PJCW-KABUM-04-NGA-029
༄༅། །རྫོགས་རིམ་ཆོས་དྲུག་བསྡུས་དོན་བཞུགས་སོ། །
ཆོས་དྲུག་གི་སྐབས་སུ། རྩ་བ་གཏུམ་མོ་ལ། ལས་ཀྱི་ཉམས་ཀྱི་མཆོག་གི་གཏུམ་མོ་དང་གསུམ། དང་པོ་བཅའ་བ་ལུས་ཀྱི་གནད། འཇམ་རྩུབ་རླུང་གི་གནད། དམིགས་པ་སེམས་ཀྱི་གནད་གསུམ་མོ། །བར་མ་ལ། ཁམས་འདུས་དང་པོ་དྲོད་ཀྱིའམ། སྡུག་བསྔལ་གྱི་དུས། གཉིས་པ་བདེ་བའི་དུས། གསུམ་པ་མི་རྟོག་པའི་དུས་གསུམ། དུ་བ་སྨིག་སྒྱུ་མེ་ཁྱེར་སྒྲོན་མེའམ་སྐྱ་རེངས། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་སྟེ་རྟགས་ལྔ་དང་། འབར་བ། ཟླ་བ། ཉི་མ། སྒྲ་གཅན། གློག་ཅེས་བྱ་བ་འོད། སེར། དཀར། སྔོ། དམར་སྐྱེ་སྟེ་རྟགས་ལྔ་དང་། ཉམས་ཀྱི་རྟགས་བཅུ་རྫོགས་པར་འཆར་རོ། །མཆོག་གི་གཏུམ་མོ་ནི། དབུ་མའི་མདུད་པ་གྲོལ་ནས་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་ཐོབ་པ་ཡིན་ནོ། །གཞི་མ་སྒྱུ་ལུས་ལ་མ་དག་པའི་སྒྱུ་ལུས་དག་པའི་སྒྱུ་ལུས། སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་དང་གསུམ། བར་མ་ལ། རང་བཞིན་དབྱིངས་ཀྱི་རྣལ་འབྱོར། སྤྲུལ་པ་དབྱིངས་ཀྱི་རྣལ་འབྱོར་གཉིས་ཡོད་དོ། །དྲོད་ཚད་རྨི་ལམ་ལ། བཟུང་བ། སྦྱང་བ། སྒྱུ་མར་བསླབས། དེ་ཁོ་ན་ཉིད་ལ་བློ་བཞག་པ་དང་བཞིའོ། །ལམ་གྱི་སྙིང་པོ་འོད་གསལ་ལ། གཞིའི་འོད་གསལ། ལམ་གྱི་འོད་གསལ། འབྲས་བུའི་འོད་གསལ་གསུམ། དང་པོ་ལ་གཉིད་དང་སྙོམས་འཇུག་འཆི་བའི་དུས་གསུམ། བར་མ་ལ། སྲབ་མོའི་འོད་གསལ། འཐུག་པོའི་འོད་གསལ། ཉམས་ཀྱི་འོད་གསལ། ཐ་མ་ལ། མཆོག་ཏུ་མི་འགྱུར་བའི་འོད་གསལ་གཅིག་གོ །ལམ་གྱི་སུན་མ་བར་དོ་ལ། བར་དོ་དང་པོའི་འོད་གསལ་ཆོས་སྐུའི་ལམ་ཁྱེར། གཉིས་པ་ཟུང་འཇུག་ལོངས་སྐུའི་ལམ་ཁྱེར། གསུམ་པ་སྐྱེ་བ་འཛིན་པ་སྤྲུལ་སྐུའི་ལམ་ཁྱེར་རོ། །ལམ་གྱི་བློ་ཆོད་འཕོ་བ་ལ་གསུམ། སྦྱངས་ཏེ་འཕོ་བ། བཙན་ཐབས་སུ་འཕོ་བ། ལུས་གནད་ཀྱི་འཕོ་བ་དང་གསུམ་མོ། །དགེའོ། །དགེའོ། །དཔལ་སྤྲུལ་རིན་པོ་ཆེས་གསུངས་སོ། །