DKYD-KABUM-08-NYA-007

From Khyentse Lineage - A Tsadra Foundation Project
Revision as of 08:48, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 8, Text 7, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༄༅། །རྫོགས་ཆེན་ཁྱད་པར་སྔོན་འགྲོ་དངོས་གཞིའི་ཉམས་ལེན་གནད་བསྡུས་བཞུགས་སོ། ། གདོད་མའི་མགོན་པོ་ལམ་གྱི་རིམ་པ་ཐེག་ཆེན་ཐམས་ཅད་ཀྱི། ཡང་རྩེ་མན་ངག་གི་སྡེ་ཐེག་བརྒྱད་བློ་ཡི་གྲུབ་མཐས་མ་གོས་པ་ཐུན་མོང་མ་ཡིན་པ་ལམ་གྱི་རིམ་པ་ལ་ཐོག་མར་དམ་པ་གསུམ་ལས། སྦྱོར་བ་སེམས་བསྐྱེད་དམ་པ་ནམ་མཁའི་གར་ཁྱབ་སེམས་ཅན་གྱིས་ཁྱབ་སེམས་ཅན་གྱིས་གར་ཁྱབ་ལས་ངན་པའི་སྡུག་བསྔལ་གྱིས་ཁྱབ། ལས་ངན་དང་སྡུག་བསྔལ་གང་དུ་ཁྱབ་པའི་ཁམས་གསུམ་སེམས་ཅན་ཐམས་ཅད་ཕ་མ་མ་གྱུར་པ་གཅིག་ཀྱང་མེད་དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱིས་གོ་འཕང་ཐོབ་པར་བྱ་བའི་ཕྱིར་བདག་རྫོགས་པ་ཆེན་པོ་ཉམས་ལེན་ལ་འཇུག་ཅིང་སེམས་ཅན་གྱིས་དོན་འགྲུབ་པར་བྱའོ་སྙམ་པ་དང༌། དངོས་གཞི་དམིགས་མེད་དམ་པ་ནི། ཉོན་མོངས་དུག་ལྔའི་རྟོག་པ་དང་འཁྲུལ་སྣང་གི་རྟོག་ཚོགས་ལོག་ལྟ་དང་ཐེ་ཚོམ་རང་དོན་ཡིད་བྱེད་ཀྱིས་འཛིན་པའི་བར་མ་ཆོད་པར་མོས་གུས་དང་དག་སྣང་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་བརྩོན་འགྲུས་དྲག་པོས་ཉམས་སུ་ལེན་པ་དང༌། རྗེས་ལ་བསྔོ་བ་དམ་པ་ནི། མཐར་རང་གི་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་ཤིང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བས་འགྲོ་བའི་རྒྱུད་ལ་སྨིན་ཅིང་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་ཅིང་འཁོར་བ་དོང་ནས་སྤྲུགས་པར་དམིགས་ཤིང་བསྔོ་ཡུལ་ཀུན་དམིགས་པ་མེད་པར་རྒྱས་གདབ་པའོ། །ཁྱད་པར་གྱི་སྔོན་འགྲོ་ཐོག་མར་འཁོར་འདས་རུ་ཤན་ལ་ལུས་ཀྱིས་དམྱལ་བ་ཚ་གྲང༌། ཡི་དྭགས་བཀྲེས་སྐོམ་དུད་འགྲོ་བཀོལ་སྤྱོད་མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྷུང་སོགས་བསམ་ཞིང་རྣམ་འགྱུར་བྱ་བ་གཞན་ཡང་རྒྱུགས་པ་དང་མཆོང་པ་གཅུད་པ། ཡན་ལག་འཕེན་སྡུད་སོགས་སྣང་བ་གང་དྲན་གཏད་མེད་བྱེད་པ་དང༌། ངག་གི་སྐད་སྣ་ཚོགས་པ་སེམས་ཀྱིས་གང་དྲན་ཅ་ཅོ་གཏམ་སྣ་ཚོགས་འཁོར་བའི་འཁྲུལ་སྣང་ཐམས་ཅད་བག་མེད་དུ་བརྗོད་པ་དང༌། སེམས་ཀྱིས་འདས་མ་འོངས་ད་ལྟ་དུས་གསུམ་ཆགས་སྡང་རྨོངས་གསུམ་སྟེ། དགེ་སྡིག་གི་རྟོག་པ་ཐམས་ཅད་བཙན་དུ་བསླང་ནས་ལུས་ངག་ཡིད་གསུམ་གྱིས་ཁོ་ཐག་ཆོད་པར་བྱ་བ་དང༌། གཞན་ཡང་སངས་རྒྱས་ཀྱིས་མཛད་སྤྱོད་སྔགས་འདོན་ཁྲོ་བོའི་སྟང་སྟབས་ཧཱུཾ་ཕཊཿཀྱིས་གད་རྒྱང་དད་པ་དང་མོས་གུས་སོགས་བྱའོ། །དེའི་འཁོར་བ་ཞེན་པ་རང་ལོགས་སུ་འགྱུར་རོ། །ནང་ལྟར་རིག་དྲུག་བསྲེག་སྦྱོང་ནི། སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་གསང་གནས་རྐང་མཐིལ་དུ། ལྷའི་ས་བོན་ཨ་དཀར་པོ། ལྷ་མིན་ས་བོན་སུཿལྗང་སེར། མིའི་ཎིཿསྔོ་སྐྱ། དུད་འགྲོ་ཏྲིཿདམར་ནག་ཡི་དྭགས་པྲེཿ ཐལ་སྐྱ། དམྱལ་བའི་དུཿ དུད་ཁ་རྣམས་སྦྱང་གཞི་གནས་པ་ལ། སྦྱོང་བྱེད་སངས་རྒྱས་ཐམས་ཅད་ལས་སྐུ་རྡོ་རྗེ་ངོ་བོ་སྤྱི་བོར་ཨོཾ་དཀར་པོ། གསུང་རྡོ་རྗེ་མགྲིན་པ་ཨཱ་དམར་མོ། ཐུགས་རྡོ་རྗེ་སྙིང་ཁར་ཧཱུཾ྄་མཐིང་ཁ་རྣམས་གསུམ་བཀྲག་མདངས་གཟི་བྱིན་འབར་བར་གསལ་བ་འབྲུ་གསུམ་བཟླས་པའི་རྐྱེན་གྱིས་སྐུ་གསུང་ཐུགས་ཀྱིས་འོད་ཟེར་བྱུང་རྐང་མཐིལ་ནས་རིམ་བཞིན་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་དངོས་མེད་དུ་བསྲེགས་ཅིང་སྦྱང་བར་བསམ། ས་བོན་རེ་རེ་ལ་འབྲུ་འབུམ་ཐེར་རེ་དང་ཁ་སྐོངས་བཅས་འབུམ་ཕྲག་བདུན་བཟླའོ། །དེ་ཐ་མལ་གྱིས་ཞེན་འཛིན་བག་ཆགས་དག་པར་འགྱུར་རོ། །ད་ནི་སྒོ་གསུམ་གྱི་སྔོན་འགྲོ་ནི། དང་པོ་ལུས་ཀྱིས་སྔོན་འགྲོ་རྡོ་རྗེ་འདུག་སྟངས་ཀྱིས་ལངས་ཤིང༌། རྐང་པའི་རྟིང་པ་གཉིས་སྤྲད། པུས་མོ་བགྲད། རྐེད་པ་དྲང་པོར་སྲོང༌། ལག་གཉིས་གྲུ་མོ་བརྐྱང་ཞིང་ཐལ་མོ་སྤྱི་བོར་མ་རེག་པ་སྦྱར། མགྲིན་པའི་ཨོལ་མདུད་ནོན་པར་བྱས་ཏེ། ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བར་བསྒོམ། ཡང་མི་འགྱུར་རྡོ་རྗེས་འདུག་སྟངས་ལུས་ཀྱིས་ཆ་སྲོངས་རྐང་མཐིལ་ཁ་སྦྱར་བ་རྟིང་པ་གསང་བར་གཏད། ཐལ་མོ་སྤྱི་བོར་སྦྱར་རྡོ་རྗེ་རྩེ་གསུམ་མེ་འབར་བ་བསྒོམས། དམིགས་པ་རྒྱུན་དུ་མི་འབྲལ་བར་བྱ། དེའི་ལུས་ཀྱི་ཞེན་པ་ལོག་བགེགས་དང་བར་ཆད་ཞི་ལུས་ཀྱིས་སྒྲིབ་པ་དག་འཁོར་བའི་སྐྱེ་སྒོ་ཆོད་སྐུའི་དངོས་གྲུབ་ཐོབ་ཅིང་སྤྲུལ་སྐུར་གྲོལ་ལོ། །གཉིས་པ་ངག་གི་སྔོན་འགྲོ་ལ་བཞི་སྟེ་རྒྱས་གདབ་པ་གཉིས་ཀྱིས་ཕྱི་སྣང་བ་ལ་རྒྱས་གདབ་པའི། ངག་གིས་ཧཱུཾ་ཧཱུཾ་ཧཱུཾ་ཞེས་གདངས་རིང་པོ་དང་མཆུ་མ་རེག་ཙམ་གྱིས་བརྗོད་ཕྱྀ་སྣང་བ་ཆེ་ཆུང་བརྟན་གཡོ་ཐམས་ཅད་ཧཱུཾ་དུ་ལམ་ལམ་སོང་བར་བསམ་ཞིང་རླུང་དང་སྣང་བ་ཤེས་པ་གསུམ་གཅིག་ཏུ་བསྲེ། མ་ཡེངས་པར་བྱ་སྣང་བ་བན་བུན་དུ་འགྱུར་ཞིང་ཡུལ་སྣང་རང་བཞིན་མེད་པར་གྲོལ་ལོ། །ནང་ཕུང་པོ་རྒྱས་གདབ་པ་ནི། ཡང་ཧཱུྃ་ཧཱུྃ་ཧཱུྃ་ཞེས་དལ་བུས་བཟླས་པས་ཕྱི་ཧཱུྃ་རྣམ་རེ་རེ་བཞིན་བྱུང་ནས་ལུས་ཀྱི་དབང་པོས་སྒོ་ནས་ཞུགས་ཏེ་ཁོག་པའི་ནང་དུ་རྒྱུ་ཞིང་ནང་ཁྲོལ་ཤ་ཁྲག་དང་བཅས་པ་དམིགས་མེད་སྦྱངས་རྗེས་ལུས་ཀྱི་ནང་ཐམས་ཅད་ཧཱུྃ་གིས་གང་བར་བསམ་ལ་རླུང་གདབས་པ་གནད་དོ། །ཕུང་པོ་འཆིང་བ་ཕ་ལས་གྲོལ་བར་འགྱུར་རོ། །རྩལ་སྦྱང་བ་གཉིས་ཕྱི་སྣང་བ་རྩལ་སྦྱང་བ་ནི། ཧཱུྃ་ཧཱུྃ་ཧཱུྃ་ཞེས་དྲག་ལ་གཏུམ་པ། བརྗོད་པས་ནམ་མཁའ་ལ་གློག་འཁྱུགས་པ་བཞིན་ཧཱུྃ་མཐིང་ནག་རྣོ་མྱུར་ཤུགས་ལྡན་གང་ལ་འབིག་པའི་ཡུལ་དང་མཚམས་སུ་གནམ་ལྕགས་བབ་པ་བཞིན་བྱུང་ནས་རི་བྲག་ཁང་ཁྱིམ་སྐྱེ་འགྲོ་སོགས། སྣང་བ་གང་ཤར་ཐམས་ཅད་ཁྲལ་ཁྲོལ་སང་སེང་དུ་ཕུགས་པར་བསམ་སྣང་བ་བདེན་མེད་དུ་ཤེས་པར་འགྱུར་རོ། །ནང་ཕུང་པོ་རྩལ་སྦྱངས་བ་ནི། ཧཱུྃ་དྲག་པོ་བརྗོད་ཕུང་པོ་ནད་གདོན་ཞི་ལུས་འོད་གསལ་དུ་གྲོལ་བར་འགྱུར་རོ། །གཉེན་བཙལ་བ་ནི། མདུན་དུ་ཤིང་ཐུར་བཙུགས་ཤིང་ངག་ཏུ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་སྙིང་ཁ་ནས་ཧཱུྃ་གི་ཕྲེང་བ་བྱུང་རྒྱུན་མ་ཆད་པར་སོང་སྟེ་ཐུར་མའི་རྩ་བ་ནས་དཀྲིས་ཤིང་རྩེ་མོར་སླེབ་དུས་ཧཱུྃ་སྔ་མ་དེ་རྩེ་མོར་མདུང་ཚུགས་སུ་གནས་པ་ལ་ཤེས་པ་གཏད་དེ་ཧཱུྃ་དལ་བུས་བརྗོད་པའི་རྗེས་སུ་ཧཱུྃ་གཅིག་ལ་ཐིམ་གྱི་སྙིང་ཀར་བསྡུའོ། །དེའི་སེམས་སྦྱང་ཆ་ཤིན་ཏུ་ཐོབ་སྟེ་དམིགས་པ་གང་ལའང་སྒྱུར་ཐུབ་པ་འབྱུང་ངོ༌། །ལམ་བཞུགས་ནི། རང་ལུས་ཧཱུྃ་མཐིང་ནག་གྲུ་གང་བ་ཞིག་སྤྲུལ་ཕར་འཁྱོག་ཚུར་འཁྱོག་སྲིན་བུའི་འགྲོས་ཀྱིས་མཐོང་བའི་ཡུལ་ཀུན་ལ་ལམ་དུ་ཞུགས་ནས་སོང་བ་དང༌། མི་མཐོང་བའི་རྒྱུས་ཡོད་མེད་ས་ཕྱོགས་ཀུན་ཏུ་རིམ་བཞིན་སོང་བར་བསམ་ཞིང༌། འགྲོ་ལུགས་དང་མཐུན་པའི་ཧཱུྃ་དལ་བུར་བརྗོད། ཡུལ་གྱི་བག་ཆགས་སྦྱང་ལུས་ངག་ལམ་དུ་ཚུད་པའི་དགོས་པ་ཡོད་དོ། །སླར་ཡང་ཧཱུྃ་ཧཱུྃ་དྲག་པོ་ར་བརྗོད་ཅིང༌། ཤར་ཕྱོགས་མངོན་དགའ་སོགས། ཕྱེད་སྤྲུལ་ལོངས་སྐུ་ཞིང་ཁམས་རྣམས་སུ་དཔག་ཆེན་གྱི་མདའ་བཞིན་སོང་བར་བསམ་ཞིང་ཁམས་སྦྱོང་བའི་རྟེན་འབྲེལ་སྒྲིག་གོ །དེ་དག་གི་སྒྲིབ་པ་སྦྱངས་ཤིང་མཐར་ཐུག་ལོངས་སྐུས་གྲོལ་བར་བྱེད་པའོ། །ད་སེམས་ཀྱི་སྔོན་འགྲོ་ནི་སེམས་ཚོལ་དང་བྱུང་གནས་འགྲོ་གསུམ་བརྟག་པ་སོགས་བརྗོད་ནས་རྣལ་བབ་ལུས་དུར་ཁྲོད་ཀྱིས་མི་རོ་བཞིན་ཅི་བདེར་བཞག །ངག་སྨྲ་བརྗོད་དང་བྲལ་བར་དབུགས་ཀྱི་འགྲོ་འོང་ཡང་དལ་བུར་བསླབ། ཡིད་དྲན་དྲག་རྣམ་གཡེང་ལས་གྲོལ་བས་སྤྲིན་མེད་པའི་ནམ་མཁའ་ལྟར་འཇོག་གོ །སོར་གཞུག་ནི་ཉན་ཐོས་ཀྱི་བལྟ་སྟངས་རྣམ་སྣང་ཆོས་བདུན་བཅའ་མིག་སྣ་རྩེར་ཕབ་འཁྲུལ་བའི་བྱ་བྱེད་ཚོང་སོ་ནམ་ལ་སོགས་པའི་ཆེད་དུ་འགྲོ་འདུག་སྒུལ་བསྐྱོད་དང༌། ནང་དམན་པའི་དགེ་བ་ཕྱག་དང་བསྐོར་བ་ལ་སོགས་པ། གསང་བ་མཚན་བཅས་ཀྱི་རིམ་པ་ཕྱག་རྒྱ་དང་གར་ལ་སོགས་པ་བཏང༌། ལུས་འདུག་སྟངས་ལས་མི་གཡོ་བར་བྱའོ། །ངག་གིས་ཕྱི་འཁྲུལ་གཏམ་གླིང་བརྗོད་ནང་ཆོས་ཀྱི་གླིང་བརྗོད་གསང་བ་ཁ་ཏོན་དང་བཟླས་བརྗོད་ལ་སོགས་པ་ངག་གི་བརྗོད་པ་ཐམས་ཅད་སྤངས་ལ་ཅི་ཡང་མི་བརྗོད་པ་ལྐུགས་པ་ལྟ་བུ་བྱའོ། །སེམས་ཀྱི་ཕྱི་འཇིག་རྟེན་གྱི་འཁྲུལ་བ་སྣ་ཚོགས་ཚུར་འཕྲོས། ནང་ཆོས་ཀྱི་བསམ་བློ་བཏང་བ། གསང་བ་ལྷ་ཡི་བསྐྱེད་རིམ་ལ་སོགས་པ་ཡིད་ལ་བྱེད་པའི་ཆོས་རྣམ་སྤངས་ལ་ཅི་ཡང་མི་རྟོག་པའི་ངང་ལས་མི་གཡོ་བ་བྱའོ། །མདོར་ན་སྙིང་པོའི་དོན་གྱི་སྒྲུབ་པ་ལ་ཞུགས་ནས། སེམས་ཉིད་དོན་གྱི་ངོ་བོ་སྐྱོང་བ་ལས་སྐད་ཅིག་ཀྱང་མ་གཡེང་མ་འཁྱུག་པར་བྱ་ལ། ལྟ་སྒོམ་སྤྱོད་འབྲས་ཀྱིས་རྩ་གསུམ་རང་རྫོགས་སུ་འགྱུར་བ། ཉམ་ལེན་གནད་ཀྱིས་དྲོད་རྟགས་ཐོབ་པ་ཚེ་འདིའི་འཁྲུལ་བ་ལ་སྐད་ཅིག་ཀྱང་མ་ཤོར་བ། དངོས་འཛིན་འཁྲུལ་བའི་རི་བོ་ཞིག་པ། གནས་ལུགས་དོན་གྱིས་ཟད་སར་སྐྱེལ་བ་ཞིག་དགོས་པའོ། །དེ་ལྟ་བུ་ཉམས་སུ་བླངས་བར་མི་འཛིན་པ་ནི་སྦྱིན་པ་མི་གནས་པ་ཚུལ་ཁྲིམས་མི་བསྲུང་བ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་རབ་སྟེ་ཕར་ཕྱིན་ཐེགས་པའི་ལམ་གྱི་ཡོན་ཏན་ལས་ཆེས་ལྷག་པའི་ཕྱིན་དྲུག་གི་དོན་ཚང་ངོ༌། །ད་ཐོད་རྒལ་གྱི་ཉམས་ལེན་ནི། ཆོས་སྐུ་སེང་གེ་འདུག་སྟངས་མིག་གཉིས་གྱེན་ལ་ལྟ། ལོངས་སྐུ་གླང་ཆེན་ཉལ་སྟབས་སྤྱན་གཉིས་གཡས་གཡོན་ཟུར་ལ་ལྟ། སྤྲུལ་སྐུ་དྲང་སྲོང་ཙོག་པུ་སྤྱན་འོག་ཏུ་ཕབ་ཅིང་གང་ལའང་ལུས་མི་གཡོ་བ་དང་མི་འགུལ་རླུང་དལ་བུ་བསླབ་ཙིཏྟ་ཤ་ཡི་སྒྲོན་མ་ནས་རྒྱང་ཞག་ཆུ་ཡི་སྒྲོན་མེའི་ལམ་བརྒྱུད་དེ། དབྱིངས་རྣམ་དག་སྒྲོན་མ་ཟ་འོག་བཀྲམ་པ་ལྟ་བུ། ཐིག་ལེ་སྟོང་སྒྲོན་འོད་ལྔའི་ཟླུམ་འཁྱིལ་རྨ་བྱའི་མདོངས་ལྟ་བུ། རིག་པ་ལུ་གུ་རྒྱུད་གསེར་སྐུད་སྒྲིལ་བའམ་མུ་ཏིག་ཕྲེང་བ་ལྟ་བུ་རིག་པའི་རྟེན་དུ་མ་གཡེང་ཙམ་གྱིས་ཉམས་སུ་བླངས་ཤིང༌། སྣང་བ་བཞིའི་ས་མཚམས་ཀྱི་ངོ་སྤྲོད་བླ་མའི་ཞལ་ལས་ཤེས་པར་བྱའོ། །མཚན་མོའི་རྣལ་འབྱོར་ནི། ཉིན་མོ་སྤྱི་བོར་རྩ་བའི་བླ་མ་ཨོ་རྒྱན་ཐོད་ཕྲེང་རྣམ་པར་བཞུགས་པ་རྩ་དབུ་མའི་ལམ་ནས་བརྒྱུད་མར་བྱོན་སྙིང་དབུས་པདྨ་འདབ་བརྒྱད་ཟེའུ་འབྲུའི་དབུས་སུ་འཇའ་དང་འོད་ཀྱིས་རྣམ་པར་བཞུགས་པའི་ཐུགས་ཀར་ཨཱཿདཀར་པོ་རེ་ཤེལ་གྱི་མདོག་ལྟར་གསལ་བ་དང་བླ་མའི་སྐུའི་འོད་ཀྱིས་ནང་ཀུན་སིམ་ནས་མར་མེ་ལྟར་གསལ་བར་བསྒོམ་བླ་མའི་ཐུགས་ཀའི་ཨཱཿདང་རང་རིགས་དབྱེར་མེད་བསྲེ་ཞིང་མ་ཡེངས་ཙམ་གྱི་ངང་ནས་གཉིད་ལ་འཇུག །དེའི་ཚེ་དང་པོ་རིམ་བཞིན་རྨི་ལམ་ངན་པའི་འཕྲོ་གཅད་བར་དུ་རྨི་ལམ་ངོ་ཟིན་དེའི་ཚེ་རིག་པ་རང་མདངས་བསྐྱང༌། མཐར་སྤྲུལ་སྒྱུར་ནུས་པ་རྨི་ལམ་དབྱིངས་སུ་དག་སྟེ་ཉིན་སྣང་དང་མཚན་སྣང་འབྲེལ་ཞིང་ཆགས་སྡང་དང་འཇིགས་ཞེན་ཀུན། སྒྱུ་མའི་རོལ་གར་དུ་བྱེད་ཅིང་རོ་སྙོམས་ཆེན་པོ་འཆར་རོ། །དེ་ཡང་དུས་ཀུན་ནས་ད་ལྟ་ཤེས་པ་སྐད་ཅིག་མ་བློ་ཡི་རྟོག་དཔྱོད་ཀྱི་འཛིན་པས་མ་བཅིངས་ཤིང་ཆོས་ཉིད་ཡེ་སྟོང་ཆེན་པོའི་མ་གཡེང་མི་སྒོམ་ཙམ་དུ་ཉམས་སུ་ལེན་ཅིང་ཐེ་ཚོམ་དང་འཛིན་རྟོག་གིས་མ་བཅིངས་བར་རང་བབ་ཏུ་ལྷོད་དེ་ལ་བཟླ་བ་དང་རྗེས་ཐོབ་མོས་གུས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་བྱའོ། །ཡང་གསང་ཨ་ཏི་ཡོ་ག་མན་ངག་སྡེའི། །དགོས་པ་བཅུད་སྡུད་ཀློང་ཆེན་ཐུགས་ཀྱི་ཐིག །ཁྱད་པར་སྔོན་འགྲོ་དངོས་གཞིའི་ཉམས་ལེན་གནད། །ཉུང་ངུར་བསྡུས་པའི་ཤོག་དྲིལ་གོང་ཁུག་མ། །རིགས་ལྡན་མི་དབང་བདག་ཡུམ་ཉམས་བཞེས་སུ། །རྫོགས་ཆེན་རྣལ་འབྱོར་འཇའ་ལུས་རྡོ་རྗེས་ཕུལ། །ཆོས་ཉིད་ཆོས་ཅན་བདག་གི་ལྷག་བསམ་མཐུས། །གང་ཉིད་བདུད་ཀྱི་བར་ཆད་གཡུལ་ལས་རྒྱལ། །གནས་སྐབས་སྐུ་ཚེ་མཛད་ཕྲིན་མཐར་ཕྱིན་ནས། །ཚེ་འདིར་སྐུ་གསུམ་འབྲས་བུ་མངོན་གྱུར་ཤོག །སརྦ་མངྒལཾ་བཀྲ་ཤིས་དགེའོ།། །།