་བསམ་གཏན་མཐར་ཕྱིན་ཤོག །མི་གཡོ་ཡེ་ཤེས་རླུང་རྩ་བླ་མའི་གསུང་། །རྩོལ་མེད་མཉམ་བཞག་ངང་དུ་རྩལ་རྫོགས་པས། །ཉི་ཁྲི་ཆིག་སྟོང་རླུང་གི་རྒྱུ་བ་དག །ཉམས་ལེན་སྲོག་རྩོལ་འཛིན་པ་མཐར་ཕྱིན་ཤོག ། བདེ་ཆེན་དངས་མའི་ཐིག་ལེ་བླ་མའི་ཐུགས། །སྤྲོས་བྲལ་ཆོས་སྐུའི་ངོ་བོ་རྩལ་རྫོགས་ནས། ། འཛག་བདེའི་སྙིགས་མ་འཕོ་བའི་བག་ཆགས་བཅོམ། །ཉམས་ལེན་རྗེས་དྲན་ཏིང་འཛིན་མཐར་ཕྱིན་ཤོག །བདེ་ཆེན་ཡེ་ཤེས་གཏུམ་མོའི་འོད་སྣང་གིས། །ཕྱི་ནང་སྣོད་བཅུད་སྒྱུ་ལུས་སྤྲུལ་སྐུར་འབྱོངས། །རྟོགས་པའི་འོད་གསལ་དོན་གྱི་ཡེ་ཤེས་མཐོང་། །ཉམས་ལེན་སྙིང་པོའི་གནད་ལ་དབང་འབྱོར་ཤོག །རྨི་ལམ་འཁྲུལ་སྣང་འཛིན་མེད་ངང་དུ་གྲོལ། །བར་དོ་ཡིད་ལུས་རྒྱལ་བ་ལོངས་སྐུར་འབྱོངས། །མ་དག་རྣམ་ཤེས་ཆོས་སྐུའི་ཀློང་དུ་འཕོ། །ཉམས་ལེན་ཟུང་འཇུག་ལམ་མཆོག་མཐར་ཕྱིན་ཤོག །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ། ། དོན་དམ་ཆོས་སྐུའི་དགོངས་པ་མཐར་ཕྱིན་ནས། །ཁམས་གསུམ་འཁོར་བའི་རྒྱ་མཚོ་མ་སྟོང་བར། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །བླ་མ་བཀའ་དྲིན་ཅན་གྱི་གསོལ་འདེབས་འདི། ཁྱི་རྒན་དཔལ་དགེས་གསང་ལུང་དུ་བྲིས་སོ། །དགེའོ། །